སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ལོ་སར་དགོང་ཚོགས་ཕབ་བསྐྲུན་ལེགས་འགྲུབ་བྱུང་།
རྩོམ་པ་པོ། ལྕགས་ཐར་ཚེ་རིང་། དབང་རྒྱལ་ཚེ་རིང་། ལྷ་སྒྲོན། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-1-14 9:47:00 རྩོམ་ཁུངས། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་ལམ། ཀློག་གྲངས།


མདོ་དབུས་ཁམས་གསུམ་ནས་ཕེབས་པའི་དགོང་ཚོགས་ཀྱི་མདོ་འཛིན་ལྷན་རྒྱས།


གངས་ཅན་པ་སྒྲོལ་མ་སྐྱབས་དང་ཧོར་རྒྱ་སྒྲོལ་མ་སྐྱབས་གཉིས་ཀྱིས་གླུ་གཞས་མཉམ་ལེན་བྱེད་བཞིན་པ།


གླུ་བ་ནོར་བུ་བསམ་འགྲུབ་ཀྱིས་གླུ་གཞས་ལེན་བཞིན་པ།


གླུ་བ་བློ་བཟང་བཀྲ་ཤིས་ཀྱིས་གླུ་གཞས་ལེན་བཞིན་པ།


ཐུ་བྷོད་ཚན་སྡེབ་དང་གླུ་མ་གླུ་མོ་མཚོས་གླུ་གཞས་མཉམ་ལེན་བྱེད་བཞིན་པ།


གླུ་བ་དཔལ་ཆེན་དབང་རྒྱལ་གྱིས་གླུ་གཞས་ལེན་བཞིན་པ།


སྙན་མོ་ངག་གི་མཆོད་པ།


གླུ་མ་དབྱངས་ཅན་ལྷ་མཛེས་ཀྱིས་སྙན་མོ་ངག་ལ་བརྒྱུས་ནས་དབྱངས་ཀྱི་མཆོད་པ་འབུལ་བཞིན་པ།


«མདའ་བསྟོད»ཅེས་པའི་ཞབས་བྲོ་འཁྲབ་བཞིན་པ།

     མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་བོད་རབ་རྒྱན་ས་མོ་ཕག་ལོའི་ལོ་སར་སྤྲོ་ཚོགས་ཆེན་མོ «རྟེན་འབྲེལ་ཀུན་གྱི་ཐོག་མ»ཞེས་པ་དུས་ཡུན་ཟླ་གཅིག་ལྷག་གི་རིང་ལ་གྲ་སྒྲིག་གང་ལེགས་བྱས་པ་བརྒྱུད། ཟླ1པོའི་ཚེས11ཉིན་ནས་ཚེས13ཉིན་བར་བསྟུད་མར་ཉིན་གསུམ་གྱི་རིང་ལ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་སྨི་སྟོང་ཅན་གྱི་འཁྲབ་སྟོན་ཚོམས་ཆེན་ནས་ཕབ་སྐྲུན་ལེགས་འགྲུབ་བྱུང་།
     ཐེངས་འདིའི་དགོང་ཚོགས་སྟེང་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་དང་། ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི་གཞོན་པ་ངག་དབང་བསོད་ནམས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཏང་ཨུ་ཧྲུའུ་ཅིའམ་ཐའེ་ཀྲང་ཀྲིག་ཞན་ཨན། གཞན་ད་དུང་ཞིང་ཆེན་དང་གྲོང་ཁྱེར། ཁུལ་དང་རྫོང་རིམ་པའི་འབྲེལ་ཡོད་མགོ་ཁྲིད་སོགས་ཚོགས་རའི་ཡུལ་དངོས་སུ་ཕེབས་ནས་མང་ཚོགས་དང་མཉམ་དུ་དགོང་ཚོགས་ལ་བལྟས།
     ཐེངས་འདིའི་དགོང་ཚོགས་ནི་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུ་བ་དང་། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་བཅུ་ལོན་པར་བསུ་བ་བྱེད་པའི་དུས་སུ་ཚོགས་པའི་དགོང་ཚོགས་ཤིག་ཡིན་ལ། དགོང་ཚོགས་སྟེང་དུ་སྤྲོ་དགའ་དང་། བརྩེ་སེམས། འབད་བརྩོན། རྒྱང་ལྟ་བཅས་བརྗོད་དོན་དུ་བཟུང་སྟེ། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གཞས་དང་། ཞབས་བྲོ། རོལ་ཆས། རྡུང་ལེན་བཅས་སྒྱུ་རྩལ་གྱི་སྣང་བརྙན་ལ་བརྟེན་ནས་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་བཞི་བཅུའི་རིང་གི་བོད་ཁུལ་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཕྱོགས་ནས་བླངས་པའི་གྲུབ་འབྲས་ཆེན་པོར་བསྟོད་པ་དང་། ཁྱད་པར་དུ་ཞི་ཅིན་ཕིན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློའི་མཛུབ་སྟོན་འོག་བོད་ཁུལ་གྱི་མི་དམངས་མང་ཚོགས་དུས་རབས་གསར་བའི་ལམ་ཁར་བསྐྱོད་པའི་ཆོད་སེམས་མངོན་པར་མཚོན་ཡོད།
     «རྟེན་འབྲེལ་ཀུན་གྱི་ཐོག་མ»ཞེས་པའི་མགོ་རྩོམ་ཞབས་བྲོའི་སྟངས་སྟབས་དང་བསྟུན་ནས་དགོང་ཚོགས་ཀྱི་ཡོལ་རས་ག་ལེར་ཕྱེས་ཤིང་། སྨྲ་ལྕེའི་མཐུ་རྩལ་ལ་མངའ་བརྙེས་པའི་མདོ་དབུས་ཁམས་གསུམ་གྱི་མདོ་འཛིན་པ་རྣམས་ཀྱིས་བཀྲ་ཤིས་རྟེན་འབྲེལ་གྱི་ཁ་གཡང་བདེ་མོ་ངག་ལ་དྲངས་ཏེ་དགོང་ཚོགས་ལ་མདོ་འཛིན་བྱས། དགོང་ཚོགས་ཧྲིལ་བོ་ཚོགས་ར་གཙོ་ཕལ་གཉིས་སུ་དགར་ནས་སོ་སོར་ཟི་ལིང་དང་རྨ་ལྷོ་གཉིས་ནས་ཕབ་སྐྲུན་བྱས་པ་དང་། དེ་ལས་ཟི་ལིང་གི་ཚོགས་རའི་སྟེང་འཁྲབ་ཚན་ཉེར་དྲུག་དང་། རྨ་ལྷོའི་ཡན་ལག་ཚོགས་རའི་སྟེང་འཁྲབ་ཚན་ཉེར་བརྒྱད་ཡོད་ལ། གླུ་མ་གྲགས་ཅན་འཇམ་དབྱངས་སྒྲོལ་མ་དང་དབྱངས་ཅན་ལྷ་མཛེས། གླུ་བ་གྲགས་ཅན་རྡོ་རྗེ་ཚེ་རིང་དང་དཀོན་མཆོག་ཚེ་རིང་སོགས་མཚོ་སྔོན་དང་། བོད་ལྗོངས། སི་ཁྲོན། ཀན་སུའུ། ཡུན་ནན་སོགས་ས་ཁུལ་སོ་སོ་ནས་ཡོང་བའི་སྒྱུ་རྩལ་པ་རྣམས་གར་སྟེགས་གཅིག་ལ་འཛོམས་ནས་འཁྲབ་སྟོན་བྱས།
     བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་བཞི་བཅུའི་ཕུལ་བྱུང་བོད་གཞས་བསྟུད་ལེན་དང་། སྲོལ་རྒྱུན་རོལ་ཆས་རིགས་མི་འདྲ་བ་བཞི་ལས་དཀྲོལ་བའི«རྟ་ནག་སྒྲོག་འགྲོས།»། དེ་མིན«མདའ་བསྟོད།» «འབྲུག་ཆུའི་བག་གླུ།» «རྒྱལ་རོང་ཆང་གཞས»སོགས་ཀྱིས་དགོང་ཚོགས་ཧྲིལ་བོ་མཐོ་རླབས་རེ་རེར་བསྐྱལ་ཞིང་། ན་གཞོན་ཨོ་རྩལ་ལུས་རྩལ་འགྲན་ཚོགས་སྟེང་གསེར་གྱི་རྟགས་མ་ཐོག་མ་ལེན་མཁན་བོད་རིགས་ལུས་རྩལ་པ་ཤེས་རབ་མཚོ་དགོང་ཚོགས་ཡུལ་དངོས་སུ་གདན་དྲངས་ནས་ལྟད་མོ་བ་རྣམས་ལ་འགྲན་སྡུར་ལས་རྒྱལ་བའི་གཟི་བརྗིད་ཀྱི་གནས་སྐབས་མཉམ་སྤྱོད་བྱས། དགོང་ཚོགས་ཀྱི་ཚོགས་ར་གཙོ་ཕལ་གཉིས་ལ་བསྡོམས་པས་ཆུ་ཚོད་ལྔ་ལྷག་ཡོད་ཅིང་། ད་ལྟའི་བར་ཆེས་ཆེ་བའི་དགོང་ཚོགས་ཤིག་ཏུ་གྱུར་ཡོད།
     ཐེངས་འདིའི་དགོང་ཚོགས་ལེགས་འགྲུབ་ཡོང་བར་དམིགས་ཏེ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་ཆེད་དོན་ཚོགས་འདུ་བསྡུས་ནས། དགོང་ཚོགས་ཀྱི་བརྗོད་དོན་དང་རྣམ་པ་སོགས་གཏན་འཁེལ་བྱས་ཤིང་། ཕབ་སྐྲུན་བདེ་བླག་ཡོང་བར་ཁག་ཐེག་བྱ་ཆེད། ཐའེ་ཀྲང་གཞོན་པ་རྣ་བྷ་བྱ་བའི་མགོ་མཇུག་བར་གསུམ་ལ་ཟབ་ཞུགས་བྱས་ཏེ། འཁྲབ་ཚན་བསལ་འདེམས་དང་། འཁྲབ་སྦྱོང་། ཕབ་སྐྲུན་སོགས་ཀྱི་བྱ་བར་བཀོད་འདོམས་གནང་།
     དགོང་ཚོགས་ཀྱི་ཕབ་སྐྲུན་ཚན་ཆུང་གིས་བོད་ཁུལ་གྱི་ས་ཆ་སོ་སོའི་རིག་གནས་སྡེ་ཁག་དང་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་སོགས་ལ་འབྲེལ་འདྲིས་དང་རྒྱུས་ལོན་བྱས་ཏེ། ས་གནས་ཀྱི་ཁྱད་ཆོས་ལྡན་ཞིང་རིག་གནས་ཀྱི་ཉིང་བཅུད་འདུས་པའི་ཕུལ་བྱུང་བརྩམས་ཆོས་མང་པོ་སྔོག་འདོན་སྒོས། རྒྱལ་ཁབ་ཕྱི་ནང་ཀུན་ན་བཞུགས་པའི་བོད་རིགས་སྤུན་ཟླ་ཡོངས་ལ་ལོ་སར་གྱི་ལེགས་སྐྱེས་གྱ་ནོམ་པ་ཞིག་གྲ་སྒྲིག་གནང་ཡོད།
     ལོ་རེར་ཐེངས་རེ་སྒྲུབ་བཞིན་པའི་བོད་ལུགས་ལོ་སར་དགོང་ཚོགས་ནི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ཨ་མདོ་བརྙན་འཕྲིན་གྱི་ཁྱད་དུ་འཕགས་པའི་རིག་རྩལ་དགོང་ཚོགས་ཤིག་ཡིན་ལ། རྒྱལ་ཁབ་ཕྱི་ནང་གི་བོད་རིགས་སྤུན་ཟླ་རྣམས་ཀྱིས་བོད་ཁུལ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་ལ་མྱོང་གཟིགས་བྱེད་པའི་སྒེའུ་ཁུང་ལྟ་བུར་གྱུར་ཡོད་ཅིང་། ཨ་མདོ་བརྙན་འཕྲིན་གྱིས1989ལོར་ཐེངས་དང་པོའི་ལོ་སར་དགོང་ཚོགས་སྤེལ་བ་ནས་ད་ལྟའི་བར་སྔ་རྗེས་སུ་ཐེངས་ཉེར་དགུ་ལ་སྤེལ་ནས། ཕུལ་དུ་བྱུང་བའི་རིག་རྩལ་བརྩམས་ཆོས་མང་པོ་སྔོག་འདོན་དང་། སྒྱུ་རྩལ་པ་མང་པོ་གསོ་སྐྱོང་གནང་ཡོད་ལ། རིག་རྩལ་དགོང་ཚོགས«གངས་ལྗོངས་མཆོད་བསྟོད་ཆེན་མོ»དང«སྤྲེལ་ལོ་གསེར་གྱི་སྐྱ་རེངས»སོགས་ལ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་བྱ་དགའ་གང་མང་ཐོབ། ཉེ་བའི་ལོ་ངོ་སུམ་ཅུ་ལྷག་གི་རིང་ལ། ཨ་མདོ་བརྙན་འཕྲིན་གྱི་ལོ་སར་དགོང་ཚོགས་ཀྱིས་ཏང་གི་ཡང་དག་པའི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་དྲིལ་སྒྲོག་བྱས་ཤིང་། མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གནས་དར་སྤེལ་ཐད་ལ་མཛད་རྗེས་མི་དམན་པ་བཞག་ཡོད།
     ཐེངས་འདིའི་དགོང་ཚོགས་འདི་ནི2019ལོའི་ལོ་སར་སྐབས་སུ་ཨ་མདོ་བརྙན་འཕྲིན་དང་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གཉིས་ནས་དུས་མཉམ་དུ་གཏང་རྒྱུ་རེད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...