སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བུ་མོ་སྤུན་གསུམ།
རྩོམ་པ་པོ། རིན་ཆེན་སྐྱིད། རྩོམ་སྒྲིག་པ། lhagruggyal དུས་ཚོད། 2011-4-6 9:08:00 རྩོམ་ཁུངས། བོད་ཀྱི་སློབ་འབྲིང་དྲ་བ། ཀློག་གྲངས།

        གནའ་སྔ་མོ་ཞིག་ལ། ས་ཆ་ཞིག་ན་སྟོད་སྨད་རྒྱལ་པོ་གཉིས་ཡོད། སྟོད་ཀྱི་རྒྱལ་པོ་ལ་བུ་གཅིག་ཡོད་པ་དང་སྨད་ཀྱི་རྒྱལ་པོ་ལ་བུ་མོ་གསུམ་ཡོད། བུ་མོ་གསུམ་པོ་གཟུགས་ཀྱི་ཆེ་ཆུང་དང་ཞལ་གྱི་མཛེས་ཉམས་བཅས་ཕྱོགས་གང་ནས་བལྟས་ཀྱང་མི་གཅིག་དང་འདྲ་བས། བུ་མོ་གསུམ་པོའི་ཡུམ་ལས་གཞན། ཐ་ན་ཡབ་རྒྱལ་པོས་ཀྱང་དབྱེ་བ་འབྱེད་དཀའ། སྟོད་ཀྱི་རྒྱལ་པོའི་བུ་ལ་མནའ་མ་ལེན་རན་ནས། སྨད་ཀྱི་རྒྱལ་པོའི་བུ་མོ་སྤུན་གསུམ་ལས་གཅིག་སློང་རྩིས་བྱས་མོད། བུ་མོ་གསུམ་པོ་ལས་སུ་སློང་དགོས་པ་མི་ཤེས་པར་གྱུར། དེ་ནས་རྒྱལ་སྲས་ན་རེ། ང་རང་དངོས་སུ་སོང་ནས་བརྟག་པར་བྱ་ཟེར། རྒྱལ་སྲས་སྤྲང་པོ་ཞིག་ལ་བརྫུས་ནས་ལམ་བར་དུ་ཀུན་ལ་བུ་མོ་སྤུན་གསུམ་གྱི་རྒྱུ་མཚན་འདྲི་བཞིན་ཕྱིན། 
        ཟླ་རེའི་ཚེས་བརྒྱད་དང་ཚེས་བཅོ་ལྔ། གནམ་གང་བཅས་ལ་སྨད་ཀྱི་རྒྱལ་པོ་ཚང་གིས་ཡར་དཀོན་མཆོག་དང་ཡི་དམ་སོགས་ལ་ཆོད་པ་འབུལ་བའི་ཆོ་ག་རྒྱ་ཆེན་པོ་བཤམས་པའི་སྲོལ་ཡོད་ལ། མཆོད་པའི་མཆོད་ཆུ་ནི་ཚེས་བརྒྱད་ལ་བུ་མོ་ཆེ་བ་དང་ཚེས་བཅོ་ལྔར་བུ་མོ་འབྲིང་བ། གནམ་གང་ལ་བུ་མོ་ཆུང་བ་ཐག་རིང་ན་ཀླུའི་བྱིན་རླབས་ཡོད་པའི་ཆུ་མིག་དྭངས་ཤིང་མངར་བ། ནམ་རྒྱུན་ལྷ་ལ་མཆོད་པ་ལས་མིའི་འཐུང་ཆུ་མི་བྱེད་པ་ཞིག་ཡོད་པ་དེར་འཁུར་དུ་འགྲོ་དགོས། ཚེས་བརྒྱད་ཀྱི་ཞོགས་པར། སྟོད་ཀྱི་རྒྱལ་པོའི་རྒྱལ་སྲས་སྤྲང་པོ་ཞིག་ལ་བརྫུས་ནས་ཀླུའི་ཆུ་མིག་ལ་འགྲོ་སའི་ལམ་ནས་ཁ་བུབ་ཏུ་ཉལ་ནས་བསྡད། བུ་མོ་ཆེ་བས་ཆུ་ཟོ་ཁུར་ནས་འོངས། སྤྲང་པོས་ལམ་ཁ་བཅད་ཡོད་པ་མཐོང་ནས་སུན་སྣང་དང་བཅས་སྤྲང་པོ་ཁྱོད་ཚོ་མི་ཐོན་ས་ཞིག་མེད། མཆོད་ཆུ་ཁུར་སར་ཡང་ཐོན་འོང༌། རེམ་མ་ལམ་ཕྱེས་ཟེར། སྤྲང་པོ་ན་རེ། ཨ་ཆེ་ཨ་ཆེ། སྤྲང་པོ་ང་ན་ནས་ལངས་མི་ཐུབ། ཁྱོད་རང་བྲེལ་ན་ལྡོངས་ལ་སོང༌། དལ་ན་བསྐོར་ནས་སོང་ཟེར་བས། བུ་མོ་ཆེ་བས་བུ་མོ་ང་བྲེལ་ནས་ཡོད་ཟེར་ནས་སྤྲང་པོའི་ལུས་སྟེང་ནས་ལྡིང་ནས་ཕྱིན་སོང་། ཕྱིར་སླེབ་པ་ན། ཡང་སྤྲང་པོ་ན་རེ། ཨ་ཆེ་ཨ་ཆེ། ང་ཁ་སྐོམ་འདུག་པས། ཁྱོད་ཀྱིས་ང་ལ་ཆུ་ཁམ་གང་སྦྱིན་ན་ཆོག་གམ་ཞེས་སློང་མོ་བྱས། བུ་མོ་ཆེ་བས་ངས་ལྷ་ལ་མཆོད་པ་ཁུར་བ་ལས་སྤྲང་པོར་འཐུང་ཆུ་ཁུར་བ་མིན་ཟེར་ནས་སྔར་ལྟར་སྤྲང་པོའི་ལུས་སྟེང་ནས་ལྡིང་ནས་ཕྱིན་སོང༌།
        ཚེས་བཅོ་ལྔའི་ཞོགས་པར། རྒྱལ་སྲས་ཡང་སྤྲང་པོ་ཞིག་ལ་བརྫུས་ནས་ཆུ་མིག་གི་ལམ་ཁ་ནས་ཉལ་ནས་བསྡད། བུ་མོ་འབྲིང་པོས་ཆུ་ཟོ་ཁུར་ནས་ཆུ་ལ་འོངས། ལམ་ཁའི་སྤྲང་པོ་མཐོང་ནས་རེ། སྤྲང་པོ། ལམ་ཕྱེས་ཟེར། སྤྲང་པོ་ན་རེ། ཨ་ཆེ་ཨ་ཆེ། ང་རང་ན་ནས་མི་ལོངས་པར་འདུག ཁྱོད་རང་བྲེལ་ན་ལྡོངས་ལ་སོང༌། དལ་ན་བསྐོར་ནས་སོང་ཞེས་སྨོས། བུ་མོ་འབྲིང་བས་སུན་སྣང་དང་བཅས་ང་རང་བྲེལ་ནས་ཡོད་ཟེར་བཞིན་སྤྲང་པོའི་ལུས་སྟེང་ནས་ལྡིང་ནས་ཕྱིན་སོང༌། བུ་མོ་འབྲིང་པོས་ཆུ་ཁུར་ནས་ཕྱིར་སླེབ་དུས་སྤྲང་པོ་ན་རེ། ཨ་ཆེ་ཨ་ཆེ། ང་རང་ཤིན་ཏུ་སྐོམ་འདུག ཁྱོད་ཀྱིས་ང་ལ་ཆུ་ཁམ་གང་སྦྱིན་དང་ཨེ་ཆོག་ཅེས་སློང་མོ་བྱས། བུ་མོ་འབྲིང་པོ་ན་རེ། ང་ཡིས་ལྷ་ལ་མཆོད་པ་ཁུར་བ་ལས་སྤྲང་པོ་ལ་འཐུང་ཆུ་ཁུར་བ་མིན་ཟེར་ནས་སྔར་ལྟར་སྤྲང་པོའི་ལུས་སྟེང་ནས་ལྡིང་ནས་ཕྱིན་སོང༌།
         གནམ་གང་ཉིན་མོའི་ཞོགས་པར། སྟོད་ཀྱི་རྒྱལ་པོའི་རྒྱལ་སྲས་ཡང་སྤྲང་པོ་ཞིག་ལ་བརྫུས་ནས་ཀླུའི་ཆུ་མིག་གི་ལམ་ཁ་ནས་ཉལ་ནས་བསྡད། བུ་མོ་ཆུང་བས་ཆུ་ཟོ་ཁུར་ནས་བསླེབས་བྱུང༌། སྤྲང་པོས་ལམ་ཁ་བཅད་ཡོད་པ་མཐོང་ནས། སྤྲང་པོ་སྤྲང་པོ་ལམ་ཞིག་ཕྱེས་དང་ཟེར། སྤྲང་པོ་ན་རེ། ཨ་ཆེ་ཨ་ཆེ། སྤྲང་པོ་ང་ན་ནས་ལངས་མི་ཐུབ། ཁྱོད་རང་བྲེལ་ན་ལྡོངས་ལ་སོང༌། དལ་ན་བསྐོར་ལ་སོང་ཞེས་བཤད། བུ་མོ་ཆུང་བ་ན་རེ། ཨ་ཙེ། ཁྱོད་སྤྲང་པོ་ཞིག་ཡིན་ཡང༌། མི་ལུས་རིན་པོ་ཆེ་རེད། ང་བུ་མོ་བྲེལ་ནས་གདའ་མོད། མི་ལུས་རིན་པོ་ཆེའི་སྟེང་ནས་ལྡིང་ནས་སོང་ན་བསོད་ནམས་ལ་མི་རུང་ཟེར་ནས་བསྐོར་ནས་ཕྱིན་སོང༌། བུ་མོ་ཆུང་བས་ཆུ་ཁུར་ནས་ཕྱིར་སླེབ་དུས། སྤྲང་པོས་རུམ་ནས་ཅ་ནེ་ཞིག་བླངས་ནས་ན་རེ། བྱང་སེམས་ཅན་གྱི་ཨ་ཆེ་ལགས། ང་ཡིས་ཉིན་གཉིས་ལ་ཆུ་མ་འཐུང་བས་ཤིན་ཏུ་སྐོམ་འདུག ཁྱོད་ཀྱིས་ང་ལ་ཆུ་ཁམ་གང་སྦྱིན་དང་ཆོག་གམ་ཞེས་སློང་མོ་བྱས། བུ་མོ་ཆུང་བ་ན་རེ། ང་ཡིས་ཁུར་བ་མཆོད་ཆུ་ཡིན་མོད། ཡར་དཀོན་མཆོག་གསུམ་པོར་མཆོད་པ་དང་མར་ཉམ་ཐག་སྤྲང་པོར་སྦྱིན་པ་གཏོང་བ་ཚང་མ་ཆོས་ཡིན་པས་ཆོག་ཟེར་བཞིན་ཟོ་བ་ཕོག་སྟེ། སྤྲང་པོ་ལ་ཆུ་ཅ་ནེ་གང་བླུགས། དེ་ནས་སྤྲང་པོ་ན་རེ། ཨ་ཆེ་ཨ་ཆེ། ང་ཡིས་ཉིན་གཉིས་ལ་ཟས་མ་ཟོས། ཁྱོད་ཀྱིས་ང་ལ་ཟས་ཁམ་གང་སྦྱིན་དང་ཆོག་གམ་ཞེས་དྲིས་པ་ན། བུ་མོ་ན་རེ། ཟས་སྦྱིན་ན་ཆོག་མོད། ང་བུ་མོ་ཆུ་ལེན་དུ་ཡོང་བ་ཡིན་པས་ཅི་ཡང་མེད། ཟས་དགོས་ན་ང་ཡི་རྗེས་ལ་ཤོག་དང༌། དེ་རིང་དེད་ཚང་གིས་ཚོགས་མཆོད་སྒྲུབ་ཀྱིན་འདུག་པས། ཀུན་ལ་ཚོགས་སྐལ་སྦྱིན་བཞིན་ཡོད། ཁྱོད་ཡང་དེར་སོང་དང་ཁ་ཟས་མངར་མོ་ཡོད་ཟེར། སྤྲང་པོ་བུ་མོའི་རྗེས་འབྲངས་ནས་སོང༌། དེ་ནས་སྤྲང་པོས་བུ་མོ་ཆུང་བར་ང་རང་ཁྱོད་ཀྱི་གཡོག་པོ་བྱེད། ཁྱོད་ཀྱིས་ང་ལ་ཉིན་རེར་ཁ་ཟས་ཙམ་བྱིན་ན་ཆོག་ཟེར་ནས་བུ་མོའི་གཡོག་བྱས།
         ཉིན་འགའི་རྗེས་སུ། བུ་མོ་གསུམ་པོས་རི་བསངས་ཕུད་པའི་དུས་ལ་བབས་པས། བསངས་རྩི་སྔོན་གྱི་སྤྲང་པོ་ད་ལྟ་བུ་མོ་ཆུང་བའི་གཡོག་པོ་དེར་ཁུར་དུ་བཅུག་ནས་རི་མགོར་ཕྱིན། སྔོན་ན་བུ་མོ་ཆེ་བས་བསངས་ཕུད། སྤྲང་པོ་ན་རེ། ཨ་ཆེ་ལགས། ཁྱོད་ཀྱིས་བསངས་མེ་སྒོང་ངམ་བསངས་རྩི་འཇོག་ཅེས་དྲིས་པ་ན། བུ་མོ་ཆེ་བས་ཁྱོད་ཀྱིས་བསངས་མེ་སྒོང༌། བསངས་རྩི་ཁྱོད་ཀྱིས་བཞག་ན་བསྣད་འགྲོ། ང་ཡིས་འཇོག་ཟེར་ནས་མོས་གཡོག་པོར་བསངས་མེ་སྒོང་དུ་བཅུག་ཅིང་མོས་བསངས་རྩི་བཞག་ནས་ང་ལ་གནས་ས་དགའ་མོ་ཞིག་རྙེད་པར་ཤོག་ཅེས་བསངས་མཆོད་བྱས། སྤྲང་པོ་ན་རེ། ཨ་ཆེ་ཨ་ཆེ། མཆོད་ཆུ་ང་ཡི་ཁ་ནང་དུ་བབས་བྱུང༌། མིད་དམ་ཕོ་ཞེས་དྲིས། བུ་མོ་ཆེ་བ་ཁྲོས་ནས།སྤྲང་པོ་ཁྱོད་རང༌། ང་ཡིས་ལྷ་དང་ཆོས་སྐྱོང་སྲུང་མ་མཆོད་པ་ལས། ཁྱོད་སྤྲང་པོར་མཆོད་དམ། ད་ལྟ་ཉིད་དུ་ཕྱིར་ཕོ་ཞེས་སྡིགས་སྨོད་བྱས།དེའི་རྗེས་བུ་མོ་འབྲིང་པོས་ཀྱང་དེ་བཞིན་བསངས་ཕུད། བསངས་མཆོད་བྱས་རྗེས་སྤྲང་པོས་ཡང་ཨ་ཆེ་ཨ་ཆེ། མཆོད་ཆུ་ང་ཡི་ཁ་ནང་དུ་བབས་བྱུང༌། ཕོའམ་མིད་ཅེས་དྲིས་པ་ན། བུ་མོ་འབྲིང་པོས་ཀྱང་ང་ཡིས་གནས་ས་ཡག་པོ་ཞིག་རྙེད་པར་བསངས་འབོད་བྱས་པ་སྤྲང་ཕྲུག་ཁྱོད་ཀྱིས་ང་ཡི་རྟེན་འབྲེལ་བརླག་སོང་ཟེར་ནས་སྡིགས་སྨོད་བྱས་ཤིང༌། ད་དུང་བུ་མོ་ཆུང་བར་ཁྱོད་ཀྱིས་སྤྲང་པོ་འདི་རིགས་ཁྱིམ་དུ་ཁྲིད་འོངས་པ་མ་ལེགས་ཞེས་སྡིགས་སྨོད་བྱས། མཐའ་མར་བུ་མོ་ཆུང་བས་བསངས་ཕུད། སྤྲང་པོ་ན་རེ། ཨ་ཆེ་ཨ་ཆེ། ཁྱོད་ཀྱིས་བསངས་མེ་སྒོང་ངམ་བསངས་རྩི་འཇོག་ཅེས་དྲིས། ཁོ་མོ་ན་རེ། བཟང་རུང་ངན་རུང་ཁྱོད་ཕོ་ལུས་ཤིག་ཡིན་པས་བསངས་རྩི་ཁྱོད་ཀྱིས་བཞག་ན་འོས། བསངས་མེ་ང་ཡིས་སྒོང་ཟེར་ནས། མོས་བསངས་མེ་སྒོང་ཞིང༌། སྤྲང་པོ་ལ་བསངས་རྩི་འཇོག་ཏུ་བཅུག གནས་ཚུལ་དེ་ཨ་ཆེ་གཉིས་ཀྱིས་མཐོང་ནས་ལྷག་པར་ཁྲོས་ཏེ་བུ་མོ་ཆུང་བར་ཁྱོད་ཀྱིས་དེད་ཚང་གི་མིང་རྫོབ་པར་བྱས་སོང་ཟེར་ནས་གཤེ་གཤེ་མང་པོ་བཏང་ཞིང༌། ཁྱོད་ཀྱིས་མི་ལེགས་པའི་སྤྱོད་ངན་བྱས་པ་ཡབ་ཡུམ་ལ་གཏུག་དགོས་ཟེར་ནས་བུ་མོ་ཆུང་བར་མི་སྒུག་པར་སྔུན་ལ་ཕྱིན་སོང༌།

         ཨ་ཆེ་གཉིས་ཀ་ཁྱིམ་དུ་ལོག་ནས་ཡབ་ཡུམ་གཉིས་ཀར་བུ་མོ་ཆུང་བས་སྤྲང་པོ་ཞིག་དང་མི་ལེགས་པའི་སྤྱོད་པ་བྱས་སོང་ཞེས་མ་རུངས་མགོ་འདོགས་མང་པོ་བྱས་ནས་ཕྲ་མ་བཅུག་པས། ཡབ་ཡུམ་གཉིས་ཀས་བུ་མོ་ཆུང་བར་འཇམ་འདྲི་བཙན་འདྲི་གང་བྱས་ཀྱང་མོས་ཁས་མ་བླངས་པས། ཡབ་རྒྱལ་པོ་ཁྲོས་ནས་སྤྲང་པོ་གསོད་རྩིས་བྱས་པ་བུ་མོས་མ་བཟོད་པར་སྤྲང་པོའི་སྲོག་སྐྱོབ་ཆེད། སྤྲང་པོ་དང་བརྩེ་དུང་ཆགས་སོང་ཞེས་རྫུན་ལབ། ཡབ་རྒྱལ་པོས་ང་རྒྱལ་པོ་ཚང་གི་མིང་བརླག་སོང༌། ང་ལ་ད་ནས་བཟུང་ཁྱོད་ཟེར་བའི་བུ་མོ་ཞིག་མེད་ཟེར་ནས་སྤྲང་པོ་དང་ལྷན་དུ་ཕྱིར་བསྐྲད། བུ་མོ་ཆུང་བ་སེམས་ཤིན་ཏུ་སྡུག་ནས་ངུས། སྤྲང་པོས་བུ་མོ་ལ་གལ་ཏེ་ཁྱོད་ཀྱིས་ང་སྤྲང་པོ་ཞིག་ཡིན་པར་དམའ་འབེབས་མི་བྱེད་ན། ང་ཡིས་ཚེ་གང་བོར་ཁྱོད་སྡུག་ཏུ་མི་འཇུག་པ་ཡིན། ང་མ་གཞིར་ཚོང་ལ་ཕྱིན་པའི་ལམ་བར་དུ་ཇག་པས་བཅོམ་པས་སྤྲང་དགོས་བྱུང༌། ངའི་ཕ་ཡུལ་ཐག་རིང་ན་ཡོད། འུ་གཉིས་དེར་འགྲོ་ཟེར། བུ་མོ་ངུ་བཞིན་ན་རེ། ཡབ་ཡུམ་གྱིས་ཁྱིམ་མེད་དུ་བཏང་བ་དང་མི་ལུས་བསྐྱེད་ཅིང་དྲིན་གྱིས་བསྐྱངས་པའི་ཡབ་ཡུམ་ཟུང་དང་རྒྱབ་ཏུ་འགལ་ནས་རིང་ཏུ་གྱེས་དགོས་པ་འདི་བསམས་ན་ཤིན་ཏུ་ཡིད་སྐྱོ་བ་་ཞིག་ཡིན་མོད། འདི་ཡང་ང་རང་བསོད་ནམས་ཆུང་བའི་རྟགས་རེད། ང་བསོད་ཆུང་མ་ཞིག་གིས་ཁྱོད་ལ་དམའ་འབེབས་བྱེད་མི་འོས། འདི་ཡང་དེད་གཉིས་ཀའི་སྔོན་ལས་ཡིན་ལོས་ཆེ་ཟེར་བཞིན་རང་ཁྱིམ་ཕྱོགས་ལ་འཁོར་ནས་ཕྱག་གསུམ་འཚལ་ཏེ། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། ཡབ་ཡུམ་སྐུ་ལུས་བདེ་བར་སྨོན། བསོད་དམན་ང་ལ་བཟོད་སྒོམ་གནོངས་ཞེས་གསོལ་བ་རྩེ་གཅིག་ཏུ་བཏབ་རྗེས་སྤྲང་པོའི་རྗེས་འབྲངས་ནས་ཕྱིན་སོང༌།
         བུ་མོ་དང་སྤྲང་པོ་གཉིས་ཉིན་མང་པོའི་རིང་སོང་མཐར། ཉིན་ཞིག་ལ་ཉག་ཁ་ཆེན་པོ་ཞིག་བརྒལ་བ་ན། ལྗང་ལྡེམ་མེ་ཐང་ཡག་པ་ཞིག་མིག་མདུན་དུ་མངོན་བྱུང༌། ལམ་ཐག་རིང་མོར་སོང་ཕྱིར་སྲས་མོ་ཤིན་ཏུ་ཐང་ཆད། དེ་ནས་སྤྲང་པོ་ན་རེ། ངས་ལམ་རྟགས་རྒྱག་ཞོར་དུ་སྔོན་ལ་འགྲོ། ཡབ་ཡུམ་ཟུང་ལ་ཞུ་བ་དང་ཁྱོད་ལ་ཞོན་རྟ་ཞིག་ཁྱེར་ནས་ཡོང༌། ཁྱོད་རྗེས་ནས་དལ་མོར་ཤོག་ཟེར་ནས་སྔོན་དུ་བཞུད་སོང༌།
        བུ་མོས་སྤྲང་པོས་བརྒྱབ་པའི་ལམ་རྟགས་ལྟར་སྤང་ཐང་བརྒྱུད་ནས་སོང༌། སྤང་ཐང་ན་མེ་ཏོག་ཁྲ་ཆིལ་ལེར་བཞད་འདུག སོང་སོང་མཐར། སུམ་མདོ་ཞིག་ལ་བསླེབས། བུ་མོས་གར་འགྲོ་མི་ཤེས་པའི་དུས་དེར། སྤང་ཐང་ཆེན་པོ་ཞིག་ན་སྐར་ཚོགས་ཐང་ལ་གདལ་འདྲའི་གཡང་དཀར་ལུག་གིས་རམ་དཀར་རྩྭ་ལ་རོལ་བཞིན་དལ་གྱིས་རྒྱུ་ཤིང་ལུག་རྫི་གཞོན་ནུས་སྙན་མོ་གླུ་ཡི་འགྱུར་ཁུགས་གླིང་བུས་རྒྱང་ལ་བཀུག་ཅིང་གདོང་ལ་སྐྱིད་པའི་ཉི་མ་ཤར་བཞིན་ཚུར་འོངས། བུ་མོ་ན་རེ། ལུག་རྫི་གཞོན་ནུ་སེམས་བཟང་པོ། །བུ་མོ་ང་ཡིས་ཚིག་ཅིག་འདྲི། །དེ་རིང་སྔ་དྲོའི་ཉི་མ་ལ། །སྤྲང་པོ་གཞོན་ནུ་ཁེར་འགྲོ་ཞིག ། འདི་ནས་སོང་བ་ཨེ་མཐོང་ལགས། །ཞེས་དྲིས། ལུག་རྫི་གཞོན་ནུས་མོ་ལ་ལྟ་ཡག་ཅིག་བྱས་རྗེས་ན་རེ། བུ་མོ་བུ་མོ་བཀྲ་ཤིས་མ། །ཁྱོད་ཀྱིས་རེ་བའི་མི་དེ་ནི། །མ་འགྱངས་སྔོན་ལ་འདི་ནས་བཞུད། །སྐྲག་སྣང་མ་སྐྱེས་མདུན་དུ་སོང༌། ། བསུ་བ་རྟ་རྫི་མདུན་ན་ཡོད། །ཅེས་ལན་བཏབ་ནས་མདུན་གྱི་ལམ་དེ་བསྟན།
          དེ་ནས་བུ་མོ་ཡང་མུ་མཐུད་དུ་མདུན་དུ་སོང༌། སོང་སོང་མཐར་ཐང་ཆེན་པོ་ཞིག་ནས་ལམ་བཞི་མདོ་ཞིག་དང་ཕྲད། མོས་གར་འགྲོ་མི་ཤེས་པའི་དུས་དེར། ཅང་ཤེས་རྟ་ཡི་ཚོགས་ཀྱིས་བང་རྩལ་འགྲན་ཞིང༌། རྟ་རྫི་གཞོན་ནུས་མགྲིན་གླུ་ལེན་བཞིན་ཚུར་འོངས། བུ་མོ་ན་རེ། རྟ་རྫི་གཞོན་ནུ་སེམས་བཟང་པོ། །བུ་མོ་ང་ཡིས་ཚིག་ཅིག་འདྲི། །དེ་རིང་སྔ་དྲོའི་ཉི་མ་ལ། །སྤྲང་པོ་གཞོན་ནུ་ཁེར་འགྲོ་ཞིག །འདི་ནས་རྒྱུ་བ་མཐོང་ལགས་སམ། །ཞེས་དྲིས། རྟ་རྫི་གཞོན་ནུས་བུ་མོར་ལྟ་ཡག་ཅིག་བྱས་རྗེས་ན་རེ། བུ་མོ་བུ་མོ་བཀྲ་ཤིས་མ། །ཁྱོད་ཀྱིས་རེ་བའི་མི་དེ་ནི། །མ་འགྱངས་སྔོན་ལ་འདི་ནས་བཞུད། །བུ་མོ་མ་སྐྲག་མདུན་དུ་སོང༌། །བསུ་བ་ནོར་རྫི་མདུན་ན་ཡོད། །ཅེས་ལན་བཏབ་ནས་མདུན་གྱི་ལམ་དེ་བསྟན་སོང༌།
         བུ་མོ་མུ་མཐུད་དུ་མདུན་དུ་སོང༌། སོང་སོང་ནས་ལུང་བ་ཆེན་པོ་ཞིག་བརྒལ་པ་ན་སྤང་ཐང་ཆེན་མོ་ཞིག་མེ་ཏོག་སྣ་ཚོགས་ཁྲ་ཆིལ་ལེར་རྨ་བྱའི་སྒྲོ་གུར་ཕུབ་པ་བཞིན་མིག་མདུན་ནས་ཕར་བརྐྱངས་སོང༌། བུ་མོས་ཡང་གར་འགྲོ་མི་ཤེས་པའི་དུས་དེར། གནག་ཕྱུགས་ནོར་གྱི་ཁྱུ་ཡིས་སྤང་ཐང་ཁེབས་ཤིང༌། ནོར་རྫི་གཞོན་ནུས་པི་ཝང་དཀྲོལ་བཞིན་ཚུར་འོངས། བུ་མོ་ན་རེ། ནོར་རྫི་གཞོན་ནུ་སེམས་བཟང་པོ། །བུ་མོ་ང་ཡིས་ཚིག་ཅིག་འདྲི། །མ་འགྱངས་སྔོན་གྱི་དུས་འདི་ལ། །སྤྲང་པོ་གཞོན་ནུ་ཁེར་འགྲོ་ཞིག །ས་འདི་བརྒྱུད་ནས་ཨེ་སོང་ལགས། །ཞེས་དྲིས། ནོར་རྫི་གཞོན་ནུས་ཀྱང་བུ་མོར་ལྟ་ནན་ཆེ་བ་ཞིག་བྱས་ནས་ན་རེ། བུ་མོ་ལོ་ལོ་བཀྲ་ཤིས་མ། །ཁྱོད་ཀྱི་རེ་བའི་མི་དེ་ནི། །མ་འགྱངས་སྔོན་ལ་འདི་ནས་བཞུད། །བུ་མོ་མ་སྐྲག་དལ་མོར་ཕེབས། །མདུན་ན་བསུ་བའི་སྟོན་མོ་ཡོད། །ཅེས་ལན་བཏབ་ནས་མདུན་གྱི་ལམ་དེ་བསྟན་སོང༌། །
        བུ་མོ་ཡང་མུ་མཐུད་དུ་མདུན་དུ་སོང༌། གློ་བུར་དུ་མདུན་ཕྱོགས་སུ་བཀྲ་ཤིས་ཁ་གཡང་གིས་གནམ་ས་འགེངས་པ་དང་བདུད་རྩི་མཆོད་ཆང་གིས་ཆར་བ་ཕབ་ལ། ལྷ་རྫས་དཀར་པོས་ས་གདན་འདིང་བཞིན་སྐྱ་མི་མང་པོ་མདུན་ནས་རུབ་འོངས། བུ་མོར་འཚུབ་ཆ་ཞིག་ལངས་ནས། ཁྱིམ་ཆེན་པོ་ཞིག་གིས་མནའ་མ་བསུ་སྐྱེལ་བྱེད་བཞིན་པ་འདྲ། ང་རང་ལོགས་སུ་གཞའ་དགོས་སྙམ་པའི་དུས་དེར། མི་ཚོགས་ཁྲོད་ནས་རྟ་ར་ར་ཞོན་པའི་གསར་ཡག་ཅིག་མྱུར་དུ་བརྒྱུགས་འོངས་ཏེ་སྲས་མོ་ཁྱེད་ཀྱིས་འོ་བརྒྱལ་མྱངས་སོང་ཟེར་ནས་རྟ་ལས་བབས། བུ་མོས་དངངས་སྐྲག་སྐྱེས་བཞིན་ཞིབ་ཏུ་བལྟས་ཙ་ན། ཨ་ཙེ། འདི་སྤྲང་སྣྲི་མོ་གཞོན་ནུ་མ་ཡིན་ནམ། འདི་རྨི་ལམ་ཡིན་ནམ་མངོན་སུམ་ཡིན་སྙམ། ཉིན་མང་པོར་ཐང་ཆད་པའི་ཁར་ད་རེབ་དངངས་སྐྲག་དང་དགའ་སྐྱོ་ཐལ་དྲགས་མཐར་རེ་ཞིག་དྲན་མེད་དུ་བརྒྱལ་སོང༌། དྲན་པ་སད་རྗེས།བུ་མོར་བག་ལྭས་བརྒྱན་ནས་སྟོད་ཀྱི་རྒྱལ་པོ་ཚང་ལ་བསུས་སོང༌།
         ཉིན་བདུན་གྱི་རྗེས་སུ། བུ་མོ་དང་རྒྱལ་སྲས་རྣམ་གཉིས་རིན་པོ་ཆེའི་ལེགས་སྐྱེས་མང་པོ་དང་སྟོད་ཀྱི་རྒྱལ་པོའི་ཕོ་ཉ་དང་བཅས་པ་སྨད་ཀྱི་རྒྱལ་པོ་ཚང་ལ་གཉེན་འབྲེལ་གྱི་བཀྲ་ཤིས་རྟེན་འབྲེལ་ཞུ་རུ་སོང༌། ཨ་ཆེ་གཉིས་ཀས་བུ་མོ་ཆུང་བའི་གསེར་དངུལ་གཡུ་བྱུར་གྱི་རྒྱན་ཆ་དང༌། གོས་ཚྭ་རུའི་ཐོག་ལྭ་དང་བཅས་པ་མཐོང་ཞིང༌། ལྷག་པར་དུ་ལྷ་ཡི་བུ་དང་འདྲ་བའི་རྒྱལ་སྲས་མཐོང་ནས་འགྲམ་ཆུ་ལྡང་ཞིང༌། དང་ཐོག་རང་གིས་རྒྱལ་སྲས་ཡིན་པ་མ་ཤེས་པར་འགྱོད་པ་གཏིང་ནས་སྐྱེས་ཤིང༌། བུ་མོ་ཆུང་བ་ལ་ཕྲག་དོག་གི་མེ་ལྕེ་འབར། དེ་ནས་བུ་མོ་ཆེ་བས་སེམས་ངན་ཞིག་དྲན་ནས་ཕྱི་ཉིན་བུ་མོ་ཆུང་བ་གཙང་ཆུ་ཁར་ཁྲིད་དེ་རྩེ་བའི་མོད་ལ། མགོ་གཡོགས་ནས་ནུ་མོའི་གྱོན་པ་གོན་ཞིང་རྒྱན་ཆ་བཏགས། གློ་བུར་དུ་ནུ་མོ་ནུ་མོ། ཁྱོད་ཀྱིས་ལྟོས་དང་ཉ་མོ་ཕ་གི་ཅི་འདྲའི་ཆེ་བ་ལ་ཞེས་ཆུ་ནང་དུ་མཛུབ་མོས་བསྟན། བུ་མོ་ཆུང་བས་རྣམ་ཤེས་བསྒྲིམས་ནས་ལྟ་དུས། ཁོ་མོས་ཕུད་རྒྱག་ཅིག་བྱས་ཏེ་གཙང་ཆུའི་ནང་འཕངས། དེ་ནས་ཁོ་མོས་བུ་མོ་ཆུང་བ་ཡིན་ཁུལ་གྱིས་ངུ་བཞིན་ཕྱིར་ཡུལ་དུ་འོངས་ནས། ཨ་ཆེ་གཙང་ཆུས་ཁུར་སོང་ཞེས་རྫུན་ལབ།
         བུ་མོ་ཆེ་བ་ནུ་མོར་བརྫུས་ནས་སྟོད་ཀྱི་རྒྱལ་པོ་ཚང་ལ་འོངས། རྒྱལ་སྲས་ཀྱིས་རང་གི་ཆུང་མ་སྔོན་ཆད་དང་ཅུང་མི་འདྲ་བ་ཚོར་ནས་ཅི་འདྲ་གང་འདྲ་བསམས་མོད། ཡིན་ནའང། མོ་ནི་བྱམས་སྙིང་རྗེ་དང་ལྡན་ལ་སེམས་ཤིན་ཏུ་སྙི་བས་ཨ་ཆེ་ལ་དོན་ངན་བྱུང་རྐྱེན་སྙིང་ལ་གནོད་པ་རེད་སྙམ།
         བུ་མོ་ཆུང་བ་ཆུས་ཁུར་རྗེས། རྣམ་ཤེས་སྦྲང་མ་འདྲ་བོས་རྒྱལ་སྲས་བསྙེགས་ནས་སྟོད་ཀྱི་རྒྱལ་པོ་ཚང་དུ་བྱིའུ་ཞིག་ཏུ་སྐྱེས་ཤིང༌། ཉིན་རེ་རེར་རྒྱལ་སྲས་གར་འགྲོའི་རྗེས་འབྲངས་ཤིང༌། རྒྱལ་སྲས་ཁྱིམ་དུ་འདུག་དུས་པང་དུ་འཕུར་ནས་མགོ་བོ་རྒྱལ་སྲས་ཀྱི་བྲང་ཁར་གླན་ནས་སྡོད། བུ་མོ་ཆེ་བ་མཐོང་ཐེངས་རེར་མགོར་བྱ་རྟུག་གཏོང་བ་དང་ཡང་ན་མཆུ་ཏོས་བརྒྱབ། ཨ་ཆེ་བདུད་མོས་རྒྱལ་སྲས་མེད་ཤུལ་ནས་བྱིའུ་བསད་དེ་རྒྱ་སྒོ་ཁར་འཕངས།
         ཅང་མ་འགོར་བར། སྒོ་ཁ་ནས་ཤིང་ཚེར་མ་ཅན་ཞིག་སྐྱེས་ནས། བུ་མོ་ཆེ་བ་ཡར་འགྲོ་མར་འགྲོ་ལ་ཚེར་ལྕག་གིས་བརྒྱབ། བུ་མོ་ཆེ་བས་ཚེར་ཤིང་དེ་རྩད་པ་ནས་བཅད་དེ་ཐབ་ཁུང་ནང་འཕངས། ཚེར་ཤིང་འབར་བའི་ཤུལ་དུ་བག་ལེབ་སྒོར་སྒོར་ཡིད་དུ་འོང་བ་ཞིག་འདུག་པ་རྒྱལ་པོ་ཚང་གི་མེ་འབུད་གཡོག་མོས་མཐོང་ནས་རུམ་ལ་བཅུག་ནས་རང་ཁྱིམ་གྱི་ཕྱེ་སྒམ་དུ་སྦས་རྗེས་གཏིང་ནས་བརྗེད་སོང༌། མེ་འབུད་གཡོག་མོ་ནི་བུ་བུ་མོ་མེད་པའི་ཁེར་འདུག་ཅིག་ཡིན། ཁོ་མོ་ཉིན་རེ་རེར་ནམ་མ་ལངས་གོང་རྒྱལ་པོ་ཚང་ལ་མེ་འབུད་དུ་སོང་ནས། ས་རུབ་ཐག་ཆོད་རྗེས། ད་གཟོད་ཕྱིར་འོངས།
         ཉིན་དེར། ཁོ་མོ་ཐང་ཆད་ཆད་ནས་ཕྱིར་ཡུལ་དུ་ལོག་དུས། རང་ཁྱིམ་གྱི་ཁང་བའི་ཕྱི་ནང་ཀུན་ཏུ་བྱི་དོར་བྱས་ནས་གཙང་མ་ཡང་མ་ཞིག་ཏུ་གྱུར་ཞིང༌། ཐབ་ཀྱི་སླ་ངའི་ནང་ཟས་ཞིམ་པོ་ཁ་རླངས་དོ་རོ་རོ་བྱེད་ཀྱིན་དྲི་ཞིམ་ཕྱི་ནང་ཀུན་ཏུ་ཁྱབ་འདུག ཁོ་མོ་ཤིན་ཏུ་ཡ་མཚན། བསྟུད་མུར་ཉིན་རེ་རེར་དེ་ལྟར་རེད།
         ཉིན་ཞིག་ཁོ་མོ་ཉིན་རྒྱུན་དང་འདྲ་བར་ཕྱི་རུ་སོང༌། ཡིན་ཡང༌། རྒྱལ་པོ་ཚང་ལ་མ་སོང་བར་ཕག་ཅིག་ནས་ལྟ་བཞིན་བསྡད། རེ་ཞིག་ནས་སྒམ་ནང་ནས་བུ་མོ་མཛེས་མ་ལྷ་མོ་འདྲ་བ་ཞིག་ཕྱིར་འོངས་ནས་ཟ་མ་གཡོས། དང་ཐོག་ཁོ་མོ་འཇིགས་ཡེར་རེ་སོང༌། ཡུད་ཙམ་ནས་ཁོ་མོས་ཕར་བལྟས་ན་བུ་མོ་འདི་ངན་པ་ཞིག་མིན་ཁོ་ཐག་རེད། ང་ཡིས་རྒྱུ་མཚན་གསལ་བོ་འདྲི་དགོས་སྙམ། དེ་ནས་ཁོ་མོ་ཁྱིམ་དུ་སོང་ནས་ན་རེ། བུ་མོ་བུ་མོ། ཁྱོད་ལྷ་ཡིན་ནམ་མི་ཡིན། དེད་ཚང་ལ་ཇི་ལྟར་འོངས། འདིར་འོངས་ནས་ཅི་བྱེད་ཅེས་ཞིབ་ཏུ་དྲིས་པ་ན། བུ་མོ་ངུ་བཞིན་རང་གི་རྒྱུ་མཚན་མགོ་ནས་མཇུག་བར་མ་ལུས་པར་མེ་འབུད་གཡོག་མོ་དེ་ལ་བཤད་ཅིང༌། གལ་ཏེ་ཡིད་མི་ཆེས་ན། རྒྱལ་སྲས་ཀྱི་མཆན་ཁུང་གཡས་མའི་སྟེང་ན་ཀུན་ལ་གསལ་ཆ་མེད་པའི་ཨ་ཡིག་ཅིག་ཡོད་པས། ཁྱོད་ཀྱིས་ཨེ་བདེན་རྒྱལ་སྲས་ལ་དྲིས་ཆོག་ཟེར། མ་གཞིར་སྲས་མོ་ཆུང་བའི་རྣམ་ཤེས་རྒྱལ་སྲས་དང་སྐད་ཅིག་ཙམ་ལའང་འབྲལ་མ་འདོད་པ་དང་གཤིན་རྗེ་ཆོས་རྒྱལ་གྱིས་ཀྱང༌། ཁོ་མོའི་ཚེ་ཚད་ལ་མ་ཐོན་ཟེར་ནས་ཁོ་མོར་ཕྱིར་གསོན་པའི་གོ་སྐབས་སྦྱིན། མེ་འབུད་གཡོག་མོས་རྒྱལ་སྲས་ལ་དེ་ལྟར་བརྗོད་པས། རྒྱལ་སྲས་ཀྱིས་ཀྱང་ཨེ་བདེན་ལྟ་རུ་ཕྱིན། རྒྱལ་སྲས་མཐོང་འཕྲལ། བུ་མོར་རང་དབང་མེད་པར་མིག་ཆུ་ཁྲོམ་ཁྲོམ་དུ་བཞུར་བཞིན་དང་ཐོག་བག་མ་བསུ་སྐབས་དང་འདྲ་བར་རེ་ཞིག་དྲན་མེད་དུ་བརྒྱལ་སོང༌། དེ་ནས་རྒྱལ་སྲས་ཀྱིས་ཀྱང་བུ་མོ་ངོ་ཤེས་ནས་དགའ་སྐྱོ་གཉིས་ལྡན་གྱིས་རང་གི་ཆུང་མ་རང་ཁྱིམ་དུ་ཁྲིད་སོང༌།
         སློབ་གྲོགས་པོ་ཚོ། གནའ་གཏམ་འདི་ལ་མཇུག་བསྡུ་སྲོལ་སྣ་ཚོགས་ཡོད་དེ། ལ་ལས་བཤད་ན། བུ་མོ་ཆེ་བས་རང་གི་ནུ་མོ་མཐོང་བས་སྐྲག་ནས་སྙིང་གས་ཏེ་ཤི་ཟེར། ལ་ལས་བཤད་ན་སྟོད་ཀྱི་རྒྱལ་པོ་ཚང་གིས་བུ་མོ་ཆེ་བ་སྨད་ཀྱི་རྒྱལ་པོ་ཚང་ལ་ཕྱིར་སྤྲད་ཟེར། ཡང་ལ་ལས་བཤད་ན་བུ་མོ་ཆེ་བ་སྨྱོས་པ་རེད་ཟེར། གང་ལྟར་བུ་མོ་ཆེ་བར་མཇུག་འབྲས་བཟང་པོ་ཞིག་མེད་པ་ཁོ་ཐག་རེད། དེ་བས། ང་ཚོས་ཀྱང་གནའ་གཏམ་གྱི་མཇུག་ཇི་ལྟར་བསྡུ་རྒྱུ་མི་ཤེས། ཁྱོད་ཚོས་རང་རང་གི་འདོད་བློ་ལྟར་བསྡུ་རྒྱུ་བྱོས། གང་ལྟར་གཏམ་རྒྱུད་ཡིན་ཡང་རུང༌། དོན་དངོས་འཚོ་བའི་ཁྲོད་ཀྱང་རུང༌། མི་སེམས་བཟང་དག་ལ་མཇུག་གི་རྒྱལ་ཁ་འཐོབ་པ་དང༌། མི་སེམས་ངན་རྣམས་ལ་རེ་ཞིག་རྒྱལ་ཁ་ཐོབ་ཐོབ་འདྲ་མོད། མཐའ་མར་མཇུག་འབྲས་བཟང་པོ་མེད་པ་ཁོ་ཐག་རེད། ཧ་ཅང་གཡོ་སྒྱུ་མང་དྲགས་ན། །རེ་ཞིག་གྲུབ་ཀྱང་ཐ་མར་བརླག །གཟིག་ལྤགས་བཀབ་པའི་བོང་བུ་ཡིས། །ལོ་ཐོག་ཟོས་མཐར་ གཞན་གྱིས་བསད། །ཅེས་པའི་ལེགས་བཤད་འདི་ཁྱོད་ཚོས་ཐོས་མྱོང་ངམ།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...