སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གསུང་དབྱངས་ཡན་ལག་དྲུག་ཅུ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-10-9 11:29:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     《བསྟོད་སྤྲིན་རྒྱ་མཚོ》ལས།  གསུང་མཉེན་འཇམ་ཞིང་ཡིད་འོང་ཡིད་དུ་འཐད། །དག་ཅིང་དྲི་མེད་འོད་གསལ་སྙན་ལ་འཇེབས། ། མཉན་པར་འོས་ཤིང་མི་ཚུགས་སྙན་ཞིང་དུལ། །མི་རྩུབ་མི་བརླང་རབ་དུལ་རྣ་བར་སྙན། །ལུས་སེམས་སྙིང་ནི་ཚིམ་བྱེད་དགའ་བདེ་སྐྱེད། །གདུང་མེད་ཀུན་ཏུ་ཤེས་བྱེད་རྣམ་རིག་བྱ། །རྣམ་གསལ་དགའ་བྱེད་མངོན་པར་དགའ་བྱེད་ཅིང༌། །ཀུན་ཤེས་བྱེད་ཅིང་རྣམ་པར་རིག་པར་བྱེད། །རིགས་ཤིང་འབྲེལ་ལ་ཟློས་པའི་སྐྱོན་དང་བྲལ། །སེང་གེ་གླང་ཆེན་འབྲུག་དང་ལག་འགྲོའི་དབང༌། །དྲི་ཟ་ཀ་ལ་པིངྐ་ཚངས་པ་དང༌། །ཤང་ཤང་ཏེའུ་དབང་པོའི་དབྱངས་ལྟར་སྙན། །རྔ་སྒྲ་མ་ཁེངས་མི་དམའ་ཀུན་རྗེས་ཞུགས། །ཚིག་ཟུར་ཕྱིན་ཅིང་མ་ཚང་མེད་པ་དང༌། །མ་ཞུམ་མི་ཞན་རབ་དགའ་ཁྱབ་ཅིང་ཆུབ། ། རྒྱུན་ཆགས་འབྲེལ་ཞིང་སྒྲ་ཀུན་རྫོགས་པར་བྱེད། །དབང་པོ་ཀུན་ཚིམ་མ་སྨད་མི་འགྱུར་ལ། །མ་བརྟགས་འཁོར་གྱི་དཀྱིལ་འཁོར་ཀུན་ཏུ་གྲགས། །དུག་གསུམ་སེལ་བྱེད་བདུད་དཔུང་ཚར་གཅོད་ཅིང༌། །རྣམ་པ་ཀུན་གྱི་མཆོག་དང་ལྡན་པར་འབྱུང༌། །དེ་ལྟར་བཞི་ཡིས་ལྷག་པའི་དྲུག་ཅུའི་དབྱངས། ། ཞེས་པ་ལྟར་རོ། །སེང་གེ་གླང་ཆེན་འབྲུག་གི་སྒྲ་དབྱངས་དང༌། །ཀླུ་དབང་དྲི་ཟ་ཀ་ལ་པིང་ཀ་དང༌། །ཚངས་དབྱངས་ཤང་ཤང་ཏེའུས་སྒྲ་དབྱངས་བསྒྲགས། །ལྷ་དབང་དབྱངས་དང་རྔ་སྒྲ་ལྟ་བུར་བརྗིད། །མ་ཁེངས་མི་དམའ་སྒྲ་ཀུན་རྗེས་ཞུག་དང༌། །ཚིག་ཟུར་མ་ཆགས་མ་ཚང༌མེད་པ་དང༌། །མ་ཞུམ་མི་ཞན་རབ་ཏུ་དགའ་བ་དང༌། །ཁྱབ་དང་ཐ་མར་བཅས་པའི་ཚད་དང་ནི། །རྒྱུན་ཆགས་འབྲེལ་དང་སྒྲ་ཀུན་རྫོགས་པར་བྱེད་། །དབང་པོ་ཚིམ་བྱེད་མ་སྨད་ མི་འགྱུར་དང༌། །མ་བརྡབས་པ་དང་ཉེ་འཁོར་ཀུན་ཏུ་གྲགས། །རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་ཡི། །ཟབ་དང་རྒྱ་ཆེའི་ཆོས་ཚུལ་ལྡན་པར་བྱེད། །ཅེས་སོ། །དེ་ཡང་དབྱེ་ན། 1.མཉེན་པ། 2.འཇམ་པ། 3.ཡིད་དུ་འོང་བ། 4.ཡིད་དུ་འཐད་པ། 5.ཡིད་དུ་དག་པ། 6.དྲི་མ་མེད་པ། 7.འོད་གསལ་བ། 8.སྙན་ཞིང་འཇེབས་པ། 9.མཉན་པར་འོས་པ། 10.མི་ཚུགས་པ། 11.སྙན་པ།12.དུལ་བ། 13.མི་བརླང་བ། 14.རབ་ཏུ་དུལ་བ། 15 རྣར་སྙན་པ། 16 ལུས་སིམ་པར་བྱེད་པ། 17.སེམས་སིམ་པར་བྱེད་པ།18.སྙིང་དགའ་བར་བྱེད་པ། 19.དགའ་བདེ་བསྐྱེད་པ། 20.གདུང་བ་མེད་པ། 21 ཀུན་ཤེས་པར་བྱ་བ། 22.རྣམ་པར་རིག་པར་བྱ་བ། 23.རྣམ་པར་གསལ་བ། 24.དགའ་བར་བྱེད་པ། 25.མངོན་པར་དགའ་བར་བྱེད་པ། 26.ཀུན་ཤེས་པར་བྱེད་པ། 27.རྣམ་པར་རིག་པར་བྱེད་པ། 28.རྣམ་པར་རིགས་པ། 29 རྣམ་པར་འབྲེལ་བ། 30.ཟློས་སྐྱོན་མེད་པ། 31.སེང་གེའི་སྒྲའི་ཤུགས་ཅན། 32.གླང་པོ་ཆེའི་སྒྲ་སྐད། 33.འབྲུག་གི་སྐད། 34.ཀླུའི་དབང་པོའི་སྐད། 35.དྲི་ཟའི་གླུ་དབྱངས། 36.ཀ་ལ་པིང་ཀའི་སྒྲ་དབྱངས། 37.ཚངས་པའི་སྒྲ་དབྱངས། 38.ཤང་ཤང་ཏེའུའི་སྒྲ་དབྱངས། 39.ལྷའི་དབང་པོའི་སྒྲ་དབྱངས། 40.རྔའི་སྒྲ། 41.མ་ཁེངས་པ། 42.མི་དམའ་བ། 43.སྒྲ་ཐམས་ཅད་ཀྱི་རྗེས་སུ་འཇུག་པ། 44.ཚིག་ཟུར་ཕྱིན་པ། 45.མ་ཚང་བ་མེད་པ། 46.མ་ཞུམ་པ། 47.མི་ཞན་པ། 48.རབ་ཏུ་དགའ་བ། 49.རབ་ཏུ་ཁྱབ་པ། 50.རབ་ཏུ་ཆུབ་པ། 51.རྒྱུན ཆགས་པ། 52.རྒྱུན་འབྲེལ་བ། 53.སྒྲ་ཐམས་ཅད རྫོགས་པར་བྱེད་པ། 54.དབང་པོ་ཐམས་ཅད་ཚིམ་པར་བྱེད་པ། 55.མ་སྨད་པ། 56.མི་འགྱུར་བ། 57.མ་བརྡབས་པ། 58.ཞི་བར་བྱེད་པ། 59.སེལ་བ། 60.བདུད་ཚར་གཅོད་པ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའོ། །

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...