སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བརྗིད་ཉམས་ལྡན་པའི་གེ་སར་མར་སྐུའི་མཆོད་པ།
རྩོམ་པ་པོ། གཅོད་པ་དོན་གྲུབ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-3-15 9:42:00 རྩོམ་ཁུངས། མགོ་ལོག་རིག་གནས་སྨྱན་གསར། ཀློག་གྲངས།

     དེ་ཡང་བྱ་བའི་དགོས་དབང་གིས་2017ལོའི་ཟླ་6པའི་ཚེས17ཉིན་ལ་མཚོ་སྔོན་ཞིང་ཆེན་བོད་རིགས་ཞིབ་འཇུག་ཚོགས་པའི་མགོ་ལོག་གེ་སར་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་གནས་བབ་རྟོག་དཔྱོད་ཚན་ཆུང་མགོ་ལོག་ཁུལ་དགའ་བདེ་རྫོང་ལ་བསླེབས་ནས་ལོ་འདི་འགའི་རིང་ལ་སྔོག་འདོན་དང་གསར་སྐྲུན་གནང་པའི་གེ་སར་རིག་གནས་ཀྱི་གྲུབ་འབྲས་གསར་བར་རྟོག་དཔྱོད་དང་ཞིབ་འཇུག་བྱས། སྤྱིར་དགའ་བདེ་རྫོང་གིས་གསར་བཞེངས་གནང་བའི་སྙན་ངག་གྲོང་ཚོའི་ཟློས་གར་ཁང་དང་གེ་སར་ཕ་སའི་གསར་འཛུགས། གེ་སར་ཟློས་གར་ཚོགས་པའི་གསོ་སྐྱོང་། གེ་སར་རྟེན་མཛོད་ཁང་། གེ་སར་རྟོགས་བརྗོད་བསྡུས་པའི་འབག་སྐུ་གསར་བཟོ་བཅས་ལ་སོགས་པ་མིག་དབང་འཕྲོག་ཅིང་བསྔགས་པར་རིགས་པ། གསོན་ཉམས་ལྡན་ཞིང་བརྗོད་སྙིང་ལེགས་པ་བཅས་ཧ་ལས་པ་མང་པོ་མིག་གི་སྤྱོད་ཡུལ་དུ་གྱུར་ཀྱང་དེ་ལས་རྒྱུ་སྐར་དབུས་སུ་དཀར་གསལ་ཟླ་བ་བཞིན་དུ་མངོན་པ་དེ་ནི་བརྗིད་ཉམས་ལྡན་པའི་གེ་སར་མར་སྐུའི་མཆོད་པ་སོགས་ཀྱི་གཟུགས་བརྙན་གསར་བཞེངས་གནང་ཡོད་པ་དེ་ལགས། འདི་ནི་མགོ་ལོག་ས་ཁུལ་གྱི་རྣམ་པར་བཀྲ་བའི་མེ་ཏོག་ལྡོག་གཅིག་ཡིན་པར་མ་ཟད་རྒྱལ་ཡོངས་གེ་སར་རིག་གནས་གྲུབ་འབྲས་ཁྲོད་ཀྱི་རིན་ཆེན་གྱི་ཡིད་བཞིན་ནོར་བུ་ཞིག་ཀྱང་ཡིན། འདིས་རང་རྒྱལ་ལ་མར་བཟོའི་གེ་སར་གཟུགས་བརྙན་བཞེངས་པ་མེད་པའི་སྟོང་ཆ་ཁ་བསྐངས། ད་དུང་རང་རྒྱལ་གྱི་གེ་སར་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་ཐད་དུ་གསར་དུ་བསྣན་པའི་གྲུབ་འབྲས་མངོན་གསལ་ཞིག་ཀྱང་ཡིན་པ་གདོན་མི་ཟའོ། །

     སྤྱི་ལོ2014ལོར། དགའ་བདེ་རྫོང་གི་ཏང་ཨུ་དང་སྲིད་གཞུང་གིས་གེ་སར་རིག་གནས་ཐོན་ཁུངས་ཤིན་ཏུ་ལེགས་པའི་གནས་བབ་ལ་དམིགས་ནས་ཐེངས་གང་མང་ལ་འབྲེལ་ཡོད་མི་སྣ་ལྷན་དུ་བློ་བསྡུར་བརྒྱུད་དེ་མཐའ་མར་བསམ་འཆར་གཅིག་མཐུན་བྱུང་ནས་གེ་སར་མར་སྐུ་སྒྱུ་རྩལ་ལས་གཞི་འཛིན་རྒྱུ་ཐག་བཅད་ཅིང་། ཐོག་མར་གེ་སར་མར་སྐུ་བཤམས་ཡུལ་གྱི་གཙུག་ལག་ཁང་དང་གེ་སར་མར་སྐུ་གསར་བཟོའི་འཆར་འགོད་བཅས་ཀྱི་སྐོར་ལ་ཆེད་མཁས་པ་གདན་འདྲེན་ཞུས་ནས་གྲོས་སྡུར་ཡང་ཡང་བགྱིས་ནས་བཟོ་བཅོས་ཀྱང་ཐེངས་མང་གནང་སྟེ་མཇུག་མཐར་གཅིག་མཐུན་གྱིས་འཐད་པ་བྱུང་ཞིང་། མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་དགུ་ཁྲི་དྲུག་བཏང་ནས་གེ་སར་མར་སྐུ་སྒྱུ་རྩལ་གྱི་གཙུག་ལག་ཁང་གསར་བཞེངས་མཛད་ཅིང་། དེ་ནས་མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་གཉིས་ཁྲི་གཉིས་བཏང་ནས་གེ་སར་གྱི་མར་བཟོའི་སྐུ་བརྙན་ལྷང་ངེར་བཞེངས་འགྲུབ་བྱུང་། དགའ་བདེ་རྫོང་གི་གེ་སར་མར་སྐུའི་གཙུག་ལག་ཁང་དང་མར་སྐུ་སྒྱུ་རྩལ་སྣ་ཚོགས་བདེ་བླག་ངང་འཛམ་གླིང་ཡང་རྩེ་རུ་གྲགས་པའི་གནས་མཆོག་འདི་ན་ལེགས་བཞེངས་གནང་ནས་མི་རིགས་མི་འདྲ་པ་དང་ཤ་པགས་མི་འདྲ་བའི་སྐུ་མགྲོན་ཁྲི་སྟོང་མང་པོ་མཛེས་མའི་འཛུམ་གྱིས་བསུ་བ་དང་སེམས་ཀྱི་རེ་སྒུག་བགྱིས་ཏེ་བཞུགས་འདུག

     དགའ་བདེ་རྫོང་གིས་འགྲོ་སོང་དང་འཛུགས་སྐྲུན་གནང་བའི་གེ་སར་མར་སྐུའི་གཟུགས་བརྙན་རེ་རེའི་རྒྱུ་ཆ་ཐམས་ཅད་འབྲི་མར་སེར་བོ་ཡིན་ཞིང་། མར་བཟོའི་ལག་རྩལ་དེ་དགེ་ལུགས་པའི་དགོན་ཆེན་སྐུ་འབུམ་བྱམས་པ་གླིང་གི་མར་བཟོའི་མེ་ཏོག་མཆོད་པའི་ལག་རྩལ་ལ་སློབ་སྦྱོང་དང་ཟུར་ལྟ་མཛད་དེ་གེ་སར་རྒྱལ་པོའི་སྐུ་བརྙན་དང་དཔའ་རྟུལ་སུམ་བཅུའི་སྐུ་བརྙན། སེང་ལྕམ་འབྲུག་མོ་དང་ནེའུ་ཆུང་རྒྱལ་ཆེན་སྡེ་བཞིའི་སྐུ་བརྙན་བཅས་གསར་བཞེངས་བགྱིས་པ་སྟེ། མི་སྣའི་ཁྱད་ཆོས་གསལ་ལ་ཚོན་མདོག་ལེགས། གོང་འོག་བསྡུར་ཚད་འགྲིག་ལ་མིག་ལ་མཛེས། ཆིབས་པ་དང་མཚོན་ཆའི་ཁྱད་ཆོས་འབུར་དུ་ཐོན་ཡོད་ལ་ཁང་བའི་ཚ་གྲང་སྙོམས།

     བཤམས་སྟོན་གྱང་ངོས་ཀྱི་མཐོ་ཚད་ལ་སྨི་གཉིས་དང་ཆ་ཤས་བརྒྱད་ཡོད་པ་དང་ཞང་ཚད་ལ་སྨི་ང་གཉིས་ཡོད། འདིར་གེ་སར་གྱི་ནང་དོན་གལ་ཆེན་དག་བཤམས་ཡོད་པ་ལས་གཞན་སྲོག་ཆགས་དང་རྩི་ཏོག་སྣ་ཚོགས་ཀྱི་གཟུགས་བརྙན་གསོན་ཉམས་ལྡན་པ་བཞེངས་ཡོད། མེ་ཏོག་མཆོད་རྫས་སྒྱུ་རྩལ་གྱི་ཆེས་ལེགས་པའི་ལག་རྩལ་ཐོན་ཡོད་པས་བལྟས་ན་མིག་ལ་མཛེས་ཤིང་ཕལ་ཆེར་གནམ་འོག་ཏུ་གཅིག་དང་གཉིས་ལས་མེད་པར་འདོད།

     མར་སྐུ་སྒྱུ་རྩལ་བཞེངས་སྐྲུན་གྱི་ནི་ཁྱད་པར་ཅན་གྱི་སྒྱུ་རྩལ་རྣམ་པ་ཞིག་ཡིན་ལ། དེར་གསར་བཞེངས་ཀྱི་བརྒྱུད་རིམ་དང་བཤམས་སྟོན་ཉར་ཚགས་བཅས་ཀྱི་བླང་བྱ་དང་ཆ་རྐྱེན་མཐོན་པོ་མཆིས་པས་ན། མ་མཐའ་ཡང་ཁང་བའི་ནང་གི་དྲོད་གྲང་སྙོམས་དགོས་ལ་སྤྱིར་བཏང་གི་ཧྲེ་ཧྲི་གོར་ཐིག་མན་ཆད་དུ་ཚོད་བཟུང་ན་ད་གཟོད་གནོད་པ་མེད་པར་ཉར་ཚགས་བཅས་ཐུབ། དེ་མིན་ཧ་ཅང་མྱུར་མོས་ཞི་འགྲོ། རྒྱུས་ལོན་ལྟར་ན་གེ་སར་མར་སྐུ་སྒྱུ་རྩལ་འདི་ཐོག་མར་དགའ་བདེ་རྫོང་ལུང་སྔོན་དགོན་པའི་སྤྲུལ་སྐུ་ཧུཾ་དཀར་རྡོ་རྗེས་མགོ་འཛིན་མཛད་ནས་གྲྭ་བ་ཉི་ཤུ་ལྷག་གིས་ཕལ་ཆེར་བགྲང་བྱ་གཅིག་ལྷག་ལ་བཟོས་ནས་ལེགས་འགྲུབ་བྱུང་། དང་ཐོག་གྲྭ་བ་ཚོས་མར་སྐུ་སྒྱུ་རྩལ་ལག་རྩལ་བསླབ་པའི་ཆེད་དུ་སྤྲུ་སྐུ་ཁོང་ཉིད་དངོས་སུ་བོད་ལྗོངས་དང་སྐུ་འབུམ་བྱམས་པ་གླིང་། གན་ལྷོ་ས་ཁུལ་བཅས་སུ་ཕེབས་ནས་རྟོག་དཔྱོད་ཞིབ་འཇུག་གང་ལེགས་མཛད་པ་མ་ཟད་གྲྭ་བ་དག་ཕྱི་རུ་མངགས་ནས་མར་བཟོའི་ལག་རྩལ་སྦྱངས་པ་གནང་བར་བཅུག་ཅིང་། ཕྱིར་རང་རྫོང་དུ་ཕེབས་ཏེ་གེ་སར་མར་སྐུ་སྒྱུ་རྩལ་བཞེངས་ནས་ལེགས་འགྲུབ་བྱུང་པར་བརྟེན། མགོ་ཁྲིད་དང་ཆེད་མཁས་པ་རྣམས་ཀྱིས་གདེང་འཇོག་ཚད་མཐོན་པོ་གནང་། ད་ལྟ་དུས་རྒྱུན་དུ་མར་བཟོ་སྒྱུ་རྩལ་ལག་རྩལ་ཅུང་ལེགས་པའི་གྲྭ་བ་གཉིས་བསྐྱུར་ནས་བདག་དམ་དང་ཞིག་གསོ་བཅས་ཀྱི་འགན་འཁུར་འདུག

 


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...