སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཟི་ཁྲོན་རྔ་བ་ཁུལ་ཆུ་ཆེན་རྫོང་དུ་གེ་སར་གྱི་རྡོ་བརྐོས་རྙེད་པ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-8-25 11:00:00 རྩོམ་ཁུངས། གངས་ལྗོངས་ཉི་གཞོན། ཀློག་གྲངས།


མདོ་ཆེན་ཨ་ཁོ་རིས་ཐུབ་བསྟན་ཉི་ཤར་གླིང་།

     ཉེ་སྔོན། གེ་སར་འཕྲུལ་ལུང་དུ་འབོད་པའི་རྔ་བ་ཁུལ་ཆུ་ཆེན་རྫོང་ཨ་ཁོ་རིས་ཡུལ་ཤོག་ཏུ་གེ་སར་སྐོར་གྱི་རྡོ་བརྐོས་རི་མོ་ཁག་གཉིས་གསར་རྙེད་བྱུང་། ཁག་དང་པོ་ནི་ཨ་ཁོ་རིས་ཉི་ཤར་དགོན་པའི་ཀླད་ཀྱི་རི་སྐེད་སྒྲུབ་ཕུག་ལུང་པའི་ཉེ་འགྲམ་དུ་གནས་ཤིང་། ཇོ་དར་དང་རྩྭ་རྩི་ཤིང་གིས་ཡོངས་སུ་འགེབས་འདུག་པས། ལམ་འགྲོ་བས་ཧ་ཅང་མཐོང་དཀའ་བ་རེད། གནའ་སྔ་མོར་ས་གནས་དེ་གའི་མི་རྣམས་ཀྱིས་རྡོ་ཁང་ལས་ནས་རྡོ་བརྐོས་རྣམས་ལ་སྲུང་སྐྱོབ་བྱས་མྱོང་ཡང་། དུས་ཚོད་ཀྱི་འགྲོས་དང་བསྟུན་ནས་སུམ་ཆའི་གཉིས་ཙམ་གྱི་རྡོ་ཁང་སྔ་མོ་ནས་བརྡིབས་ཟིན། རྡོ་བརྐོས་མང་ཆེ་བ་རྣམས་ལ་ཉི་མ་ཕོག་ནས་སྔར་གྱི་ཚོན་མདོག་ཕལ་ཆེར་ཡལ་བ་དང་། མི་སྣ་དང་ཆིབས་པའི་མིང་རྣམས་ཀྱང་རབ་རིབ་ཏུ་གྱུར་འདུག


སྒྲུབ་ཕུག་ལུང་པའི་འགྲམ་གྱི་གེ་སར་སྐོར་གྱི་རྡོ་བརྐོས།

     ཁག་གཞན་ཞིག་ནི་ཨ་ཁོ་རིས་ཉི་ཤར་དགོན་པའི་འདུ་ཁང་གི་ཐོག་བརྩེགས་གཉིས་པར་ཉར་ཚགས་བྱས་འདུག་ལ། ཚང་མ་ལ་ཚོན་བྱུག་ཡོད་པས་རྡོ་བརྐོས་ཀྱི་ཚོན་མདངས་རྣམ་པར་བཀྲ་ཤིང་། མི་སྣ་གསོན་ཉམས་ལྡན་པ། རི་མོར་བྱང་ཆ་དོད་པ་དང་གླིང་གི་དཔའ་རྟུལ་སུམ་ཅུ་དང་ཆིབས་པ་རྣམས་གླིང་སྒྲུང་གི་ནང་དོན་ལྟར་དུ་བརྐོས་འདུག དེ་དག་རི་སྐེད་དུ་ཡོད་པའི་རྡོ་བརྐོས་རི་མོའི་ནང་དོན་དང་ཕལ་ཆེར་འདྲ་བ་དང་། མི་འདྲ་ས་ནི་ཁ་བྱང་དུ་མིའི་མིང་གཅིག་པོ་ལས་ཆིབས་པའི་མིང་བརྐོས་མེད་ལ།  དཔའ་རྟུལ་འགའ་རེའི་མཚན་བསྡུས་བྲིས་བྱས་ཡོད་པ་དང་གོང་གི་དེ་ལྟ་བུའི་རྒྱས་པ་བྲིས་མེད་པར་མཐོང་། དགོན་པ་དེའི་མཆོག་སྤྲུལ་འཇིགས་མེད་བསྟན་འཛིན་ལགས་ཀྱིས་གསུངས་པ་ལྟར་ན། སྔར་རི་སྐེད་ཀྱི་རྡོ་བརྐོས་དེ་དག་དགོན་པའི་ནང་དུ་ཉར་ཚགས་བྱས་ཡོད་པ་དང་། དགོན་པའི་ནང་གི་གེ་སར་གྱི་རྡོ་བརྐོས་དེ་དག་གནའ་རབས་རི་སྐེད་ཀྱི་རྡོ་བརྐོས་དག་ལ་དཔེ་བླངས་ནས་གྲུབ་པ་རེད། བཤད་སྲོལ་ལྟར་ན་དེ་དག་ནི་རྡོ་བརྐོས་སྒྱུ་རྩལ་བ་གྲགས་ཅན་ཚེ་རིང་དོན་གྲུབ་ཀྱིས་ལོ་ངོ་སུམ་ཅུའི་ཡར་སྔོན་དུ་བརྐོས་པ་རེད། མདོར་ན་རྡོ་བརྐོས་ཁག་གཉིས་ནི་གཞི་རྒྱ་ཆེ་ཞིང་། ནང་དོན་ཐད་གླིང་གེ་སར་རྒྱལ་པོ་གཙོ་བོ་བྱས་པའི་དཔའ་རྟུལ་ཕུ་ནུ་སུམ་ཅུ་དང་ཆིབས་པ། གླིང་གི་མོ་སྨན་དང་གླིང་ལྷ་སོགས་ཀྱི་འདྲ་གཟུགས་བརྐོས་ཡོད།


ཉི་ཤར་གླིང་གི་འདུ་ཁང་དུ་བཞུགས་པའི་གེ་སར་སྐོར་གྱི་རྡོ་བརྐོས།

     ཚོ་གཉིས་ལ་བསྡོམས་པས་གེ་སར་སྐོར་གྱི་རྡོ་བརྐོས་90ལྷག་འདུག་ལ། རྡོ་བརྐོས་ཀྱི་ལག་རྩལ་བྱང་ཆ་ལྡན་ཞིང་། ནང་དོན་ཕུན་སུམ་ཚོགས་ཤིང་བརྐོས་རིས་དང་ཚོན་རིས་ཟུང་འབྲེལ་བྱས་པའི་ཁྱད་ཆོས་སོགས་ལྡན་པས། གེ་སར་རིག་གནས་དང་གེ་སར་རི་མོའི་ཞིབ་འཇུག་ཐད་ལ་རྒྱུ་ཆ་གལ་ཆེན་གྱ་ནོམ་པ་འདོན་སྤྲོད་བྱས་འདུག གསར་འགོད་པ་ཆེད་དུ་གནས་དེ་ལ་རྒྱུས་ལོན་བྱེད་དུ་འགྲོ་སྐབས་དགོན་པ་དེས་གེ་སར་གྱི་ཟློས་གར་འཁྲབ་སྟོན་བྱེད་བཞིན་པ་དང་འཁེལ་འདུག


གེ་སར་ནོར་བུ་དགྲ་འདུལ།

     ཨ་ཁོ་རིས་ནི་ཆུ་ཆེན་རྫོང་ཨ་ཁོ་རིས་ཡུལ་ཤོག་ཏུ་གནས་ཤིང་། རྫོང་ནས་དེ་བར་སྤྱི་ལེ་70ལྷག་ཡོད་པ་དང་དེ་རུ་གནའ་ནས་གེ་སར་སྐོར་གྱི་གཏམ་རྒྱུད་མང་པོ་བཤད་རྒྱུ་ཡོད་སྐད་འདུག ཨ་ཁོ་རིས་དགོན་པའི་ལོ་རྒྱུས་ནང་དུ། དགོན་པ་ནས་སྤྱི་ལེ་གསུམ་ཙམ་གྱི་ནུབ་བྱང་མཚམས་སུ་རི་བོ་ཚར་དུ་དངར་ཞིང་། རི་དེ་དག་ནི་གེ་སར་གཙོ་བོ་གྱུར་པའི་གླིང་གི་དཔའ་རྟུལ་སུམ་ཅུའི་བླ་རི་ཡིན་པ་དང་མཚོ་18ཡོད་པ་ནི་གླིང་གི་མོ་སྨན་རྣམས་ཀྱི་བླ་མཚོ་མཚོན་བྱེད་ཡིན་པ་འཁོད་འདུག གསར་འགོད་པས་ཡུལ་དངོས་སུ་གནའ་གཏམ་ཁྲོད་ཀྱི་གེ་སར་ཐེམ་སྐས་དང་འབྲུག་མོའི་ཐེམ་སྐས། གེ་སར་རྒྱལ་པོའི་ཞབས་རྗེས་དང་ལྷ་རྟ་ཅང་རྒོད་ཀྱི་རྨིག་རྗེས། རྟ་སྒ་དང་ཏ་ལེན། རྟ་ཕུར་སོགས་རང་བྱོན་ངོ་མཚར་བ་དུ་མ་མཐོང་ཞིང་། ས་གནས་དེ་གའི་མི་རྣམས་ཀྱིས་ལུང་པ་དེ་ལ་གེ་སར་འཕྲུལ་ལུང་ཞེས་འབོད་བཞིན་འདུག དགོན་པ་དེས་ད་དུང་གེ་སར་གྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ལེགས་པོ་བྱས་ནས་ལོ་རྟག་པར་གེ་སར་གྱི་ཟློས་གར་འཆམ་པ་དང་གེ་སར་ལ་བསང་དང་གསེར་སྐྱེམས་སོགས་ཀྱི་གསོལ་མཆོད་བྱེད་པའི་ལུགས་སྲོལ་ད་བར་གནས་འདུག


སེང་ལྕམ་འབྲུག་མོ།

     ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ། སྐད་གྲགས་ཅན་གྱི་གེ་སར་རིག་པ་སྨྲ་བ་འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་གསར་དུ་རྙེད་པའི་གེ་སར་སྐོར་གྱི་རྡོ་བརྐོས་ཀྱི་པར་རིས་དེ་དག་མཐོང་རྗེས། ཐེངས་འདི་གསར་དུ་རྙེད་པའི་ཨ་ཁོ་རིས་གེ་སར་རྡོ་བརྐོས་ཚོན་རིས་ཅན་ནི་སློབ་དཔོན་དབྱང་ཅ་མིང་གིས་2000ལོར་དཀར་མཛེས་ཁུལ་རོང་བྲག་རྫོང་མ་ཧཱ་ས་གནས་ནས་རྙེད་པའི་གེ་སར་སྒྲུང་གི་མི་སྣའི་རྡོ་བརྐོས་རི་མོའི་རྗེས་ཀྱི་རྔ་བ་ཁུལ་གྱི་ཁོངས་སུ་ཐེངས་དང་པོ་གེ་སར་སྐོར་གྱི་རྡོ་བརྐོས་འབོར་ཆེན་རྙེད་པ་རེད་ལ། དེ་ལ་ཞིབ་འཇུག་གི་རིན་ཐང་དང་སྒྱུ་རྩལ་གྱི་རིན་ཐང་ཆེན་པོ་ཡོད་པར་མ་ཟད། རྒྱལ་སྤྱིའི་གེ་སར་རིག་པའི་ཞིབ་འཇུག་ལ་ལོ་རྒྱུས་ཀྱི་རྒྱུ་ཆ་གསར་པ་གལ་ཆེན་འདོན་སྤྲོད་བྱས་ཡོད་པ་རེད་ཅེས་གསུངས།

     གེ་སར་གྱི་རྡོ་བརྐོས་ཚོན་རིས་ཅན་འདི་དག་གི་དུས་རབས་དང་རིན་ཐང་ནི་གེ་སར་རིག་པའི་ཆེད་མཁས་པས་མུ་མཐུད་ནས་ཞིབ་འཇུག་བྱ་དགོས་པ་ཞིག་རེད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...