སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
སྐབས་ལྔ་པའི་རྒྱལ་སྤྱིའི་གཟུགས་འདས་རིག་གནས་ཤུལ་བཞག་དུས་ཆེན་གྱི་དཀར་མཛེས་འགྲེམ་ཁང་།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2015-10-5 7:55:00 རྩོམ་ཁུངས། ཁམས་པའི་དྲ་བ། ཀློག་གྲངས།


ཞལ་འབག་གི་རས་སྦྱར་རྩི་བྱུགས་བཟོ་རྩལ།


རྡོ་བརྐོས་ལག་རྩལ།


བོད་ཀྱི་འཁེལ་འཐག་ལག་རྩལ།


ཆུ་འཐག་རྩམ་པ།

     སྤྱི་ཟླ9བའི་ཚེས11ནས20ཉིན་གྱི་བར། སྐབས་ལྔ་པའི་རྒྱལ་སྤྱིའི་གཟུགས་འདས་རིག་གནས་ཤུལ་བཞག་དུས་ཆེན་སི་ཁྲོན་ཁྲིན་ཏུའུ་རུ་སྤེལ་བ་དང་། ཐེངས་འདིའི་གཟུགས་འདས་རིག་གནས་ཤུལ་བཞག་དུས་ཆེན་དེ་ཀྲུང་གོའི་རིག་གནས་པུའུ་དང་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་དང་ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། ཁྲིན་ཏུའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་ཀྲུང་གོའི་གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས། སི་ཁྲོན་ཞིང་ཆེན་རིག་གནས་ཐིན་བཅས་ཀྱིས་སྒྲུབ་འགན་ཁུར་བ་རེད།
     དུས་ཆེན་གྱི་རིང་ལ་གཟུགས་འདས་རིག་གནས་ཤུལ་བཞག་འགྲེམ་སྟོན་དང་འཁྲབ་སྟོན། འགྲེམ་ཚོང་སོགས་རིགས་མི་འདྲ་བའི་བྱེད་སྒོ་རབས་དང་རིམ་པ་སྤེལ་ཞིང་།བསྡོམས་རྩིས་བྱས་པར་གཞིགས་ན་གདན་ཞུས་ལྟར་རྒྱལ་སྤྱིའི་གླེང་སྟེགས་བྱེད་སྒོར་ཞུགས་པའི་རྒྱལ་ཁབ(ས་ཁུལ)33ལ་ཟིན་པ་དང་། རྒྱལ་ཁབ32དངོས་མང་སྟོན་ཚོགས་ལ་ཞུགས་ཤིང་། རྒྱལ་ཁབ14འཁྲབ་སྟོན་གྱི་བྱེད་སྒོར་ཞུགས་པ་སོགས་ལས་འདི་ནི་མིང་དོན་མཚུངས་པའི་རྒྱལ་སྤྱིའི་ཚོགས་འདུ་གཟབ་རྒྱས་ཤིག་ཡིན་པར་མ་ཟད། རིག་གནས་ཀྱི་སྟོན་ཆེན་དང་དམངས་ཚོགས་ཀྱི་དུས་ཆེན་ཞིག་ཀྱང་ཡིན།
     དཀར་མཛེས་ཁུལ་ནི་སི་ཁྲོན་ཞིང་ཆེན་དང་དེ་བཞིན་རྒྱལ་ཡོངས་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་གྱི་གཙོ་གནད་ས་ཁུལ་ཡིན་ཞིང་། རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་ལས་གཞི23དང་། ཞིང་ཆེན་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་ལས་གཞི39ཡོད་པ་རེད།
     དུས་ཆེན་འདིའི་སྐབས་དང་བསྟུན་ཏེ་དཀར་མཛེས་ཁུལ་གྱིས་གེ་སར་རྡོ་བརྐོས་ལག་རྩལ་དང་གེ་སར་སྒྲུང་གླུ། བོད་ཀྱི་འཁེལ་འཐག་ལག་རྩལ། བོད་ཀྱི་སྨན་འདམ་ཞལ་འབག་བཟོ་རྩལ། བོད་ཀྱི་རྫ་ཆས་བཟོ་རྩལ། བོད་ཀྱི་པར་ཤིང་དང་པར་འདེབས་ལག་རྩལ། ཟུར་ལུགས་གསོ་རིག བོད་ཀྱི་ལྕགས་རིགས་མགར་བླུག་ལག་རྩལ། ཆུ་འཐག་རྩམ་པ། ཞལ་འབག་གི་རས་སྦྱར་རྩི་བྱུགས་བཟོ་རྩལ། བོད་ཀྱི་ཡིག་གཟུགས། ཀརྨ་སྒར་བྲིས་སོགས་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་རིག་གནས་སྒྱུ་རྩལ་འདི་དག་འགྲེམ་སྟོན་བྱས་པ་རེད།
     དཀར་མཛེས་ཁུལ་གྱི་གཟུགས་འདས་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་སྲུང་སྐྱོང་བྱས་པ་སོགས་ལས་ཐོབ་པའི་གཡུར་དུ་ཟ་བའི་གྲུབ་འབྲས་འཛམ་གླིང་ལ་མངོན་ཞིང་། གེ་སར་གྱི་རིག་གནས་སྲུང་སྐྱོང་དང་ཞིབ་འཇུག  དེ་བཞིན་གཟུགས་འདས་རིག་གནས་ཤུལ་བཞག་གི་ཐོན་ཁུངས་དང་རྒྱུན་འཛིན། འཕེལ་རྒྱས་སོགས་ཀྱི་ཐད་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ་རེད།
     དུས་ཆེན་སྐབས་དཀར་མཛེས་འགྲེམ་སྟོན་ཁང་གི་གཟུགས་འདས་རིག་གནས་ཤུལ་བཞག་སྐོར་གྱི་ཆེད་མཁས་འགའ་ལ་བཅར་འདྲི་ཞུས་པ་ཡིན།
     ༡ གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ནི་ད་བར་འཛམ་གླིང་སྟེང་ཆེས་རིང་བའི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་རིང་མོ་ཞིག་ཡིན། དཀར་མཛེས་གཟུགས་འདས་རིག་གནས་ཤུལ་བཞག་འགྲེམ་སྟོན་ཁང་དུ་འཛུལ་མ་ཐག་གྲེ་འགྱུར་སྙན་པའི་གླིང་སྒྲུང་གི་དབྱངས་རྟ་ཞིག་གིས་སྙན་དབང་འཕྲོག་ཅིང་གོམ་པའི་འདེགས་འཇོག་རང་དབང་མེད་པར་དེའི་ཕྱོགས་སུ་འཁོར་དགོས་བྱུང་། དགུང་གྲངས་རེ་བདུན་ལ་སོན་པའི་སྒྲུང་པ་ཨ་ཉིད་ལགས་ནི་ཁམས་སྡེ་དགེ་ནས་ཕེབས་པའི་དམངས་ཁྲོད་ཀྱི་སྒྲུང་པ་སྐད་གྲགས་ཅན་ཞིག་ཡིན་ལ། ཁོང་གིས་དགུང་ལོ་བཅུ་དྲུག་སྟེང་ནས་སྒྲུང་བཤད་པ་དང་།ད་བར་ལོ་ལྔ་བཅུ་ཙམ་གྱི་རིང་ལ་གླིང་སྒྲུང་གི་དབྱངས་རྟ་དང་འགྲོགས་ཏེ་ཐུན་མིན་གྱི་སྒྱུ་རྩལ་རིག་གནས་འདི་གོང་དུ་སྤེལ་བར་བརྩོན་པ་ལྷུར་གྱིས་གཞོལ་བ་དང་། ཁོང་ཉིད་ལ་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་ལས་གྲྭའི་གེ་སར་རིག་གནས་ཀྱི་རྒྱུན་འཛིན་པའི་མཚན་རྟགས་ཐོབ་པ་དང་། ཁོང་གིས་མི་ཚེ་གཅིག་གི་རིང་ལ་སྒྲུང་བཤད་པ་དང་། གེ་སར་རིག་གནས་འཛིན་སྐྱོང་སྤེལ་གསུམ་ཐད་ལ་རང་གི་ནུས་པས་བསྒྲུབས་ཅི་ཐུབ་བྱས་པ་ནི་རང་ཉིད་ཀྱི་འཇོན་ཐང་དང་གཟི་བརྗིད་ཅིག་ཏུ་བརྩི་ཡི་ཡོད་ཅེས་གསུངས།
     ༢ དཀར་མཛེས་ཁུལ་གྱི་བོད་ཀྱི་སྨན་འདམ་ཞལ་འབག་འགྲེམ་སྟོན་ཁང་དུ་ཉེ་བར་བཅར་དུས་སྨན་རྫས་ཀྱི་དྲི་ཞིམ་ཡོངས་སུ་ཁྱབ་པ་དང་། དཔལ་ཡུལ་རྫོང་ནས་ཡོང་བའི་སྨན་འདམ་ཞལ་འབག་ལག་རྩལ་པ་བསོད་ནམས་རྒྱལ་མཚན་གྱིས་འབག་བཟོ་ལག་རྩལ་ནི་བོད་མི་རིགས་ཀྱི་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་ལག་རྩལ་ཞིག་ཡིན་ལ། གནའ་བོའི་བོད་དང་རྒྱ་གར་གྱི་ལག་རྩལ་ཁྱད་ཆོས་ཟུང་དུ་འབྲེལ་ཞིང་ཡུན་རིང་གི་ལོ་རྒྱུས་ལྡན་པའི་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་ཞིག་ཡིན། སྨན་འདམ་ཞལ་འབག་གི་ཐོན་རྫས་ལ་མི་རུལ་བ་དང་འབག་བཙོག་མེད་པ། ཚོན་མི་ཡལ་བ། འཁྱེར་བདེ་བ་སོགས་ཀྱི་ཁྱད་ཆོས་ལྡན་ཞེས་བཤད་པ་དང་། དེང་སང་བསོད་ནམས་རྒྱལ་མཚན་གྱིས་སྨན་འདམ་ཞལ་འབག་བཟོ་རྩལ་སྤྱི་གཉེར་ཁང་ཞིག་བཙུགས་པ་དང་། སློབ་མའང་བརྒྱ་ལ་ཉེ་བ་ཡོད་འདུག
     ༣ བོད་ཀྱི་པར་ཤིང་དང་པར་འདེབས་ནི་ཡུན་རིང་གི་ལོ་རྒྱུས་ལྡན་ལ། ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་ལག་ཤེས་བཟོ་རྩལ་ཞིག་ཡིན། མིག་སྔའི་བར་བོད་ཁུལ་ཡོངས་སུ་སྡེ་དགེ་པར་ཁང་གི་པར་ཤིང་དང་པར་འདེབས་ལག་རྩལ་ནི་ཆེས་ཆ་ཚང་བའི་སྲོལ་རྒྱུན་གྱི་ལག་རྩལ་ཕུན་སུམ་ཚོགས་པ་ཞིག་ཡིན་ལ། ད་བར་དུ་དེང་རབས་ཀྱི་སྤྱི་ཚོགས་དངོས་སུ་ལག་ལེན་བསྟར་བཞིན་ཡོད།གསར་འགོད་པ་སྡེ་དགེ་པར་ཁང་གི་པར་ཤིང་དང་པར་འདེབས་ལག་རྩལ་གྱི་འགྲེམ་སྟོན་བྱེད་གནས་སུ་སོང་བ་ན། ལག་རྩལ་པ་ཕུན་ཚོགས་རྡོ་རྗེ་དང་བསོད་ནམས་ཆོས་འཕེལ་གཉིས་ཀྱིས་པར་འདེབས་བཞིན་པའི་སྒང་རེད། ཁོ་གཉིས་སྡེ་དགེ་པར་ཁང་དུ་པར་འདེབས་ཀྱི་བྱ་བར་ཞུགས་ནས་ཧ་ལམ་ལོ་སུམ་ཅུ་ལ་ཟིན་པ་དང་། དེང་སང་ཁོ་ཚོའི་ལོ་ན་མཐོ་ཞིང་འགྲོ་འདུག་དེ་ཙམ་མི་བདེ་ནའང་དུས་ཡུན་རིང་པོར་པར་ཁང་ནས་པར་འདེབས་ཀྱི་བྱ་བར་ཞུགས་ནས་པར་ཤིང་དང་སྣག་ཤོག་ལ་བཅངས་པའི་བརྩེ་བ་ཟབ་པས་ད་བར་དུ་ལས་གནས་དེ་དང་འབྲལ་མ་བྲ། ཁོ་གཉིས་ཀྱིས་ད་དུང་ནམ་ཞིག་ལུས་སེམས་ཀྱིས་མི་ལྕོགས་པའི་བར་དུ་པར་འདེབས་ཀྱི་བྱ་བར་གཞོལ་ངེས་ཡིན་ཞེས་སེམས་ཐག་ཆོད་པོས་དེ་ལྟར་བཤད། དེ་དང་དེ་བཞིན་དཀར་མཛེས་ཁུལ་གྱི་གཟུགས་འདས་རིག་གནས་ཤུལ་བཞག་འགྲེམ་སྟོན་ཁང་དུ་བོད་རང་གི་ཁྱད་ཆོས་འབུར་དུ་ཐོན་ལ། རིན་ཐང་བྲལ་བའི་སྲོལ་རྒྱུན་གྱི་རིག་གནས་ཕུན་སུམ་ཚོགས་པ་དེ་རྒྱལ་ཕྱི་ནང་གི་གཟིགས་མོ་བ་རྣམས་ཀྱི་མིག་གི་ལོངས་སྤྱོད་ཀྱི་དཔལ་དུ་འཁྲུངས་པས་གཟིགས་མོ་དེ་དག་གིས་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་གཏོར་བར་མ་ཟད་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཐུན་མིན་གྱི་ཁྱད་ཆོས་ལ་སྔར་མེད་ཀྱི་ཡིད་ཆེས་དང་དད་གུས་ཀྱི་མོས་པ་བླ་ལྷག་ཏུ་བསྐྱེད་ཡོད་པ་རེད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...