སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མདོ་སྨད་ཀླུ་ཆུ་རྫོང་ཨ་ལ་ཤོག་པ་ལྔའི་མི་རྒྱུད་ཀྱི་བྱུང་བ་དང་ཡུལ་གྱི་ཁྱད་ཆོས་སྐོར་རགས་ཙམ་བརྗོད་པ།
རྩོམ་པ་པོ། ཀླུ་ཨ་རྡོར། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-11-20 10:13:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
མདོ་སྨད་ཀླུ་ཆུ་རྫོང་ཨ་ལ་ཤོག་པ་ལྔའི་མི་རྒྱུད་ཀྱི་བྱུང་བ་དང་ཡུལ་གྱི་ཁྱད་ཆོས་སྐོར་རགས་ཙམ་བརྗོད་པ།
ཀླུ་ཨ་རྡོར།
གཅིག ནང་དོན་གནད་བསྡུས།
     རླངས་ཀྱི་པོ་ཏི་བསེ་རུ་ལས། ལར་སྐྱེས་བའི་མིས་རང་གི་སྐྱེ་བརྒྱུད་མ་ཤེས་ན། གཡུ་འབྲུག་ཟོལ་མ་འདྲ། ཡབ་མེས་ཀྱི་ཆེ་གོས་ཡིག་ཚང་མ་ཤེས་ན། མོན་ཕྲུག་ཡལ་བོར་འདྲ། ཞེས་བཀོད་པ་ལྟར། གལ་ཏེ་ཡབ་ཡུམ་མེས་པོ་ཚོར་རྒྱུས་མངའ་མེད་ན་ནག་ཁུང་གི་སྤྲུའུ་འདྲ། ཞེས་མཁས་བའི་བཞད་པ་ལྟར་ང་ཚོས་ཡང་རང་ཉིད་གང་ནས་བྱུང་བ་དང་། ས་གང་དུ་འགྲོ་བ། ཅི་ཞིག་གི་སླད་དུ་འགྲོ་བའི་སེམས་པའི་དྲི་རྟགས་འདི་ནམ་ཡང་ལུས་དང་གྲུབ་མ་བཞིན་དུ་ལས་དོན་ལ་ཧུར་ཐག་བྱས་ནས། གོང་མ་རིགས་རུས་ཚོས་བཞག་པའི་ཤུལ་རྫས་དག་སྲུང་སྐྱོབ་དང་དུས་བསྟུན་གོང་སྤེལ་གཏོང་དགོས། འདི་ནི་ཡབ་མེས་ཚོའི་རེ་བ་དང་འུ་ཅག་གིས་བཞོལ་ཐབས་བྲལ་བའི་འོས་འགན་ཉག་ཅིག་ཡིན།
གཉིས། གནད་ཚིག
      ཨ་ལ། ཞང་། ཤོག་པ། སྡེ་བ།
གསུམ། གླེང་གཞི།
     མིའི་རིགས་ཀྱི་བྱུང་བ་དང་ལོ་རྒྱུས་ལ་རྒྱུས་མངའ་ཡོད་པ། ལྷག་པར་དུ་རང་ཉིད་འཚོ་གཞིས་གནང་སའི་ཕ་ས་ཕ་ཡུལ་གྱི་གནས་བ་དང་། འཕེལ་རྒྱས་ཀྱི་ལོ་རྒྱུས། རིགས་རུས་ཆོ་འབྲིང་གི་བྱུང་དང་། ཡུལ་སྲོལ་གོམ་གཤིས། སྐད་ཡིག་དང་ཡུལ་སྐད་དམ་ལུང་སྐད་ཀྱི་བྱུང་བ། འཚོ་བ་རོལ་སྟངས་སོགས་བློ་སྒྱུ་མའི་གཏིང་རིམ་ནས་ཚོར་ཐུབ་པ་ཞིག་བྱ་དགོས། དེ་བས་ང་ཚོ་ངུ་ངག་གི་དབྱངས་རྟ་དང་སྡེབས་ཏེ་དྲིན་མ་ལོའི་ཕང་བར་སླེབས་དུས། དགུང་ཁྲི་གདུགས་གཟི་འོད་སྤྱི་གཙིག་གི་ཐང་ཆེན་དེར་འཕྲོད་དུས། དལ་འབྱོར་མི་ལུས་རིན་ཆེན་ཀྱི་ལས་བསྐལ་འདི་ཐོབ་དུས། ང་ཚོར་གནང་བ་ནི་མི་རིགས་ཤིག་གི་བླ་སྲོག་གསོན་པོ་དང་མེས་པོ་དག་གི་མཛད་འཕྲིན་ཀྱི་རྡོ་རིང་ཡིན། དེ་བས་ང་ཚོ་ནི་རིགས་རྒྱུད་འདིའི་ཤུལ་འཛིན་མཁན་དང་ཡུལ་གྲུ་འདིའི་བདག་པོའམ་ཕྱོགས་སྟོན་ཀྱི་མར་མེ་སེར་བོ་དེ་ཡིན་པ་ཚོར་ཐུབ། དེའི་ཕྱིར། ཕྱོགས་ལྷུང་གི་གནས་སུ་གྱར་བའི་བདག་དང་ཆོས་མཚུངས་སུ་ཡོད་པའི་ཕ་ཡུལ་གྱི་གཞོན་ནུ་ཕོ་མོ་ཡོངས་ཀྱིས་རང་ཉིད་ཀྱི་བྱུང་བ་དང་གནས་བར་ངེས་ཟིན་ཟབ་འཇུག ཡིད་ཆེས་བློ་བརྟན། སྙིང་རུས་ཧུར་བསྐྱེད་བཅས་ཀྱིས་མེས་པོ་ཚོའི་ལོ་རྒྱུས་ལ་འཇུག་པར་བརྩོན་ལེན་བྱེད་པའི་སེམས་ཤུགས་ཞིག་གིས་དཔྱད་རྩོམ་འདི་རང་ནུས་ཚོད་གྱིས་འབྲི་ཁུལ་ཙམ་བྱས་པ་ལགས་པས། ཆེད་ལྷག་དང་ནོར་སྐྱོན་རེ་ཡོད་ན་དགོངས་འགལ་མེད་པར་མཁྱེན་མཁྱེན།
བཞི།
དང་པོ། མིང་ཐོགས་ཚུལ།
     དེ་ཡང་ཡུལ་ཁོངས་སུ་ལྷ་རི་མཐོན་པོ་ཀླུའི་ཆབ་བྲག་ནས་མཆེད་པའི་ཀླུ་ཆབ་སྔོན་མོ་འབབ་བས་ཀླུ་ཆུ་ཟེར་ཞིང་། ཀན་ལྷོའི་ལྷོ་ནུབ་ཕྱོགས་སུ་གནས། གདོད་མའི་བོད་ཀྱི་ལོ་རྒྱུས་ཞེས་བྱ་བ་རུ། གནའ་སྔ་མོའི་སྐབས་སུ་བོད་ཀྱི་གདུང་རྒྱུད་གོང་མ་སྤྱང་གི་རྒྱུད་པ་རྣམས་ཀླུ་ཆུའི་འབབ་ཡུལ་དུ་འཚོ་ཞིང་། ཧ་ལམ་དུས་རབས་བཞི་བར་འ་ཞ་ནི་མཚོ་སྔོན་གཏར་ལེན་ཁ་ཉེ་འདབས་ནས་ཀླུ་ཆུ་དང་བསང་ཆུའི་འབབ་ཡུལ་དུ་སྤོས་ཤིང་། ཡུལ་དེར་གནས་པའི་སྤྱང་དང་འདྲེས་ཏེ་བསྡད།
     བོད་ཀྱི་རུས་ཆེན་བཞིའི་ནང་ཚན་ལྡོང་གི་རུས་སུ་གཏོགས་པའི་ལྡོང་ཚ་ཆེན་བཅོ་བརྒྱད་ལས་ཟམ་ཚ། ཨ་ལ། སྒྱུས་ཚང་སོགས་ཚོ་བ་ཤོག་པ་བཅོ་བརྒྱད་མཆེད་པར་གསུངས། ད་ལྟ་ཀླུ་ཆུ་རྫོང་ཁོངས་སུ་ཞང་ཁག་བདུན། སྒྱུས་ཚང་ནགས་རི། ཨ་ལ། ཟམ་ཚ། ཆོས་འཁོར་སོགས་ཚོ་ཕྲན་ཉེར་བཞི་ཡོད། དེ་ནི་བོད་རོང་ཆེན་བཅོ་བརྒྱད་ཞེས་བའི་ཡ་གྱལ། མདོ་སྨད་བྱང་ཤར་དུ་ཡོད་པའི་ནོར་འཛིན་ས་ཡི་ཐིག་ལེ་ཡིན་པའི་མདོ་སྨད་བྱང་ཤར་གྱི་བོད་རིགས་ནི་མདོ་སྨད་བྱང་ཤར་གྱི་ས་འཛིན་གྱི་དང་པོ་ཡིན། སྤྱི་ལོ་མ་ཚུགས་གོང་ནས་བཟུང་བོད་ཀྱི་གདོང་རྒྱུད་ལས་མཆེད་པའི་ཚ་བ་མང་པོ་ཡུལ་འདིར་གནས་ཤིང་། ད་ལྟའི་སྲིད་འཛིན་ས་ཁུལ་གྱི་དབྱེ་ཚུལ་ལྟར་ན། ཨ་ལ་ཤོག་པ་ལྔ་ནི་ཀླུ་ཆུ་རྫོང་གི་ཤར་རྒྱུད་དུ་གནས་ཤིང་། ཤར་དུ་ཀླུ་ཤོད་དང་། ལྷོར་ཅོ་ནེ་ཆས་པུ་གཤིས། ནུབ་ཏུ་སྒྱུས་ཚང་ནགས་རི། བྱང་དུ་བསང་ཆུ་རྫོང་གི་སྒྱུས་ཚང་ཁག་དང་ཡུལ་མཚམས་འདྲེས། ཨ་ལ་ཞེས་པ་དེ་བོད་ཀྱི་རུས་མིང་ཡིན་པར་བཤད་དེ། 《འགར་རྩེ་ཁ་གསུམ་དང་རོང་འབྲོག་ཚོ་ལྔའི་བྱུང་བ་བརྗོད་པ་ཆོས་སྲོད་ཉི་ཟླའི་འོད་རླབས་ཞེས་བྱ་བ་བཞུགས་སོ།།》༡༠༤ནས༡༠༥བར།⑴ འདིའི་ནང་བཀོད་པ་ལྟར་ན། དེ་ཡང་ཨ་ལ་ཞེས་པ་དེ་བོད་ཀྱི་རུས་མིང་ཡིན་པར་བཤད་དེ། ཀླུ་ཆུའི་ཨ་ལ་ཚོ་བ་དང་གཙང་གི་ཨ་ལ་གཉིས་ནི་སྔོན་གྱི་ཨ་ལ་ཚོ་ཆེན་བཅོ་བརྒྱད་ཀྱི་ནང་ཚན་ཡིན། དེའི་ཚོ་དཔོན་གྱི་མིང་ལ་ཨ་ལ་ཚང་ཟེར་པས་རིམ་གྱིས་མི་མིང་ཚོ་མིང་དུ་ཐོགས་སོ། །
གཉིས་པ། ཤོག་པ་ལྔའི་མི་རྒྱུད་ཀྱི་བྱུང་བ་དང་རིགས་དབྱེ།
     སྤྱིར་མདོ་སྨད་ཀྱི་གྱི་མི་རྒྱུད་ནི་གནའ་ནས་བཟུང་ས་ཁུལ་འདིར་ས་སྐྱེས་རྡོར་སྐྱེས་སུ་གཞིས་ཆགས་པ་ཞིག་མ་ཡིན་པར་དེ་ནི་སྔོན་བཙན་པོའི་དུས་སྐབས་སུ་གཙང་ཕྱོགས་ཀྱི་དམག་དཔུང་གཅིག་མཐའ་མཚམས་སྲུང་བར་མངགས་པ་དེའི་རྒྱུད་ལས་མཆེད་པར་གྲགས་ལ། དེང་དུས་ཀྱི་ཁ་རྒྱུན་ལ་ཨ་ལ་བརྒྱད་ཅུ་ཟེར་བ་ནི《མདོ་སྨད་ཀླུ་སྟོད་ཀྱི་ལོ་རྒྱུས》ལས་ཡོད་ལ་སྔོན་ཞིག་ན་ཨ་ལ་བརྒྱད་ཅུ་ཟེར་བ་རྗེས་སུ་ཁ་འཐོར་དུ་སོང་སྟེ་དེམ་ཤུལ་ཨ་ལ་སོགས་ཀུན་ལ་ཆད་པར་བཤད་། ཡས་མས་ཀྱི་ཨ་ལ་ཟེར་བ་ཐམས་ཅད་དེ་ནས་ཡིན་པར་སྣང་། ཞེས་གསུངས་ཡོད་། 《མདོ་སྨད་གཙོས་ཀྱི་སྲིད་དོན་ལོ་རྒྱུས་དྲི་ཤེལ་དཀར་མེ་ལོང》⑵ལས་གཞུང་དང་དུས་དེབ་གང་མང་ཞིག ལྷག་དོན་ལོ་རྒྱུས་ལ་བྱང་ཆ་ཡོད་མིན། ཕོ་མོ་ཁྱད་མེད། སྐྱ་སེར་ཀུན་ལ་རྒྱུན་ཤེས་དང་གོམས་སྲོལ་ཞིག་ཆགས་ཡོད་པ་ནི་ཁོ་ཚོའི་ཡབ་མེད་ཀྱི་ཡབ་མེས་ནི་དབུས་གཙང་དམག་མིའི་བརྒྱུད་པ་ཡིན་ཞེས་ངོམ་སོ་ཆེན་པོའི་སྒོ་ནས་སྨྲ་སྲིད། ཡིན་ནའང་སྐད་ཆ་འདི་ནི་སྤྱི་ལོ་དུས་རབས་བདུན་པའི་འགོ་ཙམ་ནས་བྱུང་བའི་ལོ་རྒྱུས་ཀྱི་ཆ་ཤས་ཤིག་རེད། ཞེས་དང་། ཀན་ལྷོའི་མི་རྒྱུད་མི་བོད་ཀྱི་རུས་སྤྱང་གི་རྒྱུད་ལས་མཆེད་པར་ལུང་དང་རིག་པས་སྒྲུབ་ཡོད། གནམ་རིའི་དུས་ནས་བཟུང་མཚོ་སྔོན་གྱི་ལྷ་ནུབ་དང་། འབྲི་ཆུའི་སྟོད་རྒྱུད། ཀན་སུའུ་ལྷོ་ཕྱོགས་བཅས་སུ་ཆ་ཚང་བའི་སྒྲིག་གཞི་དང་དམག་དཔུང་འབངས་མི། རྒྱལ་བློན་བཅས་འཛོམས་པའི་སྟོབས་ལྡན་གྱི་རྒྱལ་ཁབ་ཅིག་ཆགས་ཟིན་པ་དེ་ནི་སྤྱང་རིགས་ཡིན་ལ། བོད་དང་སྤྱང་མི་བར་གྱི་འབྲེལ་བ་ནི་སྤྱང་རིགས་དེ་བོད་ཀྱི་མེས་པོའི་ཆ་ཤས་དང་བོད་ཀྱི་མེས་པོ་ངོ་མ་དེ་བོད་ཡུལ་ཡར་ཀླུང་ཕྱོགས་ནས་ཡིན་ཟེར་བའི་གསུངས་འདི་བདེན་པར་འདོད། དེའི་རྗེས་སུ་བོད་ཁམས་སིལ་བུར་ཐོར་རྗེས་དཔལ་ལྡན་སྐྱ་བ་འགྲོ་མགོན་འཕགས་པའི་སྐུ་རིང་ལ་བོད་གངས་ཅན་གྱི་མཐའ་དབུས་ཡུལ་གྲུ་ཀུན་ལ་བཀའ་ཁྲིམས་གསེར་གྱི་གཉའ་ཤིང་ལྕི་མོས་གནོན་སྐབས་མཁོན་གྱི་གདུང་རྒྱུད་དྲི་མ་མེད་པ་བླ་དཔོན་གཅིག་ལྕོག་ཨ་ལགས་རྒྱལ་བོ་ཟེར་བ་སྲིད་ཀྱི་བྱེད་པོའམ་འབར་ཚའི་ཨ་ལ་ཚང་དཔོན་ཞིག་ས་ཆ་འདིར་འགོ་བདག་གམ་ཁ་འཛིན་ཏུ་སྲིད་འཛིན་གྱི་མངགས་པ་དེའི་མིང་རིམ་བཞིན་ཤོག་པའི་མིང་ངམ་ཚོ་བའི་མིང་དུ་ཐོགས་པར་བཤད། དེ་ནི་ཧ་ལམ་ཆིང་གོང་མ་ཆན་ལུང་རྒྱལ་པོའི་སྐུ་རིང་དུ་ཆགས་པར་སྙམ། དེ་ལ《མདོ་སྨད་བྱང་ཤར་གྱི་ཚོ་བ་ཤོག་པའི་ལོ་རྒྱུས་དང་རིག་གནས་བཅས་པར་དཔྱད་པ།》⑶ལས་དམེ་ཤུལ་ཚོ་བཞི་ཚོ་བཞིའི་མི་རྒྱུད་ཀྱི་གོང་མ་ནི་ཡུལ་གསུམ་ནས་འོངས་ཏེ་དང་པོ་ཀླུ་ཤོད་ནས་མི་ཁྱིམ་ཞིག་འོངས་ཏེ་མགོ་དཀར་ནང་དུ་གཞི་བཅས་ཏེ་ས་བཟུང་། ཁྱིམ་དེར་བུ་གཅིག་དང་བུ་མོ་གཅིག་བྱུང་བ་སོ་སོར་གྱེས་ཏེ་བསྡད་དེ་རིམ་བཞིན་དབང་སྐོར་དང་ངོ་ཀླད་ཚོ་བ་གཉིས་སུ་འཕེལ། དེ་རྗེས་ཨ་མཆོག་ནས་མི་ཁྱིམ་ཞིག་འོངས་ཤིང་། དེའི་རྒྱུད་པ་ལས་རི་རྫི་ཚོ་བ་མཆེད། ཡུང་དེ་དང་དུས་མཉམ་དུ་ཀླུ་ཆུའི་ཨ་ལ་ནས་མི་ཁྱིམ་ཞིག་འོངས་པས་ཨ་ལ་ཚོ་བ་ཆགས་སོ། དམེ་ཤུལ་ཚོ་བཞི་ནི་དབང་བ་ཀླུ། དཔོན་སྐོར། ར་དེའུ། ཨ་ལ་བཅས་རྣམས་སོ་ཞེས་བཀོད་པ་ལྟར། འདི་ལ་ནང་ཚན་དུ་སྟོད་ཕྱོགས་ཤིས་ཚང་ཞང་གི་སྟོད་ཨ་ལ་དང་ཆོས་འཁོར་གྱི་ཁོངས་གཏོགས་ཨ་ལ་ཚོ་བ། ཨ་ཆོགས་ཚོ་བ་བརྒྱད་ཀྱི་ཡ་གྱལ་ཨ་ལ། དམེ་ཤུལ་ཚོ་བ་བཞི་ལས་ཨ་ལ་ཚོ་བ་བཅས་ཀྱི་མི་རྒྱུད་གཅིག་ཡིན་པར་འདོད།   དེ་ཡང་ཤོག་པ་ལྔའི་བྱུང་དུས་ཀྱི་ཆ་ལ་ཤོད་ཚུལ་འདྲ་མིན་སྣ་ཚོགས་སུ་མཆིས་ཤིང་། འབྲེལ་ཡོད་ཀྱི་ཡིག་ཆ་སྣ་ཚོགས་སུ་བཀོད་པ་་དང་གཙོ་ཆེར་ཡུལ་གྱི་ཨ་ཁུ་ཨ་ནེ་ཚོའི་བཤད་པ་གཉིས་གཞིར་བཟུང་ན་ཕལ་ཆེར་གཅིག་མཐུན་དུ་སྣང་ལ།《མདོ་སྨད་བྱང་ཤར་གྱི་ཚོ་བ་ཤོག་པའི་ལོ་རྒྱུས་དང་རིག་གནས་བཅས་པར་དཔྱད་པ》⑷ལས།  བ་ནག་ནི་སྤྲ་ཡི་རིགས་སུ་གཏོགས་པ་དང་། བ་ནག་ཚོ་བའི་ནང་དུ་རྩེ་ཁོག་དང་ཨ་མཆོག་རྔ་རྒོད་སོགས་ནས་སྤོས་འོང་པའི་མི་ཁྱིམ་འགའ་ཞིག་མཆིས། རྫེ་དང་ཨ་ལ་གཉིས་ནི་བྱམས་མེ་ནས་སྤོས་འོང་བར་བཤད། ལྩམ་པ་ཚོ་བར་ནང་གསེས་སུ་རྫེ་དང་། ཨ་ལ། ལྩམ་པ་བཅས་ཚོ་ཚན་གསུམ། ཚོ་ཚན་གསུམ་གྱི་ནང་དུ་རྨེ་རུ་དང་། རྒྱ་འབེན། པེ་གཤོང་། ཅོག་རིགས། རྭ། ས་སོགས་རུས་ཚན་དུ་མ་མཆིས་པ་ལས་ལྕམ་པ་ནི་བསང་ཆུ་རྫོང་ཁོངས་ཀྱི་ཀླུ་ཤོད་ཉམ་འབད་ནས་མཆེད་དང་། རྨེ་རུ་དང་། རྫེ། རྒྱ་འབེན་གསུམ་ནི་ལྷ་སྡེ་ཚོ་གསུམ་ལས་མཆེད། ཨ་ལ་ཚོ་བ་དང་ཨ་ལ་ཤོག་པ་ལྔའི་ནང་གི་ཤིས་རིགས་ནི་གདུང་ཁུངས་གཅིག་ཡིན་ཞེས་བཀོད་ཡོད། ད་དུང་ཨ་ལ་ཚོ་བ་འདི་དང་ཨ་ལ་ཞང་ཁོངས་ཀྱི་ཨ་ལ་ནི་རུས་རྒྱུད་གཅིག དེར་ཡང་ནང་གསེས་སུ་ཨ་ལ་གོང་མ་དང་ཨ་ལ་འགབ་མ་གཉིས་ལས་འདིར་བཤད་པའི་ཨ་ལ་ཚོ་བ་ནི་ཨ་ལ་འགབ་མ་མ་ལས་གྱེས་པ་དང་རིམ་བཞིན་ཆོས་འབོར་གྱི་ཁོངས་སུ་གཏོགས་པར་གྱུར་རོ། དེར་ནང་གསེས་སུ་དགོ་དྲུག་དང་། ཤིས་རིགས་བཅས་ཚོ་བ་གཉིས་མཆིས་སོ།། ཞེས་ང།  དེར་རུ་སྡེ་བཅུ་གསུམ་དང་རུས་ཁག་བཅུ་གསུམ། དམག་ཤོག་བཞི་སོགས་འགོད་ན།
     ཨ་ལ་ཤོག་ཁག་པ་ལྔ་ནི། ཤོག་པ་དང་པོ་འབོ་ར་ཤོག་པར་འབོ་ར་དང་ལ་ཡར་བཅས་སྡེ་ཚོ་གཉིས། ཤོག་པ་གཉིས་པ་སྦོག་ཚ་ཤོག་པར་སྦོག་ཚ་དང་རྒྱལ་མཁར་བཅས་སྡེ་ཚན་གཉིས། ཤོག་པ་གསུམ་པ་ཡ་རུ་ཤོག་པར་ཡ་རུ་དང་མ་རུ། འབར་ཚ། སྐྱ་བོ་སྒང་བཅས་སྡེ་ཚོ་བཞི། ཤོག་པ་བཞི་བ་རྫོང་ཆེན་ཤོག་པར་རྫོང་ཆེན་དང་མཁར་གི་ནང་བཅས་སྡེ་ཚོ་གཉིས། ཀླུ་ཆེ་ཤོག་པར་ཀླུ་ཆེ་དང་མ་ཁ་བཅས་སྡེ་ཚོ་གཉིས་བཅས། 
     རུ་སྡེ་བཅུ་གསུམ། རུ་སྡེ་བཅུ་གསུམ་ནི་འབོ་ར། ལ་ཡར། རྒྱལ་མཁར། སྦོག་ཚ། ཡ་རུ། མ་རུ། འབར་མ། སྐྱ་བོ་སྒང་། རྫོང་ཆེན།མཁར་གི་ནང་། ཀླུ་ཆེ། འབྲོང་རྒྱས་མགོ མ་ཁ་བཅས་རྣམས་སོ། །
     རུས་ཁག་བཅུ་གསུམ། རུས་ཁག་བཅུ་གསུམ་ནི་འབོ་ར། མདའ་འདུ། མ་ཡ། ཡ་གོ མ་གོ སྔོན་ཆགས། རྒྱ་ཡ་རུ་གདུང་བ། དགོན་སྐོར། ཁ་རོ། བར་སྒོད། འབར་ཁག རབ་ཁྱུང་། ལྷ་བཟོ་ཁོག བློ་བ་ཨ་རྒ་དང་འབོར་ཕྱུག་རྣམས་སོ། ། ཨ་ལ་དམག་ཤོག་བཞི། ཨ་ལ་དམག་ཤོག་བཞི་ནི་ཉིན་པ་དམག་ཤོག ཡ་རུ་དམག་ཤོག རྫོང་ཆེན་དམག་ཤོག ཀླུ་ཆེ་དམག་ཤོག་རྣམས་སོ། །
གསུམ་པ། ད་ལྟའི་གནས་པ་དང་དཔལ་འབྱོར་གྱི་རྣམ་པ།
     ཀླུ་ཆུ་རྫོང་ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀྱི་འབྲོག་རྫོང་ཞིག་ཡིན་ལ། བསྡོམས་པས་མི་ཁྲི༣.༦༥ཡོད་པ་དང་།བོད་རིགས་ཀྱིས་རྫོང་ཡོངས་ཀྱི་མི་གྲངས་ལས་བརྒྱ་ཆ༨༨.༣ཟིན་ཞིང་དེ་ནི་བོད་རིགས་གཙོས་རྒྱ་རིགས་དང་ཧེ་རིགས་སོགས་འདུས་སྡོད་བྱེད་པའི་འབྲོག་རྫོང་ཞིག་ཡིན་པ་རེད། དེ་ལས་ཨ་ལ་ཞང་ནི་རྫོང་ཤར་ཕྱོགས་ཀྱི་མཚོ་ངོས་ལས་སྨི༢༨༠༠ཡས་མས་སུ་གནས་ཤིང་། ལོ་རེའི་ཆར་ཆུ་འབབ་ཚད་ཧའོ་སྨི༤༦༥དང་ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད་ཧྲི་ཧྲི་ཏུའུ༤ཡས་མས་ཡིན། དེ་ལས་ཨ་ལ་ཞང་ནི་རྫོང་མཐའ་ཁུལ་དུ་ཆགས་ཡོད་ལ། འཚོ་སྡོད་བྱས་བ་བོད་རིགས་དཀྱུས་མ་དག་དག་ཡིན། འདི་ནི་ཞིང་ལས་གཙོ་གཉེརདང་ཕྱུགས་ལས་མཉམ་སྤེལ་བྱེད་པའི་ཞང་ཁག་ཅིག་ཡིན། དེར་མི་གྲངས་སྟོང་གསུམ་ལྷག་ཙམ་དང་ཡུལ་མའི་ཐོན་ལས་ཀྱི་ཡོང་ཁུངས་གཙོ་བོ་ནི་ཡུལ་དུས་རུས་མོས་ཀྱི་ཞིང་ལས་དང་ཕྱུགས་ལས་ཡིན། ཞིང་ལས་རིགས་ལ་གྲོ་ནས་སྲན་གསུམ་དང་ཞོག་ཁོག་ཡིན། ཕྱུགས་རིགས་སུ་རྟ་ནོར་ལུག་གསུམ་དང་ཕག ར་མ་དག་ཡིན། ཆ་སྙོམས་ཁྱིམ་ཚང་རེའི་ཡོང་འབབ་དམངས་སྒོར༣༠༠༠ཡས་མས་ལས་མེད་ལ། སྒོར་འདི་ལས་གཟའ་མི་གང་བོར་ལོ་གཅིག་གི་འཚོ་བའི་འགྲོ་གྲོན་གཏོང་བ་དང་བྱིས་པ་སློབ་གྲྭ་བསྐྱལ་བ། རྒན་རྒོན་ལ་ཆོས་ཞུ་ཆོ་ག་སྒྲུབ་པ། ཐ་ན་ཉིན༣༦༥ལ་ཉི་མ་འཁྱོལ་ཐབས་བྱ་དགོས། འདི་ནི་ཨ་ལ་ཞང་གི་དཔལ་འབྱོར་གྱི་ཆུ་ཚད་ཡིན་ལ། འདི་ལས་ཞང་འདིའི་འཚོ་བའི་གནས་བབས་མཚོན་ཐུབ། ཞང་འདིར་སློབ་ཆུང་སློབ་གྲྭ་གཅིག་ཡོད་ལ་དེར་སློབ་མ་༣༠༠ཡས་མས་ལས་མེད། དགེ་བཟོ་བ༣༠ལྷག་ཡོད། དུས་རབས་དང་བསྟུན་ནས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་གོང་མཐོར་འགྲོ་བཞིན་ཡོད་ལ། སློབ་ཞུགས་སློབ་མ་ཡང་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། འོན་ཀྱང་སློབ་ཞུགས་སློབ་མ་ཅི་ཙམ་ཇེ་མང་དུ་སོང་ན་སློབ་འབྲིང་དུ་སློབ་ཞུགས་སློབ་མ་དེ་བཞིན་དུ་ཇེ་ཉུང་འགྲོ་བཞིན་ཡོད། སློབ་ཆེན་པ་ནི་དེ་བས་ཀྱང་ཉུང་ངོ།། འོན་ཀྱང་། ཉེ་བའི་ལོ་འགའི་རིང་སློབ་འབྲིང་དང་སློབ་ཆེན་སློབ་མའི་བསྡུ་ཚད་ཇེ་མཐོར་སོང་ཞིང་། བྱ་བའི་ལས་གནས་སུ་རྒྱུགས་འཕྲོད་མཁན་ལོ་རེར་བརྒྱ་ཆའི༡༠་ལས་མེད། འདི་ནི་ད་ལྟའི་ཀན་ལྷོ་ས་ཁུལ་ཏུ་གནས་པའི་སློབ་གསོའི་གནད་དོན་གལ་ཆེན་ཞིག་ཏུ་སྣང་། དཔལ་འབྱོར་ཀྱི་ཆུ་ཚད་ཇེ་མཐོར་སོང་ཞིང་རིག་གནས་ཀྱི་ཁ་དབུགས་ལྡོག་ཕྱོགས་སུ་ཇེ་སྲབ་ཏུ་འགྲོ་བཞིན་མཆིས།
བཞི་བ། ད་ལྟའི་ཨ་ལ་ཤོག་པ་ལྔའི་དབྱེ་ཚུལ་དང་དེ་ལྟར་དབྱེ་དགོས་བའི་རྒྱུ་མཚན།
     བོག་ཙའམ་བོག་ཚ་སྡེ་བ། འབོ་ར་སྡེ་བ། ཡ་རུ་སྡེ་བ། འབར་ཚང་སྡེ་བ། སྐྱ་བོ་སྒང་སྡེ་བ། ལྗོང་ཆེན་སྡེ་བ། ཀླུ་ཅེའམ་ཀླུ་ཆེ་སྡེ་བ། མ་ཀ་སྡེ་བ། སྐྱིད་ཚའམ་ཐས་མདོའི་སྡེ་བ། ཐའི་ཧུའམ་ཐས་ན་སྡེ་བ་བཅས་སྡེ་ཚོ་བཅུ་ཡོད། དེ་དག་ཡུལ་གྱི་གནས་བའི་ཆ་ནས་རྒྱའི་སྐད་དུ(大队)འབོ་རའི་ཡུལ་ཚོ(博拉大队)དང་སྐྱིད་ཚའི་ཡུལ་ཚོ(田多大队)གཉིས་སུ་བགོས་ཡོད། རྒྱུ་མཚན་ནི་སྡེ་བ་ལྔ་རེ་ཡུལ་ཚོ་གཉིས་སུ་ཕྱེ་ནས་ཡུལ་མའི་འཚོ་བར་དོ་དམ་དང་སློབ་གསོའི་བྱ་བ་བརྒྱུད་སྒྲགས་བྱེད་པ་དེ། འབོ་ར་ཡུལ་ཚོའི་ཁོངས་གཏོགས་སུ་འབོ་ར་དང་། བོག་ཚ། ཡ་རུ། འབར་ཚ། སྐྱ་བོ་སྒང་བཅས་སྡེ་ཚོ་ལྔ། སྐྱིད་ཚའི་ཡུལ་ཚོ་སུ་སྐྱིད་ཚ་དང་། ཐས་ན། མ་ཀ། ཀླུ་ཅེ། ལྗོང་ཆེན་བཅས་སྡེ་ཚོ་ལྔ་བཅས་སོ།  རྒྱལ་ཁབ་དང་ཞང་ཆེན། རྫོང་རིམ་པའི་ཡིག་ཆ་རྒྱུད་སྒྲགས་བྱེད་པ། རོང་འབྲོག་པའི་མི་དམངས་མང་ཚོགས་ཀྱི་འཚོ་བར་རྒྱུས་ལོན་དང་རོགས་སྐྱོར་བྱེད་པ། ས་ཆུ་སྲུང་འཛིན་དང་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ། འོས་འགན་སློབ་གསོའི་བྱ་བར་ཤུགས་སྣོན་དང་འཆར་ལྡན་བུ་བཙའི་བྱ་བར་ཤུགས་རྒྱག་པ། ཞིང་ལས་ལག་རྩལ་འཕྲུལ་ཆས་ཅན་ཏུ་སྒྱུར་ནས་ཞིང་ལས་ཐོན་འབབ་དང་འབྲུ་སྣའི་ཐོན་སྐྱེད་ཇེ་ཆེར་གཏོང་སོགས་ལ་དམིགས་ཏེ་བགོས་བ་ཡིན། ན་ནིང་ནས་བཟུང་ཡུལ་ཚོ་གཉིས་སུ་གྲོང་གསེབ་བྱིས་གཉོར་ཁང་ཡང་ཡོང་འགྲུབ་བྱས་དེ་བྱིས་པ་ལོ་ལྔའི་ཡན་ཆད་བསྐྱེལ་འགོ་བཙུགས། དེ་ལས་གཞན་རྒྱུ་རྐྱེན་ཞིག་ཡོད་པ་ནི་ཡུལ་ཚོའི་ལུང་སྐད་ཀྱི་ཁྱད་ཆོས་ལྟར་རིགས་དབྱེ་བར་འདོད་དེ། འབོ་ར་ཡུལ་ཚོ་ལ་དང་སྐྱིད་ཚ་ཡུལ་ཚོ་གཉིས་ཀྱི་ལུང་སྐད་ཁ་ཤས་སུ་སྒྲ་གདངས་ཀྱི་ཁྱད་པར་ཡོད། དཔེར་ན་གཤམ་གསལ་ལྟར།
       
     འདི་འང་སྔོན་གྱི་དམག་ཤོག་གི་དབྱེ་ཚུལ་དང་གཅིག་འདྲ་ཡིན་ལ། ཤོག་པ་ནི་དེ་དུས་ཀྱི་དམག་གི་རུ་ཁག་གཅིག་ལ་གོ་བར་སྙམ།
     ཨ་ལའི་ཁུངས་སུ་གནའ་དུས་དགོན་པ་གཉིས་སུ་མཆིས་ཤིང་། དེ་གཉིས་ནི་དེང་སང་གནས་པའི་ཨ་ལ་དེའུ་མགོའི་དགོན་བདེ་ཆེན་ཐར་བ་གླིང་དང་། བོག་ཚའི་སྒར་རམ་སྒར་ཆག་ནང་།《མདོ་སྨད་ཀླུ་སྟོད་ཀྱི་ལོ་རྒྱུས》⑸ཤོག་ངོས༡༥༥ལས་རྗེས་ཤིག་ཏུ་ལྷ་མོའི་ཉིན་གྱི་བཀྲ་ཡཱ་བླ་མ་འཇམ་དབྱངས་དོན་གྲུབ་ཀྱིས་དགོན་གཅིག་བསྡུས་མཛད་དེ་དེའུ་མགོའི་དགོན་བདེ་ཆེན་ཐར་བ་གླིང་བཏབ་ང་དང་དགའ་ལྡན་ལྔ་མཆོད་ཚུགས་ཞེས་བཀོད་ཡོད། འདི་ལ་ཆེས་མང་ན་གྲྭ་བ་བརྒྱ་དང་ཉུང་ན་གྲྭ་བ་༧༠་ལྷག་བཞུགས་ཡོད། གནས་འདི་རུ་ད་དུང་སྲིད་པའི་གཉན་ཆེན་འཐུ་བོ་ཆེ་ཐེས་བཏགས་པ《མདོ་སྨད་བྱང་ཤར་གྱི་ཚོ་བ་ཤོག་པའི་ལོ་རྒྱུས་དང་རིག་གནས་བཙས་པར་དཔྱད་པ》⑹ལས་ཤོག་ངོས༢༤༤བར། རབ་བྱུང་བཅུ་གསུམ་པའི་མེ་ཡོས་ཏེ་སྤྱི་ལོ༡༧༤༧ལོར་གསེར་ཁྲི་རྒྱལ་མཚན་སེང་གེ་མཆོག་སོག་པོ་ཝང་བསྟན་འཛིན་དབང་ཕྱུག་གིས་གདན་ཞུས། སྟག་ཚང་ལྷ་མོར་ཕེབས་ཏེ་ས་བརྟག་བསླང་ཞིང་དགོན་པ་བཏབ། ཅོ་ནེ་དཔོན་པོ་འཇམ་དབྱངས་ནོར་བུས་བསྟན་འགྱུར་ཆ་ཚང་ཕུལ། ཨ་ལ་དུས་འཁོར་གླིང་དང་ཨ་ལ་ཤོག་པ་ལྔ། རྐྱང་ཚ་རུས་ཚོ་གསུམ་བཅས་པ་མཆོད་ཐེབས་སུ་ཕུལ། ཟམ་ཚའི་ཡུལ་ཚོ་ཀུན་ཀྱང་ལྷ་མོའི་ལྷ་སྡེར་གྱུར། ལ་ལར་འདི་ནི་ས་སྐྱོང་མི་ཡི་དབང་བོ་ཅོ་ནེ་དཔོན་རབས་བཅུ་གཅིག་པ་དམག་ཟོར་དགོན་པོས་ཨ་ལ་ཤོག་པ་ལྔ་དང་རྐྱང་ཚ་ཚོ་བ་གསུམ་དགོན་ལག་ཁ་ཤས་དང་བཅས་ཁྲི་རྒྱལ་མཚན་སེངྒེ་ཚང་ལ་ཕུལ་ཞེས་བཀོད་ཡོད། 
ལྔ། མཇུག་གི་གཏམ།
     མདོ་སྨད་ཀླུ་ཆུའི་འབབ་ཡུལ་དུ་སྔ་མོ་ནས་བོད་ཀྱི་མི་རྒྱུད་འཚོ་ཞིང་གནས་པ་སྡེ་སྲིད་སངས་རྒྱས་རྒྱ་མཚོའི《བཻ་དཀར་གཡའ་སེལ》དང་སུམ་པའི་རང་རྣམ། ཐུའུ་བཀཱན་བློ་བཟང་ཆོས་ཀྱི་ཉི་མའི《དགོན་ལུང་དཀར་ཆགས》ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཀའ་འབུམ་《བཀའ་ཆེམས་ཀ་ཁོལ་མ》སོགས་སུ་གསུངས་ཡོད་ལ། ལྷག་དོན《བཀའ་ཆེམས་ཀ་ཁོལ་མ》ལས་རི་བོ་པདྨ་ཅན་ཞེས་བྱ་བ莲花山ཡོད་ཅེས་གསུངས་པ་དང་། 《མདོ་སྨད་ཀླུ་སྟོད་ཀྱི་ལོ་རྒྱུས》⑺ཤོག་ངོས་༡༣ལས་མན་ལུང་གུ་རུ་རུས་བྲག་ལ་སྐས་ཀྱིས་ཕྱིན་པའི་རྩེ་མོ་ཀོང་ཙེས་བཞེངས་པའི་ལྷ་ཁང་འཇམ་དབྱངས་བྱིན་ཅན་ཞིག་བཞུགས་ཡོད་པ་སོགས་ཀྱིས་གསལ། ཀོང་ཙེས་འཕྲུལ་རྒྱལ་རྒྱ་ནག་གི་མཁས་པ孔子ཡིན་པར་བཞེད་ཅིང་། དེ་ནི་སྟོན་པ་གཤེན་རབ་དང་དུས་མཉམ་དུ་འཚོ་བ་ལྕང་སྐྱ་རལ་བའི་རྡོ་རྗེ་ཡི་གསུངས་སུ་འཁོད་ཡོད། ད་དུང་ཁུང་ཙིའི་དུས་སུ་བོད་ལ་དགོན་པ་ཡོད་པ་མ་ཟད། ཁུང་ཙི་བོད་དུ་བྱོན་ནས་འབུམ་གླིང་དགོན་སོགས་ལ་སྐུ་བརྙན་བཞེངས་བ། རྒྱ་ནག་པས་ཀྱང་བོད་སྐད་ཀྱི་སྒྲ་མ་བསྒྱུར་བར་ད་ལྟའི་བར་དུ་འབུམ་གླིང་དགོན་ལ炳灵寺ཟེར་བ་དག་ཅེས་བཀོད་ཡོད། དེ་བས་ཀླུ་ཆུའི་རྒྱུན་དུ་བོད་ཀྱི་མི་རྒྱུད་ཆགས་པ་རྟོགས་ཐུབ་པར་སྣང་། འདིར་གནས་བའི་ཨ་ལའི་མི་རྒྱུད་འདི་ནི་གནའ་ནས་བཟུང་བོད་ཀྱི་རུས་རྒྱུད་སྤྱང་དུ་གཏོགས་ལ། དེ་ནི《མདོ་སྨད་གཙོས་ཀྱི་སྲིད་དོན་ལོ་རྒྱུས་དྲི་ཤེལ་དཀར་མེ་ལོང》⑻ལས་ཤོག་ངོས༥༥བར་བསྟན་པ་ཕྱི་དར་སྐབས་ནས་ས་ཁྱི་ལོའི་ཡར་སྔོན་དུ་ཐེ་བོ་དང་ཀླུ་ཆུའི་སྟོད་སྨད་ན་བསྐལ་བ་ཡ་ཐོག་གི་འབྲུ་རིགས་ཞེས་ནས་ཕུག་རོན་ཙམ། སྲན་མ་དུང་དཀར་ཙམ། ཟར་མ་གླང་ལྗགས་ཙམ། ཞེས་རྟེན་རྩ་ཆེན་དུ་བརྩིས་ནས་དགོན་པ་སོ་སོའི་རྟེན་ཁྲོད་དང་ལྷ་སྐུའི་གཟུངས་བཞུགས་སུ་ཕུལ་ནས་ཉར་ཚོགས་བྱས་ཡོད་པ་ཡིན། གནད་དོན་འདིའི་ཐོག་ནས་ང་ཚོས་ཤེས་ནུས་པ་ནི་ལོ་ངོ་བཞི་སྟོང་གོང་གི་གདོད་མའི་བོད་སྤྱང་རོང་ཚོ་བ་རྣམས་འབྲོག་ལས་གཙོ་བོ་གཉེར་བ་ཞིག་ནས་ཞིང་ལས་གཉེར་བའི་སྤྱི་ཚོགས་སུ་རིམ་འཕར་བྱུང་ཡོད་ཅེས་བཀོད་པ་ལྟར། ཨ་ལ་ཤོག་པ་བཞི་ཡང་ལོ་རྒྱུས་འདི་ལ་གཞོལ་དུ་མེད་པར་འདྲ་མཉམ་སུ་མཆིས་སོ།། གང་ལྟར་རང་ཉིད་སློབ་འབྲིང་ནས་བཟུང་དཔེ་ཆ་ཀློག་པར་སྤྲོ་བ་ཅུང་ཙམ་ཡོད་པས་ལོ་རྒྱུས་དང་རྩོམ་རིག་རགས་རིམ་ལྟ་ཁུལ་བྱས་མྱོང་། དུས་དེ་ནས་ཕ་ཕ་ས་ཕ་ཡུལ་འདིའི་ཁོངས་དང་བྱུང་བར་ངོས་འཛིན་དང་གསལ་སྣང་ཐུབ་པ་ཞིག་བྱ་དགོས་པའི་ཐོག་མའི་སྐུལ་སློང་གཙང་མ་སྣབས་ཏེ་སློབ་འབྲིང་ནས་སློབ་ཆེན། སློབ་ཆེན་ནས་ཞིབ་འཇུག་གི་ཚོ་བའི་ནང་རང་ནུས་ཚོད་ཀྱིས་དཔྱད་གཞི་འཚོལ་བསྡུ་དང་འདོར་ལེན། དཔེ་ཀློག་སོགས་བརྒྱུད་རིམ་གང་མང་ཞིག་ལས་དཔྱད་རྩོམ་འདི་འབྲི་ཁུལ་ཙམ་བྱས་པ་ཡིན།
དྲུག ལུང་ཁུངས་དང་མཆན་འགྲེལ།
⑴ཨ་བར་ལོ་རྒྱུས་རྩོམ་སྒྲིག་ཁང་། 《འགར་རྩེ་ཁ་གསུམ་དང་རོང་འབྲོག་ཚོ་ལྔའི་བྱུང་བ་བརྗོད་པ་ཆོས་སྲོད་ཉི་ཟླའི་འོད་རླབས་ཞེས་བྱ་བ་བཞུགས་སོ།།》「M」 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།(༡༠༤ནས་༡༠༥བར)
⑵གཙོས་ཤེས་རབ་རྒྱ་མཚོས་བརྩམས།《མདོ་སྨད་གཙོས་ཀྱི་སྲིད་དོན་ལོ་རྒྱུས་དྲི་ཤེལ་དཀར་མེ་ལོང་།》「M」ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།(ཤོག་ངོས༣༢ནས༧༣བར།)
⑶འབྲུག་ཐར་གྱིས་བརྩམས།《མདོ་སྨད་བྱང¬་ཤར་གྱི་ཚོ་བ་ཤོག་པའི་ལོ་རྒྱུས་དང་རིག་གནས་བཅས་པར་དཔྱད་པ།》 「M」མི་རིགས་དཔེ་སྐྲུན་ཁང་།(ཤོག་ངོས་༢༢༤ ཤོག་ངོས།)
⑷འབྲུག་ཐར་གྱིས་བརྩམས།《མདོ་སྨད་བྱང་ཤར་གྱི་ཚོ་བ་ཤོག་པའི་ལོ་རྒྱུས་དང་རིག་གནས་བཅས་པར་དཔྱད་པ།》「M」མི་རིགས་དཔེ་སྐྲུན་ཁང་།(ཤོག་ངོས་༢༤༩ནས་ཤོག་ངོས་༢༥༣ བར)
⑸མ་ངེ་གྲགས་པ་རྒྱ་མཚོས་བརྩམས། 《 མདོ་སྨད་ཀླུ་སྟོད་ཀྱི་ལོ་རྒྱུས》「M」 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།(ཤོག་ངོས༡༥༥)
⑹འབྲུག་ཐར་གྱིས་བརྩམས།《མདོ་སྨད་བྱང¬་ཤར་གྱི་ཚོ་བ་ཤོག་པའི་ལོ་རྒྱུས་དང་རིག་གནས་བཅས་པར་དཔྱད་པ།》「M」མི་རིགས་དཔེ་སྐྲུན་ཁང་།(ཤོག་ངོས༢༤༤བར)
⑺མ་ངེ་གྲགས་པ་རྒྱ་མཚོས་བརྩམས། 《མདོ་སྨད་ཀླུ་སྟོད་ཀྱི་ལོ་རྒྱུས།》「M」ཤོག་ངོས་༡༣ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
⑻གཙོས་ཤེས་རབ་རྒྱ་མཚོས་བརྩམས།《མདོ་སྨད་གཙོས་ཀྱི་སྲིད་དོན་ལོ་རྒྱུས་དྲི་ཤེལ་དཀར་མེ་ལོང་》「M」ཤོག་ངོས༥༥ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
༡.(ཞང)ཞང་ནི་县ཞེས་པའི་རྒྱ་ཡིག་གི་སྒྲ་གསོར་འཇོག་བྱས་པ་ཡིན་ལ། དེ་ནི་རྒྱའི་སྲིད་འཛིན་ས་ཁུལ་གྱི་དབྱེ་སྟངས་ཤིག
༢.(ཤོག་པ)སྡེ་ཚོ་སྟེ། དཔེར་ན། གཡས་རུའི་ཤོག་པ་དང་གཡས་ཤོག གཡོན་རུའི་ཤོག་པ། འདམ་བརྒྱད་ཤོག་པ་དང་སྦྲ་ནག་ཤོག་པ་ལྟ་བུ།
༣.(བོག་ཙ)ལ་ལར་སྦོག་ཚ་དང་བོག་ཚ་ཞེས་འབྲི། དེ་ནི་ཨ་ལ་ཤོག་པ་ལྔའི་ཡ་གྱལ་ཏེ་སྦོག་ཚ་ཤོག་པར་གོ དེ་ལ་གནའ་དུས་སུ་སྦོག་ཚ་དང་རྒྱལ་མཁར་སྡེ་ཚོ་གཉིས།
༤.(འབོ་ར)ཤོག་པ་ལྔའི་ཡ་གྱལ། དེ་ལ་འབོ་ར་དང་ལ་ཡར་སྡེ་ཚོ་གཉིས།
༥.《ལྗོང་ཆེན》 《 མདོ་སྨད་བྱང་ཤར་གྱི་ཚོ་བ་ཤོག་པའི་ལོ་རྒྱུས》ནང་དུ་རྫོང་ཆེན་ཞེས་བཀོད་འདུག དེ་ནི་བོད་བཙན་པོའི་རིང་གི་རྟ་དམག་རྫོང་ཆེན་བཅུ་གསུམ་གྱི་ནང་ཚན་ཡིན་པར་བཤད། འདི་ལ་རྫོང་ཆེན་དང་མཁར་གི་ནང་བཅས་སྡེ་ཚོ་གཉིས།
༦.(སྐྱ་བོ་སྒང)ཡ་རུ་ཤོག་པའི་ཡ་གྱལ་ཞིག ཡ་རུ་ཤོག་པར་ཡ་རུ་དང་མ་རུ། འབར་ཚ། སྐྱ་བོ་སྒང་བཅས་སྡེ་ཚོ་བཞི།
༧.(སྐྱིད་ཚ)ལ་ལར་འཐན་མདོ། དེ་ནི་སྔོན་སྒྱུས་ཚང་ནགས་རིའི་ཁོངས་གཏོགས་ཡིན་ལ། འཐན་མདོ་དང་འཐན་ཕུག་གཉིས་ཀྱི་མི་རྒྱུད་གོང་མ་ནི་རུ་བཞིའི་ནང་ཚན་ཡིན་པ་དང་། དེ་དང་ཀླུ་ཤོལ་གྱི་སྐྱིད་ཚང་སྟོད་སྨད་དང་། ཨ་མཆོག་གི་སྐྱིད་ཚང་། སྐྱིད་ལང་གི་སྐྱིད་ཚང་བཅས་རྣམས་གདུང་ཁུངས་གཅིག་ཡིན་པ་དང་། དེ་གཉིས་ཀྱི་ནང་ཚན་དུ་ཁྱི་སྒད་དང་ཁ་བས། གྲོ་ཚང་སོགས་ཚོ་སྐོར་འགའ་ཞིག་མཆིས་ཀྱང་གྲོ་ཚང་དང་རེབ་ཀོང་མདོ་བའི་གྲོ་ཚང་། མདོ་སྨད་གྲོ་ཚང་རྣམས་ནི་གདུང་ཁུངས་གཅིག་པ་དང་། ཀུན་ཀྱང་དབུས་གཙང་གི་གྲོ་རྒྱལ་མཚན་སེང་གེ་ལས་མཆེད།
བདུན། ཟུར་ལྟའི་ཡིག་ཆ།
༡.འབྲུག་ཐར་དང་སངས་རྒྱས་ཚེ་རིང་གཉིས་ཀྱིས་བརྩམས།《མདོ་སྨད་རྨ་ཁུག་ཚ་འགྲམ་ཡུལ་གྲུའི་ལོ་རྒྱུས་དེབ་ཐེར་ཆེན་མོ》「M」
༢.བྲག་དགོན་པ་དཀོན་ཆོགས་བསྟན་པ་རབ་རྒྱས།《མདོ་སྨད་ཆོས་འབྱུང》「M」ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
༣.འབྲུག་ཐར་གྱིས་བརྩམས།《མདོ་སྨད་བྱང་ཤར་གྱི་ཚོ་བ་ཤོག་པའི་ལོ་རྒྱུས་དང་རིག་གནས་བཅས་པར་དཔྱད་པ།》「M」 མི་རིགས་དཔེ་སྐྲུན་ཁང་། ཤོག༢༤༠ནས༢༤༧བར།
༤.《འགར་རྩར་ཁག་གསུམ་དང་རོང་འབྲོག་ཚོ་ལྔའི་བྱུང་བ་བརྗོད་པ་ཆོས་སྲོད་ཉི་ཟླའི་འོད་རླབས་ཞེས་བྱ་བ་བཞུགས་སོ།།》「M」ཨ་བར་ལོ་རྒྱུས་རྩོམ་སྒྲིག་ཁང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
༥.ལྷ་མཆོག་རྒྱལ་དང་འབྲུག་ཐར་གྱིས་རྩོམ་སྒྲིག་བྱས།《ཀན་ལྷོའི་བོད་རིགས་ཚོ་ཁག་གི་སྤྱི་ཚོགས་དང་རིག་གནས།》「M」ཀན་ལྷོའི་སྲོལ་རྒྱུན་རིག་གནས་དཔེ་ཚོགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།
༦. སྒང་རྒྱལ་མཚན་ཚེ་རིང་གིས་བརྩམས། 《དམངས་སྲོལ་རིག་པ་སྤྱི་བཤད།》「M」མི་རིགས་དཔེ་སྐྲུན་ཁང་།
༧. གཙོས་ཤེས་རབ་རྒྱ་མཚོས་བརྩམས། 《མདོ་སྨད་གཙོས་ཀྱི་སྲིད་དོན་ལོ་རྒྱུས་དྲི་ཤེལ་དཀར་མེ་ལོང་།》「M」ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
༨. མ་ངེ་གྲགས་པ་རྒྱ་མཚོས་བརྩམས།《མདོ་སྨད་ཀླུ་སྟོད་ཀྱི་ལོ་རྒྱུས》「M」 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
༩.སྲུང་བཙན་སྒམ་པོ། 《བཀའ་ཆེམས་ཀ་ཁོལ་མ》 「M」

མདོ་སྨད་ཀླུ་ཆུ་རྫོང་ཨ་ལ་ཤོག་པ་ལྔའི་མི་རྒྱུད་ཀྱི་བྱུང་བ་དང་ཡུལ་གྱི་ཁྱད་ཆོས་སྐོར་རགས་ཙམ་བརྗོད་པ།
浅谈碌曲县阿拉乡的起源与地方的特点
ཀླུ་ཨ་རྡོར། སྤྱི་ལོ་༡༠༡༦ལོར་ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོ་ནས་དངོས་གཞི་སློབ་མཐར་ཕྱིན། ད་ལྟ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཞིབ་འཇུག་སློབ་གླིང་དུ་ཤེས་རམས་པའི་སློབ་གཉེར་བྱེད་བཞིན་ཡོད།
ས་གནས། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ། (北京市海淀区中关村南大街27号中央民族大学)

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...