སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
འདུལ་བ་སྨད་འདུལ་གྱི་དོགས་དཔྱོད།
རྩོམ་པ་པོ། བསོད་ནམས་གཡུང་དྲུང་། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-1-4 11:26:00 རྩོམ་ཁུངས། གངས་ལྗོངས་ཉི་གཞོན། ཀློག་གྲངས།
འདུལ་བ་སྨད་འདུལ་གྱི་དོགས་དཔྱོད།
བསོད་ནམས་གཡུང་དྲུང་། བོད་ལྗོངས་སློབ་ཆེན་གྱི2016ལོའི་བོན་གྱི་རིག་གནས་དང་ལོ་རྒྱུས་ཞིབ་འཇུག་སློབ་མ།
[གནད་བཏུས] དཔྱད་རྩོམ་འདིའི་ནང་དུ་ནང་བའི་བསྟན་པར་འདུལ་བ་ནི་ཧ་ཅང་གལ་ཆེན་ཞིག་ཡིན་པ་དང་། བོད་ཀྱི་ལོ་རྒྱུས་ཡོངས་གྲགས་སུ་བླ་ཆེན་པོས་མདོ་སྨད་དུ་འདུལ་རྒྱུན་སྤེལ་བ་ལ་འདུལ་བ་སྨད་འདུལ་ཞེས་གྲགས་མོད། འོན་ཀྱང་བླ་ཆེན་པོ་ནི་བན་ཁའིི་མི་སྣ་རྐྱང་རྐྱང་ཞིག་མིན་པར་བོན་གྱི་འདུལ་བའི་རྣམ་བཤད་དང་ལོ་རྒྱུས་ཡིག་ཆའི་ནང་དུ་མི་སྣ་གལ་ཆེན་ཞིག་ཡིན་པ་དང་། འདུལ་བ་སྨད་འདུལ་གྱི་ཁུངས་ནི་དོན་དངོས་སུ་གང་ལ་གཏུག་དགོས་སྐོར་ལ་དོགས་དཔྱོད་རགས་ཙམ་བྱས་ཡོད།
[གནད་ཚིག] སྨད་འདུལ། བླ་ཆེན། བན་བོན།
      འདུལ་བ་ནི་བསྟན་པའི་སྲོག་ཤིང་ཡིན་ཟེར་བ་བཞིན་ནང་བའི་བསྟན་པར་འདུལ་བ་ནི་ཧ་ཅང་གལ་ཆེ་བ་ཞིག་ཡིན། བསྟན་པ་ཡུན་རིང་གནས་ཐུབ་མིན་ནི་འདུལ་བ་ལ་རག་ལས་ཡོད་པས། སངས་རྒྱས་བསྟན་པ་ཚུལ་ཁྲིམས་ཡིན། ཚུལ་ཁྲིམས་མེད་ན་བསྟན་པ་མེད① ཅེས་གསུངས་ཡོད། འདུལ་བའི་སྡོམ་པ་ནི་སྤྱིར་བཏང་གི་མིའི་ལུས་ཙམ་ཐོབ་ཡོད་པ་ཞིག་གི་མདུན་ནས་ལེན་རྒྱུ་ཞིག་མིན་པར། དེ་ནི་འདུལ་བའི་གཞུང་ཁག་ན་གསལ་བའི་སྡོམ་པ་སོ་སོའི་སྤང་བླང་དང། གནང་བཀག་གི་བསླབ་བྱ་རྣམས་རྟོགས་ཤིང་འདྲིས་དང་ལྡན་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཞིག་གི་མདུན་ནས་མནོས་དགོས་པ་ནི། ཀུན་མཁྱེན་ཉི་མ་བསྟན་འཛིན་གྱིས་མཛད་པའི་རྣམ་དག་འདུལ་བའི་རྣམ་བཤད་ནོར་བུའི་ཕྲེང་བ་ཞེས་པ་ལས། ད་ལྟའི་གང་ཟག་རྣམས་ཀྱིས་བླང་བའི་ཡུལ་ནི་གཞན་ཁོ་ན་ལས་ལེན་དགོས་ཤིང། དེ་ཡང་རྟེན་ཙམ་གྱི་དྲུང་དུ་ལེན་པར་མི་བྱ་ཞིང། སྡོམ་ལྡན་གྱི་གང་ཟག་མཚན་ཉིད་ཚང་བ་དེ་ལས་ལེན་དགོས་པ་ཡིན།② ཞེས་གསུངས་པ་ལས་ཤེས་ཐུབ། བོད་གངས་ཅན་གྱི་ཡུལ་འདིར་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དག་གིས་འདུལ་བའི་སྡོམ་རྒྱུན་ཟམ་མ་ཆད་པར། ད་ལ་ཐུག་གི་བར་དུ་རྒྱུན་བསྐྱངས་པའི་བཀའ་དྲིན་གྱིས་ཡུལ་འདིར་བན་བོན་གྱི་བསྟན་པའི་ཉིན་མོ་རབ་ཏུ་གསལ་ནས་ཡོད། འོན་ཀྱང་ལོ་རྒྱུས་ཀྱི་རྒྱུ་རྐྱེན་སྣ་ཚོགས་ཁྲོད་འདུལ་བའི་བསྟན་པ་ཉམ་ང་ཉག་ཕྲའི་གནས་སུ་གྱུར་ཏེ། བླ་ཆེན་པོའི་སྡོམ་རྒྱུན་སྤེལ་བ་ལ་མདོ་ཁམས་སྨད་ནས་བསྟན་པའི་མེ་རོ་གསོས་ཞེས་བོད་ཀྱི་ལོ་རྒྱུས་ཡོངས་ལ་གྲགས། འོན་ཀྱང་བླ་ཆེན་པོས་སྡོམ་པ་གང་ལས་བཞེས་པ་དང་། གང་ལ་སྤེལ་ཚུལ་ནི་བན་བོན་གཉིས་ཀྱི་ལོ་རྒྱུས་ཁྲོད་བཞེད་ཚུལ་མི་འདྲ་བ་གཉིས་ཡོད་པ་མ་ཟད། བན་ཕྱོགས་ཀྱི་ལོ་རྒྱུས་དེབ་ཐེར་དང་ཆོས་འབྱུང་སོགས་སུ་བཞེད་སྲོལ་སྣ་ཚོགས་ཡོད། ཕྲན་གྱིས་བླ་ཆེན་པོའི་སྡོམ་པ་གང་ལས་བཞེས་པ་དང་། གང་ལ་སྤེལ་ཚུལ་གྱི་བཞེད་སྲོལ་དག་ཕྱོགས་སྡོམ་དང་བོད་སིལ་བུར་འཐོར་བའི་ལོ་ཚིགས། མཁས་པ་མི་གསུམ། བླ་ཆེན་པོ། དབུས་གཙང་མཁས་པ་མི་བཅུ་བཅས་ཀྱི་ལོ་ཚིགས་རྣམས་གུང་བསྒྲིགས་ནས་འདུལ་བ་སྨད་འདུལ་གྱི་འདུལ་རྒྱུན་ལ་དོགས་དཔྱོད་ཅུང་ཙམ་བྱས་ཡོད།
དང་པོ། བོད་ཀྱི་ལོ་རྒྱུས་དང་རྣམ་ཐར་ཁག་ཅིག་ལས་འདུལ་བ་སྨད་འདུལ་གླེང་སྟངས།
      དུས་རབས་བཅུ་གཉིས་པར་ཉང་ཉི་མ་འོད་ཟེར(1124 ~ 1192)གྱིས་མཛད་པའི་ཆོས་འབྱུང་མེ་ཏོག་སྙིང་བོ་སྦྲང་རྩིའི་བཅུད་དུ། ཚ་ན་ཡེ་ཤེས་རྒྱལ་མཚན་གྱི་སྐུ་དུས་སུ། དང་པོ་རྗེ་དར་མས་བསྟན་པ་བསྣུབས་ནས་དམར་གཡོ་གཙང་གསུམ་མར་བྲོས་པ་ལས་མཆེད་པའི་འདུལ་རྒྱུན་མདོ་ཁམས་ན་འདུག་ཅེས་གསན་ནས་དབུས་གཙང་གི་མི་བཅུ་གཉིས་སམ་བཅུ་གསུམ་མདོ་ཁམས་སུ་ཕྱིན་ནས། བླ་ཆེན་དགོངས་པ་རབ་གསལ་གྱིས་མཁན་པོ་མཛད། གྲུམ་ཡེ་ཤེས་རྒྱལ་མཚན་གྱིས་སློབ་དཔོན་མཛད། སྒྲོ་མཉྫུ་ཤྲིས་གསང་སྟེ་མཛད་ནས། དབུས་ཤར་གྱི་ཀླུ་མེས་ཤེས་རབ་ཚུལ་ཁྲིམས་སོགས་ལ་འདུལ་རྒྱུན་གནང་།③ ཞེས་དང་། མཁས་པ་ལྡེའུས(1062~1128)མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་རུ། བོད་མཁས་པ་མི་གསུམ་ཧོར་གྱི་དགེ་བསྙེན་ཤཱཀྱ་པྲ་པ་དང་འགྲོགས་ནས་མདོ་སྨད་ཨ་ཆུང་གནམ་རྫོང་གི་དགོན་པར་བཞུགས་པའི་ཚེ། བླ་ཆེན་པོ་ཞལ་ལྟར་ཕྱིན་ཏེ། མཇལ་བའི་ཆོས་ཤིག་སློབ་པར་ཞུས་པས། འདུལ་བ་འོད་ལྡན་བསྟན་ནས་འདི་ལ་ལྟོས་དང། དད་ན་གྲོས་བྱ་ཡི་གསུངས་པས། དེ་ཁྱེར་ནས་ལམ་ན་ཕར་ལྟ་བཞིན་ཕྱིན་པས། དད་ནས་མཆི་མ་ཡང་ཤོར། དེ་ནས་ཟླ་གཅིག་ལོན་ནས་རབ་ཏུ་བྱུང་། གཡོས་མཁན་པོ་བྱས། གཙང་གིས་སློབ་དཔོན་བྱས། དམར་གྱིས་གསང་སྟེེ་སྟོན་པ་བྱས་ནས། རྒྱ་ནག་གི་ཧྭ་ཤང་སྐྱེ་བ། ཧྭ་ཤང་གིམ་འབག བླ་ཆེན་པོ་གསུམ་རབ་ཏུ་བྱུང་ནས། བླ་ཆེན་དགོངས་པ་རབ་གསལ་དུ་བཏགས་སོ། །……དགེ་བ་རབ་གསལ་གྱིས་མཁན་པོ་བྱས། གཙང་གིས་སློབ་དཔོན་བྱས་ཏེ། བྲུམ་རབ་ཏུ་བྱུང་སྟེ་ཡེ་ཤེས་རྒྱལ་མཚན་དུ་བཏགས། ④ཞེས་དང་། དཔལ་འབྱོར་བཟང་པོས1434ལོར་བརྩམས་པའི་རྒྱ་བོད་ཡིག་ཚང་ཆེན་མོ་ལས་དམར་གཡོ་གཙང་གསུམ་གྱིས་དཔལ་ཆུ་བོ་རི་ནས། འདུལ་བ་དྲེལ་ཁལ་གཅིག་བཀལ་ནས། ཧོར་ཡུལ་བསྐོར་ནས། མདོ་སྨད། ཨན་ཆུང་གནམ་རྫོང་། དན་ཏིག་ཤེལ་གྱི་ལྷ་ཁང་དུ་ཕེབས་དུས། བོན་རྒན་མུ་གཟི་གསལ་བཟང་གི་བུ། མུ་ཟི་གསལ་འབར་བྱ་བ་ལོ་བཅོ་ལྔ་ལོན་པ་ཞིག་དང་མཇལ། དེ་ཤིན་ཏུ་དད་ནས་རབ་ཏུ་བྱུང་བར་ཞུས་པས། འདུལ་བའི་ལས་ཆོག་ཀར་མ་ཤ་ཏམ་གྱི་དཔེ་བསྟན་ནས། འདི་ལྟར་ནུས་ན། རབ་ཏུ་བྱུང་ངོ་གསུངས་པ་ལ། དེ་བཞིན་ཅིས་ཀྱང་ནུས་པས། རྗེས་སུ་གཟུང་དུ་གསོལ་ཞུས་པས། གཡོས་མཁན་པོ་དང་། དམར་གྱིས་སློབ་དཔོན་དང། གཙང་གིས་ལས་སློབ་བྱས་ནས། རབ་ཏུ་བྱུང་སྟེ། མིང་དགེ་བ་རབ་གསལ་དུ་བཏགས། དེ་ལོ་ལྔ་སོང་བ་དང། བསྙེན་པར་རྫོགས་པ་མཛད་པའི་མཚན་དགོངས་པ་རབ་གསལ་དུ་གྲགས།……མངའ་བདག་ཚ་ན་ཡབ་སྲས་ཀྱིས་ཚོར་ནས། དབུས་གཙང་གི་མི་དྲུག་གམ་བཅུ་བླ་ཆེན་དཔོན་སློབ་ལ་རབ་བྱུང་དང་། ཆོས་ཞུས་པ་ལ་བཏང།⑤ཞེས་དང་། བྲག་དཀོན་མཆོག་བསྟན་པ་རབ་རྒྱས(1801~?)ཀྱིས་མཛད་པའི་མདོ་སྨད་ཆོས་འབྱུང་དུ། ཀླུ་མེས་ཚུལ་ཁྲིམས་ཤེས་རབ། འབྲིང་ཡེ་ཤེས་ཡོན་ཏན། རག་ཤི་ཚུལ་ཁྲིམས་འབྱུང་གནས། རྦ་ཚུལ་ཁྲིམས་བློ་གྲོས། སུམ་པ་ཡེ་ཤེས་བློ་གྲོས་ཏེ་དབུས་ཀྱི་མི་ལྔ། ལོ་སྟོན་རྡོ་རྗེ་དབང་ཕྱུག ཚོང་བཙུན་ཤེས་རབ་སེང་གེ བོ་དོང་པ་ཨུ་བ་དེ་ཀར་ཏེ་གཙང་གི་མི་གསུམ། མངའ་རིས་པ་འོ་བརྒྱད་སྤུན་གཉིས་བཅས་མདོ་སྨད་དུ་ཕེབས་ཏེ་བླ་ཆེན་ལས་བསྙེན་རྫོགས་ཞུས། བིས་པ་མི་ཕམ་ཟླ་བས་མཛད་པའི་གངས་རིའི་ཁྲོད་པ་རྣམས་ཀྱི་བླ་མ་ཆེན་པོ་ཤར་ཙོང་ཁ་པ་མཁན་ཆེན་དགོངས་པ་རབ་གསལ་གྱི་ཞལ་སྔ་ནས་ལ་བསྟོད་པ་འདུལ་འཛིན་རྣམ་པར་དགྱེས་པའི་ཞེས་བྱ་བ་བཞུགས་སོ་ཞེས་པ་ལས་ཆོས་བློན་སྨོན་ལམ་མཐུ་ཡིས་ཙོང་ཁ་རུ།། རྒྱལ་བསྟན་སྒྲུབ་པའི་དུས་ཀྱི་ཆུ་བྱིའི་ལོར།། བོན་རིགས་ཁྱེའུ་མུ་ཟུ་གསལ་འབར་དུ།། བསམ་བཞིན་སྐྱེ་བ་བཞེས་ལ་གསོལ་བ་འདེབས།། གཞོན་ནུའི་དུས་སུ་བཤེས་གཉེན་འགའ་ཞིག་ལས།། སེམས་བསྐྱེད་དབུ་ཚད་ཡོ་ག་ལ་སོགས་གསན།། མཁས་པ་མི་གསུམ་བྱོན་པའི་གཏམ་ཐོས་པས།། དགའ་སྤྲོས་མཇལ་བར་ཆས་ལ་གསོལ་བ་འདེབས།……དེ་ནི་དམར་གཡོ་གཙང་གསུམ་མཁན་སློབ་མཛད་པ་ལས།། བསྟན་ལ་རིམ་གྱིས་འཇུག་པའི་བཅས་པ་དང་།། མཐུན་པར་དགེ་ཚུལ་སྡོམ་པ་བཞེས་པའི་མཚན།། དགེ་བ་རབ་གསལ་བྱ་བར་གསོལ་བ་འདེབས།།……སྦྱངས་པས་མཁས་གྱུར་དགོངས་པ་རབ་གསལ་ཅེས།། ཀུན་གྱིས་བསྔགས་པ་བརྗོད་ལ་གསོལ་བ་འདེབས།། རིན་ཆེན་དོན་གཉེར་ནོར་བུའི་གླིང་སོན་བཞིན།། ཀླུ་མེས་ལ་སོགས་དབུས་གཙང་ཐར་འདོད་བཅུས།། ཁྱོད་ལ་གཏུགས་ནས་ཐུབ་པའི་བརྟུལ་ཞུགས་བླངས།། བསྟན་པའི་མེ་རོ་གསོ་ལ་གསོལ་བ་འདེབས།⑥ཞེས་དང་། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས(1737~1802)མཛད་པའི་བླ་ཆེན་བྱང་ཆུབ་སེམས་དཔའ་དགོངས་པ་རབ་གསལ་གྱི་རྣམ་པར་ཐར་བ་མདོ་ཙམ་གཏམ་དུ་བརྗོད་པ་རིན་པོ་ཆེའི་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ་ཞེས་པ་ལས། བོད་མཁས་པ་མི་གསུམ་ཏན་ཏིག་ཤེལ་གྱི་ཡང་དགོན་རྣམས་སུ་སྒོམ་ཞིང་བཞུགས། དེའི་དུས་སུ་ཏན་ཏིག་གི་རི་ལ་ཕྱུགས་འཚོ་བ་རྣམས་ཀྱིས་བྲག་ཕུག་ཅིག་ན་ཁོང་གསུམ་བཞུགས་པ་མཐོང་། དགོང་ཁ་གྲོང་དུ་མི་རྣམས་ལ་གླེང་བ། མུ་ཟུ་གསལ་འབར་གྱི་ཐོས་ནས། །……གཙང་གི་མཁན་པོ་བྱས། གཡོས་སློབ་དཔོན་བྱས་ཏེ་རབ་བྱུང་དང་དགེ་ཚུལ་བསྒྲུབས་ཏེ། མཁན་སློབ་གྱི་མིང་སྦྱར་ནས་མཚན་ལ་དགེ་བ་རབ་གསལ་ཞེས་བཏགས་པ་ཕྱིས་སུ་ཐུགས་རབ་ཏུ་ཆེ་བས་བླ་ཆེན་དགོངས་པ་རབ་གསལ་ཞེས་གྲགས་སོ། །……མདོ་སྨད་དུ་བོད་མཁས་པ་མི་གསུམ་དང་བླ་ཆེན་པོ་རྣམས་བཞུགས་པ་ཐོས་ནས། སྡོམ་པ་ལེན་པར་ཀླུ་མེས་སོགས་དབུས་གཙང་མི་བཅུ་སླེབས། གཙང་ལ་བསྙེན་རྫོགས་ཞུས་པས་ང་རྒས་ནས་མཁན་པོ་མི་འཁྱོངས་པས་བླ་ཆེན་པོ་ལ་ཞུས་ཤིག་གསུངས་པ་བཞིན་དུ་ཞུས་པར། བླ་ཆེན་གྱིས་ངེད་བསྙེན་པར་རྫོགས་ནས་ལོ་ལྔ་ལས་མ་ལོན་པས་མཁན་པོ་མི་བཏུབ་གསུངས་པ་ལ། གཙང་གིས་དམིགས་བསལ་ལ་རུང་གསུངས་ནས་བླ་ཆེན་པོས་མཁན་པོ་དང་། གཙང་དང་གཡོས་ལས་སློབ་དང་གསང་སྟོན། དམར་དང་ཧྭ་ཤང་གིས་ཁ་སྐོང་བྱས་ཏེ་མི་བཅུ་བོ་བསྙེན་པར་རྫོགས་པ་མ་ཟད་བླ་ཆེན་གྱི་ཞལ་ནས། ལོ་སྟོན་མཐུ་ཆེ་བས་བསྟན་པ་སྲུངས། ཀླུ་མེས་བཙུན་པས་མཁན་པོ་གྱིས། ཚོང་དགེ་བློ་རྣོ་བས་སྟོན་པ་གྱིས། འབྲིང་རྐོས་མཁས་པས་གནས་གཞི་ཟུངས་ཞེས་སོགས་ཀྱི་བསླབ་བྱའང་གསུངས། ⑦ཞེས་གསུངས།
      གོང་གི་ལོ་རྒྱུས་དང་རྣམ་ཐར་ཁག་ཏུ་སྨད་འདུལ་གྱི་རྒྱུད་པར་བཤད་སྟངས་རིགས་བཞི་ཡོད་ལ། རིགས་དང་པོ་ནི་བླ་ཆེན་པོ་བོད་མཁས་པ་མི་གསུམ་ལས་དངོས་སུ་རབ་ཏུ་བྱུང་བ་གསལ་བོ་འཁོད་མེད་པ་དང་། དབུས་གཙང་མི་བཅུ་བླ་ཆེན་ལས་རབ་ཏུ་བྱུང་བ་གསལ་བ་ནི། དཔེར་ན། ཆོས་འབྱུང་མེ་ཏོག་སྙིང་བོ་སྦྲང་རྩིའི་བཅུད་ལས་གསུངས་པ་ལྟ་བུ། རིགས་གཉིས་པ་ནི་བོད་མཁས་པ་མི་གསུམ་ལས་བླ་ཆེན་དངོས་སུ་རབ་ཏུ་བྱུང་ཞིང་དབུས་གཙང་མི་བཅུ་བླ་ཆེན་ལས་དངོས་སུ་རབ་ཏུ་བྱུང་མེད་པའི་སྐོར་ལ། དཔེར་ན། ལྡེའུ་ཆོས་འབྱུང་ལས་གསུངས་པ་ལྟ་བུ་དང་། རིགས་གསུམ་པ་ནི་ཡོངས་གྲགས་ཀྱི་བཤད་སྟངས་ཏེ་བོད་མཁས་པ་མི་གསུམ་ལས་བླ་ཆེན་དངོས་སུ་རབ་ཏུ་བྱུང་བ་དང། བླ་ཆེན་ལས་དབུས་གཙང་མི་བཅུ་ཡང་དངོས་སུ་རབ་ཏུ་བྱུང་བ་དེ་རེད། དཔེར་ན། མདོ་སྨད་ཆོས་འབྱུང་དང་བིས་པ་མི་ཕམ་ཟླ་བས་མཛད་པའི་རྣམ་ཐར་ལྟ་བུ། རིགས་བཞི་བ་ནི་བོད་མཁས་པ་མི་གསུམ་ལས་བླ་ཆེན་དངོས་སུ་རབ་ཏུ་བྱུང་བ་དང། བླ་ཆེན་ལས་དབུས་གཙང་མི་བཅུ་ཡང་དངོས་སུ་རབ་ཏུ་བྱུང་བ་མ་ཟད། དབུས་གཙང་མཁས་པ་མི་བཅུས་བླ་ཆེན་ལས་སྡོམ་པ་བཞེས་དུས་བོད་མཁས་པ་མི་གསུམ་ཡང་དངོས་སུ་ཞལ་བཞུགས་པ། དཔེར་ན། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་མཛད་པའི་བླ་ཆེན་གྱི་རྣམ་ཐར་ལས་གསུངས་པ་ལྟ་བུའོ། །
གཉིས་པ། བླ་ཆེན་པོའི་འདུལ་རྒྱུད་དེ་བོད་མཁས་པ་མི་གསུམ་ཡིན་མིན་སྐོར་གྱི་དོགས་པ།
      ལོ་རྒྱུས་ཉམས་ཞིབ་ཀྱི་ཁྲོད་ལོ་ཚིགས་སྔ་ཕྱི་གུང་བསྒྲིགས་པ་ནི་ལོ་རྒྱུས་ཀྱི་བདེན་པ་འཚོལ་བའི་ཐབས་ལམ་ལེགས་ཤོས་ཤིག་ཡིན། བཙན་པོ་ཁྲི་འུ་དམ་བཙན་ནི་ཆོས་སྲིད་ཀྱི་འགལ་ཟླའི་ཁྲོད་སྤྱི་ལོ842ལ་བཀྲོངས་པས་བོད་སིལ་བུར་འཐོར་བ་ནི842ལོ་ཡིན་པ་བརྒྱ་ཁ་གཅིག་གྲགས་རེད། རྣམ་དག་འདུལ་བའི་རྣམ་བཤད་ནོར་བུའི་ཕྲེང་བ་གཙོ་བྱས་པའི་བན་བོན་གྱི་བསྟན་བཅོས་ཁག་ཅིག་ཏུ་བླ་ཆེན་པོ་དགོངས་པ་རབ་གསལ་ནི952ལ་འཁྲུངས་ཏེ1036འདས་པར་བཞེད་ཡོད། འོན་ཀྱང་བོད་མཁས་པ་མི་གསུམ་གྱི་འཁྲུངས་འདས་ཀྱི་ལོ་ཚིགས་གསལ་བོར་བཀོད་པ་གཞན་གང་དུའང་མ་མཐོང་བས། འདིར་རིགས་པས་སྒྲུབ་པ་ལས་ཐབས་གཞན་གང་ཡང་མ་མཆིས། སྤྱི་ལོ840སྔ་གཞུག་ཏུ་བོད་ཀྱི་འདུལ་བའི་བསྟན་པ་ལ་རྡུང་རྡེག་ཚབས་ཆེན་ཐེབས་པ་ནས་དམར་གཡོ་གཙང་གསུམ་སོག་པོ་བརྒྱུད་དེ། མདོ་ཁམས་སུ་ཕེབས་དུས་ཁོང་ཚོ་ལོ་ཉི་ཤུ་ཡས་མས་ཡིན་པའི་དབང་དུ་བཏང་ན། ཁོང་ཚོའི་འཁྲུངས་ལོ་ནི820ཡས་མས་ཡིན་དགོས། དེ་ལྟར་སོང་ན་དམར་གཡོ་གཙང་གསུམ་གྱི་འཁྲུངས་ལོ་ནས་བླ་ཆེན་པོའི་འཁྲུངས་ལོའི་བར་དུ་ལོ132གཉིས་ཀྱི་བར་ཁྱད་ཡོད་པས། བླ་ཆེན་པོས་དམར་གཡོ་གཙང་གསུམ་ལས་སྡོམ་པ་བཞེས་ཞེས་པའི་གཏམ་དེ་ནི་ཡིད་ཆེས་པའི་གཏམ་དུ་མ་མཐོང་ངོ་། །
      བླ་ཆེན་པོ་ནི952ནས1036སྟེ་དགུང་ལོ་གྱ་བཞི་བཞུགས་པ་གཞིར་བྱས་ན། དུང་དཀར་ཚིག་མཛོད་ལས། མངའ་རིས་པ་འོ་བརྒྱད་སྤུན་གཉིས་དང་བཅས་དབུས་གཙང་གི་མི་བཅུ་བོ་མདོ་སྨད་དུ་ཕེབས་ཏེ་ས་སྟག་ལོ978ལོར་བླ་ཆེན་དགོངས་པ་རབ་གསལ་ལས་བསྙེན་རྫོགས་ཞུས་དང་དེ་ཡང་ཀླུ་མེས་ཀྱིས་བོད་ས་བྱ1009ལོར་ལ་མོར་འགྱེལ་གྱི་ལྷ་ཁང་བཞེངས། ⑧ཞེས་པའི་གོང་གི་ལོ་ཚིགས་དེ་གཉིས་ལས་བླ་ཆེན་པོ་དང་དབུས་གཙང་མཁས་པ་མི་བཅུ་དུས་སྐབས་གཅིག་གི་མི་ཡིན་པ་གསལ་བོར་རྟོགས་ཐུབ། དབུས་གཙང་མཁས་པ་མི་བཅུས་བླ་ཆེན་པོ་དགོངས་པ་རབ་གསལ་ལས་སྡོམ་པ་བཞེས་པ་ནི། བན་བོན་གཉིས་ཀྱི་ལོ་རྒྱུས་དེབ་ཐེར་མང་པོར་གསུངས་ཡོད་པས་བདེན་པར་སྣང་ངོ་། །
གསུམ་པ། བླ་ཆེན་དགོངས་པ་རབ་གསལ་གྱི་འདུལ་བའི་ཁུངས་གླེང་བ།
      ཆོས་འབྱུང་མཁས་པའི་དགའ་སྟོན་དང་མདོ་སྨད་ཆོས་འབྱུང་སོགས་ལོ་རྒྱུས་དེབ་ཐེར་མང་ཆེ་བར་བླ་ཆེན་པོ་དགོངས་པ་རབ་གསལ་ནི། བོད་མཁས་པ་མི་གསུམ་ལས་རབ་ཏུ་བྱུང་བར་བཞེད་ཀྱང་། དེ་ནི་གོང་ནས་གླེང་ཟིན་པ་ལྟར་བོད་མཁས་པ་མི་གསུམ་གྱི་འཁྲུངས་ལོ་དང། བླ་ཆེན་པོའི་འཁྲུངས་ལོའི་བར་དུ་ལོ་བརྒྱ་དང་སུམ་ཅུ་ལྷག་གི་བར་ཁྱད་ཡོད་པས། བླ་ཆེན་པོ་དགོངས་པ་རབ་གསལ་ནི་བོད་མཁས་པ་མི་གསུམ་ལས་རབ་ཏུ་བྱུང་བར་འདོད་པ་ནི་ད་དུང་དཔྱད་དགོས་པའི་གནས་ཤིག་རེད།
      བོན་གྱི་བསྟན་འབྱུང་དང་ལོ་རྒྱུས་དག་ཏུ་བླ་ཆེན་པོ་དགོངས་པ་རབ་གསལ་ནི་ཧ་ཅང་གལ་ཆེ་བའི་མི་སྣ་ཞིག་ཡིན། དེའི་རྒྱུ་མཚན་བླ་ཆེན་པོ་དགོངས་པ་རབ་གསལ་ནི་མདོ་སྨད་བོན་གྱི་མཁན་པོ་རྣམ་བཞིའི་ཡ་གྱལ་ཞིག་ཡིན་ལ། བསྟན་པ་ཕྱི་དར་སྐབས་སུ་བན་བོན་གཉིས་ཀྱི་འདུལ་བའི་ཁུངས་གཏུགས་ས་ཡང་ཡིན་པར་གྲགས། དེ་ནི་ཀུན་མཁྱེན་ཉི་མའི(1813 ~?)རྣམ་དག་འདུལ་བའི་རྣམ་བཤད་ནོར་བའི་ཕྲེང་བ་ལས། མདོ་སྨད་མཁན་རྒྱུད་བཤད་དུས་སུ་དག་པ་དྲང་སྲོང་གི་སྡོམ་པ་དང་བཅས་པ་ཆིག་རྫོགས་སུ་གནང་སྟེ། མཚན་ཡང་ཁྲི་འབར་ཚུལ་ཁྲིམས་སུ་བཏགས་སོ།། དེའི་མཁན་བུ་ནི། འདན་མ་གཡག་བདུད་བཅོམ་རྒྱལ་བ་གཙུག་ཕུད་དོ།། དེའི་མཁན་བུ་ནི། དྲུམ་བུ་ཤིང་གི་སློག་ཅན་ཡོན་ཏན་རྨད་བྱུང་བའི་གཙུག་ཕུད་ཚུལ་ཁྲིམས་སོ།། དེའི་མཁན་བུ་ནི་རྣམ་དག་འདུལ་བའི་རྒྱལ་ཚབ་ཆེན་པོ་བོན་ཆོས་ཀུན་ལ་ཕྱར་བ་ནི། མདོ་སྨད་དུ་བླ་མ་ཟི་ཁྲོམ་འབར་གྱི་སྲས། བླ་ཆེན་པོ་མི་ཐར་དགོངས་པ་རབ་གསལ་ལ་གནང་ངོ་།། དེ་ཡན་ནི་མདོ་སྨད་མཁན་རྒྱུད་དོ།།⑨ཞེས་དང་། སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན(1336 ~?)གྱིས་མཛད་པའི་བསྟན་པའི་ཤན་འབྱེད་འཕྲུལ་གྱི་མེ་ལོང་ཞེས་པ་ལས། མེ་བཙན་ཤེར་འོད་སྟོད་སྨད་འདུལ་གཞུང་ཀུན། གཅིག་ཏུ་བསྡེབས་ནས་ཀུན་ལས་བཏུས་མཛད། བླ་ཆེན་མུ་ཐུར་བོན་ཆོས་གཉིས་ཀའི་སྲོལ། སྔ་དྲོ་དོན་གྱི་འདུལ་བ་བོ་པར་བཤད། ཉིན་ཕྱེད་བསྔགས་རྒྱུད་སྔགས་པ་ལ་སྟེ། དགོང་ཀར་ཆོས་ཀྱི་འདུལ་བ་བནྡེར་བཤད་པ།⑩ཞེས་བོན་གྱི་ལོ་རྒྱུས་ཁྲོད་བླ་ཆེན་ཧ་ཅང་གལ་ཆེན་པོར་མཐོང་། དེ་བཞིན་དུ་ཆོས་འབྱུང་མེ་ཏོག་སྙིང་བོ་མེ་ཏོག་སྦྲང་རྩིའི་བཅུད་དུ། ཡར་བྱོན་ཁར་མཁན་པོ་ལ་མོས་པའི་རྟེན་དུ་ན་བཟའ་གཅིག་དང་མཆོད་གནས་ཞུས་པས། ཁོ་རང་གི་དབུ་ལ་གསོལ་འཕྲོ་བོན་པོའི་ཞྭ་འོབ་དང་གྲུ་བཞི་སེར་པོ་བཏབ་པ་གཅིག་གནང། ཞེས་དང་། སྤ་བསྟན་རྒྱལ་བཟང་པོས1345ལོར་མཛད་པའི་དར་རྒྱས་གསལ་སྒྲོན་ལས། ཇོ་བོ་རྗེ་རྒྱ་གར་ནས་བོད་དུ་བོན་དར་བའི་དུས་སུ། བོད་བཙུན་རྣམས་ཀྱི་སྡོམ་པ་སྤོད་པར་འཚལ་ཞུས་པས། བོན་པོ་ལ་འདུལ་བ་བླང་དུས་སུ་དུས་གཅིག་ལ་དར་རམ་རིམ་གྱིས་དར་གསུངས་པས། དུས་གཅིག་ལ་མེ་མཆེད་པ་བཞིན་དར་ལགས་ཞུས་པས། འོ་ན་བྱང་ཆུབ་སེམས་དཔའི་སྡོམ་པ་ཡིན་པར་འདུག་པས་སྤོ་མི་དགོས། ད་ལྟར་བོད་བཙུན་ཀུན་ཡོད་པར་སྨྲ་བའི་སྡེ་ཡིན། ང་ཕལ་ཆེན་པའི་སྡེ་ཡིན། ངའི་སྤོས་ན་སྡེ་བ་གཉིས་སུ་ཆད། དུས་མི་བདེ་བ་ཡི་གསུངས་ནས་སྤོད་དུ་མ་གནང་བ་ལགས་སོ། །  ཞེས་པ་སོགས་ལས་འདུལ་བ་སྨད་བརྒྱུད་ཀྱི་ཁུངས་ནི་བོན་ལ་ཐུག་འདུག་པ་ལྟ་བུ་ཞིག་གསུངས་སོ། །
བཞི་བ། མཇུག་བསྡུ་བའི་གཏམ།
      བོད་ཀྱི་ལོ་རྒྱུས་དང་རིག་གནས་མཐའ་དག་ལ་སློབ་སྦྱོང་དང་། ཞིབ་འཇུག་བྱེད་སྐབས་ངེས་པར་དུ་བན་བོན་གཉིས་ཀྱི་ཡིག་ཆ་བཀོལ་སྤྱོད་བྱེད་དགོས། དེའི་རྒྱུ་མཚན་ནི་བན་བོན་གཉིས་ནི་བོད་ཀྱི་རིག་གཞུང་གི་མ་ལག་ཆེན་པོ་གཉིས་ཡིན་པས། གཅིག་ཁོ་ནས་གནད་གང་ཞིག་ཡང་དག་པར་ཐག་གཅོད་དཀའ་བར་བསམ་ནས་བན་བོན་གཉིས་ཀྱི་རྒྱུ་ཆ་བཀོལ་སྤྱོད་བྱས་ཏེ་དཔྱད་རྩོམ་འདི་ཉིད་བྲིས་པ་ཡིན། འོན་ཀྱང་། བོད་ཀྱི་འདུལ་བ་སྨད་འདུལ་གྱི་ཁུངས་ནི་འདི་ཡིན་ཞེས་བརྗོད་ཐབས་བྲལ། མཁས་པ་དག་གི་བཤད་སྲོལ་གཙོ་བོ་དག་མདོར་བསྡུས་ན། རིགས་གཉིས་ཡོད་དེ་གཅིག་གི་རྗེས་སུ་འབྲངས་ན་བོད་ཀྱི་འདུལ་བའི་ཁུངས་ཆད་ཉེན་ཆེ་བ་དང་། གཞན་དེའི་རྗེས་འབྲངས་ན་བོད་ཀྱི་འདུལ་བའི་ཁུངས་བོན་ལ་ཐུག་འདུག་པས། ཕྲན་ལ་ལྷན་སྐྱེས་ཀྱི་ཤེས་རབ་དང་སྦྱང་སྟོབས་ཀྱི་ཡོན་ཏན་ཞན་པས། གང་བདེན་གང་རྫུན་གྱི་ཁ་ཚོད་གཅོད་དཀའ་བས། དཔྱོད་ལྡན་པ་དག་གིས་བོད་ཀྱི་འདུལ་བའི་ཁུངས་ངོ་མ་གང་ཡིན་ལ་དཔྱད་པར་གྱིས་ཤིག།།
①② ཀུན་མཁྱེན་ཉི་མ་བསྟན་འཛིན། རྣམ་དག་འདུལ་བའི་རྣམ་བཤད་ནོར་བའི་ཕྲེང་བ།[M]. སིི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2014ལོ། P3P11.
③ཉང་ཉི་མ་འོད་ཟེར།ཆོས་འབྱུང་མེ་ཏོག་སྙིང་བོ་སྦྲང་རྩིའི་བཅུད།[M]. བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010ལོའི་ཟླ10བ། P415.
④ མཁས་པ་ལྡེའུ། རྒྱ་བོད་ཆོས་འབྱུང་རྒྱས་པ།[M]. བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2012 ལོའི་ཟླ2པ། P369.
⑤ དཔལ་འབྱོར་བཟང་པོ། རྒྱ་བོད་ཡིག་ཚང་ཆེན་མོ།[M]. སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1995ལོའི་ཟླ6པ། P479~481.
⑥ དཔེ་རྒྱུན་དཀོན་པའི་རྣམ་ཐར་ཕྱོགས་བསྒྲིགས་དམ་པའི་བཤུལ་ལམ།[M].མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2013ལོ། P11.
⑦ དཔེ་རྒྱུན་དཀོན་པའི་རྣམ་ཐར་ཕྱོགས་བསྒྲིགས་དམ་པའི་བཤུལ་ལམ །[M]. མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2013ལོ། P16~17.
⑧ དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚོག་མཛོད། བོད་རིག་པ་དཔེ་སྐྲུན་ཁང་།[M].2014ལོའི་ཟླ1པོ། P1554.
⑨ ཀུན་མཁྱེན་ཉི་མ་བསྟན་འཛིན། རྣམ་དག་འདུལ་བའི་རྣམ་བཤད་ནོར་བའི་ཕྲེང་བ།[M]. སིི་ཁྲོན་མི་རིིགས་དཔེ་སྐྲུན་ཁང་། 2014ལོ། P16.
⑩ སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན། བསྟན་བའི་ཤན་འབྱེད་འཕྲུལ་གྱི་མེ་ལོང་།[M]. སིི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2014ལོ། P39.
ཉང་ཉི་མ་འོད་ཟེར། ཆོས་འབྱུང་མེ་ཏོག་སྙིང་བོ་སྦྲང་རྩིའི་བཅུད།[M]. བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010ལོའི་ཟླ10བ། P416
སྤ་བསྟན་རྒྱལ་བཟང་པོ། བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ།[M]. ཀྲུང་གོའི་བོད་ཤེས་རིག་དཔེ་སྐྲུན་ཁང་། 1991ལོའི་ཟླ12པ། P190.

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...