སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་ཡུལ་ལ་བསྔགས་པ།
རྩོམ་པ་པོ། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-7-3 10:12:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
རྩོམ་པ་པོ་མཚམས་སྦྱོར།
     ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་ནི། རབ་བྱུང་གསུམ་པའི་ཆུ་སྟག་ལོར1182ལོར་ཡབ་འཁོན་དཔལ་ཆེན་འོད་པོ་ཆེ་དང་ཡུམ་མ་གཅིག་གར་ཕུ་མ་ཉི་ཁྲི་ལྕམ་གཉིས་ཀྱི་སྲས་སུ་ས་སྐྱར་སྐུ་འཁྲུངས། རྗེ་བཙུན་གྲགས་པ་རྒྱལ་མཚན་དང་། ཞུ་དོན་རྡོ་རྗེ་སྐྱབས། རྨ་བྱ་བྱང་བརྩོན། ཚུར་སྟོན་གཞོན་སེེང་སོགས་བླ་མ་མང་པོར་བསྟེན། སྡེ་སྣོད་ཐམས་ཅད་ལ་མི་འཇིགས་པའི་སྤོབས་པ་བརྙེས་ཤིང་མཁས་པའི་སྙན་གྲགས་ས་སྟེང་དུ་ཁྱབ། མུ་སྟེགས་འཕྲོག་བྱེད་དགའ་བོ་རིགས་པས་ཚར་བཅད་དེ་ནང་བའི་བསྟན་པ་ལ་བཅུག ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི་དང་དེའི་སློབ་མ་སཾགྷ་ཤྲི་སོགས་ལས་སྒྲ་ཚད་སོགས་རིག་གནས་ཀུན་ལ་སྦྱངས་པ་མཐར་ཕྱིན་མཛད། བོད་དུ་བཅུ་ཕྲག་རིག་པའི་གནས་ཆ་ཐམས་ཅད་ནས་དར་བའི་སྲོལ་ཐོག་མར་བཏོད་པས་བོད་གངས་ཅན་གྱི་པཎྜི་ཏའི་མཚན་གྱི་ཐོག་མའང་དེ་ནས་ཆགས། ཉིད་ཀྱི་བཀའ་ལས། སྒྲ་བ་ང་ཡིན་རྟོག་གེ་བ་ང་སྨྲ་བ་ངན་འཇོམས་ང་འདྲ་མེད། སྡེབ་སྦྱོར་ང་མཁས་སྙན་ངག་ང་ཉིད་མངོན་བརྗོད་འཆད་ལ་འགྲན་མེད་ང་། དུས་སྦྱོར་ངས་ཤེས་ཕྱི་ནང་ཀུན་རིག་བློ་གྲོས་མཚུངས་མེད་ང་། དེ་འདྲ་གང་ཡིན་ས་སྐྱ་བ་སྟེ་མཁས་པ་གཞན་དག་གཟུགས་བརྙན་ཡིན།། ཞེས་ང་བརྒྱད་གསུངས་པ་ཇི་ལྟར་བཞིན་ནོ།། དགུང་ལོ་རེ་གསུམ་པ་ཤིང་འབྲུག་ལོར1244ལོར་ཧོར་རྒྱལ་གོ་དན་གྱི་གདན་དྲངས་པ་བཞིན་ཕེབས་ནས་རྒྱལ་བོ་དང་མཇལ་ཏེ་ཡོན་མཆོད་ཀྱི་འབྲེལ་བ་ཆགས། དགུང་ལོ་བདུན་ཅུ་བ་རབ་བྱུང་བཞི་བའི་ལྕགས་ཕག་ལོར1251ལོར་ལང་ཅུར་སྐུ་གཤེགས། གསུང་རྩོམ་ལ《ཐུབ་པའི་དགོངས་པ་རབ་གསལ》《རོལ་མོའི་བསྟན་བཅོས》《ལེགས་པར་བཤད་པ་རིན་པོ་ཆེའི་གཏེར》《ཚིག་གི་གཏེར》《ཚད་མ་རིག་གཏེར》《སྡོམ་གསུམ་རབ་དབྱེ》སོགས་བསྟན་བཅོས་པོད་གསུམ་བཞུགས། འགྲོ་མགོན་འཕགས་པ་སོགས་བུ་སློབ་མང་དུ་བསྐྱངས།
གཞུང་དངོས།
     ཨྃ་སྭསྟི་སིདྔྷཾ། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།། ལྷ་མཆོག་རྣམས་ཀྱི་གཙུག་གི་ནོར་བུ་ཡིས།། འགྲོ་བའི་བླ་མའི་ཞབས་ཀྱི་ཟེེའུ་འབྲུ་ལ།། ཉི་ཟེར་ཕྲ་བའི་ཆ་ཤས་འཇུག་པ་ལྟར།། གཡེང་བ་མེད་པར་རྩེ་གཅིག་གིས་བཏུད་པ།། བདག་ཀྱང་ཇི་ལྟར་ནུས་པས་རྫོགས་པ་ཡི།། སངས་རྒྱས་ཚིག་གི་ཕྲེང་བས་བསྟོད་བགྱི་སྟེ།། ས་སྟེང་དཔག་བསམ་ལྗོན་ཤིང་རབ་བསྐྱེད་ཅེས།། ལྕུག་ཕྲན་མྱུ་གུའི་ཚོགས་རྣམས་ཅིས་མི་སྐྱེད།། དབུས་ཀྱི་གླིང་ཆེན་པོ་བཞི་བ། བྱེ་བྲག་ཏུ་འཛམ་བུའི་གླིང་། བདེ་བབར་གཤེགས་པ་རྒྱ་མཚོའི་རྡུལ་གྱི་རེག་པས་མངོན་པར་མཛེས་པ། བྱང་ཆུབ་ཀྱི་སྙིང་བོོ་རྡོ་རྗེའི་གདན་ལས་བྱང་ཕྱོགས་ཀྱི་རྒྱུད། ཡོངས་སུ་རྫོགས་པའི་ཟླ་བ་དྲི་མ་མེད་པའི་གངས་རི་དཔལ་དང་ལྡན་པས་བརྒྱན་པའི་ཁྲོད། ལྷ་རྫས་ཀྱི་ནོར་བུ་ཉེ་བར་འབར་བ་འཁྲིགས་པའི་ཕུང་བོ་ལྟར། འགྲོ་བ་མ་ལུས་པའི་རེ་བ་ཡོངས་སུ་རྫོགས་པར་བྱེད་པའི། རིན་པོ་ཆེ་དུ་མའི་འབྱུང་ཁུངས་སུ་གྱུར་པ། སའི་ཆ་གླང་པོའི་སྤྱི་གཙུག་ལྟར་མཐོ་ལ་སྐྱེ་དགུ་མ་ལུས་པའི་སྒྲོན་མེ། ཉི་མའི་དཀྱིལ་འཁོར་གཟའ་ལས་ཐར་བ་ལྟར་རྡུལ་དང་བྲལ་བས་གཙང་བའི་འཇུག་ངོགས་དང་ལྡན་པ། བསིལ་བའི་སྒྲ་དབྱངས་ཉེ་བར་སྒྲོགས་པའི་ཆུ་ཀླུང་དྲི་མ་མེེད་པ་འབབ་པ་དང་ལྡན་པའི་འགྲམ་ངོགས། རྒྱལ་བ་སྲས་བཅས་དཔག་ཏུ་མེད་པས་ཉེ་བར་བསྐྱངས་པས་དམ་པའི་ཆོས་ཀྱི་འབྱུང་གནས་སུ་གྱུར་བའི་བོད་ཀྱི་ཡུལ་འདིར། ཐུགས་རྗེ་དཔག་ཏུ་མེད་པས་བསྐལ་བ་བརྗོད་ཀྱིས་མི་ལང་བར་སྨོན་ལམ་རྒྱ་མཚོའི་རྡུལ་དང་མཚུངས་པར་འབྱོངས་པས། སྐྱེ་དགུ་མ་ལུས་པའི་དོན་མཛད་པའི་བདེ་བར་གཟེགས་པ་སྲསས་དང་བཅས་པའི་ཞབས་ཀྱི་ཟེའུ་འབྲུ་ལ་ལེགས་པར་བཤད་པའི་ཆོས་ཀྱིས་རབ་ཏུ་རྒྱས་པ། སྙན་ངག་གི་ལོ་འདབ་ཀྱི་སྙིང་བོ་ཉར་བར་འཁྲིགས་པ། གྲགས་པའི་རླུང་གིས་བསྐྱོད་པའི་དྲིའི་ཚོགས་ལ་བློ་གྲོས་གསལ་བའི་སྐྱེ་བོའི་ཚོགས་ཀྱི་བུང་བའི་ཕྲེང་བ། ཡོན་ཏན་རྨད་དུ་བྱུང་བ་ཡིད་འཕྲོག་པའི་ཆ་བྱད་ཅན་དད་པའི་ཡིད་ཀྱིས་བསྟོད་པའི་ཚིག་གི་རྣམ་པར་གཡོ་བའི་དར་དིར་གྱི་སྒྲ་སྒྲོགས་པའི་ཚོགས་ཀྱིས་གཏིབས་པས་ཀུན་ནས་ཁྱབ་པ། བསོད་ནམས་དྲི་བ་མེད་པའི་ཆུ་ཀླུང་ལས་འབྱུང་བའི་སྡོང་བུ་རྣམ་པར་རྒྱས་པ་ལྟར་རབ་ཏུ་དྲེགས་པའི་ལྷ་ཡི་དབང་བོ་རྣམས་ཀྱིས་རྒྱུན་མི་འཆད་པར་བཏུད་པས་ལེགས་པར་བརྒྱན་པའི་ཞབས་ཀྱི་པདྨོ་ལ་བདག་ཀྱང་རྣམ་པར་གཡེང་བ་མེད་པའི་བསམ་པ་དང་ལྡན་པས་ལུས་ཉེ་བར་བཏུད་པའི་ཡན་ལག་མཆོག་གིས་གཏུགས་ཏེ་སྐྱེ་བོའི་རྣ་བར་འཇུག་པའི་ཚིག་གི་ཕྲེང་བ་རྣམས་ཀྱིས་རྒྱུན་མི་འཆད་པར་བསྟོད་ཅིང་གུས་པ་དང་ལྡན་པས་སྐྱབས་སུ་མཆིའོ།། རྣམ་པར་དག་པའི་ཐུགས་མངའ་ཞིང་།། ཟླ་ཟེར་བཞིན་དུ་དྲི་མེད་པ།། སངས་རྒྱས་ཆོས་དང་དགེ་འདུན་ལ།། ཉིན་རེ་ཞིང་ནི་ཕྱག་འཚལ་ལོ།། ཁོ་བོའི་བློ་གསལ་དྲི་མེད་ཆུ་གཙང་ལས།། བྱུང་བའི་བསྟོད་ཚིག་པདྨོའི་ཕྲེང་མཛེས་པ།། ལེགས་སྦྱར་ངག་གི་ཟེའུ་འབྲུས་རབ་བརྒྱན་པའི།། ཕྲེང་བ་འདི་ནི་རྫོགས་སངས་རྒྱས་ལ་འབུལ།། དེ་ལྟར་སྒོ་གསུམ་མཁའ་ལྟར་དྭངས་པ་ལ།། ཤར་བའི་བསྡེབས་ལེགས་ཚིག་གི་བསིལ་ཟེར་ཅན།། དྲི་མེད་ཟླ་བ་ལྟར་དཀར་དགེ་བ་གང་།། དེས་ནི་འགྲོ་ཀུན་འཇམ་དབྱངས་འདྲ་བར་ཤོག།། བདག་ཉིད་ཆེན་པོ་གྲགས་པ་རྒྱལ་མཚན་གྱི་ཞབས་ཀྱི་རྡུལ་ལ་རེག་པས་བློ་གྲོས་གཙང་བའི་འཁོན་ཇོ་སྲས་ཀུན་དགའ་རྒྱལ་མཚན་གྱིས་ལོ་བཅུ་དགུ་ལོན་པའི་ཚེ། དཔལ་ས་སྐྱའི་དབོན་གནས་ཡོན་ཏན་རིན་པོ་ཆེའི་འབྱུང་གནས་སུ་ཉེ་བར་སྦྱར་བའོ།།
མཚམས་སྦྱོར།
     འཇམ་མགོན་ས་སྐྱ་པཎྜི་ཏས་མཛད་པའི་མཁས་པའི་ཡིད་དབང་འཕྲོག་པའི་རྩོམ་པ་རིན་པོ་ཆེའི་ཕྲེང་བ་རྣམས་ནི། འགྲོ་མགོན་འཕགས་པས། རྩོམ་པ་འདི་འདྲ་མྱུར་འཇུག་པ།། གློག་འགྱུ་བས་ཀྱང་ཆེས་མྱུར་ཞིང་།། རྩོལ་བ་མེད་པར་འབྱུང་བ་ནི།། མཚོ་ལྟར་ངང་གིས་གྲུབ་པ་ལགས། དེ་དོན་ཕུན་སུམ་ཚོགས་གྱུར་པ།། རློམ་ཆེན་བློ་ཡི་དབང་བོ་མཆོག ། འགས་ཀྱང་སྔོན་ཆད་མ་དཔྱད་པ།། དཔྱོད་ལྡན་གང་གིས་རྣམ་དཔྱད་པ།། ཡིད་གསལ་བགྱིད་པ་གངས་རིའི་རྩེར།། ཉི་མ་ཤར་བ་ལྟ་བུ་སྟེ།། ཀུན་ལ་དགའ་བ་བསྐྱེད་པ་ནི།། བསམ་གཏན་རོ་མྱོང་ལྟ་བུར་མཆིས།། ཞེས་གསུངས་པ་ལྟར། རྩོམ་པ་རྣམས་འབད་བརྩོན་ལ་མི་ལྟོས་པར་འབྱུང་བ་དང་། ཚིག་ཉུང་ངུས་ཀྱང་དོན་རྒྱ་ཆེན་པོ་སྟོན་པ་དང་། ཚིག་གི་བརྒྱན་གྱིས་མཁས་པ་རྣམས་ཀྱི་ཡིད་འཕྲོག་པར་བྱེད་པ། མཁས་པར་རློམ་པ་བརྒྱ་ཡི་བློོ་གྲོས་ཕྱོགས་གཅིག་ཏུ་བསྡུས་པས་ཀྱང་དཔྱོད་པར་མི་ནུས་པའི་དོན་ཟབ་མོ་སྟོན་པ་ཡིན་ཏེ། བོད་ཡུལ་ལ་བསྔགས་པ་འདི་ལས། གླིང་ཆེན་པོ་བཞི་ལས་བྱེ་བྲག་ཏུ་ལྷོ་འཛམ་བུ་གླིང་གི་ལྟེ་བ་བསྐལ་བ་བཟང་པོའི་རྣམ་འདྲེན་སྟོང་རིམ་པར་སངས་རྒྱས་པའི་གནས་རྡོ་རྗེ་གདན་གྱི་བྱང་ཕྱོགས། འཕགས་མཆོག་ཕྱག་ན་པདྨོས་གཙོས་རྒྱལ་བ་སྲས་དང་བཅས་པ་དཔག་ཏུ་མེད་པས་ཉེ་བར་བསྐྱངས་པས་དམ་པའི་ཆོས་ཀྱི་འབྱུང་གནས་སུ་གྱུར་བོད་ཡུལ་འདི་ལ་ནི། རི་མཐོ་ས་གཙང་ཡུལ་བཟང་བ། གངས་རི་ཚར་དུ་དངར་བ། ཆུ་ཀླུང་དྲི་མ་མེད་པ། རིན་པོ་ཆེའི་གཏེར་གྱིས་ཕྱུག་པ་སོགས་སྣོད་ཀྱི་ཡོན་ཏན་ཡོངས་སུ་རྫོགས་ཤིང་། ལུགས་གཉིས་བླང་དོར་ལ་མཁས་པའི་དམ་པ་རྣམས་ཀྱིས་གསང་གསུམ་འཁོར་ལོས་རྟག་ཏུ་སྒྱུར་བ། དམ་པའི་ཆོས་ཀྱི་གྲིབ་བསིལ་སྣུམ་པོས་ཕྱོགས་ཀྱི་འཁོར་ལོ་འགེང་བ། བཅུ་ཕྲག་སྣང་བའི་འོད་ཞགས་དཀར་པོས་དམ་དུ་འཁྱུད་པ་སོགས་བཅུད་ཀྱི་དགེ་མཚན་མ་ལུས་པར་ཚང་བ་རྣམས་ནི། སྙན་ཚིག་རྒྱ་མཚོའི་ཀློང་ལས་འཕྱུར་བའི་སྡེབ་ལེགས་ཚིག་གི་ཕྲེང་བས་ལྷུག་པར་བརྗོད་པའོ།།
མཆན་འགྲེལ།
     དཔག་བསམ་ལྗོན་ཤིང་། དེ་ཡི་ཉེ་འཁོར་ཐམས་ཅད་ན་དཔག་བསམ་ཤིང་ལ་བྱ་སྐད་སྙན་པར་སྒྲོགས་པ་མང་པོ་ཡོད་པའི་ཤིང་ལས་འདོད་ཡོན་རྣམ་པ་ལྔ་བསམ་པས་འབྱུང་བ་ཡོད་དོ།། ལྷ་རྣམས་ཀྱི་བསོད་ནམས་ཀྱིས་དུས་སུ་རླུང་ལངས་པས་མེ་ཏོག་རྙིང་བ་ཐམས་ཅད་འཐོར་ཞིང་མེ་ཏོག་གསར་བ་རྣམས་ནི་འགྲེམ་པར་བྱེད་དོ།།
     འཛམ་བུ་གླིང་། འཕགས་པའི་ཡུལ་གྱི་དབུས་ནས་བྱང་དུ་རི་ནག་པོ་དགུ་འདས་པའི་མཚམས་སུ་གངས་རི་སྟེ་རི་བོ་གངས་ཅན་ཞེས་བྱ་བ་ཡོད་ཅིང་། དེའི་བྱང་ན་རི་བོ་སྤོས་ངད་ལྡན་པ་ཡོད་ལ། དེ་གཉིས་ཀྱི་བར་དུ་སྔོན་བྲམ་ཟེ་དུས་དཔོག་ཅེས་བྱ་བས་ལྷ་དང་འཁོར་ལོས་སྒྱུར་བ་ཐོབ་བྱེད་པའི་མཆོད་སྦྱིན་བྱས་པའི་འབྲས་བུ་དྲོན་མོ་ཕོ་བ་མ་དྲིས་པ་ལྟར་གྱུར་པ་ལ་མ་དྲོས་པ་ཞེས་གྲགས་པ་ཀླུའི་རྒྱལ་བོ་མ་དྲོས་པ་གནས་པའི་མཚོ། སྨན་དང་རིན་པོ་ཆེ་དང་ནགས་ཚལ་དང་ཆུ་ཀླུང་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་བ་ཆུ་ཞེང་དུ་དཔག་ཚད་ལྔ་བཅུར་མཉམ་པ་ཡོད་དོ།། དེའི་ཕྱོགས་བཞི་ནས་ཁ་འབབ་ཀྱི་ཆུ་བཞིར་གྲགས་པ་ཤར་ཕྱོགས་ན་བྲག་གླང་བོ་ཆེའི་གདོང་འདྲ་བ་ནས་ཆུ་ཀླུང་གངྒཱ་དངུལ་གྱི་བྱེ་མ་འདྲེན་ཅིང་འབབ་པ། ལྷོ་ཕྱོགས་ན་བྲག་ཁྱུ་མཆོག་གི་གདོང་འདྲ་བ་ནས་ཆུ་ཀླུང་སིནྡྷུ་བཻཌཱུརྱའི་བྱེ་མ་འདྲེན་ཅིང་འབབ་པ། ནུབ་ཕྱོགས་ན་བྲག་རྟའི་གདོང་འདྲ་བ་ནས་ཆུ་ཀླུང་པཀྵུ་ཤེལ་གྱི་བྱེ་མ་འདྲེན་ཅིང་འབབ་པ། བྱང་ཕྱོགས་ན་བྲག་སེང་གེའི་གདོང་འདྲ་བ་ནས་ཆུ་ཀླུང་སི་ཏཱ་གསེར་གྱི་བྱེ་མ་འདྲེན་ཅིང་འབབ་པ། དེའང་ཆུ་ཕྲན་ལྔ་བརྒྱ་དང་བཅས་ཏེ་མཚོ་མ་དྲོས་པ་ལ་ལན་བདུན་བདུན་གཡས་སུ་བསྐོར་ནས་ཕྱོགས་བཞིའི་རྒྱ་མཚོ་ཆེན་པོར་འགྲོའོ།། མཚོ་འགྲམ་དུ་ཛམྦུ་བྲྀཀྵ་ཞེས་བྱ་བའི་ཤིང་སྡོང་འབྲས་བུ་མངར་བོ་རྫ་མ་ཙམ་ཡོད་པ་དེ་སྨིན་ནས་ཆུར་ལྷུང་བའི་སྒྲ་ལས་ཛམྦུ་ཞེས་བྱ་བ་འབྱུང་ཞིང་། ཤིང་དེས་ཉེ་བར་མཚན་པའི་གླིང་ཡིན་པས་ན་ཛམྦུའི་གླིང་ཞེས་གྲགས། འབྲས་བུ་དེ་ཀླུའི་རྒྱལ་པོ་རྣམས་ཀྱིས་ཉར་སྤྲུལ་ནས་ཟ་བར་བྱེད་ཅིང་། མ་ཟོས་པ་རྣམས་ཛམྦུ་ཆུ་བོའི་གསེར་དུ་འགྱུར་བར་བཤད་དོ།།
     རྡོ་རྗེ་ལྡན། འཕགས་ཡུལ་གྱི་ཆུ་ཀླུང་ནཻ་རཉྫ་ན་ཞེས་པའི་ནུབ་ཕྱོགས་སུ་ཡོད་པའི་རྡོ་རྗེ་གདན་ནི། སྤྱིར་ས་ཚིགས་ཀྱི་དབང་དུ་བྱས་པའི་ལྷོ་འཛམ་བུ་གླིང་གི་ཡུལ་དབུས་དང་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པའི་གནས། བསྐལ་བ་སྟོངས་ཀྱང་མི་འཇིག་པར་འབྱུང་བའི་གནོད་པ་དང་བྲལ་ཏེ་གནམ་ལ་ཟོོ་བ་བཏགས་པ་ལྟར་གནས་པ། དབུས་སུ་བྱང་ཆུབ་ཤིང་གིས་བརྒྱན་ནས་ཡོད་པ་སོགས་གནས་ཀྱི་མཆོག་ཏུ་གྱུར་བ་ཞིག་ཡིན་པར་གསུངས་སོ།།
     དམ་པའི་ཆོས། བསོད་ནམས་དང་ལས་དང་མྱང་འདས་གསུམ་བརྗོད་བྱར་བྱས་ཤིང་། གསུང་རབ་རྗོད་བྱེད་དུ་བྱེད་པ་སྟེ། གང་ལ་དམིགས་ན་ལུས་ཅན་རྣམས་ཀྱི་སྒྲིབ་པ་ཟད་ཅིང་ཡོན་ཏན་བསྐྱེད་པའི་ཐབས་སུ་གྱུར་པ་སྟེ། ཇི་སྐད་དུ། སྡུག་བསྔལ་དག་ནི་ཐམས་ཅད་དང་།། སྒྲིབ་པ་ཀུན་སེལ་དམ་པའི་ཆོས།།ཞེས་སོ།། དམ་པ་རྫོགས་པའི་སངས་རྒྱས་ཡིན་ལ། དེས་བསྟན་པའི་ཆོས་ཡིན་པས་དམ་པའི་ཆོས་སམ། ཡང་ན་དམ་པ་ནི་མཆོག་ཏུ་གྱུར་བ་ཡིན་ལ་ཆོས་ཀྱང་ཡིན་པས་དམ་པའི་ཆོས་ཞེས་སམ། ཡང་ན་སྐྱེས་བུ་དམ་པ་རྣམས་ཀྱིས་སྤྱད་པར་བྱ་བའི་ཆོས་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...