སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
འཕྲིན་ལས་ཆོས་གྲགས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-11-6 10:10:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
      འཕྲིན་ལས་ཆོས་གྲགས་ནི་སྤྱི་ལོ1937ལོའི་ཟླ2པར་བོད་ལྗོངས་ལྷ་སར་འཁྲུངས།  སྤྱི་ལོ1958ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་ཐོན།  དེ་སྔ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་དབུ་འཛིན་དང་།  སྤྱི་ཁྱབ་རྩོམ་སྒྲིག་པ།  བོད་ལྗོངས་རྟེན་རྫས་བཤམས་སྟོན་ཁང་གི་དབུ་འཛིན།  བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན།  བོད་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན།  བོད་ལྗོངས་དམངས་ཁྲོད་སྒྱུ་རྩལ་མཁས་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ།  ལྷོ་ནུབ་ཁུལ་གྱི་བོད་རིག་པའི་ལས་འཛིན་པ་བཅས་ཀྱི་འགན་བཞེས་མྱོང་ཡོད།  ད་ལྟ་ལས་འཁྱུར་ངལ་གསོ་གནང་ནས་ཞིབ་འཇུག་གི་ཕྱག་ལས་གནང་བཞིན་ཡོད་པ་དང་དུས་མཚུངས་བོད་ལྗོངས་སློབ་གྲྭ་ཆེན་མོའི་གདན་ཞུས་དགེ་རྒན་ཆེན་མོ་དང་རབ་འབྱམས་ཞིབ་འཇུག་སློབ་མའི་སློབ་དཔོན་གནང་བཞིན་ཡོད།
      《ཆུ་ངོགས་གཏམ་རྒྱུད》(རྒྱས་པ)ཀྱི་ཡིག་སྒྱུར་དང་ཞུ་དག་གི་བྱ་བར་ཞུགས་པ་དེར་རྒྱལ་ཡོངས་རྒྱ་བོད་ཡིག་སྒྱུར་གྱི་བྱ་དགའ་ཨང་དང་པོ་ཐོབ་པ་དང་།  ཁོང་གིས་འཚོལ་བསྡུ་དང་ལེགས་སྒྲིག་གནང་བའི《བོད་ཀྱི་སྲོལ་རྒྱུན་དམངས་གཞས》ལ་རྒྱལ་ཡོངས་དམངས་ཁྲོད་རྩོམ་རིག་ཕུལ་བྱུང་གི་བྱ་དགའ་ཐོབ་པ་དང་།  ལྷུག་རྩོམ《དཔལ་ཞ་ལུ་གསེར་ཁང་ལ་ལྟ་སྐོར་དུ་ཕྱིན་པའི་མཐོང་ཐོས》ཞེས་པར་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་གྱི་རྩོམ་བསྡུའི་བྱ་དགའ་ཐོབ་པ་རེད།  ཁོང་གིས་བརྩམས་པའི《བོད་ཀྱི་ཡུལ་སྲོལ་རྣམ་བཤད》དང《བོད་ལྗོངས—ང་ཡི་ཕ་ཡུལ》ཞེས་པའི་དེབ་གཉིས་དབྱིན་ཡིག་དང་།  འཇར་མན་གྱི་ཡི་གེ།  སི་ཕེན་གྱི་ཡི་གེར་བསྒྱུར་ནས།  པེ་ཅིང་ཕྱི་རྒྱལ་སྐད་ཡིག་དཔེ་སྐྲུན་ཁང་གིས་རྒྱལ་ཁབ་ཕྱི་ནང་དུ་འགྲེམ་སྤེལ་བྱས་པས།  རྒྱལ་ཁབ་ཕྱི་ནང་དུ་ཤུགས་རྐྱེན་ཆེ་ཙམ་ཐེབས་ཡོད།  ཉེ་སྔོན་ཁོང་གིས་བརྩམས་པའི《བོད་ལྗོངས》ཞེས་པ་དེ་འཇར་པན་གྱི་ཡི་གེར་བསྒྱུར་ནས་འཇར་པན་དུ་དཔེ་སྐྲུན་འགྲེམ་སྤེལ་བྱས་པ་དང་།  《བོད་ཀྱི་ཁ་གདན་ལག་རྩལ་གྱི་ལོ་རྒྱུས》ཞེས་པ་དེ་དབྱིན་ཡིག་ཏུ་བསྒྱུར་ནས་ཐེ་ལན་ཏྲིར་དཔེ་སྐྲུན་འགྲེམ་སྤེལ་བྱས་ཡོད།  ཁོང་གིས་བོད་ཀྱི་རིག་གནས་ལས་དོན་ཐད་ལ་གྲུབ་འབྲས་ཆེན་པོ་བཞག་པས།  བོད་ལྗོངས་ཇོ་མོ་གླང་མའི་གསེར་གྱི་རྟགས་མའི་བྱ་དགའ་ཐོབ་ཡོད།
      ཁོང་གིས་ལོ་བཞི་བཅུ་ལྷག་ཙམ་གྱི་ནང་སྔ་རྗེས་སུ་སློབ་ཁྲིད་དང་།  ཡིག་སྒྱུར།  རྩོམ་སྒྲིག་སོགས་ཀྱི་ཕྱག་ལས་གནང་བ་དང་།  རྒྱལ་ཁབ་ཕྱི་ནང་གི་ཚགས་པར་དང་དུས་དེབ་ཐོག་ཏུ《སྲོང་བཙན་སྒམ་པོའི་ལོ་རྒྱུས་ཀྱི་མཛད་རྗེས》ཞེས་པ་དང་།  《བོད་ཀྱི་གླུ་གར་ལ་རགས་ཙམ་དཔྱད་པ》ཞེས་པ།  《གེ་སར་རྒྱལ་པོའི་སྒྲུང་གཏམ་གྱི་རིག་གནས་ནང་དོན་དང་བོད་ཀྱི་རིག་གནས་ཀྱི་ཁྱད་ཆོས》ཞེས་པ།  《ལྷ་སའི་ལོ་རྒྱུས》ཞེས་པ་སོགས་ཆེད་རྩོམ་སྣ་ཚོགས་སྤེལ་མྱོང་བ་མ་ཟད།  རྒྱལ་སྤྱིའི་རིག་རྩལ་གྲོས་ཚོགས་སུ་ཞུགས་མྱོང་བ་དང་།  《རྒྱ་བོད་ཚིག་མཛོད་ཆེན་མོ》རྩོམ་སྒྲིག་གི་བྱ་བ་དང་།  《ཆུ་ངོགས་གཏམ་རྒྱུད》(རྒྱས་པ)ཀྱི་ཡིག་སྒྱུར་དང་ཞུ་དག་གི་བྱ་བར་ཞུགས།  《སྲོལ་རྒྱུན་གྱི་ལྷ་མོའི་འཁྲབ་གཞུང་བརྒྱད་གཅེས་བསྡུས》དང《ཀྲུང་གོའི་མི་རིགས་རིག་གནས་སྣ་མང་རང་བཞིན》ཞེས་པའི་རྩོམ་སྒྲིག་གི་བྱ་བར་ཞུགས་པ་མ་ཟད། «དམངས་སྲོལ་ལེའུ»དེ་རྩོམ་འབྲི་གནང་།  དེ་མིན་བོད་ཀྱི་དམངས་སྲོལ་རིག་གནས་ལ་ཞིབ་འཇུག་བྱས་པའི་སྐོར་གྱི་དཔྱད་རྩོམ་མང་པོ་ཞིག་སྤེལ་ཡོད།  
 

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...