སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་དུས་མཚམས་དབྱེ་སྟངས་སྐོར་ལ་རགས་ཙམ་གླེང་བ།
རྩོམ་པ་པོ། ཀླུ་ཨ་རྡོར། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-11-20 11:04:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་དུས་མཚམས་དབྱེ་སྟངས་སྐོར་ལ་རགས་ཙམ་གླེང་བ།
ཀླུ་ཨ་རྡོར།
ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་དེང་རབས་ཀྱི་རིག་རྩོམ་ལོ་རྒྱུས་ལ་དུས་མཚམས་དབྱེ་སྟངས་ལ་རིགས་མི་འདྲ་བ་སྣ་ཚོགས་སུ་སྣང་ལ། འོན་ཀྱང་། བོད་ཀྱི་མེས་པོ་སྟེ་བོན་གྱི་རིག་རྩོམ་ཁོངས་སུ་བསྡུས་པ་ཉུང་བའི་ཆད་ལྷག་བྱུང་བས། རིག་རྩོམ་གྱི་དུས་མཚམས་དྲུག་དུ་དགར་ནས་ཅུང་ཟད་དཔྱད་ཡོད།
བརྡ་ཆད་གཙོ་བོ། བོད། རིག་རྩོམ། ལོ་རྒྱུས། དུས་མཚམས།
དང་པོ།  ཉེ་རབས་བོད་ཀྱི་རིག་རྩོམ་ལོ་རྒྱུས་དུས་མཚམས་དབྱེ་སྟངས་ལ་ཞིབ་བསྡུར།
     (ཀ) སྤྱི་ལོ་༡༩༩༩ལོར་ནུབ་བྱང་མི་རིགས་སློབ་གླིང་གི་དགེ་རྒན་དཔའ་རྩེ་དང་། གཙོས་མི་རིགས་དགེ་འོས་སློབ་གླིང་གི་དགེ་རྒན་ཆེན་མོ་ལྷ་རྒྱལ་ཚེ་རིང་གཉིས་ཀྱིས《བོད་ཀྱི་རྩོམ་རིག་བྱུང་འཕེལ་ལོ་རྒྱུས་དང་ཁྱད་ཆོས》ལས་དུས་མཚམས་དབྱེ་སྟངས། དཔེ་དེབ་འདིར་བོད་ཀྱི་རིག་རྩོམ་བྱུང་འཕེལ་གྱི་ལོ་རྒྱུས་འདི་དབྱེ་མཚམས་གསུམ་དུ་དགར་ཡོད་དེ། ༡. གནའ་རབས་རིག་རྩོམ་ནི་བོད་གདོད་མ་ནས་ས་སྐྱ་གོང་མའི་དུས་སྐབས་ཀྱི་བར། རྒྱུ་མཚན། (༡)རྩོམ་པ་པོའི་ཆ་ནས་སྔ་ཕྱི་མི་འདྲ་བ། གདོད་མའི་དུས་སྐབས་ནས་བཟུང་ཡིག་རྩོམ་མེད་པ་མ་གཏོགས་ངག་རྩོམ་ནི་དམངས་ཁྲོད་ནས་ཕན་ཚུན་གྱི་ངག་ནས་ངག་ཏུ་བརྒྱུས་ཏེ་དར་བ་ཞིག་ཡིན་པས་རིག་རྩོམ་གི་ཐོག་མ་གདོད་མིའི་དུས་ནས་ངོས་འཛིན་དགོས་པ། ས་སྐྱ་བའི་ཡན་ཆད་ཀྱི་རྩམ་པ་པོ་ཕལ་མོ་ཆེའམ་གྲངས་ཚད་ཀྱི་ཆ་ནས་ཕལ་ཆེར་མང་ཆེ་བ་འཇིག་རྟེན་ཆུམས་པའི་རིགས་སུ་གཏོགས་ཤིང་རབ་བྱུང་བ་ཡིན་དགོས་པའི་ངེས་པ་མེད།  འོན་ཀྱང་ས་སྐྱ་བའི་མན་ཆད་ནས་བཟུང་མང་ཤས་ནི་ཆོས་ལུགས་པའམ་རབ་བྱུང་བའི་སྡེར་གཏོགས། (༢)བརྗོད་བྱའི་བསྟན་དོན་གྱི་ཆ་ནས་སྔ་ཕྱི་མི་འདྲ་བ། ས་སྐྱ་བའི་ཡན་ཆད་ཀྱི་བརྗོད་བྱ་ཕལ་ཆེ་ཤས་ཤིག་ནི་སྤྱི་ཚོགས་འཚོ་བ་མཚོན་པའི་རིགས་སུ་གྱུར། ས་སྐྱ་བའི་མན་ཆད་ནས་རིག་རྩོམ་གི་བརྗོད་བྱ་ནི་སྤྱི་ཚོགས་འཚོ་བ་མཚོན་པ་ལས་གཞོལ་དེ་ཆོས་ལུགས་མཚོན་པའི་ཕྱོགས་སུ་འཕེལ། (༣)སྒྱུ་རྩལ་མཚོན་ཐབས་ཀྱི་ཆ་ནས་སྔ་ཕྱི་མི་འདྲ་བ། ས་སྐྱ་བའི་ཡན་ཆད་ཀྱི་སྒྱུ་རྩལ་མཚོན་ཐབས་ནི་བོད་རང་གི་འཚོ་རྐྱང་རྐྱང་ནས་བྱུང་བ་ཡིན་པས་མི་རིགས་གཞན་གྱི་ཤུགས་རྐྱེན་མ་ཐེབས་པ། ས་སྐྱ་བའི་རྗེས་ནས་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས《སྙན་ངག་མེ་ལོང་མ》ཆ་ཚང་བར་བོད་ལ་སྒྱུར་བས་རྒྱ་གར་རིག་རྩོམ་ལ་སློབ་སྦྱོང་དང་རྒྱ་གར་རིག་རྩོམ་ནང་འདྲེན་བྱས་པས་དེའི་དུས་ནས་བཟུང་མེ་ལོང་མའི་ལུགས་ལྟར་རྩོམ་པའི་འགོ་ཚུགས་སོ༎ (༤)རྩོམ་པ་པོའི་བརྩམས་ཆོས་དང་དམངས་རྩོམ། འགྱུར་རྩོམ་བཅས་ཀྱི་གྲངས་ཚད་ཀྱི་ཆ་ནས་སྔ་ཕྱི་མི་འདྲ་བ། ས་སྐྱ་ཡན་ཆད་ནས་བོད་རང་གི་རྩོམ་པ་པོས་ཡིག་ཐོག་ནས་བརྩམ་བརྩམས་ཆོས་ནི་ཉུང་ལ་ངག་རྩོམ་མམ་དམངས་རྩོམ་མང་དུ་བྱུང་། ས་སྐྱ་བའི་རྗེས་ནས་ངག་རྩོམ་ཉུང་ཞིང་ཡིག་རྩོམ་མང་དུ་འཕེལ། འགྱུར་རྩོམ་ཐད་ནས་ས་སྐྱ་བའི་ཡན་ཆད་གཙོ་ཆེར་ཆོས་ལུགས་ནང་འདྲེན་དང་ཆོས་གཞུང་སྒྱུར་བར་རྩོམ། ས་སྐྱ་བའི་ནམ་ཆད་ནས་ལོ་ཙཱ་བ་རབ་དགུ་སོགས་ལས་ཆོས་ལུགས་གཙོ་བ་དང་རིག་རྩོམ་ཡང་གང་མང་ཞིག་བོད་སྐད་དུ་སྒྱུར་རོ།། གཉིས་པ། སྔ་དར་རིག་རྩོམ འདི་ནས་ས་སྐྱ་བ་ནས་རྒྱལ་དབང་ལྔ་བའི་སྐབས་ཀྱི་མདོ་མཁར་བ་ཞབས་དྲུང་ཚེ་རིང་དབང་རྒྱལ་གྱིས《མི་དབང་རྟོགས་བརྗོད》《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》བརྩམས་པའི་བར་ངོས་བཟུང་། འདི་ལྟར་མཚམས་དབྱེ་དགོས་དོན་ནི(༡)རྩོམ་པ་པོའི་ཆ་ནས་དེ་དུས་སུ་རབ་བྱུང་བ་གཅིག་པུ་མ་ཡིན་པར་མདོ་མཁར་བ་དང་ཤེལ་དཀར་གླིང་བ་མི་འགྱུར་ལྷུན་གྲུབ། རྡོ་རིང་བསྟན་འཛིན་དཔལ་འབྱོར་སོགས་འཇིག་རྟེན་ཆུམས་པ་བའི་རྩོམ་པ་པོ་གང་མང་བྱུང་བས། (༢)བརྗོད་བྱའི་བསྟན་དོན་གྱི་ཆ་ནས་མདོ་མཁར་བའི་སྐབས་ནས་ཕྱིའི་སུ་སྤྱི་ཚོགས་མཚོན་པའི་འགོ་ཚུགས། (༣)སྒྱུ་རྩལ་མཚོན་ཐབས་ཀྱི་ཆ་ནས་སྔོན་མེ་ལོང་མའི་གཞུང་ཇི་བཞིན་གསར་རྩོམ་དུ་བཀོད་པ། མདོ་མཁར་བ་ནས་མེ་ལོང་མའི་ལུགས་ཇི་བཞིན་གསར་རྩོམ་དུ་བཀོད་མེད། སྐབས་དེར་རབ་སྤེལ་གྱི་རྒྱན་ལ་ངོས་ཤེས་ཟབ་མོ་སྐྱེས་པས་རྒྱན་སོགས་བསྲེས་མར་སྤེལ་བ་ཡིན། (༤)འགྱུར་རྩོམ་ཆ་ནས་མདོ་མཁར་བའི་མན་ཆད་ནས་ཕལ་ཆེར་རྒྱ་གར་རིག་རྩོམ་བོད་སྐད་དུ་སྒྱུར་བའི་ཚད་ཇེ་ཞན་དུ་གྱུར་བའམ་མཚམས་ཆད་པར་གྱུར།  
     (ཁ)《དེང་རབས་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཞིབ་འཇུག》ལས་གངས་མཚོའི《བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་དུས་མཚམས་དབྱེ་སྟངས་སྐོར་ལ་རགས་ཙམ་གླེང་བ》ཞེས་པའི་ནང་བོད་ཀྱི་རིག་རྩོམ་ལོ་རྒྱུས་ཀྱི་དུས་མཚམས་དབྱེ་དུས་ངེས་པར་དུ་བོད་ཀྱི་ལོ་རྒྱུས་འཕེལ་རིམ་དང་དེ་ལ་ཡོངས་གྲགས་སུ་སྨྲས་པའི་ཐ་སྙད་བེད་སྤྱོད་དགོས་པ་ལྟར། དུས་མཚམས་ལྔར་དབྱེ་ཡོད་པ། དང་པོ། གནའ་ནས་བཙན་པོའི་སྐབས་ཀྱི་རིག་རྩོམ(གནའ་ནས་སྤྱི་ལོ༡༤༢བར) གཉིས་པ། སིལ་བུའི་སྐབས་ཀྱི་རིག་རྩོམ(སྤྱི་ལོ་༨༤༣ནས་༡༢༦༤བར)གསུམ་པ། ས་སྐྱ་ནས་གཙང་པའི་བར། (སྤྱི་ལོ༡༢༦༥ནས་༡༦༤༤བར)བཞི་བ། དགའ་ལྡན་ཕོ་བྲང་ནས་བོད་ཞི་བའི་བཅིངས་འགྲོལ་ཐོབ་པ། (སྤྱི་ལོ་༡༦༤༥ནས་༡༩༤༩བར)ལྔ་བ། སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་དུས་སྐབས་ཀྱི་བོད་ཀྱི་རིག་རྩོམ་བཅས།
     (ག)བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་གཞིར་གྱུར་བ་ལྷག་པ་ཆོས་འཕེལ་གྱིས་བརྩམས་པའི《བོད་ཀྱི་རྩོམ་རིག་ལོ་རྒྱུས》ཤེས་པར་བོད་ཀྱི་རིག་རྩོམ་ལོ་རྒྱུས་ཀྱི་དུས་མཚམས་གསུམ་དུ་དགར་ཡོད་དེ། དང་པོ། གནའ་རབས་རིག་རྩོམ(བོད་གདོད་མ་ནས་བོད་སིལ་བུའི་དུས་སྐབས་བར)གཉིས་པ། བར་དར་རིག་རྩོམ(བོད་སིལ་བུའི་དུས་ནས་ས་སྐྱ་བ་དང་ཕག་གྲུའི་དུས་སྐབས་ཀྱི་བར) གསུམ་པ། ཉེ་རབས་རིག་རྩོམ(རྒྱལ་དབང་ལྔ་བ་ནས་ད་ལྟའི་བར་བར)
     (ང)བསོད་ནམས་རྒྱལ་མཚན་གྱི《བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་དུས་མཚམས་དབྱེ་སྟངས་རགས་ཙམ་དཔྱད་པ》ཞེས་པར་ཆབ་སྲིད་ཀྱི་ཚད་གཞི་ལྟར་དུས་སྐབས་དྲུག་ཏུ་དབྱེ་ཡོད་དེ། དང་པོ། སྲོང་བཙན་ཡར་སྔོན་གྱི་རིག་རྩོམ(གདོད་མ་ནས་སྤྱི་ལོ་༦༢༩ལོའི་བར) གཉིས་པ། བཙན་པོའི་རྒྱལ་རབས་དུས་སྐབས་ཀྱི་རིག་རྩོམ(སྤྱི་ལོ༦༢༥ནས་༨༤༢བར) གསུམ་པ། སིལ་བུའི་དུས་སྐབས་ཀྱི་རིག་རྩོམ(སྤྱི་ལོ༨༤༣ནས་༡༢༥༢བར)བཞི་བ། ས་སྐྱ་བའི་དུས་སྐབས་ཀྱི་རིག་རྩོམ(སྤྱི་ལོ་༡༢༥༢ནས་༡༣༥༤བར)ལྔ་བ། བཀའ་བརྒྱུད་པའི་དུས་སྐབས་ཀྱི་རིག་རྩོམ(སྤྱི་ལོ་༢༣༥༣ནས༡༦༤༢བར)དྲུག་པ། དགའ་ལྡན་ཕོ་བྲང་བའི་དུས་སྐབས་ཀྱི་རིག་རྩོམ(སྤྱི་ལོ་༡༦༤༢ནས་༡༩༤༥བར)
     (ཅ)ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི《བོད་ཀྱི་རྩོམ་རིག་ལོ་རྒྱུས》རྩོམ་སྒྲིག་ཚོགས་ཆུང་གིས་རྩོམ་བསྒྲིགས་བྱས་པའི་དཔེ་དེབ་སུ་སྐབས་དང་པོ། གདོད་མའི་སྤྱི་ཚོགས་དང་བྲན་གཡོག་ལམ་ལུགས་སྤྱི་ཚོགས་དུས་སྐབས་ཀྱི་བོད་ཀྱི་རིག་རྩོམ(གདོད་མ་ནས་སྤྱི་ལོ༨༤༢བར)སྐབས་གཉིས་པ། བཀས་བཀོད་རྒྱུད་འཛིན་གྱི་ས་ཁོངས་བཅད་བཟུང་དུས་སྐབས་ཀྱི་བོད་ཀྱི་རིག་རྩོམ(སྤྱི་ལོ༨༤༢ནས་༡༢༦༤བར) སྐབས་གསུམ་པ། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་སྤྱི་ཚོགས་སྔ་ཆའི་དུས་སྐབས་ཀྱི་བོད་ཀྱི་རིག་རྩོམ(སྤྱི་ལོ༡༢༦༤ནས་༡༦༤༤བར)སྐབས་བཞི་བ། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་སྤྱི་ཚོགས་ཕྱི་ཆའི་དུས་སྐབས་ཀྱི་བོད་ཀྱི་རིག་རྩོམ(སྤྱི་ལོ༡༦༤༥ནས་༡༩༤༩བར)
     (ཆ)མཚོ་སྔོན་དགེ་འོས་སློབ་གླིང་གི་དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོས་རྩོམ་བསྒྲིགས་བྱས་པའི《བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན》ཞེས་པར་སྐབས་དང་པོ། གདོད་མའི་དུས་སྐབས་དང་སྤུ་རྒྱལ་བཙན་པོའི་དུས་སྐབས་ཀྱི་རིག་རྩོམ(གནའ་དུས་སྔ་མོ་ནས་སྤྱི་ལོ་༨༤༢བར)སྐབས་གཉིས་པ། བོད་སིལ་བུའི་དུས་སྐབས་ཀྱི་རིག་རྩོམ(སྤྱི་ལོ༨༤༣ནས་༡༢༥༢བར)སྐབས་གསུམ་བ། ས་ཕག་རིག་གཙང་གི་དུས་སྐབསཀྱི་རིག་རྩོམ(སྤྱི་ལོ་༡༢༥༣ནས་༡༦༤༡བར)སྐབས་བཞི་བ། དགའ་ལྡན་ཕོ་བྲང་གི་དུས་སྐབས་ཀྱི་རིག་རྩོམས།(སྤྱི་ལོ་༡༦༤༢ནས་༡༩༤༩བར)
     (ཇ)བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་གཞོན་པ་ལྷག་པ་ཆོས་འཕེལ་གྱིས་བརྩམས་བསྒྲིགས་བྱས་པའི《བོད་ཀྱི་རྩོམ་རིག་ལོ་རྒྱུས་མུན་སེལ་སྒྲོན་མེ》ཞེས་པར་སྐབས་དང་པོ། བོད་ཀྱི་གནའ་རབས་རིག་རྩོམ(གདོད་མ་ནས་གླང་དར་ཡར་སྔོན)སྐབས་གཉིས་པ། བོད་ཀྱི་ཉེ་རབས་རིག་རྩོམ(གླང་དར་ནས་བོད་ཞི་བའི་བཅིངས་འགྲོལ་མ་ཐོབ་བར)སྐབས་གསུམ་པ། བོད་ཀྱི་དེང་རབས་རིག་རྩོམ(བོད་ཞི་བའི་བཅིངས་འགྲོལ་ཐོབ་ཚུན་ནས་ད་ལྟའི་བར)
གཉིས་པ། རིག་རྩོམ་ལོ་རྒྱུས་ཀྱི་དུས་མཚམས་དབྱེ་སྟངས་གསར་བ།
     གང་ལྟར་ཉེ་རབས་སུ་བོད་ཀྱི་རིག་རྩོམ་ལོ་རྒྱུས་ཀྱི་དུས་མཚམས་དབྱེ་སྟངས་ལ་རིགས་གསུམ་དང་བཞི། ལྔ་དང་དྲུག་སོགས་དུ་མ་མཆིས་ཤིང་དེ་ཡང་དེང་དུས་ཀྱི་མཁས་པ་དང་སློབ་དཔོན་དག་གིས་བོད་ཀྱི་རིག་རྩོམ་དང་རིག་པའི་གཞུང་ལུགས་ཀྱི་བྱུང་བ་དག་ལ་བསྲེག་བཅད་བརྡར་བའི་གསེར་བཞིན་གཙོ་སྦྱང་དང་ཞུ་དག ལག་ལེན་བཏབ་པ་ལས་བྱུང་བའི་འབྲས་རྟགས་སུ་སྨིན་པ་ཅིའི་ཀྱང་སྨོས་བར་མ་བྲལ་ཞིང་། འདི་དག་ཐམས་ཅད་ཀྱང་ཁོང་དག་གི་བྱ་བཞག་རླབས་པོ་ཆེ་ང་ཅག་གིས་དུས་མིན་ཡུན་གྱིས་ཡི་རང་དང་དགའ་འབོད་བྱེད་ངེས། འོན་ཏང་། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ལས། བོད་ཡིག་ནི་སྔོན་གྱི་སྐད་ལ་བསྟན་ཏེ་ཡི་གེ་དང་རྣམ་དབྱེ་སོགས་མཛད་པ་ལས། རིམ་གྱིས་ཡིག་གཟུགས་མ་འགྱུར་ཞིང་སྐད་འགྱུར་བས་གླེགས་བམ་ལ་བྲིས་པ་རྣམས་མི་ཕལ་བས་གོ་མི་ནུས་པ་འདི་བྱུང་བ་ཡིན་ནོ། རྒྱ་གར་ལྟ་བུ་ལ་སྐད་འགྱུར་བ་ན་ཡི་གེ་དང་རྣམ་དབྱེ་སོགས་ཀྱང་བསྒྱུར་ནས་ལུགས་གསར་པ་བྱས་པས་ད་ལྟ་རྒྱ་གར་བའི་ཡི་གེ་བྲིས་པ་རྣམས་ཕལ་བ་ཐམས་ཅད་ཀྱིས་གོ་ནུས་ཤེས་གསུངས་པ་བཞིན། མི་རིགས་ཤིག་གི་ཡབ་མེས་གྱི་ལོ་རྒྱུས་ནི་འོ་སྐོལ་དག་གིས་དུས་རབས་ཀྱི་འཕེལ་འགྲོས་དང་བསྟུན་ནས་འཚོལ་ཞིབ་དང་བསམ་གཞིགས། ཞིབ་བསྡུར། རྟོགས་སློང་། ཁ་གསབ་དང་ཆ་ཚང་དུ་གཏོང་རྒྱུ་དེའང་ཤེས་རིག་གི་གཤིན་ས་འདིར་དུངས་པ་དང་ཡིད་ཆེས་འཁོལ་བའི་བོད་རིགས་མཁས་པ་དང་ན་གཞོན་ཤེས་ལྡན་པ། ཐ་ན་ཤ་རུས་ཁྲག་གསུམ་ཀྱི་རིགས་སུ་གྱུར་བ་ས་ཡ་གཉིས་ལྷག་གི་བོད་མི་ཀུན་ཀྱི་འོས་འགན་ཞིག་ག་ལ་མིན། ཡིན་ཀྱང་སྲིད། དཔེར་ན་རྒྱ་རིགས་ལྟ་བུ་ལ་མཚོན་ན་ཤེས་རིག་དར་ནས་ལོ་ངོ༢༥༠༠ལྷག་གི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་ད་ལྟའི་བར་ད་དུང་འཚལ་དང་བཙལ་བཞིན་པ་འདི་ལགས་སོ།། ཡོངས་གྲགས་སུ་བོད་ལ་མཚོན་ན་སྲོང་བཙན་དུས་ནས་བཟུང་ཡི་གེ་བྱུང་ཞིང་དུས་དེ་ནས་བཟུང་ཡིག་ཐོག་གི་རིག་རྩོམ་བྱུང་བར་བཞེད། དེ་བས་ད་ལྟའི་བར་ཆེས་རིང་ན་ལོ་ངོ༢༠༠༠ཙམ་འགོར་ཡོད་པ་ཀུན་ཀྱི་དྲན་པའི་ངོས་སུ་འཆར། ལ་ལ་ཞིག་གིས་སྲོང་བཙན་ཡར་སྔོན་བོད་ལ་ཡི་གེ་མེད་པར་འདོད། ལ་ལ་ཞིག་གིས་ཡོད་པ་རྟོགས་ཐུབ་ཀྱང་ཆོས་ལུགས་ཀྱི་ཕྱོགས་ཞེན་དང་རྙིང་ཞེན་གྱི་ལྟ་བ་ཞིག་གིས་དང་ལེན་བྱ་དུ་མེད། ཡང་། ལ་ལ་ཞིག་གིས་ཁུངས་དང་རིག་པས་ཅི་ལྟར་སྒྲུབ་ཀྱང་དེ་ལ་ཡིད་ཆེས་དང་རྒྱབ་སྐྱོར་བྱ་མཁན་ནི་མཁའ་ཡི་སྐར་མ་བཞིན་གཡའ་དག་ཅིང་དང་རུས་སྦལ་གྱི་སྤུ་དང་མཁའ་ཡི་པདྨོ་བཞིན་འཇམ་ཞིང་དབེན། དེ་བས་རིག་རྩོམ་གྱི་དུས་མཚམས་དབྱེ་སྟངས་ལ་ཡང་གོང་གསལ་བཀོད་ལྟར་ཀུན་མཐུན་ལུགས་སུ་ཅིས་ཀྱང་ཆགས་སུ་མེད་ལ། རིགས་དགར་བ་ཡང་ལ་ལ་དུས་ཀྱི་རིང་ཐུང་མི་སྙོམས་ཤིང་། དཔེར་ན།⑴《བོད་ཀྱི་རྩོམ་རིག་བྱུང་འཕེལ་གྱི་ལོ་རྒྱུས་དང་ཁྱད་ཆོས》ལྟར་དུམ་མཚམས་གཉིས་སུ་དབྱེ་བ།⑵《བོད་ཀྱི་རྩོམ་རིག་ལོ་རྒྱུས》དང《བོད་ཀྱི་རྩོམ་རིག་གཞུང་ལུགས་སྐོར་གྱི་རྣམ་བཤད》《བོད་ཀྱི་རྩོམ་རིག་ལོ་རྒྱུས་མུན་གསལ་སྒྲོན་མེ》ལྟར་དུམ་མཚམས་གསུམ་དུ་དགར་ན། ①གཅིག་བསྡུས་ཀྱི་ཚད་ལས་བརྒལ་བ་དང་དུས་ཡུན་རིང་དྲགས་པ། ②བོད་ཀྱི་ལོ་རྒྱུས་སུ་གྲགས་ཆེ་བའི་ལོ་རྒྱུས་ཀྱི་ཁ་ཕྱོགས་འགྱུར་མཚམས་དག་གསལ་བོར་བཀོད་བྱས་མེད་པ། ③བློ་ལ་འཛིན་མི་བདེ་ཞིང་རྙོག་འཛིང་ཆེ་བ།  གོང་གསལ་གྱི་དཔེ་དེབ་དག་ལས་ཤེས་གསལ་ལྟར། ལ་ལ་ཞིག་གནའ་རབས་དང་བཙན་པོའི་རྒྱལ་རབས་ཀྱི་དབྱེ་མཚམས་གསལ་བོ་ཞིག་མེད་པ། ལ་ལར་ཉེ་རབས་དང་དེང་རབས་ཀྱི་དབྱེ་ཀྱི་དབྱེ་བ་དགར་ཚུལ་མི་འདྲ་བ། གང་ལྟར་ཆ་ཚང་ཞིང་བོད་ཀྱི་རིག་རྩོམ་ལོ་རྒྱུས་ཡོངས་སུ་འདུ་ཐུན་མོང་གཅིག་མཐུན་གྱི་ལྟ་བ་ཞིག་ད་ལྟའི་བར་བྱུང་མེད་པ་ལྟ་བུ། ལྷག་དོན་བོད་ཀྱི་མེས་པོའི་རིག་གནས་ཏེ་བོན་གྱི་རིག་གནས་ལ་ཁ་བྲལ་དང་ཕྱོགས་ལྷུང་གི་ལྟ་གྲུབ་ཚབ་ཆེ་བས། དེར་རྒྱུད་འཛིན་དང་ཁ་གསབ་བྱེད་པ། ཁྱད་པར་མི་རིགས་ཀྱི་རིགས་གནས་མ་ལག་བོར་བརླག་ཆེ་བར་དོགས་པ་བཅས་ཀྱི་གནད་དོན་འདིར་གཞིགས་ཏེ་ཁོ་བོས་ཡང་བོད་ཀྱི་རིག་རྩོམ་གྱི་ཐོག་མའི་འབྱུང་ཁུངས་དང་ད་ལྟའི་རིག་རྩོམ་གསར་བའི་རྣམ་པ་གཞིར་བཟུང་སྟེ་བོད་ཀྱི་རིག་རྩོམ་ལོ་རྒྱུས་འདི་དུས་སྐབས་དྲུག་ཏུ་དགར་བ་གཤམ་གསལ་ལྟར། སྐབས་དང་པོ། གདོད་མའི་བོན་གྱི་རིག་རྩོམ། (བོན་གདོད་མ་ནས་སྲོང་བཙན་བར)སྐབས་གཉིས་པ། བོད་བཙན་པོའི་དུས་སྐབས་ཀྱི་རིག་རྩོམ།(སྲོང་བཙན་ནས་གླང་དར་བར) སྐབས་གསུམ་པ། བོད་སིལ་བུའི་དུས་སྐབས་ཀྱི་རིག་རྩོམ།(སྤྱི་ལོ་༨༤༢ནས་༡༢༥༢བར)སྐབས་བཞི་བ། ས་ཕག་རིན་གཙང་དུས་སྐབས་ཀྱི་རིག་རྩོམ།(སྤྱི་ལོ༡༢༥༣ནས་༡༦༤༡བར)སྐབས་ལྔ་བ། དགའ་ལྡན་ཕོ་བྲང་གི་དུས་སྐབས་ཀྱི་རིག་རྩོམ།(སྤྱི་ལོ་༡༦༤༢ལོ་ནས་༡༩༤༩བར)སྐབས་དྲུག་པ། སྤྱི་ཚོགས་རིང་ལུགས་དུས་སྐབས་ཀྱི་བོད་ཀྱི་རིག་རྩོམ།(སྤྱི་ལོ་༡༩༥༠ནས་ད་ལྟའི་བར)
རང་ལུགས་འཇོག་པ།
     སྐབས་དང་པོ། གདོད་མའི་བོན་གྱི་རྩོམ་རིག(བོན་གདོད་མ་ནས་སྲོང་བཙན་བར)
     དེ་ཡང་བོད་ཀྱི་རིག་རྩོམ་གྱི་རྩ་བའམ་ཆུ་མགོ་བོན་གྱི་ཤེས་རིག་ནས་འགོ་ཚིགས་དོན་ཡང་རྒྱུ་མཚན་ཡོད་དེ། (༡)གདོད་མ་ནས་བོད་ཡུལ་དུ་རིག་རྩོམ་བྱུང་བ། དེ་ཡང་ད་ལྟའི་གསར་རྙེད་བྱུང་བའི་ཆབ་མདོའི་ཁ་རུབ་གྱི་གནའ་ཤུལ་དང་རྫ་ཆས། རུས་ཆས་སོགས་རིག་དངོས་མང་པོ་ཐོན་པ་དེ་ཚོ་མི་ལོ་བཞི་སྟོང་ལྔ་བརྒྱའི་གོང་གི་གནའ་བོའི་བོད་མིའི་རྗེས་ཤུལ་ཡིན་པ་ཚན་རིག་ཞིབ་འཇུག་གི་ཐོག་ནས་དངོས་ར་འཕྲོད་པ་ལྟར།  ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས་པའི《བོད་ཀྱི་སྙན་ངག་བྱུང་ཚུལ་དང་དཔེར་བརྗོད》ཅེས་པ(མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས༡༡)ལས། ད་ལྟའི་མཁས་པ་ཚོས་ཞིབ་འཇུག་བྱས་པའི་མཇུག་འབྲས་ལྟར་ན། སྤྱི་ལོའི་སྔོན་གྱི༡༩༡༧ལོར་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་འཁྲུངས་པར་བཞེད། དེ་ལྟར་ན་ཀླུ་འབུམ་དཀར་ནག་ཁྲ་གསུམ་དེ་སྤྱི་ལོའི་སྔོན་གྱི་ལོ་ངོ་གཉིས་སྟོང་ལ་ཉེ་བའི་དུས་སུ་བརྩམས་ཡོད་པ་རེད། གཞན་བན་བོན་གཉིས་ཀས་ཐུན་མོང་དུ་ཁས་ལེན་པ་གཞན་ཞིག་ནི། སྤྱི་ལོའི་སྔོན་གྱི་དུས་རབས་བཅུ་དྲུག་པའི་ནང་ཙམ་ནས་ཀོང་ཙེ་འཕྲུལ་གྱི་རྒྱལ་པོས་གཏོ། མདོས། ཡས། གླུད་རྣམས་ཀྱི་ཆོ་ག་མང་བོ་ཞིག་བརྩམས་ཡོད་པ་དེ་དག་མང་ཆེ་བ་ཚིགས་བཅད་ཡིན་པ་དང་། ཚིགས་བཅད་ཀྱི་རིགས་དེ་དག་སྙན་ངག་གི་ཁྱད་ཆོས་ལྡན་པ་ཞིག་ཡིག་རེད། དཔེར་ན། ཀོང་ཙེ་འཕྲུལ་རྒྱལ་གྱི་རྩོམ་པའི《ས་བདག་བཤག་འབུམ》ལས། ཧཱུ། བྱ་ཁྱུང་རྒྱལ་པོ་མན་ཆོད་དང་། ། ཕ་ཝཾ་རྒོམ་ཁྱེར་ཡན་ཆོད་ཀྱི། ། ས་བདག་ཀླུ་གཉན་ཐམས་ཅད་དང་། ། འགྲས་པ་སྡུམ་ལ་མཁོན་པ་སྦྱངས། ། ཆད་པ་མཐུན་ལ་རལ་པ་དྲུག ། མནན་པ་འཁྱོག་ལ་བསྡོམ་པ་ཀློད། ། བཅིངས་པ་གྲོལ་བ་གཟེར་བ་ཕྱུང་། ། བྲིས་པ་ཕྱིས་པ་ན་བ་སོལ། ། གས་པ་སྦྱོར་ལ་གནོད་པ་ལོང་། ། དེ་ནི་གནོད་པ་མ་བྱེད་ཅིག ། ཅེས་པ་ལྟ་བུ་དང་། ཡང་ཀོང་ཙེའི་གཏོ་རྒྱུར་ལས། བཀའི་གཏོ་མཁན་བདག་གིས་གཏོ་བགྱིས་ན། ། འབྱུང་བ་ནམ་མཁའི་གདན་སྟེང་ནས། ། ཁེན་པ་རྒས་པོ་གཏོ་ལ་བྱོན། ། འབྱུང་བ་སྱི་གདན་སྟེང་ནས། ། ཁོན་མ་རྒན་མོ་གཏོ་ལ་བྱོན། ། རི་རྒྱལ་ལྷུན་པོའི་ངོས་ཤིག་ནས། ། གིན་རིའི་བུ་ཡང་གཏོ་ལ་བྱོན། ། ཞེས་པ་སོགས། གཞན་ཡང་སྤྱི་ལོའི་དུས་རབས་བདུན་པའི་དུས་འགོ་ཙམ་ན་བོད་རྒྱལ་སོ་གཉིས་པ་རྣམ་རི་སྲོང་བཙན་གྱི་སྐབས་སུ་ཡིག་ཐོག་ཏུ་འཁོད་པའི་རྩོམ་ཡིག་མྱང་ཙེང་སྐུས་བརྩམས་པར། ཆབ་ཆབ་ནི་ཕ་རོལ་ན། ། ཡར་ཆབ་ནི་ཕ་རོལ་ན། ། མྱིའི་བུ་ནི་མྱིའི་བུ་སྟེ། ། ལྷ་ཡི་ནི་སྲས་བོ་བཞུགས། ། རྗེ་བདེན་ནི་བཀོལ་དུ་དགའ། ། སྒ་བདེན་གྱིས་ནི་བསྟད་དུ་དགའ། ། ཞེས་པ་ལྟ་དང་། ཟིང་བོ་རྗེས་མྱང་ལ་སྡུག་པོར་བཀལ་བའི་རྗེས་སུ་ཁོང་རང་གིས་ཁེར་ལབ་བྱས་པ་སྐབས་དེ་ཙམ་ཞིག་ནས་ཡི་གེར་བཀོད་པ་ཏུན་ཧོང་གི་ཡིག་རྙིང་ནང་དུ་ཡོད་པ་དང་། ཡང་སྐབས་དེ་ཙམ་ན་ཟིང་བོ་རྗེའི་བློན་པོ་པང་སུམ་མགྲོན་པོ་དང་། མྱ་ཙེང་སྐུ་དང་། དབའ་དབྱི་ཚབ་རྣམས་མཚན་མོར་གནམ་རི་སྲོང་བཙན་གྱི་མདུན་དུ་བཅར་ནས། ཟིང་བོ་རྗེ་ལ་ངོ་ལོག་གྲབས་བྱེད་པའི་སྐབས་སུ་འབངས་རྣམས་ཀྱིས་མཚན་མོར་གནམ་རི་སྲོང་བཙན་གྱི་བཞུགས་གནས་ལ་ལྐོག་ཏུ་འབྲེལ་གཏུག་བྱེད་མཁན་ཞིག་ཡོད་པ་མཐོང་བའི་དོན་རྣམས་སྙན་ངག་གི་ཟོལ་དུ་བརྩམས་པ་དེ། ཏུན་ཧོང་གི་ཡིག་ཐོག་ཏུ་བཀོད་པར། མི་བཟང་ནི་རྟ་བཟང་ཞིག ། ཉིན་བཞིན་ནི་ཕག་ཚ་ལ། ། མཚན་མོ་ནི་ཕྱིང་བར་མཆིས། ། དགྲའམ་ནི་ཟིན་ཅི་ཨང་། ། ཞེས་པ་ལྟ་བུ་རྣམས་སོ། ། འདི་དག་ནི་དོན་དུ་བན་བོན་གཉིས་ཀས་ཐུན་མོང་དུ་ཁས་ལེན་པའི་རྒྱལ་བོ་སྲོང་བཙན་སྒམ་པོའི་གོང་དུ་ཡོད་པའི་ཡིག་ཐོག་གི་རིག་རྩོམ་སྐོར་རྣམས་ཡིན། གཞན་ཡང་ཕྱིས་ཀྱི་ནང་པའི་མཁས་པ་ཚོས་ཁས་ལེན་མེད་ཀྱང་། བོན་གྱི་ལོ་རྒྱུས་ལྟར་ན་སྟོན་པ་གཤེན་རབ་ནས་སྲོང་བཙན་སྒམ་པོའི་བར་བྱུང་བའི་བོན་གྱི་མཁས་པ་རྣམས་ཀྱིས་བརྩམས་པའི་བསྟན་བཅོས་ཤིན་ཏུ་མང་པོ་ཡོད་པ་འདི་རིགས་ཀྱང་། བོད་ཀྱི་གནའ་བོའི་རིག་རྩོམ་གི་གྲས་སུ་བཞག་ན་མི་འཐད་པ་མེད་སྙམ། ཞེས་བཀོད་ཡོད།
     《རྒྱལ་རབས་འཕྲུལ་གྱི་ལྡེ་མིག》(ཤོག་ངོས་༡༥)ལས། ལུང་རྣམ་འབྱེད་དང་དུས་ཀྱི་འཁོར་ལོ་སོགས་སུའང་བོད་ཅེས་མང་དུ་འབྱུང་བས་ངོ་བོ་བདག་ཅག་གི་སྟོན་པ་བྱོན་པའི་དུས་ལས་ཡུལ་དང་། མི་གཉིས་ཀ་ཆེས་སྔ་བར་ཆགས(རྒྱ་གར་དང་དུས་མཉམ་དུས་ཆགས་པ་བྱས་ནའང་འགལ་བ་མེད)པ་ཞིག་དུ་སྣང་། བོན་གྱི་རིག་རྩོམ་དང་བོད་ཀྱི་རིག་རྩོམ་མ་ལག་གཅིག་ཡིན་པ། དེ་ནི་ནོར་བུ་ཚེ་རིང་གིས་བརྩམས་པའི《དཔའ་བོ་འབྲུ་ལྔ་ལས་བྱུང་བའི་བོན་གྱི་རིག་གནས་སྐོར་གྱི་གཏམ་གླེང》(ཤོག་༢༡༠པ)ལས། ཞབས་དཀར་བས་ཀྱང་། སྟོན་སངས་རྒྱས་ཀྱིས་བོན་གྱི་གཤེན་རབ་སོགས་སུ་སྤྲུལ་ནས་བོན་གྱི་གཞུང་རྣམས་བསྟན་ཏོ། །ཞེས་དང་། སྟོན་པ་དང་རྣམ་སྤྲུལ་གཞི་གཅིག་ཡིན་པ། བསྟན་པ་དང་བསྟན་འཛིན་རྣམ་གྱི་དགོངས་དོན་གཅིག་ཡིན་ཅེས་གསུངས་པ་སོགས་ལྟ་བུ། བོད་དུ་བོན་ཆོས་དར་བ་ཁོ་ན་ཙམ་མ་ཡིན་པར་གདོད་མ་ནས་བོན་བོད་གཉིས་ཀྱི་གདུང་ཁོངས་གཅིག་པ། དེ་ནི་གངས་རི་པོ་ཆེའི་འདབས་རོལ་ཏེ། སྟོད་མངའ་རིས་དང་མཚོ་མ་ཕམ་གྱི་འགྲམ་རྒྱུད་དུ་མ་བྲག་སྲིད་མོ་དང་ཕ་བྱང་ཆུབ་སེམས་དཔའི་རིགས་ལས་མཆེད་པ་ཡིན། གཞན། 《དཔའ་བོ་འབྲུ་ལྔ་ལས་བྱུང་བའི་བོན་གྱི་རིག་གནས་སྐོར་གྱི་གཏམ་གླེང》(ཤོག་ངོས་༡༩)ལས། ནང་བསྟན་བོད་དུ་མ་དར་གོང་ལ། བོད་ཀྱི་ཡབ་མེས་རྣམས་ཀྱིས་གཡུང་དྲུང་གི་བོན་ལ་སྐྱབས་སུ་འགྲོ་བ་ཡིན་པའི་བོད་མི་མགོ་ནག་ཐམས་ཅད་བོན་པོ་ཡིན་པ་གདོད་མི་ཟ། གལ་ཏེ་བོན་པོ་ཡིན་པ་རྒྱུ་མཚན་དུ་བྱས་ནས་བོད་མིན་པར་འདོད་ན། གངས་ཅན་སཱ་ལའི་ལྗོངས་འདི་ན་བོད་མི་རྣལ་མ་གཅིག་ཀྱང་མི་འདུག་པར་གྲུབ་བོ། ཞེས་བཀོད་ཡོད་པ་ལྟར། བོན་གྱི་རིག་རྩོམ་ནི་གདོད་མ་ནས་དར་ཡོད་པ་རླབས་ཆེ་བའི་རིག་རྩོམ་རིག་པ་ལུའུ་ཞུན་གྱིས་དེ་དུས་ཚང་མས་ཤིང་སྡོང་ཁུར་སྐབས་མི་ཞིག་གིས(ཧད་ཡའོ། ཧད་ཡའོ།)ཞེས་སྒྲ་འབྱིན་པ་ནི་གསར་རྩོམ་ཞིག་ཡིན། དེ་རྒྱུད་འཛིན་བྱས་ན་རིག་རྩོམ་ཡིན་ཞིང་། དེ་བས་ན་ཁོ་ནི་རྩོམ་པ་པོ་ཞིག་ཡིན་པར་མ་ཟད། རྩོམ་རིག་པ་ཡང་ཡིན་ཅེས་དང་། 《སྒྱུ་རྩལ་སྔོན་གྱི་སྒྱུ་རྩལ》ལས་བསྐལ་བ་ཡ་ཐོག་གི་མི་ཡིས་དགའ་འབོད་དང་། ངུ་འབོད། ཡར་མར་རྒྱུག་པ་དེ་ནི་བརྩེ་གདུང་མཚོན་པའི་སྙན་ངག་གི་མགོ་འབུས་པ་དང་། གླུ་དབྱངས་དང་ཞབས་བྲོའི་མགོ་འབུས་པ་རེད། ཅེས་དང་། ཞེས་བཀོད་པ་བཞིན་རིག་རྩོམ་གྱི་ཐོག་མ་སྔ་ནས་དར་བ་གསལ། རིག་རྩོམ་ལ་དཔེར་ན། ①བོན་སྒྲུང་ལྡེའུ་གསུམ་ནི་བོད་ཀྱི་རིག་རྩོམ་བྱུང་བའི་ཆུ་མགོ་ལྟ་བུ་ཡིན་ལ། བོན་ལ་སྟོན་པ་གཤེན་རབས་ཀྱི་གསུངས་ཆོས་ད་ལྟའི་བར་གཙོ་ཆེར་བཀའ་བསྟན་པོ་ཏི་༡༧༠ལྷག 《དཔའ་བོ་འབྲུ་ལྔ་ལས་བྱུང་བའི་བོན་གྱི་རིག་གནས་སྐོར་གྱི་གཏམ་གླེང》གི་ཤོས་ངོས་༡༡༥ནས༡༡༦ལས་སྔགས་སྡེའམ་རྒྱུད་སྡེ་ལ་པོད༢༠དང་། སེམས་སྡེ་ལ་པོད༡༤དང་། འབུམ་སྡེ་ལ་པོད་༦༧དང་། མདོ་སྡེ་ལ་པོད་༦༣དང་། གཞན་དཀར་ཆག་རྒྱས་བསྡུས་གཉིས་དང་། བརྒྱུད་རིམ་སོགས། རིག་གཞུང་དེ་རྣམས་ཀྱི་ནང་དོན་བརྗོད་བྱ་གཙོ་བོ་ནི། སངས་རྒྱས་ཆོས་ལུགས་ཀྱི་བསྟན་དོན་ཐེག་པ་རིམ་དགུ་དང་། མདོ་སྔགས་རྫོགས་གསུམ་སོ་སོའི་གཞིའི་འདོད་ཚུལ། ལམ་གྱི་སྒྲུབ་ལུགས། འབྲས་བུའི་གྲུབ་ལུགས་དང་ལྟ་སྒོམ་སྤྱོད་པ་བཅས་ནང་དོན་རིག་པའི་ལུས་ཀྱི་ཆ་ཤས་ཡོངས་རྫོགས་པའི་གཞུང་ལུགས་རྣམས་ཀྱི་སྲོག་ཤིང་ལྟ་བུ་བྱས་ཏེ། དེའི་ཡན་ལག་ཏུ《དཀའ་འགྲེལ་མེ་ལོང་དགུ་སྐོར》《གཏན་ཚིགས་ཐིགས་མདོ》《རྩོད་སྤོང་སྨྲ་བའི་སེང་གེ》ལྟ་བུ་སོགས་གྲུབ་མཐའི་དགག་བཞག་དང་འབྲེལ་བའི་ཚད་མ་རིག་པའི་སྐོར་དང་། སྨན་དཔྱད་རིག་པའི་སྐོར། དཔྱད་རྩིས་དང་འབྱུང་རྩིས་སྐོར། མཚོད་རྟེན་དང་གསས་ཁང་སོགས་ཀྱི་ཐིག་རྩ་བཀོད་ཚད་ལྟ་བུ་བཟོ་རིག་པ། གཞན་ཡང་སྲིད་པ་ཆགས་ཚུལ་དང་འབྲེལ་བའི་སངས་རྒྱས་ཀྱི་གདུང་རབས་དང་གདན་རབས་ལྟ་བུ་ལོ་རྒྱུས་ཀྱི་སྐོར། ནང་བཅུད་ཀྱི་སྲིད་པ་གྲོལ་ཚུལ་དང་འབྲེལ་སྲོག་ཆགས་འགྱུར་རིམ་གྱི་བྱུང་ཚུལ་སོགས་སྐྱེས་དངོས་རིག་པའི་སྐོར་ཀྱི《སྲིད་པའི་མཛོད་ཕུགས》ལྟ་བུ། 《མ་རྒྱུད》ལྟ་བུ་གནའ་རབས་ཀྱི་ཡི་གེའི་གཟུགས་རིས་དང་སྒྲ་གདངས་སོགས་བསྟན་པའི་བརྡ་སྤྲོད་སྐོར་དང་ལྷ་རབས་ལྟ་བའི་སྙན་ངག་གི་སྐོར། གཞན་སློབ་གསོའི་སྐོར་སོགས་མདོར་ན་བོད་དུ་སྙན་གྲགས་ཆེ་བའི་བཅུ་ཕྲག་རིག་པའི་གནས་ཞེས་པ་དང་ཕྱོགས་ཀུན་ནས་ཡོངས་སུ་འབྲེལ། ཞེས།)གསར་རྙེད་བྱུང་བ་དག་དང་། ②གཡུང་དྲུང་བོན་གྱི་ལོ་ཙཱ་བ་ཆེན་མོ་ཤ་རི་དབུ་ཆེན་གྱིས་མཛད་པར་གྲགས་པའི་ཞང་བོད་ཤན་སྦྱར་གྱི་ཚིག་མཛོད་ཆེན་མོ《ཤ་རིའི་སྒྲ་འགྲེལ》དང་། 《ཞི་ཁྲོ་རྩ་འགྲེལ》《བསྒྲགས་བྱང》《རྒྱུད་ཉི་ཟེར་སྒྲོན་མ》《དྲི་མེད་གཟི་བརྗིད》《གཟེར་མིག》སོགས། ③གཉའ་ཁྲིའི་རིང་རྒྱུའི་བོན་ཤེས་པ་ཅན་བཅུ་གཉིས། མི་ཁྲི་ནས་ཞང་ཞུང་མཁས་པ་ཆེན་ངོ་བརྒྱ་དང་རྩ་བརྒྱད་དྲངས། ④ 《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》ལས་དེའི་ཚེ་གྲུབ་པ་ཐོབ་པའི་གཤེན་དགུ་ལ་སོགས་པས་སེམས་ཅན་ཐར་བར་འདྲེན། མཁས་པ་ཉི་ཤུ་ལ་སོགས་པས་འཆད་རྩོད་རྩོམ་གསུམ་པའི( )འཁོར་ལོ་བསྐོར། མཐུ་ཆེན་མི་དགུ་ལ་སོགས་ལོག་ལྟའི་རྒོལ་འཇོམས་ཞེས་གསུངས། སོགས་ལས་སྐབས་དེར་བོད་དུ་འཆད་རྩོད་རྩོམ་གསུམ་སྔ་མོ་ནས་དར་བ་མ་ཟད། རིག་གནས་ཆེ་བ་ལྔའི་ཡ་གྱལ་གསོ་བ་རིག་པ་དང་རྩིས་རིག་པ་སོགས་འཕེལ་རྒྱས་ཆེན་པོ་བྱུང་བར་གཞིགས་ན་དེ་དུས་རིག་རྩོམ་ཡང་ཡར་རྒྱས་བྱུང་བ་མངོན་སུམ་དུ་སྣང་། ལོ་སྒྱུས་ཤེས་བཞིན་དུ་ཨུ་ཚུགས་ཀྱིས་རང་རློམ་བྱས་ན། ཆུ་མིག་ཁ་ལ་འཕུར་མི་ནུས་ལ། བབས་རྡོ་གྱེན་ལ་བགྲིལ་མི་ཐུབ་པའི་དཔེ་ལྟར་ལུས་སྲིད་ལ། བདེན་ཚིག་ནི་ནམ་ཡང་ཞུ་བར་མི་འགྲོ་ལ། དལ་འགྲོ་མར་ལ་བཞུར་བ་ཆོས་ཉིད་ཡིན་པ་གསལ་དགོས་སོ། ། དེ་བས་ཡབ་མེས་ཀྱི་ལོ་རྒྱུས་དང་རིག་གཞུང་ལ་ཕྱོགས་རིས་འཛིན་ག་ལ་ནུས། གལ་ཏེ་བོན་པོའི་རིག་གནས་བོད་ཀྱི་རིག་གནས་ཡིན་པར་མཁས་མ་བླངས་ན། དེ་ནི་ལོ་རྒྱུས་ཀྱི་ཕུང་འདྲེ་དང་མི་རིགས་ཀྱི་གཏེ་བོ་དེ་ཅི་ལ་མིན། སྐབས་འདི་རིག་རྩོམ་གྱི་ཁྱད་ཆོས་ལ།
     (༡)བོད་དུ་བཙན་པོ་སྲོང་བཙན་ཡར་སྔོན་དུ་སྒྲུང་ལྡེའུ་དང་གླུ་སོགས་སྙན་ངག་གི་རིག་རྩོམ་བྱུང་ཡོད། དཔེར་ན། 《སྒོ་བཞི་མཛོད་ལྔའི་ཡང་བཅུད》(སྙན་ངག ༢༧)ལས། 《སྙན་ངག་གི་བསྟན་བཅོས་རིན་ཆེན་ལྡེ་མིག་ཅེས་བྱ་བ་བཞུགས་སོ》ཞེས་པའི་རིག་རྩོམ་བྱུང་ཡོད་པ། དེ་ནི་བོན་གྱི་སྟོན་པ་གཤེན་རབ་ཀྱིས་མཛད་པའི་སྒོ་བཞི་མཛོད་ལྔ་ལས་བྱུང་ཡིན་པས་སོ། ། གནམ་རི་སྲོང་བཙན་གྱིས་སེང་གོ་མྱི་ཆེན་ལ་དྭགས་པོ་འབངས་སུ་བཀུགས་པའི་མཛད་རྗེས་ལ་གཟིགས་ཏེ་དགྱེས་སྐྱེམས་སྟོན་མོ་གསོལ་སྐབས་དྲེགས་དང་དྲོད་པའི་ཚུལ་གྱིས《ཁྱུང་པོ་སྤུང་སད་ཟུ་ཙེའི་མགུར》 སེང་གོ་མྱི་ཆེན་ལ་སོགས་པར་ཟུར་ཟའི་ཚུལ་དུ《མྱང་མང་པོ་རྗེ་ཞང་སྣང་གི་མགུར》 བླངས་པ། གཞན་དཔལ་དོན་གྲུབ་རྒྱལ་གྱིས་མཛད་པའི《མགུར་གླུའི་ལོ་རྒྱུས་དང་ཁྱད་ཆོས》ལས། བོད་ཀྱི་ལོ་རྒྱུས་དེབ་ཐེར་དུ། བོད་གངས་ཅན་གྱི་ཡུལ་དུ་སྤུར་རྒྱལ་གོང་དུ་མངའ་མཛད་ཆེན་པོ་དྲུག་སོགས་བྱུང་མྱོང་བར་བཤད་ཅིང་། ལོ་རྒྱུས་ཀྱི་དུས་སྐབས་ངེས་ཅན་ཞིག་གི་རིང་ལ་ཆབ་སྲིད་སྒྲུང་དང་ལྡེའུ་གཉིས་ཀྱིས་བསྐྱངས་པ་ཡིན་ཟེར། སྒྲུང་དང་ལྡེའུ་གཉིས་ནི་བོད་གནའ་རབས་ཀྱི་གདོད་མའི་ཆོས་ལུགས་གཉིས་ཡིན་ལ། བོད་ཀྱི་གནའ་རབས་གདོད་མའི་སྤྱི་ཚོགས་སུ་བྱུང་བའི་ལྷ་སྒྲུང་གི་རྣམ་པའི་རྩོམ་རིག་རིགས་གཉིས་ཀྱང་རེད། 《མ་སངས་ཀྱི་སྒྲུང》《མཆིལ་པའི་སྒྲུང》སོགས་ཡོད་པར་མ་ཟད། 《སྲིད་པ་ཆགས་གླུ》དང《ཨ་ཆགས་ཆགས་ལ་ཆགས་དགུ》《ཨ་མཚར་མཚར་ལ་མཚར་དགུ》སོགས་ཀྱི་གླུ་ཡང་ཡོད་ལ། གབ་ཚིག་གི་དྲི་བ་དྲི་ལན་གྱི་རྩོམ་རིག་ཀྱང་ཡོད། ཅེས་གསུངས་ཡོད་པས།
     (༢)བརྗོད་བྱའི་ནང་དོན་གྱི་ཆ་ནས་སྲིད་པ་ཆགས་ཚུལ་དང་འགྲོ་བ་མིའི་རིགས་བྱུང་ཚུལ་གྱི་གཏམ་རྒྱུད་སྣ་ཚོགས། དཔེར་ན། 《སྲིད་པ་རྒྱུད་ཀྱི་ཁ་བྱང》《སྲིད་པ་ཆགས་གླུ》《སྲིད་པའི་ཁ་ཆུང་བཤའ་གླུ》ལྟ་བུ། ད་དུང་ལས་འབྲས་དགེ་སྡུག་གི་སྐོར་ལ། ནང་བའི《བཀའ་བསྟན》ལས་བྱུང་བའི་རིག་རྩོམ་ལ། སྙན་ངག་དང་དོ་ཧ། ལུགས་ཀྱི་བསྟན་བཅོས་དང་བསླབ་བྱ། གཏམ་རྒྱུད། རྣམ་ཐར་དང་ལོ་རྒྱུས་ཀྱི་ངག་རྒྱུན། ཟློས་གར། མོ་པྲ་སོགས་མང་དུ་སྣང་བས། ད་ལྟའི་བར་གསར་རྙེད་བྱུང་བའི་བོན་གྱི《བཀའ་བསྟན》༡༦༠ལྷག་དང་མཁས་པ་བརྒྱ་ཕྲག་ལྷག་བྱོན་པ་དག་ལས། དཔེར་ན། 《བོད་ཀྱི་རྩོམ་རིག་ལོ་རྒྱུས》དེབ་དང་པོ།(ཤོག་ངོས་༡༣༧)ལས། གཏེར་ཡིག་ལས་ཐོན་པའི་མོ་གཞུང་དེ་རྒན་དཀོན་མཆོག་ཚེ་བརྟན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན་ཏུན་ཧོང་གི་བྲག་ཕུག་གཉིས་ལས་ཐོན་པའི་ཁག་གཉིས་ཙམ་དུ་འདུག་སྟེ། ཁག་དང་པོ། སྤྱི་ལོ་དུས་རབས་བཅུ་དགུ་པའི་མཇུག་ཙམ་ལ་ཐོན་པའི་གཏེར་ཡིག་ཡིན་ཞིང་། དེ་ནི་དེང་སང་ཧྥ་གོ་པཱ་ལིའི་དཔེ་མཛོད་ཁང་དུ་མཆིས་ཤིང་ཡོངས་གྲགས་སུ་དེ་ལp.t.ཞེས་པ་ནི་པཱ་ལིའི་དཔེ་མཛོད་ཁང་དུ་ཡོད་པའི་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་གནའ་རབས་ཀྱི་ཡིག་ཆ་ཞེས་པའི་བསྡུས་མིང་ཡིན་པ་དང་། ཡིག་ཆ་དེ་དག་ལའང་སོ་སོར་ཨང་གྲངས་བརྒྱབ་སྟེ། མོ་ཚིག་འདིའི་ཨང་གྲངས་༡༠༥༡ལ་གཏོགས་པས། p.t.105ཟེར་བ་དང་། ཁག་གཉིས་པ་ནི་དེང་སང་ཏུན་ཧོང་གི་སངས་རྒྱས་སྟོང་སྐུའི་ཕུག་པར་གྲགས་པ་དེར་འཚམས་པོར་ཡོད་ཅིང་། མོ་ཚིག་འདི་དག་ནི་ཐོག་མར་བོན་གྱི་ཤེས་རིག་ལས་བྱུང་བ་ཡིན། ཀྱང་རིག་རྩོམ་སྣ་ཚོགས་བྱུང་ཟིན་པ་ང་ཚོས་མ་རྟོགས་མ་རྙེད་མ་གཏོགས་མེད་པ་མ་ཡིན་པར་འདོད།(དེའི་རིགས་སོ་སོའི་གསལ་ཆ་མེད་པས་དཔྱད་དགོས།)
     (༣)བོན་བསྟན་རིག་གནས་ནི་བོད་ཀྱི་རིག་གནས་ཀྱི་དབུ་དང་། ཐུབ་བསྟན་རིག་གནས་ནི་བོད་ཀྱི་རིག་གནས་ཀྱི་ལུས་ལྟ་བུ་ཡིན། བོན་གྱི་ཤེས་རིག་དང་ཐུབ་བསྟན་རིག་གནས་གཉིས་ནི་བོད་རང་ས་ནས་སྐྱེས་འཕེལ་བྱུང་བ་དང་། དེ་གཉིས་ནི་མི་རིགས་གཅིག་གི་ནང་བྱུང་བའི་ཆོས་ལུགས་གྲུབ་མཐའ་མི་འདྲ་བ་གཉིས་ཡིན་པ་ལས། དེ་གཉིས་ཀྱི་འགོ་ཁུངས་བོད་རང་ཡུལ་ཡིན།
     (༤)བརྩམས་ཆོས་ཀྱི་ཆ་ནས། བརྩམས་ཆོས་ཐ་དག་བོན་གྱི་ཡི་གེར་བཏབ་པ། དེ་ནི་སྲོང་བཙན་ཡན་ཆད་དུ་བོད་ལ་ཆོས་སྲིད་གཉིས་གར་ངེས་གཏན་གྱི་ཡི་གེ་བྱུང་མེད་ལ། འོན་ཀྱང་བོན་གྱི་ཡི་གེ་སྔ་མོ་ནས་དར་ཡོད་པ།  《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ》(ཤོག་ངོས་༡༤༢)ལས། བོད་དང་ཞང་ཞུང་བོན་མིན་པ་མེད། ཅེས་པ་དང། 《བརྡ་སྤྲོད་ཉི་ཤུ་བདུན་པ》ལས། ཤེས་རབ་ཕུལ་གྱི་འཕྲུལ་ཡིག་བཞི་བཅུ་ལ། ཐབས་ཀྱི་མཆོག་གི་ང་རོ་དབྱངས་སུ་དྲངས། ཐབས་ཤེས་ཟུང་འབྲེལ་བའི་བྱིན་རླབས་ལས། མིང་དང་ཚིག་འབྲེལ་ལེའུ་བམ་པོར་ཕྱེས། སྒོ་བཞི་མཛོད་ལྔའི་གླེགས་བམ་ཁྲི་འབུམ་བྲིས། ཞེས་པ་ལྟ་བུ།
     (༥)རྗོད་བྱེད་ཚིག་སྦྱོར་གྱི་ཆ་ནས་ངག་ལ་སྤྲོ་ཞིང་འུད་བསྟོད་ཤུགས་དྲག་གི་རང་བཞིན་ལྡན་པ། མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཞིང་ངོ་མཚར་བའི་སྣང་བ་སྦྱིན་ཐུབ། དཔེར་ན། འཇའ་ཚོན་ཅི་ལི་ལི། རྔ་ཤང་ཁྲོ་ལོ་ལོ། སྤོས་དུད་ཐུ་ལུ་ལུ། ཕྱེ་མར་སི་ལི་ལི། ཡུ་ཏི་མེ་རེ་རེ། ཐུན་རྫངས་ཐོ་རོ་རོ། ཆུ་བོ་འུ་རུ་རུ། ལོ་འདབ་ཁྲི་ལི་ལི། དྲི་བཟང་ཆི་ལི་ལི། མེ་ཏོག་ཕྲ་ལམ་ལམ། རྒྱ་མཚོ་མེ་རེ་རེ། ཉ་མོ་ཤ་ར་ར། རྦ་རླབས་ཉི་ལི་ལི། ཆུ་བྱ་ཀྱུ་རུ་རུ། ནམ་མཁའ་ས་ལ་ལ། སྦྲང་ཆར་སི་ལི་ལི། རི་མོ་ཡ་ལ་ལ། སོགས་ལྟ་བུ།
     སྐབས་གཉིས་པ། བོད་བཙན་པོའི་དུས་སྐབས་ཀྱི་རིག་རྩོམ།(སྤྱི་ལོ་༦༤༠ལོ་ནས་སྤྱི་ལོ་༨༤༡)
     སྤྱི་ལོ་༦༣༣ལོར་ལོ་ཙཱ་ཐུ་མི་སམྦྷོ་ཊས་བོད་ཡིག་ལེགས་སྒྱུར་མཛད་པའམ་ལེགས་བཅོས་བྱས་ཏེ་ད་ལྟའི་བོད་ཀྱི་ཡིག་གཟུགས་འདི་གྲུབ་པ་ཡིན་ལ། དུས་དེ་ནས་བཟུང་བོད་ཀྱི་ཡི་གེས་བོན་གྱི་ཡི་གེ་ཡི་འཚབ་བྱས་ཏེ་ཆོས་སྲིད་གཉིས་སུ་བཀོལ་པའི་འགོ་ཚུགས་ཞེང་། ནང་པ་སངས་རྒྱས་ཀྱི་ཆོས་ལུགས་ཀྱང་བོད་གངས་ཅན་ཀྱི་ཡུལ་དུ་དངོས་སུ་དར། དུས་དེ་ནས་བཟུང་ཡབ་མེས་ཀྱི་ཤེས་རིག་གི་རྩ་བ་བོར་ཏེ་ཡལ་གའི་འདབ་མ་དེར་ཆགས་པ་སྟེ། བོད་མི་རིགས་ཀྱི་ཐོག་མའི་གདུང་ཁུངས་དང་ཆོས་ཀྱི་འབྱུང་ཁུངས། ཐ་ན་མིའི་རིགས་ཀྱི་རྣམ་ཤེས་ལ་སོགས་བསྟན་པའི་ཆོས་ཀྱི་ལྷ་དང་ལྷ་མོའི་རྣམ་སྤྲུལ་ཡིན་པར་ཁུངས་བཅོལ་བའི་དུས་ཤིག་ཏུ་སླེབས་པས། བོན་གྱི་རིགས་དང་ཆོས་ལ་དམའ་འབེབས་དང་ནག་པོའི་ཆོས་སམ་ཕྱི་རོལ་མི་རྟག་པ། རྒྱལ་རབས་ཞེ་གཉིས་པ་གླང་དར་མ་པ་བདུད་ཀྱི་རྒྱལ་པོ་ཞེས་དམན་པར་རྩིས་ཏེ་མེས་པོའི་རིགས་རུས་དང་ཆོས་ལུགས་ལ་རྡོག་རྫིས་གཏང་བ་རེད། འོན་ཀྱང་། ལོ་རྒྱུས་ནི་ལོ་རྒྱུས་དེ། ཕྱིར་ལྡོག་པའི་ཐབས་ནི་ག་ལ་ཡོད། འདས་ཟིན་པའི་མེས་པོ་ཚོར་འགྱོད་བཤགས་བྱེད་པ་ལས་ཅི། འདི་ལོ་ནི་ཨ་གསར་དང་རང་རློམ་གྱི་གཤིས་ཀ་ལས་གྲུབ་པའི་མི་རིགས་ཀྱི་རྡོག་ཁྲེས་ལྕི་མོ་ཞིག་དང་ངོ་གནོངས་པའི་ཚུལ་མིན་གྱི་སྤྱོད་པ་ཞིག་མ་ཡིན་ནམ། མེས་པོའི་རུས་རྐང་དེ་འབོར་བཞིན་བཞུད་ལམ་གསར་བ་རེ་སྙེགས་ཅི་ཐུབ་བྱེད་པ་ནི་མེས་པོ་ཚོར་འཚང་འདྲི་དང་བརྙས་བཅོས་བྱས་པ་མ་ཡིན་ནམ།
     (༡)བོད་ལ་ཆེས་ཐོག་མར་རྒྱ་གར་གྱི《སྙན་ངག་མེ་ལོང》གི་ལུགས་ལྟར་བརྩམས་པའི་ཡིག་རྩོམ་ཐོག་མ་བྱུང་བ། དེ་ནི་སློབ་དཔོན་ཐོན་མི་སམྦྷོ་ཊའི་ཡིག་ཕུད་དེ་ཡིན་ལ། ཞལ་རས་གསལ་ལ་དམར་མདངས་གང་བ་བཟང་། ། གདམས་ངག་ཟབ་ལམ་མ་ཆད་ཐ་དད་རང་། ། ལས་ངན་བག་ཆགས་ཐམས་ཅད་བསལ་མཛད་པ། ། འཕགས་པ་མ་ཕམ་ཡང་དག་དམ་པ་ལགས། ། ཞེས་འདི་དང་། བདེ་གཤེགས་བདེན་ངེས་ཡི་ཤེས་བརྙེས། ། ཏིང་འཛིན་ཞི་ཉིད་རིག་ཅིང་གཟིགས། ། ཉོན་མོངས་ཚོགས་བཅོས་མགོན་པོ་མཆོག ། དུས་གསུམ་བདུད་འདུལ་ཀུན་དུ་ཐུལ། ། ཞེས་པའི་ཡིག་ཕུད་སྙན་ངག་ཤོ་ལོ་ཀ་གཉིས་ནི①རྒྱན་གྱི་ཆ་ནས་རྒྱ་གར་གྱི་སྙན་ངག་མེ་ལོང་མའི་ཚིག་རྒྱན་སྦྱོར་ཚུལ་དང་རྐང་པའི་འགྲོ་ཕྱོགས་གཅིག་མཚུངས་སུ་སྣང་ལ། ②བརྗོད་བྱའི་དོན་གྱི་ཆ་ནས་ཡང་ནང་ཆོས་ཀྱི་འབྱུང་ཁུངས་རྒྱ་གར་ལ་གཏུགས་པ་བཞིན་སངས་རྒྱས་ཆོས་ལུགས་ཀྱི་དགོངས་དོན་ལྟར་བརྩམ་པར་བྱས་ཡོད་པ། ③ཐོན་མི་རྒྱ་གར་ནས་ལོ་ངོ་བདུན་ལྷག་གི་རིང་ལ་སྙན་ངག་མེ་ལོང་མ་དང་རྒྱ་གར་གྱི་གཞུང་རྣམས་ལ་སྦྱངས་པ་མཐར་ཕྱིན་མཛད་ཡོད་པས། རྒྱ་གར་གྱི་རྩོམ་ཚུལ་ལྟར་བརྩམ་པའང་ལུགས་དང་མཐུན་པས། འདི་ནི་བོད་ཀྱི་ཆེས་ཐོག་མར《སྙན་ངག་མེ་ལོང》གི་ལུགས་ལྟར་བརྩམས་པའི་ཡིག་རྩོམ་ཐོག་མར་བསྒྲེངས་ཀྱང་ལོ་རྒྱུས་ཀྱི་དོན་དངོས་དང་མི་མཐུན་པ་མཐོང་བར་མི་རིག་གོ ། 
     (༢)ལྷུག་རྩོམ་གྱི་རྩོམ་རིག་དང་ལོ་རྒྱུས། ཆོས་ལུགས་སོགས་རིག་གནས་ཀྱི་རྣམ་བཞག་མཐའ་དག་མཉམ་བསྲེས་ཀྱི་འབྲི་བ། དཔེར་ན། 《སྦ་བཞེད》《བཀའ་ཆེམས་ཀ་ཁོལ་མ》《བཀའ་ཐང་ལྡེ་ལྔ》《པདྨ་བཀའ་ཐང》《མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར་གྱི་ལོ་རྒྱུས་ཐོས་གྲོལ་ཆེན་མོ》
     (༣)མགུར་གླུ་ལ་ཚེག་བར་དོ་མཉམ་ཞིང་བརྗོད་བདེ་བ། དེ་ལ་ལྷ་ཆོས་དང་སྲིད་དོན། འཇིག་རྟེན་མི་ཆོས་བཅས་ནང་དོན་ཕུན་སུམ་ཚོགས་པ། བུ་བཞི་བསམ་པའི་དོན་གྲུབ་ཀྱི་བརྩམས་པའི《ཏུན་ཧོང་བཙན་པོའི་རྒྱལ་རབས་དུས་ཀྱི་དམངས་རྩོམ་ཞིབ་འཇུག》(ཤོག་ངོས་༨༩)ལས། རྒྱལ་བོ་ཁྲི་སྲོང་ལྡེའུ་བཙན་སྐབས་བོད་ཀྱི་མགུར་གླུ་ལ་རྣམས་གྲངས་ཆིག་སྟོང་ལྔ་བརྒྱ་ཙམ་ཡོད་པ། དཔེར་ན། ཆབ་སྲིད་ལ་བསྟོད་པའི་རྒྱས་སྟོན་སྐབས་རྗེ་འབངས་མི་རེས་གླུ་རེ་བླངས་པའི་ཁོག་འབུབ་དང་བསམ་ཡས་གཙུག་ལག་ཁང་བཞེངས་གྲུབ་ཀྱི་དགའ་སྟོན་ལོ་བཅུ་གཉིས་ལ་བྱེད་པའི་ཚེ། ལྷ་སྲས་མུ་ནི་བཙན་པོ་ཡིས། འཇིག་རྟེན་སྒྲོལ་མ་བྱ་བ་བླངས་། ལྷ་སྲས་མུ་རུམ་བཙན་པོ་ཡིས། སེང་གོ་འགྱིང་ཆེན་བྱ་བ་བླངས། ལྷ་སྲས་མུ་རི་བཙན་པོ་ཡིས། དགའ་གླུ་བཅུ་གསུམ་བྱ་བ་བླངས། ཇོ་མོས་གཡུ་མཚོ་འཁྱིལ་བ་བླངས། ལྟ་བུ་མང་དུ་བླངས། ཆོས་རྒྱལ་སྲོང་བཙན་སྒམ་པོའི་གཅུང་མོ་སད་མ་ཀར་གྱིས་བླངས་པའི་མགུར། 《ཡུལ་གྱི་ནི་སྐལ་པོག་པ》དང་། བཙན་པོ་སྲོང་སྒམ་པོས་བློན་པོ་མགར་ལ་བསྟོད་པ་བགྱིས་པའི《ཀྱེ་རྗེ་འི་ནི་མཚན་བ་འདི》ཁྲི་འདུས་སྲོང་གིས་བློན་གྱི་བུ་རྣམས་ལ་བླངས་པའི་མགུར་དང་བློན་པོ་ཁེ་རྒད་རྒྱལ་ཏོ་རེ་ཅོག་རོ་བཟའ་ངན་མཚང་འདྲི་བའི《ད་རུ་ཐུང་ནི་བསར་ང་བ》ཞེས་པའི་མགུར་གླུ ཅོག་རོ་བཟས་བཙན་པོར་གདུང་སེམས་དང་འཁང་ར་འདྲེས་མའི་སྒོ་ནས་བླངས་པའི《ཀྱེ་འདམ་གྱི་ནི་ཐང་ཀར་དུ》ཞེས་པའི་མགུར་གླུ མེས་ཡག་ཚོམ་སྐབས་ལ《དགུང་སྔོན་ནི་བདུན་རིལ་གྱི》ཞེས་པའི་མགུར་གླུ་དང་། བློན་རྒན་དབའ་དཁྱི་ཚབ་དང་མཉམ་དུ་མཛའ་གཅུགས་ཡུན་རིང་དུ་གནས་ཕྱིར་རྒྱལ་བློན་བར་དུ་དབུ་སྙུང་མཛད་པའི་སྐབས་སུ་དབྱི་ཚབ་ཕ་ཚན་རྣམས་ལ་བླིངས་པའི་མནའ་མགུར《ཁྲྀ་སྲོང་བརྩན་གྱི་མགུར》 སྲོང་བཙན་དུས་སུ《བཙན་མོ་སད་མ་ཀར་གྱི་མགུར》སྤྱི་ལོ༦༩༥དང་༦༩༨ལོར་མགར་གྱི་བུ་རབས་ཚ་རྒྱུད་ལ་བཀྱོན་ཕོབ་ཅིང་ཁྲོམ་ཆེན་ཟིལ་མནོན་གྱི་ཚུལ་དུ《ཁྲི་འདུས་སྲོང་གི་མགུར》བླངས། ལྷོ་ཕྱོགས་འཇའ་དུམ་མྱྭ་དཀར་པོ་འབངས་སུ་བཀུག་པས་སྟོན་མོ་གསོལ་བའི་ཐོག་ཏུ་བཀྲ་ཤིས་ཉམས་སུ་མྱོང་བའི་ངང་ནས《ཁྲི་ལྡེ་གཙུག་བརྩན་རྗེ་འབངས་ཀྱི་མགུར》འདི་བླངས་པ་སོགས་ལྟ་བུ། 
    (༤)རྒྱན་སྣ་ཚོགས་ཀྱིས་སྤྲས་ཤིང་མཚོན་སྟོབས་དང་ལྡན་པ། དཔེར་ན། ཆོས་དཔེ། ཇེ་བརྟན་ནི་ཇེ་བརྟན་ན། ཤམ་པོ་ནི་གཉན་ལ་བརྟན། ལྟ་བུ། རྒྱ་ཆེ་བའི་རྒྱན། ཡུལ་གྱི་ནི་སྐལ་པོག་པ། ཁྱུང་ལུང་ནི་རྡུལ་མཁར་ཞིག ། མུ་སུ་ནི་གཞན་པ་རེ། ། ཞེས་པ་ལྟ་བུ། དྲི་བའི་རྒྱན། ཀྱེ་རྗེ་འི་ནི་མཚན་པ་འདི། ། ཁྲི་འི་ནི་སྲོང་བཙརྩན་ཞིག ། བློན་གྱི་ནི་མྱིང་བ་འདི། སྟོང་རྩན་ནི་ཡུལ་ཟུང་ཞིག ཅེས་པ་དང་། དཔེ་རྒྱན་ལ་ཁྱུང་པོ་སྤུང་སད་ཟི་ཙིས་མགུར་ལ། སྐྱི་ནས་ནྀ་ཉ་འདོན་པ། ། དབྱི་ཚབ་ནྀ་པངས་ཏོ་རེ། ། ཀླུམ་ན་ནྀ་ཆབ་གཆོད་པ། ། ཙེང་སྐུ་ནྀ་སྨོན་ཏོ་རེ། ། ཁུར་ར་ནྀ་རགས་ཐོགས་ཤིང་། ། དོག་གི་ནྀ་ས་སྐྱེད་པ། ། པང་སུམ་ནྀ་འདྲོན་པོ་ཞིག གཟུགས་རྒྱན་ལ་འདུས་སྲོང་མང་པོ་རྗེའི་མགུར་ལ། བྱ་པུ་ནྀ་ལུང་ཆུངས་ནས། ། གླང་ཞྀག་ནི་རྗི་ལངས་ཀྱང་། ། ཕོ་མ་འྀ་ནི་སྡོང་པོ་ཆེ། ། རྫི་ལངས་ནྀ་སྣར་མྱི་མནམ། ། ཁུས་བཏབ་ནི་སྡོང་མྱྀ་གཡོའའ། ། མོན་ཀ་འྀ་ནི་སྟག་ཆྀག་པའ། ། བྱ་ལྡིངས་ནྀ་མྱིག་མྱི་ལྟ། ། བསྲོགས་ཀྱང་ནྀ་སྤུ་མྱྀ་ལངས། ། ཞེས་པ་ལྟ་བུ།
     (༥)བརྗོད་བྱ་རྒྱ་ཆེ་ཞིང་བརྗོད་སྙིང་ཡུལ་དུས་ཀྱི་གནས་བབ་དང་མཐུན་ཞིང་གང་ཟག་སོ་སོའི་ཐོབ་དང་གོ་གནས་མཚོན་པ། དེ་ལ་བཙན་པོའི་བསླབ་བྱ་དང་རྒྱ་གར་གྱི་ཐུབ་པའི་སྐྱེས་རབས། སྙན་ངག ལུགས་ཀྱི་བསྟན་བཅོས། གཏམ་རྒྱུད། རྟོགས་བརྗོད། ཞལ་ལྕེ། ཤགས་ལོ་རྒྱུས་སོགས་ཀྱི་བོད་དུ་འགྱུར་བ། བསླབ་བྱ་ལ། ཆོས་རྒྱལ་སྲོང་བཙན་སྒམ་པོའི《བོད་ཁམས་སྤྱི་ལ་གདམས་པ》 《ཕྱི་བློན་རྣམས་ལ་གདམས་པ》《སྒྱུ་མའི་དཔེ་བརྒྱད་ཀྱི་ཞལ་གདམས》དང་རྒྱལ་བོ་ཁྲི་སྲོང་ལྡེའུ་བཙན་གྱིས《བཀའ་ཡི་ནན་ཐག་ཅི་ལྟར་གདམས་ཚུལ》སློབ་དཔོན་ཀླུ་སྒྲུབ་ཀྱི《བཤེས་སྤྲིངས》སོགས། སྐྱེས་རབས་ལ། འགོས་ཆོས་གྲུབ་གྱིས་བསྒྱུར་བའི《མདོ་མཛིངས་བླུན》ཁྲོད་ཀྱི《རྒྱལ་པོ་ཁ་དོག་དམ་པའི་སྐྱེས་རབས》དང《རྒྱལ་པོ་ཀ་ན་ཤི་ནི་པ་ཏིའི་སྐྱེས་རབས》ལྟ་བུ། སྙན་ངག་ལ། སྙན་ངག་གི་གཞུང་སློབ་དཔོན་དཔའ་བོའི《སྐྱེས་རབས་སོ་བཞི》དང་མཐོ་བཙུན་གྲུབ་རྗེའི《ཁྱད་པར་འཕགས་བསྟོད》དང་བདེ་བྱེད་བདག་པོའི《ལྷ་ལས་ཕུལ་བྱུང་གི་བསྟོད་པ》ལྟ་བུ། ལུགས་ཀྱི་བསྟན་བཅོས་ལ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི《ཤེས་རབ་བརྒྱ་བ》 《ཤེས་རབ་སྡོང་བུ》 《སྐྱེ་བོ་གསོ་ཐིགས》སློབ་དཔོན་ཉི་མ་སྦས་སོགས་ཀྱི《ཚོགས་སུ་བཅད་པའི་མཛོད》 《ཚིགས་སུ་བཅད་པ་བརྒྱ་བ》 《ལུགས་ཀྱི་བསྟན་བཅོས》 《དྲི་མ་མེད་ཀྱི་དྲིས་ལན་རིན་པོ་ཆེའི་ཕྲེང་བ》 《བཤེས་པའི་སྤྲིངས་ཡིག》 《ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ》དང《འཕྲུལ་གྱི་བྱུག་ཤུས་ཕྱི་མ་ལ་བསྟན་པའི་མདོ》ལྟ་བུ། གཏམ་རྒྱུད་ལ། ཏུན་ཧོང་གཏེར་ཡིག་ལས་བྱུང་བའི《ཙེང་གི་རྦག་ཞིན་དང་སྦང་གི་བུང་བུ་སྟག་ཅུང》དང《གྱིམ་པོ་ཉན་ཅིག་དང་ཁབ་ཡོ་བྱའི་འདབ་བཀྲ》 《རོ་སྒྲུང》དང་རིག་བྱེད་ཀྱི་གཏམ་རྒྱུད་མགོ་ཚང་བའི་བོད་དུ་འགྱུར་བའི《རཱ་མ་ཎའི་རྟོགས་བརྗོད》བཅས། རྟོགས་བརྗོད་ལ། 《གྲི་གུམ་བཙན་པོ》 《སྟག་རི་གཉན་གཟིགས》 《གནམ་རི་སྲོང་བཙན》 《སྲོང་བཙན་སྒམ་པོ》 《ཁྲི་འདུས་སྲོང》 《ཁྲི་སྲོང་ལྡེ་བཙན》 《བློན་རབས་ཐོར་བུ》 《མདོ་སྡེ་ལས་བརྒྱ་བ》ཞལ་ལྕེ་ལ《P.T.1071རི་དྭགས་བདས་པའི་ཁྲིམས་ཡིག》དང《P.T.1073ཁྱི་རྦོག་ནས་མི་བསད་པའི་ཁྲིམས་ཡིག》 《P.T.1075བརྐུས་པ་འཇལ་གྱི་ཞལ་ལྕེ》 《སུམ་པའི་མ་ཤགས་ཆེན་མོ》 《མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར་ཀྱི་ལོ་རྒྱུས་ཐོས་པས་གྲོལ་བ》སོགས།
     (༦)སྒྲ་བསྒྱུར་གྱི་ལོ་ཙཱའི་གཞུང་ལུགས་ཀྱི་ཚིག་མཛོད་ཐོག་མ། 《སྒྲ་སྦྱོར་བམ་གཉིས》དང《བྱེ་བྲག་རྟོག་བྱེད》
     (༧)བཙན་པོའི་དུས་ཀྱི་རྡོ་རིང་དང་ཅོང་ཡིག འདི་དག་ནང་དོན་ནི་བློན་བྱས་རྗེས་ཅན་ལ་བཟང་བསྟོད་དང་ཡོས་ཡུན་དུ་བསྟན་པའི་གཙིགས་བསྣན་པ། རྒྱལ་ཁབ་བར་ཀྱི་མཛའ་མཐུན། སྐུ་རྟེན་བཞེངས་ཚུལ། སྨོན་ཚིག་བརྗོད་པ་བཅས་ཡིན་ལ། ཁྲི་སྲོང་ལྡེ་བཙན་སྐབས་གྱི་བློན་བྱས་བརྗེ་ལ་ཐོབ་དང་གོ་ས་གནངས་པའི《ཞོལ་རྡོ་རིང》 《བསམ་ཡས་གཙུག་ལག་ཁང་མདུན་གྱི་རྡོ་རིང》 《འཕྱོང་རྒྱས་སྟག་རྩེའི་རྡོ་རིང》 《འཇང་ས་ཐམ་ཡུལ་གྱི་རྡོ་རིང》 《བྲག་ཡེར་པ་དགོན་གྱི་དྲིལ་བུའི་ཁ་བྱང》《བསམ་ཡས་དགེ་རྒྱས་གཙུག་ལག་ཁང་གི་དྲིལ་བུའི་ཁ་བྱང》རྒྱལ་བོ་ཁྲི་ལྡེ་སྲོང་བཙན་གྱི་སྐུ་དུས་སུ་བཙུགས་པའི《ཞྭ་ལྷ་ཁང་གི་རྡོ་རིང》 《རྒྱལ་སྡེ་དཀར་ཆུང་ལྷ་ཁང་གི་རྡོ་རིང》 《ཁྲི་ལྡེ་སྲོང་བཙན་གྱི་བང་སོའི་མདུན་གྱི་རྡོ་རིང》 《ཁྲ་འབྲུག་དགོན་པའི་དྲིལ་བུའི་ཁ་བྱང》 《སྐྱེ་རྒུ་མདོའི་བྲག་བརྐོས་ཡི་གེ》《ལྡན་མ་བྲག་གི་བྲག་བརྐོས་ཡི་གེ》རྒྱལ་བོ་ཁྲི་རལ་བ་ཅན་གྱི་སྐུ་དུས་སུ་བཙུགས་པའི《བོན་ཞང་རྡོ་རིང་ངམ་ཁྲང་ཆིན་མཐུན་འབྲེལ་རྡོ་རིང》 《སྟོད་ལུང་མཚུར་ཕུ་དགོན་པའི་རྡོ་རིང》 《ཀོང་པོ་དེ་མོའི་བྲག་བརྐོས་ཡི་གེ》 《ཞྭ་ལྷ་ཁང་གི་རྡོ་བརྐོས་ཡི་གེ》 《བོད་ལྗོངས་ཆབ་མདོ་བྲག་གཡབ་རྫོང་གི་ལྡན་མའི་བཀའ་གཙིགས་བྲག་བརྐོས་མ》 《ཡུལ་ཤུལ་ཁུལ་གྱི་བོད་བཙན་པོའི་སྐབས་ཀྱི་རྟེན་ཡིག་བྲག་བརྐོས་མ་འགའ》 《སྤུ་ཧྲེང་དུ་སྤྱན་རས་གཟིགས་ཀྱི་སྐུ་གཟུགས་བཞེངས་ཚུལ་གྱི་རྡོ་རིང》
     (༨)རྩོམ་པ་པོའི་ཆ་ནས། བཙན་པོ་སྐུ་དུས་སུ་ཕལ་ཆེར་རྩོམ་པ་པོ་མང་ཆེ་བ་བཙན་པོ་དང་བློན་པོ། རིགས་རུས་མཐོ་བའི་སྐུ་དྲག་གི་རིགས་སུ་གཏོགས་ལ། ཡང་དམངས་རིགས་ཀྱི་མགུར་གླུ་སོགས་ཀྱང་ཡོད་པ་རེད།
       སྐབས་གསུམ་པ། བོད་སིལ་བུའི་དུས་སྐབས་ཀྱི་རིག་རྩོམ།(སྤྱི་ལོ་༨༤༢ནས་༡༢༥༢བར)
     དུས་སྐབས་འདི་ནི་བོད་ཀྱི་ལོ་རྒྱུས་ཐོག་རིག་རྩོམ་སྣ་མང་དུ་འཕེལ་བའི་དུས་རིམ་ཞིག་དང་། རྒྱ་གར་གྱི་རིག་གཞུང་བོད་སྐད་དུ་བསྒྱུར་བའི་འཕེལ་རྒྱས་གསར་བ་ཞིག་ཀྱང་ཡིན། དེའི་སྐབས་ཀྱི་ཁྱད་ཆོས་ལ་གཤམ་གསལ་ལྟར།
     (༡)དཔའ་བོའི་རྟོགས་པ་བརྗོད་པའི་ལོ་རྒྱུས་སྙན་རྩོམ་རིང་མོ《གེ་སར་རྒྱལ་བོའི་སྒྲུང》གེ་སར་ནི་བོད་མི་དམངས་ཀྱི་སེམས་སུ་ཉར་བའི་མི་རིགས་ཀྱི་དཔའ་བོ་དང་ཕྱོགས་བཞིའི་བདུད་རིགས་བཏུལ་མཁན་གྱི་ལྷ་རིགས་ཤིག་གི་རྣམ་སྤྲུལ་དུ་རློམ་ཡོད། འདི་ལས་སྐབས་དེ་དུས་ཀྱི་མི་དམངས་ཀྱི་ཞི་བདེ་ལ་རེ་བའི་འདོད་འདུན་དང་རེ་སྙེགས་མཚོན་ཞིང་རབ་རྟོག་དང་མགུར་གླུའི་སྒྱུ་རྩལ་གྱི་ཀུན་ནས་ཕྱུག་པས་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་གཏོད་པའི་རིག་རྩོམ་གྱི་རིགས་ཤིག་ཡིན།
    (༢)བོད་ཀྱི་གདོད་མའི་སྲོལ་རྒྱུན་གྱི་མགུར་གླུའི་སྒྱུ་རྩལ་རྩོམ་ཐབས་རྒྱུད་འཛིན་བྱས་ཡོད་པའི《རྗེ་བཙུན་མི་ལ་རུས་པའི་མགུར་འབུམ》
    (༣) སྔོན་བྱོན་བཙན་པོ་དང་ལོ་པཎ་དག་གིས་མ་འོངས་གདུལ་བྱའི་དོན་དུ་ཡུལ་དུས་ཁྱད་པར་ཅན་ལ་བཀའ་ཡི་རྒྱས་བཏབ་སྟེ་གཏེར་དུ་སྦས་པའི་བཀའ་ཆོས་ཀྱི་གཞུང་དེ་ཉིད་དུས་ལ་བབས་སྐབས་ཕྱིར་བཏོན་པས་གཏེར་ཆོས་སུ་སྣང་ལ། གཏེར་ཆོས། 《མ་ཎི་བཀའ་འབུམ》དང《བཀའ་ཐང་ལྡེ་ལྔ》 《བཀའ་ཆེམས་ཀ་ཁོལ་མ》
    (༤)《བཀའ་བསྟན》ལས་བྱུང་བའི་རིག་རྩོམ། དེ་ལ་སྙན་ངག་དང་དོ་ཧ།། ལུགས་ཀྱི་བསྟན་བཅོས་དང་ལེགས་བཤད། ཟློས་གར། གཏམ་རྒྱུད། རྣམ་ཐར་དང་ལོ་རྒྱུས་སོགས་རྣམ་གྲངས་མང་པོ་བྱུང་། དཔེར་ན། སྙན་ངག་ལ་སློབ་དཔོན་ནག་མོ་ཁོལ་གྱི《སྤྲིན་གྱི་ཕོ་ཉ》དང་ཟློས་གར་ལ《ཀླུ་ཀུན་ཏུ་དགའ་བའི་ཟློས་གར》གཏམ་རྒྱུད་ལ《མདོ་མཛངས་བླུན》 《ལས་བརྒྱ་བ》 རྣམ་ཐར་དང་ལོ་རྒྱུས་ལ《རྒྱ་ཆེན་རོལ་བའི་མདོ》དང《དམ་ཆོས་པད་མ་དཀར་པོ》 《མངོན་པར་འབྱུང་པའི་མདོ》
    (༥)སྙན་ངག དེ་ལ་བསྟོད་པའི་སྙན་རྩོམ། དཔེར་ན། 《བཀའ་གདམས་ཕ་ཆོས་བུ་ཆོས》འབྲོམ་སྟོན་པའི《ཇོ་བོ་རྗེའི་བསྟོད་པ་སུམ་ཅུ་བ》ལྟ་བུ། རྣམ་ཐར་སྙན་རྩོམ། དཔེར་ན། འབྲོམ་སྟོན་པའི《ཇོ་བོ་གསེར་གླིང་དུ་བྱོན་པའི་རྣམ་ཐར》དང《ཇོ་བོ་རྗེའི་ཡིག་ཆོས་ཀྱི་འབྱུང་གནས》ལུང་བསྟན་སྙན་རྩོམ། དཔེར་ན། མར་བས་ཐུགས་སྲསམི་ལ་ལུང་བསྟན་གནང་བ་ལྟ་བུ། མགུར་གྱི་སྙན་རྩོམ། དཔེར་ན། མར་བ་དང་རྗེ་བཙུན་མི་ལའི་མགུར་ལྟ་བུ། སྐྱེས་རབས་སྙན་རྩོམ། ། དཔེར་ན། ཀརྨ་རང་བྱུང་རྡོ་རྗའི 《དཔལ་གྱི་ལྡེའི་པའི་སྐྱེས་རབས》 གསོལ་འདེབས་སྙན་རྩོམ། དཔེར་ན། ཞི་བྱེད་པའི《རིང་བརྒྱུད་པའི་གསོལ་འདེབས》དང《ཞི་བྱེད་བཀའ་བབས་རྣམ་གསུམ་གྱི་བླ་བརྒྱུད་གསོལ་འདེབས》ལྟ་བུ། ཞལ་ཆེམས་སྙན་རྩོམ། དཔེར་ན། 《ཞལ་ཆེམས་ཐུགས་ཀྱི་པདྨོ་བརྩེགས་པ》ཞལ་གདམས་སྙན་རྩོམ། དཔེར་ན། རྗེ་བཙུན་དམ་པ་རིན་པོ་མཁྱེན་པའི་ཡེ་ཤེས་མངའ་བ་དེས་བྱང་ཆུབ་སེམས་དཔའ་ཀུན་དགའ་ལ་གསུངས་པའི《དམ་པ་སངས་རྒྱས་ཀྱི་ཞལ་གདམས》 ལོ་རྒྱུས་སྙན་རྩོམ། རྣམ་ཐར་སྙན་རྩོམ། གཅོད་ཀྱི་སྙན་རྩོམ་སོགས་རིགས་མང་དུ་བྱུང་བ།
    (༦)བརྩམས་ཆོས་དང་འགྱུར་རྩོམ།  སྐབས་དེར་ལྷ་བླ་མ་ཡེ་ཤེས་འོད་དང་པཎ་ཊི་ཏ་སྨྲྀ་ཏི་ཛྙ། ལོ་ཆེན་རིན་ཆེན་བཟང་པོ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ། ཁུ་རྔོག་འབྲོམ་གསུམ། པོ་ཏོ་བ་རིན་ཆེན་གསལ། སྤྱན་སྔ་བ། ནག་ཚོ་ཚུལ་ཁྲིམས་རྒྱལ་བ། པ་ཚབ་ཉི་མ་གྲགས་པ། ལོ་ཆུང་གྲགས་འབྱོར་ཤེས་རབ། རྒྱ་བརྩོན་འགྲུས་སེང་གེ འབྲོག་མི་ཤཱཀྱ་ཡེ་ཤེས། མར་བ་ཆོས་ཀྱི་བློ་གྲོས། ཀརྨ་པ་རང་བྱུང་རྡོ་རྗེ། པ་གོར་བཻ་རོ་ཙ་ན། ཉིང་རང་ཉི་མ་འོད་ཟེར། ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར། ཞི་བྱེད་པའི་བདག་པོ་ཕ་དམ་པ་དང་སློབ་མ་སྔ་ཕྱི་བར་གསུམ་སོགས་རྣམ་དཔྱོད་ཀྱི་དཔལ་འབར་བའི་མཁས་པ་དུ་མ་བྱུང་བས། བོད་ཀྱི་རིག་རྩོམ་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱང་། གྲགས་ཆེ་བའི་བརྩམས་ཆོས་སྐོར་ལ། དཔེར་ན། 《ཞལ་གདམས》 《སྨྲ་སྒོ་མཚོན་ཆ》ལོ་ཆེན་རིན་ཆེན་བཟང་པོའི་འགྱུར་རྩོམ་གྲགས་ཆེ་བ་སློབ་དཔོན་ཤེས་རབ་གོ་ཆས་མཛད་པའི《ཁྱད་པར་དུ་འཕགས་པའི་བསྟོད་པའི་རྒྱ་ཆེར་བཤད་པ》དང《ལྷ་ལས་ཕུལ་བྱུང་དུ་བྱུང་བར་བསྟོད་པའི་རྒྱ་ཆེར་བཤད་པ》སློབ་དཔོན་དབྱུག་གཉེན་གྱི་མཛད་པའི《ཚོགས་ཀྱི་གཏམ》《ཙ་ན་ཀའི་རྒྱལ་པོའི་ལུགས་ཀྱི་བསྟན་བཅོས》ཇོ་བོ་རྗེའི《བྱང་ཆུབ་ལམ་སྒྲོན》《བྱང་ཆུབ་སེམས་དཔའི་ནོར་བུའི་ཕྲེང་བ》འབྲོམ་སྟོན་པའི《ཇོ་བོ་རྗེའི་བསྟོད་པ་སུམ་ཅུ་བ》དང《མི་ཆོས་གནད་ཀྱི་ཕྲེང་བ》པོ་ཏོ་བ་རིན་ཆེན་གསལ་གྱི《དཔེ་ཆོས་རྒྱས་འབྲིང་བསྡུས་གསུམ》《བེའུ་བུམ་སྔོན་པོ》སྤྱན་སྔ་བའི《ཚོགས་སུ་གསུངས་པ》རྔོག་བློ་ལྡན་ཤེས་རབ་ཀྱི《བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་གྱི་བསྟོད་པ》ལོ་ཙཱ་བ་ཤེས་རབ་ཀྱིས་འགྱུར་བའི་《ཚིགས་སུ་བཅད་པ་བརྒྱ་བ》《སློབ་མ་ལ་སྤྲིང་བ》 《བླ་མ་ལ་སྤྲིང་བ》གཏམ་རྒྱུད་ལ《ཇོ་བོ་རྗེའི་གཏམ་རྒྱུད》《རྒན་མོ་དང་ཁྱིའི་མཆེ་བ》ཀརྨ་རང་བྱུང་རྡོ་རྗེའི《དཔལ་གྱི་སྡེའི་སྐྱེས་པའི་རབས》བུ་སྟོན་གྱི《བུ་སྟོན་ཆོས་འབྱུང》ཉང་རལ་ཉི་མ་འོད་ཟེར་གྱི《སློབ་དཔོན་པདྨ་འབྱུང་གནས་ཀྱི་རྣམ་ཐར་ཟངས་གླིང་མ》དང《ཆོས་འབྱུང་མེ་ཏོག་སྙིང་བོའི་སྦྲང་རྩིའི་བཅུད》ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་སྙན་རྩོམ《པོ་ཏ་ལ་ཀུན་ཏུ་དགའ་བའི་གཏམ》དང《བློ་གསལ་རི་བོང་གི་རྟོགས་བརྗོད》ས་སྐྱ་བསོད་ནམས་རྒྱལ་མཚན་གྱི《རྒྱལ་རབས་གསལ་བའི་མེ་ལོང》
     སྐབས་བཞི་བ། ས་ཕག་རིན་གཙང་དུས་སྐབས་ཀྱི་རིག་རྩོམ།(སྤྱི་ལོ༡༢༥༣ནས་༡༦༤༡བར)
    (༡)ས་པཎ་གྱི་བོད་དུ་རིག་གནས་ཆེ་ཆུང་བཅུའི་རྣམ་བཞག་མཛད་པ་ཡིན་པས་འདི་ནི་བོད་ཀྱི་ཤེས་རིག་འཕེལ་རྒྱས་ཀྱི་འགག་ཕྲེང་ལྟ་བུ་ཞིག་ཡིན་པས་དུས་སྐབས་གཅིག་ཏུ་དགར་ན་ལོ་རྒྱུས་ཀྱི་གནས་བབས་དང་འཚམ་ལ། རིག་རྩོམ་ཀྱི་འཕེལ་རྒྱས་གསར་བ་ཞིག་གི་འགོ་ཚུགས་པའང་མཚོན་ཐུབ།
    (༢)འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐུ་རིང་ལ། ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་ནས་རྒྱ་གར་གྱི་སློབ་དཔོན་དབྱུག་པ་ཅན་གྱི་བརྩམས་པའི་སྙན་ངག་གི་རྒྱན་གྱི་བསྟན་བཅོས《སྙན་ངག་མེ་ལོང》ཆ་ཚང་བོད་སྐད་དུ་བསྒྱུར་བས་བོད་ཀྱི་གདོད་མའི་རིག་རྩོམ་རྣམ་པ་གསར་བ་ཞིག་ཏུ་འཕེལ་རྒྱས་སོང་།
    (༣)རྗེ་ཙོང་ཁ་པའི་སྙན་ངག 《བསྟོད་ཆེན་བཞི》 《ལམ་རིམ་ཆེན་མོ》 《བསྔགས་རིམ་ཆེན་མོ》དང་བསྟོད་པ་དང་ཞལ་གདམས། རྟོགས་བརྗོད་སོགས་ཀྱི་སྐོར་མང་།
    (༤)བོད་བཙན་པོའི་དུས་ཀྱི་རྩམ་དྲི་དང་མར་དྲི་བྲོ་བའི་རིག་རྩོམ་གྱི་རྣམ་པ་རྒྱུད་འཛིན་བྱས་པའི《རྗེ་བཙུན་མི་ལ་རས་པའི་རྣམ་ཐར》
    (༥)དམ་པའི་ལྷ་ཆོས་དང་རྒྱ་གར་རིག་རྩོམ་གྱིས་ཤན་ཞུགས་པའི་རྟོགས་བརྗོད་དང་ཟློས་གར་ལ། ཞང་ཞུང་ཆོས་དབང་གྲགས་པའི《རཱ་མ་ཎའི་རྟོགས་བརྗོད》 《འགྲོ་བ་བཟང་མོ》 《རྒྱལ་བུ་དྲི་མེད་ཀུན་ལྡན》《གཟུགས་ཀྱི་ཉི་མ》《དོན་ཡོན་དོན་གྲུབ》《སྣང་ས་འོད་འབུམ》《ཆོས་རྒྱལ་ནོར་བཟང》 《རྒྱ་བཟའ་བལ་བཟའ》《པད་མ་འོད་འབར》《ཆོས་རྒྱལ་ནོར་བཟང》
    (༣)རིག་རྩོམ་ཀྱི་ཉི་མ་ཀུན་ཏུ་ཤར་བའི་དུས། ལེགས་བཤད་དང་། བསླབ་བྱ། བསྟན་བཅོས། སྙན་ངག རྟོགས་བརྗོད། རྣམ་ཐར། སྐྱེས་རབས། ཟློས་གར། རོལ་མོ། གཏམ་རྒྱུད། ལོ་རྒྱུས། འཕྲིན་ཡིག ཞལ་གདམས། གསོལ་འདེབས། མགུར། སྨོན་ལམ། བསྔོ་བ། ཤིས་བརྗོད་སོགས་དབྱངས་ཀྱི་འགྱུར་ཁུག་དང་ངག་གི་བརྡ་དག་པ། ཚིག་ཉུང་དོན་བསྡུས་ཤིང་སྦྱོར་འབྲེལ་ཆགས་པ། མཐོ་དམན་བར་མ་ཀུན་ཀྱི་རྟོགས་ཤིང་འཇུག་བདེ་བ། ས་པཎ་ཀུན་དགའ་རྒྱལ་མཚན་གྱི《མཁས་ལ་འཇུག་པའི་སྒོ》 《ས་སྐྱ་ལེགས་བཤད》 《ཐུབ་པའི་དགོངས་པ་རབ་གསལ》 《གཞུང་ལུགས་ལེགས་པར་བཤད་པ》 《རོལ་མོའི་བསྟན་བཅོས》 《རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་བསྟོད་པ》《དབུས་གཙང་མངའ་རིས་དང་བཅས་པཔའི་དགེ་བའི་བཤེས་གཉེན་ཡོན་མཆོད་རྣམས་ལ་སྤྲིངས་པ》 《》རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི《སྐྱེས་བུ་དམ་པ་རྣམས་ལ་སྤྲིངས་པའི་ཡི་གེ》《ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་ཞུ་བའི་འཕྲིན་ཡིག》 《བསྟན་པ་ལ་དགའ་བའི་ལྷ་རྣམས་ལ་སྤྲིངས་ཡིག》 《ཤིང་ཀུན་ན་བཞུགས་པའི་དགེ་འདུན་རྣམས་ལ་སྤྲིངས་ཡིག》 《ཉི་མ་ལ་སྤྲིངས་པ》《གློ་བོ་ལོ་ཙཱ་བ་ལ་སྤྲིངས་ཡིག》《ཞང་ལོ་ཙཱ་བ་ལ་གདམས་པ》 《ཐུབ་པའི་བསྟོད་པ》 《བླ་མ་ལ་བསྟོད་པ》 《སྡེབ་སྦྱོར་མེ་ཏོག་ཆུན་པོ》《སྙན་ངག་མཁས་པའི་ཁ་རྒྱན》 《མངོན་བརྗོད་ཚིག་གི་གཏེར》 《ཟློས་གར་རབ་དགའི་འཇུག་པ》 《དཔལ་ལྡན་བི་རཱུ་བ་ལ་བསྟོད་པ》《ཞང་སྟོན་པ་བསྟོད་པ》འགྲོ་མགོན་ཆོས་རྒྱལ་འཕགས་པའི《བསྟོད་དབྱངས་རྒྱ་མཚོ》 《ཤཱཀྱའི་རྒྱལ་བོ་ལ་བསྟོད་པ》 《རི་བོ་རྩེ་ལྔ་ལ་བསྟོད་པ》ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱི་སྒྱུར་བའི《ཀླུ་ཀུན་ཏུ་དགའ་པའི་ཟློས་གར》 《རྩོགས་བརྗོད་དཔག་བསམ་འཁྲི་ཤིང》བུ་སྟོན་རིན་ཆེན་གྲུབ་ཀྱི《བུ་སྟོན་སྙིང་ཐུར》དང《འཕྲིན་ཡིག་ཆོས་ལྡན》འགོས་ལོ་གཞོན་ནུ་དཔལ་གྱི《དེབ་ཐེར་སྔོན་པོ》བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་རྒྱ་མཚོ《ཞུ་འཕྲིན་ངག་དབང་དཔྱིད་ཀྱི་ཕོ་ཉ》《སྙན་འགྲེལ་དཎཌིའི་དགོངས་རྒྱན》 《ལྭ་དགས་རྒྱལ་རབས》
     སྐབས་ལྔ་བ། དགའ་ལྡན་ཕོ་བྲང་གི་དུས་སྐབས་ཀྱི་རིག་རྩོམ།(སྤྱི་ལོ་༡༦༤༢ལོ་ནས་༡༩༤༩བར)
     སྐབས་འདིར་འགྱུར་རྩོམ་ཀྱི་ཚད་ཇེ་ཉུང་དུ་ཕྱིན་པ་དང་བླ་སྤྲུལ་ལས་གཞན་འཇིག་རྟེན་པའི་རིགས་སུ་མཁས་པ་མང་ཙམ་བྱུང་ཡོད། དེ་དུས་གཙོ་ཆེར་ཆོས་ཀྱི་སྙིང་བོ་བརྗོད་བྱར་གྱུར་བ་ལས་གཞན་སྤྱི་ཚོགས་ཀྱི་སྣང་བརྙན་ཕབ་བསྐྲུན་བྱས་པར་བརྩམས་ཆོསའང་དུ་མ་བྱུང་ཡོད། སྐབས་འདིའི་རིག་རྩོམ་གྱི་ཁྱད་ཆོས་ནི། (༡)སྙན་ངག་དང་མགུར་གླུ་ལ།  ཤེལ་དཀར་གླིང་བ་མི་འགྱུར་ལྷུན་འགྲུབ་ཀྱི《ལྷ་ས་དྲན་གླུ》སུམ་པ་ཡེ་ཤེས་དཔལ་འབྱོར་ཀྱི《ཆོས་འབྱུང་དཔག་བསམ་ལྗོན་བཟང》ལྩང་སྐྱ་རལ་བའི་རྡོ་རྗེའི《རི་བོ་རྩེ་ལྔའི་གནས་བསྟོད་འཇམ་དཔལ་དགྱེས་པའི་མཆོད་སྤྲིན》ཀུན་མཁྱེན་འཇིགས་མེད་དབང་བོའི《རྗེ་ཙོང་ཁ་པ་ལ་བསྟོད་པ་ངང་བའི་བུ་མོའི་འཕང་འགྲོའི་སྒྲ་དབྱངས》《ལྷ་མོ་དབྱངས་ཅན་མའི་བསྟོད་པ》ཀུན་མཁྱེན་འཇིགས་མེད་གླིང་བའི《བསྟོད་པ་སྙན་ཚིག་དཔྱིད་ཀྱི་རྒྱལ་མོའི་རྒྱང་གླུ》《དཔལ་གྱི་བསམ་ཡང་མཆིམས་ཕུ་ལ་བསྟོད་པ་རྡོ་རྗེའི་གཱ་མཀཿ》པཎ་ཆེན་བློ་བཟང་དཔལ་ལྡན་གྱི《གནས་མཆོག་བཀྲ་ཀིས་བསམ་གཏན་གླིང་གི་གནས་བསྟོད》གུང་ཐང་བསྟན་པའི་སྒྲོན་མེའི《འཇམ་མགོན་བླ་མ་བསྟོད་པ་ཀ་ལ་པིངྒའི་གླུ་དབྱངས》《ཀུན་མཁྱེན་འཇིགས་མེད་དབང་བོ་ལ་བསྟོད་པ་དགེ་ལེགས་དཔལ་མཆོག》《》རྡོ་སྤིས་ཤེས་རབ་རྒྱ་མཚོའི《རྗེའི་བསྟོད་པ་དད་པའི་དྲི་བསུང་འཐུལ་བའི་སྤོས་ཀྱི་རྫིང་བུ》《འཇམ་མགོན་བླ་མ་དགྱེས་པའི་མཆོད་སྤྲིན》རྒྱལ་དབང་ལྔ་བའི《ཞུ་ཡིག་བསོད་ནམས་འབར་ཉི་མ་སྟོང་འབར》རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི《བསྟོད་པ་འཇིགས་བྲལ་ངག་གི་སྙེ་མ》《བསྟོད་པ་དད་པའི་སྤུ་ལོང་འདྲེན་པའི་བསེར་བུ》《དན་ཏིག་གི་བསྟོད་པ་ལྷུན་གྲུབ་སྤོབས་པའི་འཛུམ་རིས》དཀྱིལ་ཟུར་བློ་བཟང་སྦྱིན་པའི《བསྟོད་པ་དད་པའི་ཆུ་གཏེར་སྤེལ་བའི་བདུད་རྩིའི་ཆུ་རྒྱུན》《དཔལ་སྣར་ཐང་ཆོས་སྡེ་ལ་བསྟོད་པ་སྐལ་བཟང་རྣ་བའི་བདུད་རྩི》ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ་གྱི《རི་བོ་རྩེ་ལྔའི་གནས་བསྟོད་འཇམ་དཔལ་དགྱེས་པའི་མཆོད་སྤྲིན》རྒྱལ་བ་བསྐལ་བཟང་རྒྱ་མཚོའི《རང་གཞན་དམ་པའི་ཆོས་ལ་རྒྱུད་བསྐུལ་བའི་ཕྱིར་མི་རྟག་པའི་སྣང་ཚུལ་མགུར་དབྱངས་སུ་མཛད་པ》རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་གྱི《རི་བོ་རྩེ་ལྔའི་གནས་བསྟོད་དོན་ལྡན་ཚངས་པའི་སྒྲ་དབྱངས》《རྒྱལ་བ་ཚངས་དབྱངས་རྒྱ་མཚའི་མགུར་གླུ》བིས་པ་ངག་དབང་མི་ཕམ་ཟླ་བའི《སྐྱོ་གླུ་དྲན་པའི་སྙེ་མ》འཇམ་དབྱངས་ཐུབ་བསྟན་ཉི་མའི《བཀྲ་ཤིས་དགེ་འཕེལ་གྱི་གནས་བསྟོད་དང་འབྲེལ་བའི་མགུར་མ》《ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་མགུར་གླུ》འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོའི《གླུ་བྲོ་སྒྱུ་མའི་རོལ་མོ》
    (༢)རྟོགས་བརྗོད་དང་ལོ་རྒྱུས་རིག་རྩོམ། རྗེ་ཙོང་ཁ་པ་ཆེན་མོའི《རྟག་ཏུ་ངུའི་རྟོགས་བརྗོད》མདོ་མཁར་བ་ཞབས་དྲུང་ཚེ་རིང་དབང་རྒྱལ་གྱི《མི་དབང་རྟོགས་བརྗོད》《བཀའ་བློན་རྟོགས་བརྗོད》སྒིས་སྟེང་བློ་བཟང་དཔལ་ལྡན་གྱི《རྟོགས་བརྗོད་གསེར་གྱི་མེ་ཏོག》ཐུའུ་བཀྭན་ཆོས་ཀྱི་ཉི་མའི《རྟོགས་བརྗོད་པདྨ་དཀར་པོ》《གཞོན་ནུ་ནོར་བཟང་གི་རྟོགས་བརྗོད》ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི《སློབ་དཔོན་ཟླ་བའི་ཞབས་ཀྱི་རྟོགས་བརྗོད་དབྱངས་ཀྱི་ཡན་ལག་བརྒྱད་ལྡན》བླ་བྲང་ཨ་ཁུ་ཤེས་རབ་རྒྱ་མཚོའི《སློབ་དཔོན་མི་ཏྲ་ཛོ་གིའི་རྟོགས་བརྗོད》《》འཇམ་དབྱངས་ཐུབ་བསྟན་རྒྱ་མཚོའི《རྟོགས་བརྗོད་ངོམ་མཚར་སྤྲིན་གྱི་སྒྲ་དབྱངས》གྲགས་པ་རྒྱལ་མཚན་གྱི《སྐྱེ་བོ་གསོ་ཐིགས་ཀྱི་འགྲེལ་བ》པཎ་ཆེན་བསོད་ནམས་གྲགས་པའི《དེབ་ཐེར་དམར་པོ་གསར་མ》རྒྱལ་དབང་ལྔ་བའི《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》ཚལ་བ་ཀུན་དགའ་རྡོ་རྗེའི《དེབ་ཐེར་དམར་པོ》འཇམ་དབྱངས་ཐུབ་བསྟན་ཉི་མའི《གིལ་བར་ཇོ་བོའི་ལོ་རྒྱུས་རིན་པོ་ཆེའི་ཟ་མ་ཏོག》
     (༣)རྣམ་ཐར་དང་གཏམ་རྒྱུད་རིག་རྩོམ། རྡོ་རིང་བསྟན་འཛིན་དཔལ་འབྱོར་གྱི《རྡོ་རིང་པཎ་ཊི་ཏའི་རྣམ་ཐར》 《རྒྱལ་བུ་གྲགས་པའི་མུ་ཁྱུད་ཀྱི་བསྟན་བཅོས》 《བྱ་སྤྲེལ་གཏམ་རྒྱུད》རྩོམ་པ་པོ་མི་གསལ《སྒོམ་ཆེན་དང་རྫ་ཅིག་གི་གཏམ་རྒྱུད》 སྒིས་སྟེང་བློ་བཟང་དཔལ་ལྡན་གྱི《ཕོ་ཉ་གཞོན་ནུ་དོན་འགྲུབ》ཞང་སྟོན་བསྟན་པ་རྒྱ་མཚོའི《རྗེ་བཙུན་བསྐལ་བཟང་ཐུབ་བསྟན་དཔལ་བཟང་བོའི་རྣམ་ཐར》《ངག་དབང་ཐུབ་བསྟན་རྒྱ་མཚོའི་རྣམ་ཐར》སི་ཏུ་པཎ་ཆེན་གྱི《རིག་འཛིན་དབང་ཕྱུག་རོལ་བའི་རྡོ་རྗའི་རྣམ་ཐར》པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱི《འཕགས་པའི་གནས་བརྟན་བཅུ་དྲུག་གི་རྣམ་པར་ཐར་བ》འཇམ་དབྱངས་ཐུབ་བསྟན་ཉི་མའི《རྗེ་བཙུན་དཀོན་མཆོག་བསྟན་པའི་སྒྲོན་མའི་རྣམ་ཐར》པཎ་ཆེན་བསྟན་པའི་ཉི་མའི《སློབ་དཔོན་དཔའ་བོའི་རྣམ་ཐར་མདོར་བསྡུས》
     (༤)ལེགས་བཤད་དང་བསླབ་བྱ། འབེལ་གཏམ། སུམ་པ་ཡེ་ཤེས་དཔལ་འབྱོར་ཀྱི《མིའི་ཆོས་ལུགས་ཀྱི་བསྟན་བཅོས་མེ་ཏོག་ཕྲེང་མཛེས》པཎ་ཆེན་བསོད་ནམས་གྲགས་པའི《དགེ་ལྡན་ལེགས་བཤད》ལྩང་སྐྱ་རལ་བའི་རྡོ་རྗེའི《བསླབ་བྱ་གཞན་ཕན་བདུད་རྩིའི་སྙིང་བོ》གུང་ཐང་བསྟན་པའི་སྒྲོན་མའི《གུང་ཐང་བསླབ་བྱ》《ཆུ་ཤིང་གི་བསྟན་བཅོས》《ཉམས་མྱོང་རྒན་པོའི་འབེལ་གཏམ》《སློབ་གཉེར་བྱེད་ཚུལ་གྱི་བསླབ་བྱ》འཇུ་མི་ཕམ་དགེ་ལེགས་རྣམ་རྒྱལ་རྒྱ་མཚོའི《རྒྱལ་བོའི་ལུགས་ཀྱི་བསྟན་བཅོས》《ཕ་ཆེའི་ཕ་ལུ》《ནམ་མཁའི་བསྟན་བཅོས》《མེའི་བསྟན་བཅོས》《ལྕགས་ཀྱི་བསྟན་བཅོས》བོན་གྲོང་བ་ཚེ་བརྟན་ཡེ་ཤེས་ཀྱི《དེ་དཀར་ལེགས་བཤད》ལྕང་སྐྱ་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་ཆོས་ལྡན་གྱི《ལུགས་གཉིས་ཀྱི་བསླབ་བྱ་རབ་གསལ》བིས་པ་ངག་དབང་མི་ཕམ་ཟླ་བའི《ཕ་མའི་དྲིན་ལན་བསབས་པའི་སྙིང་བོ་བསྡུས་པ》དངུལ་ཆུ་དྷརྨ་བྷ་དྲའི《བསླབ་བྱ་རིན་པོ་ཆེའི་དོ་ཤལ》ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ་གྱི《དགེ་ལྡན་ལེགས་བཤད་ཀྱི་འགྲེལ་བ་ཉི་མའི་འོད་ཟེར》ཞང་སྟོན་བསྟན་པ་རྒྱ་མཚོའི《བསླབ་ནོར་བུའི་ཕྲེང་བ》ཨ་ལག་ཤ་ངག་དབང་བསྟན་དར་གྱི《བསླབ་བྱ་མི་ཆོས་དགའ་སྟོན》ཀིརྟི་བློ་བཟང་འཕྲིན་ལས་བསྟན་པའི་རྒྱ་མཚོའི《བསླབ་བྱ་སྨོན་ཚིག་དང་འབྲེལ་བའི་མགུར་དབྱངས》འཇུ་མི་ཕམ་གྱི《ལུགས་ཀྱི་བསྟན་བཅོས་ལྷ་དང་དཔལ་འདུ་བའི་ནོར་བུ》དཀྱིལ་ཟུར་བློ་བཟང་སྦྱིན་པའི《ལུགས་ཟུང་བ་དན་གཡོ་བའི་ལེགས་བཤད་རླུང་གི་བསྟན་བཅོས》 བཀའ་འགྱུར་བ་བློ་བཟང་ཚུལ་ཁྲིམས་ཀྱི《བསླབ་བྱ་ལྷག་བསམ་རྣམ་དཀར་གྱི་ཆུ་སྐྱེས་རབ་ཏུ་རྒྱས་པའི་ཕྲེང་བ》བླ་བྲང་ཨ་ཁུ་ཤེས་རབ་རྒྱ་མཚོའི་བསླབ་བྱ་གྲོས་འདེབས་ཀྱི་སྐོར།
     (༥)བརྩམས་སྒྲུང་། མདོ་མཁར་བ་ཞབས་དྲུང་ཚེ་རིང་དབང་རྒྱལ་གྱི《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》སྟག་ཕུ་བ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི《བྱ་མགྲིན་སྔོན་ཟླ་བའི》
     (༦)རབ་རྟོག་གི་བརྩམས་སྒྲུང་། རྫ་དཔལ་སྤྲུལ་གྱི《གཏམ་པདྨའི་ཚལ་གྱི་ཟློས་གར》བོན་གྲོང་བ་ཚེ་བརྟན་ཡེ་ཤེས་ཀྱི《ཇ་ཆང་ལྷ་མོའི་བསྟན་བཅོས》《རྨི་ལམ་ལྷ་མོའི་བསྟན་བཅོས》 《བྱི་ལ་མ་བུའི་རྩོད་གཏམ》ཁལ་ཁ་ངག་དབང་བློ་བཟང་མཁས་གྲུབ་གྱི《རྒན་རྒོན་ཕོ་མོའི་ལོ་རྒྱུར་དང་སྦྱར་བའི་བསྟན་བཅོས་དགྲ་བོ་འཕྲང་སྒུག》
     དེ་མིན་གཞན་ཞང་ཞུང་བ་ཆོས་དབང་གྲགས་པའི《སྐད་གཉིས་ཤན་སྦྱར་ནོར་བུའི་དོ་ཤལ》པཎ་ཆེན་བསོད་ནམས་གྲགས་པའི《བསྟན་རྩིས་རིན་ཆེན་ཕྲེང་བ》རྫ་དཔལ་སྤྲུལ་གྱི《ཆང་གི་ཉེས་དམིགས》《སྡེབ་སྦྱོར་གྱི་སྡོམ་ཚིག》《ཀུན་བཟང་བླ་མའི་ཞལ་ལུང》བོན་གྲོང་བ་ཚེ་བརྟན་ཡེ་ཤེས་ཀྱི《བོན་གྲོང་ཆབ་ཤོག》ཨ་ལག་ཤ་ངག་དབང་བསྟན་དར་གྱི《རྩོམ་ཀྱི་རྣམ་གཞག་བཤད་པ》
སྐབས་དྲུག་པ། སྤྱི་ཚོགས་རིང་ལུགས་དུས་སྐབས་ཀྱི་བོད་ཀྱི་རིག་རྩོམ།(སྤྱི་ལོ་༡༩༥༠ནས་ད་ལྟའི་བར)
     དུས་སྐབས་འདི་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་བ་ཞིང་དུས་རབས་གསར་བ་ཞིག་གི་འགོ་བཙུགས། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་སུ་རྒྱལ་ཁབ་ཀྱི་སྲིད་ཇུས་གསར་བས་གངས་ལྗོངས་་ཡུལ་གྲུ་ཀུན་གསལ་བར་གཏིང་ཞིང་དཔལ་འབྱོར་འཛུགས་བསྐྲུན་དང་བསམ་བློ་བཅིངས་འགྲོལ་བྱས། དེར་བརྟེན།
     (༡)མི་དམངས་ཀྱི་འཚོ་བ་ཉིན་རེ་བཞིན་གོང་སྤེལ་དང་གསོན་ཤུགས་གསར་བ་རྒྱས་པས་བོད་ཀྱི་རིག་རྩོམ་ལ་ཡང་མཁྱེན་ཡངས་དང་མི་རིགས་ལ་བརྩེ་བའི་མཁས་དབང་དང་བླ་སྤྲུལ་དུང་དཀར་བློ་བཟང་འཕྲིན་ལས། དགེ་འདུན་ཆོས་འཕེལ། དོན་གྲུབ་རྒྱལ། ཚེ་ཏན་ཞབས་དྲུང་། དམུ་དགེ་བསམ་གཏན། ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ། དོར་ཞི་གདོང་དྲུག་སྙེམས་པའི་བློ་གྲོས། བསེ་ཚང་བློ་བཟང་དཔལ་ལྡན། སོགས་གང་མང་གིས་བརྩམས་ཆོས་དུ་མ་སྤེལ།
     (༢)༡༩༨༠ལོར་བོད་ཀྱི་རིག་རྩོམ་དུས་དེབ་ཐོག་མ《བོད་ཀྱི་རྩོམ་རིག་སྒྱུ་རྩལ》བྱུང་བ་དང་བསྟུན་ནས《སྦྲང་ཆར》《མང་ཚོགས་སྒྱུ་རྩལ》《ཟླ་ཟེར》《སྤང་རྒྱན་མེ་་ཏོག》《གངས་ལྗོངས་རིག་གནས》《གངས་དཀར་་རི་བོ》《ལྷ་ཁའི་རྩོམ་རིག》《བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག》སོགས་དང་ཚགས་པར་དང་དྲ་རྒྱ་གང་མང་ཞིག་གིས་རིག་རྩོམ་གྱི་ལས་ལ་འབད་འབོངས་བྱེད་མོས་སུ་མཆིས།
     (༣)དུས་སྐབས་འདིར་རང་མོས་སྙན་ངག་གི་སྲོལ་དར་བ་ཡིན་ཟེར། སྙན་ངག་དང་མགུར་ལ། དགེ་འདུན་ཆོས་འཕེལ་གྱི《ཆུང་གྲོགས་རྗེས་དྲན》དང《མི་རྟག་དྲན་པའི་མགུར་གླུ》《འདུ་བྲལ་སྙིང་བོ་མེད་པར་རྟོགས་པའི་གླུ》སྐུ་ཞབས་དོན་གྲུབ་རྒྱལ་ཀྱི《ལང་ཚོའི་རྦབ་ཆུ》ཚེ་ཏན་ཞབས་དྲུང་གི《ལན་ཀྲོའུ་དཔྱིད་དཔལ》དང《གནས་བསྟོད་དབྱངས་ཅན་སྒེག་མོའི་གླུ་དབྱངས》མཁས་དབང་དམུ་དགེ་བསམ་གཏན་གྱི《སྙན་ངག་དཀའ་འགྲེལ་ཡང་གསལ་སྣང་མཛོད》རྡོ་རྗེ་རྒྱལ་བོའི《སྙན་ངག་གི་འགྲེལ་བཤད་གསལ་སྒྲོན》ཉན་ཤུལ་མཁྱེན་རབ་འོད་ཟེར་གྱི《གངས་ཅན་ཀུན་བཟོད་སྒེག་མོའི་བཞད་སྒྲ》
     (༤)ལོ་རྒྱུས་ལ། དགེ་འདུན་ཆོས་འཕེལ་གྱི《གཏམ་རྒྱུད་གསེར་གྱི་ཐང་མ》《ཀླུ་སྒྲུབ་དགོངས་རྒྱན》《རི་བོ་ཧི་མ་ལའི་བསྟན་བཅོས》《དེབ་ཐེར་དཀར་པོ》《རྒྱའི་ལོ་རྒྱུས་ལས་བྱུང་པའི་བོད་ཀྱི་རྒྱལ་རབས་སྐོར》《དགེ་འདུན་ཆོས་འཕེལ་ཀྱིས་བསྡུས་པའི་ཏུན་ཧོང་ཡིག་ཆ》《ར་མ་ཡ་ཎ》 དགེ་འདུན་ཆོས་འཕེལ་གྱི《དཔལ་ནག་པོའི་གླུ》《བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར》《གནས་ཆུང་ཞུ་འཕྲིན》
     (༥)རྣམ་ཐར་དང་རྟོགས་བརྗོད་ལ། མཁས་དབང་དམུ་དགེ་བསམ་གཏན་གྱི《གཡུ་ཐོག་རྙིང་མའི་རྣམ་ཐར》ཚེ་ཏན་ཞབས་དྲུང་གི《རྟོགས་བརྗོད་དངུལ་གྱི་མེ་ལོང》ལྷ་མོའི་ཡེ་ཤེས་ཚུལ་ཁྲིམས་ཀྱི《སྐྱ་བསེང་བུ་ལྔའི་རྟོགས་བརྗོད》
     (༦)རྡོ་རྗེ་རྒྱལ་བོ་མཆོག་གི《བོད་ཀྱི་ཡིག་སྲོལ་དར་ཚུལ་བརྗོད་པའི་གཏམ་བློ་གསར་དགའ་སྟོན》མཁས་དབང་དམུ་དགེ་བསམ་གཏན་གྱི《དབྱངས་ཅན་སྒྲ་མདོའི་ཚིག་གསལ་ཟླ་བའི་འོད་ཟེར》《བོད་ཀྱི་རིག་གནས་དར་ཚུལ་མདོ་ཙམ་བརྗོད་པ》《ཤེས་བྱའི་རྣམས་གྲངས་བློ་གསལ་རིག་སྒོ》
     (༧)བརྩམས་སྒྲུང་། རྡོ་རྗེ་རྒྱལ་བོའི《ཡེ་ཤེས་ལྷ་མོ་དང་མགར་བ་སྟོབས་རྒྱས》དོན་གྲུབ་རྒྱལ་གྱི《རྐང་ལམ་ཕྲ་མོ》
     དེ་བཞིན་གོང་གསལ་ལྟར་བསྟན་པ་ཕྱི་དར་སྐབས་སུ་ཆོས་ལུགས་སུ་སྨྲ་བ་ནི། གཅིག་ན་བོད་བཙན་པོའི་རྗེས་སུ་སྲིད་གཞུང་ཡིག་ཚང་གི་སྲོལ་རྒྱུན་འཆོལ་བའི་རྟགས་ཡིན་ལ། གཉིས་སུ་ལོ་རྒྱུས་རྩོམ་མཁན་དེ་དག་རྒྱལ་པོའི་གདུང་རྒྱུད་མ་ཡིན་པར་ཧ་ལམ་གྲུབ་མཐའ་མི་འདྲ་བ་དག་གི་མཁས་པ་ཡིན་པ། གསུམ་ནས་གྲུབ་མཐའ་མང་དུ་བྱུང་བ་བཅས་ཀྱི་དབང་གིས་དེ་དག་ནི་གྲུབ་མཐའ་སོ་སོའི་ཚབ་བྱེད་མི་སྣ་ཡིན་པས་གྲུབ་མཐའི་ཁེ་ཕན་ལ་དོ་ཁུར་བྱེད་པ་ལས་མི་རིགས་དང་རྒྱལ་པོའི་གདུང་རྒྱུད་ལ་དོ་ཁུར་བྱེད་མཁན་མེད། དེ་བས་བསྟན་པ་སྔ་དར་སྐབས་སུ་བསྒྲགས་པའི་བོན་ལུགས་རྐྱང་འདོད་པ་ཏུན་ཧོང་ཡིག་རྙིང་གི་ལུང་གཤམ་དུ་བགྲང་བར་བྱ་སྟེ། བཙན་པོའི་སྐབས་ཀྱི་རྡོ་རིང་ངོས་སུ་འཕྲུལ་གྱི་ལྷ་བཙན་པོ་དང་མིའི་རྒྱལ་པོ་ལྷས་མཛད། གནམ་ལྷབ་ཀྱི་རྒྱལ་པོ། ཕྱྭ་ཡབ་བདག་དྲུག་གི་སྲས། བདུན་ཚིགས་ཀྱི་བདུན། གནམ་ནས་བབས་པ་སོགས་མིང་བརྡ་སྣ་ཚོགས་བྱུང་པ་ནི་བོན་གྱི་ལུགས་སུ་བཙན་པོའི་གདུང་རྒྱུད་ལྷ་ལས་མཆེད་པ་བསྒྲགས་པ་སྟེ་ཡིན། དེ་དག་ལས་ཀྱང་བན་བོན་ནི་དུས་ཀྱི་དབང་གིས་ཆོས་ལུགས་མི་འདྲ་བ་གཉིས་བྱུང་བ་ལས་རིགས་རྒྱུད་གཅིག་དུ་ངོས་པ་གསལ། འོན་ཀྱང་ལོ་རྒྱུས་ནི་ལོ་རྒྱུས་ཏེ་ཕྱིར་ལྡོག་ག་ལ་ཡོད། དེ་བས་འུ་ཅག་གིས་འཛམ་གླིང་ལ་ལྟ་བའི་མིག་རྒྱང་གིས་མི་རིགས་ཀྱི་མེས་པོའི་རིག་གཞུང་ཐོག་མ་དེ་རྒྱུད་འཛིན་དང་དར་སྤེལ་གྱི་ལས་ལ་བརྩོན་དགོས་པའོ། ། 
མཐར་དཔྱད་རྩོམ་འདི་ནི་རང་སེམས་གཙང་མའི་ཀུན་སློང་སྡེབས་ཏེ་རང་ནུས་ལྕི་ལྕོག་གིས་འབྲི་ཁུལ་བྱས་མོད། འོན་ཀྱང་། ཤེས་བྱ་ཡི་ཟེགས་མ་ཉུང་ཞིང་བློ་རྒྱ་དར་སྐུ་ལས་ཕྲ་བས་གནད་གང་མང་ཞིག་ལ་ནོར་འཁྲུལ་དང་ལམ་ལྷུང་དུ་སོང་ཡོད་ཀྱང་སྲིད་པས། དགེ་བའི་བཤེས་གཉེན་དང་ཤེས་ལྡན་པ་དག་ལ་དགོངས་འགལ་རེ་མེད་པར་མཁྱེན་མཁྱེན།
དཔྱད་གཞིའི་ཡིག་ཆ།
༡.ནུབ་བྱང་མི་རིགས་སློབ་གླིང་གི་དགེ་རྒན་དཔའ་རྩེ་དང་། གཙོས་མི་རིགས་དགེ་འོས་སློབ་གླིང་གི་དགེ་རྒན་ཆེན་མོ་ལྷ་རྒྱལ་ཚེ་རིང་གཉིས་ཀྱིས《བོད་ཀྱི་རྩོམ་རིག་བྱུང་འཕེལ་ལོ་རྒྱུས་དང་ཁྱད་ཆོས》「M」 སྤྱི་ལོ་༡༩༩༩ལོར་བསྒྲིགས།
༢.《དེང་རབས་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཞིབ་འཇུག》ལས།「M」 གངས་མཚོའི《བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་དུས་མཚམས་དབྱེ་སྟངས་སྐོར་ལ་རགས་ཙམ་གླེང་བ》「J」
༣.ལྷག་པ་ཆོས་འཕེལ་གྱིས་བརྩམས་པ།《བོད་ཀྱི་རྩོམ་རིག་ལོ་རྒྱུས》「M」བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་གཞི།
༤.《ཀྲུང་གོའི་བོད་རིག་པ》ལོ་འཁོར་ཉི་ཤུའི་དཔྱད་རྩོམ་བདམས་སྒྲིགས་ལས། བསོད་ནམས་རྒྱལ་མཚན་གྱི《བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་དུས་མཚམས་དབྱེ་སྟངས་རགས་ཙམ་དཔྱད་པ》「J」
༥.བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་གཞོན་པ་ལྷག་པ་ཆོས་འཕེལ་གྱིས་བརྩམས་བསྒྲིགས་བྱས།《བོད་ཀྱི་རྩོམ་རིག་ལོ་རྒྱུས་མུན་སེལ་སྒྲོན་མེ》「M」(ཤོག་ངོས་༡༥)
༦.ནོར་བུ་ཚེ་རིང་གིས་བརྩམས་པའི《དཔའ་བོ་འབྲུ་ལྔ་ལས་བྱུང་བའི་བོན་གྱི་རིག་གནས་སྐོར་གྱི་གཏམ་གླེང》「M」ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།(ཤ ༡༩  ཤ༡༡༥ནས་ཤ་༡༡༦་)
༧.ཆབ་འགག་རྟ་མགྲིན་གྱིས་རྩོམ་སྒྲིག་བྱས་པའི《བོད་བཙན་པོའི་དུས་ཀྱི་རྩོམ་རིག》「M」མི་རིགས་དཔེ་སྐྲུན་ཁང་།
༨.《ཀྲུང་གོའི་བོད་རིག་པ》ལོ་འཁོར་༢༠ལོན་པའི་དཔྱད་རྩོམ་བདམས་བསྒྲིགས། གཉའ་གོང་དཀོན་མཆོག་ཚེ་བརྟན་དང་པདྨ་འབུམ་གྱི《ཡུལ་ཤུལ་ཁུལ་གྱི་བོད་བཙན་པོའི་སྐབས་ཀྱི་རྟེན་ཡིག་བྲག་བརྐོས་མ་འགའ》「J」ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།
༩.བུ་བཞི་བསམ་པའི་དོན་གྲུབ་ཀྱི་བརྩམས་པའི《ཏུན་ཧོང་བཙན་པོའི་རྒྱལ་རབས་དུས་ཀྱི་དམངས་རྩོམ་ཞིབ་འཇུག》 「M」བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
༡༠.གོ་ཤུལ་གྲགས་པ་འབྱུང་གནས་ཀྱིས་རྩོམ་སྒྲིག་བྱས་པའི《བོད་བཙན་པོའི་དུས་སྐབས་ཀྱི་གནའ་རྩོམ་གཅེས་བསྡུས་སློབ་དེབ》「M」མི་རིགས་དཔེ་སྐྲུན་ཁང་།
༡༡.陈 王尧译注《བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས》《吐蕃文献选读》「M」四川民族出版社
༡༢ .ཚོགས་གཉིས་རབ་རྒྱས་ཀྱིས་རྩོམ་བསྒྲིགས་བྱས་པའི《གངས་ཅན་བོད་ཀྱི་ཉེ་རབས་ཕུལ་བྱུང་རྩོམ་ཡིག་གཅེས་བསྡུས》「M」མི་རིགས་དཔེ་སྐྲུན་ཁང་།
༡༣.ལྷག་པ་ཆོས་འཕེལ་གྱི《བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་དཀའ་གནད་སེལ་བཀྲོལ》

བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་དུས་མཚམས་དབྱེ་སྟངས་སྐོར་ལ་རགས་ཙམ་གླེང་པ།
浅谈藏族文学历史的分界法
ཀླུ་ཨ་རྡོར། སྤྱི་ལོ་༡༠༡༦ལོར་ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོ་ནས་དངོས་གཞི་སློབ་མཐར་ཕྱིན། ད་ལྟ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཞིབ་འཇུག་སློབ་གླིང་དུ་ཤེས་རམས་པའི་སློབ་གཉེར་བྱེད་བཞིན་ཡོད།
ས་གནས། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ།(北京市海淀区中关村南大街27号中央民族大学)

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...