སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རྗེ་བཙུན་མི་ལ་རས་པའི་མགུར་གླུ་བཞུགས་སོ།།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2015-3-17 9:34:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
༄༅།།རས་པ་ཞི་བ་འོད་ལ་གནང་བའི་མགུར།
ཨ་མཚར་པོ་ཅི་འདྲ་ཚོར་བར་འདུག།
ཚིག་གིས་སྦོས་པའི་སྟོན་པ་དེ།།
རྩོད་དུས་ཁྲོམ་པ་བསྙོན་བསྙོན་བྱེད།།
ལབ་དུས་དྲེད་མོས་ལབ་ལབ་བྱེད།།
ཉལ་དུས་མི་ཆེན་ཉལ་ཉལ་བྱེད།།
འགྲོ་དུས་ཧོར་དམག་འགྲིམ་འགྲིམ་བྱེད།།
དེས་གེགས་དང་གོལ་ས་ཅི་ཆོད་ཨང་།།
སྤྱིར་ཁམས་གསུམ་སེམས་ཅན་སོ་སོར་གོལ།།
སོ་སོ་སྐྱེ་བོ་ལས་ལ་གོལ།།
ཉན་རང་ཞི་བའི་གནས་ལ་གོལ།།
དགེ་བཤེས་ཟ་བའི་ཐབས་ལ་གོལ།།
སྟོན་པ་ཚིག་གི་རྫོང་ལ་གོལ།།
དགེ་སློང་ཟ་རྒྱུའི་ནང་དུ་གོལ།།
རྣལ་འབྱོར་སྨྱོན་པའི་གསེབས་ཏུ་གོལ།།
སྒོམ་ཆེན་སྟོང་ལྟ་ཧད་པོས་གོལ།།
དེ་བཞིན་ཐམས་ཅད་གོལ་ཚབས་ཆེ།།
བུ་སྙན་བརྒྱུད་མཁའ་འགྲོའི་ཁ་རླངས་ལ།།
གོལ་ས་ཡོད་སྙམ་བདུད་ཡིན་ཏེ།།
རས་ཆེན་དྲུང་དུ་ཞི་བ་འོད།།
གེགས་ལ་ཤོར་ན་བསླུས་པ་ཡིན།།
དམར་ཁྲིད་ལག་ལེན་མངོན་སུམ་ལ།།
གོལ་ས་བྱུང་ན་བདེན་པ་མེད།།
བུ་གོལ་སའི་སློབ་གཉེར་མ་སེམས་པར།།
རྩེ་གཅིག་ཏུ་སྒོམ་དང་མྱུར་དུ་གསལ།།
     རྗེ་བཙུན་མི་ལ་རས་པ། ཁོང་ནི་མང་ཡུལ་གུང་ཐང་རྔ་རྩ་རུ་ཡབ་མི་ལ་ཤེས་རབ་རྒྱལ་མཚན་དང་། ཡུམ་མྱང་ཚ་དཀར་རྒྱན་གཉིས་ཀྱི་སྲས་སུ་རབ་བྱུང་དང་པོའི་ལྕགས་འབྲུག་ལོར༼འདས་ལོ1584༽སྐུ་འཁྲུངས། ཆུང་དུས་སུ་ཡབ་གཤེགས་ཏེ་རང་ཁྱིམ་གྱི་ནོར་རྫས་ཕ་ཚན་གྱིས་བདག་ཏུ་བཟུང་བས་ སྡུག་མང་པོ་མཐོང་། དེའི་འཁོན་ལན་སློག་པར་མཐུ་བསླབས་ནས་མི་མང་པོ་བསད། སླད་ནས་སྡིག་པ་ལ་འགྱོད་དེ་ཆོས་བྱེད་པར་ལྷོ་བྲག་ཏུ་ཕེབས་ཏེ་མར་པ་ལོ་ཙྭ་དང་ མཇལ།དབང་དང་མན་ངག་རྫོགས་པར་གསན། དེ་ནས་སྐྱིད་གྲོང་སོགས་སུ་སྒྲུབ་པ་སྙིང་པོར་མཛད་པས་གྲུབ་པའི་ས་མཐོར་གཤེགས། རས་ཆུང་བ་སོགས་སློབ་མ་གྲགས་ཅན་མང་པོ་བྱུང་། དགུང་ལོ་བརྒྱད་ཅུ་གྱ་བཞི་པ་རབ་བྱུང་གཉིས་པའི་ཆུ་ཡོས་ལོར༼འདས་ལོ1668༽སྐུ་གཤེགས་སོ།།༽

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...