སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
དོན་གྲུབ་རྒྱལ་གྱི་སྒྲུང་གཏམ་ཁྲོད་ཀྱི་བུད་མེད་ཀྱི་སྣང་བརྙན་ལ་རགས་ཙམ་དཔྱད་པ།
རྩོམ་པ་པོ། ཚེ་བརྟན་རྒྱལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-1-9 9:44:00 རྩོམ་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར་ལས་བཏུས། ཀློག་གྲངས།
དོན་གྲུབ་རྒྱལ་གྱི་སྒྲུང་གཏམ་ཁྲོད་ཀྱི་བུད་མེད་ཀྱི་སྣང་བརྙན་ལ་རགས་ཙམ་དཔྱད་པ།
ཚེ་བརྟན་རྒྱལ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ།
   ནང་དོན་གནད་བསྡུས། དོན་གྲུབ་རྒྱལ་གྱི་སྒྲུང་གཏམ་ཁྲོད་ཀྱི་བུད་མེད་ཀྱི་སྣང་བརྙན་དེ་དག་གིས་ང་ཚོར་རྟོག་གཞིག་གི་ཚོར་བ་ཟབ་མོ་ཞིག་བྱིན་འོང་། ཁོང་གིས་བཞེངས་སྐྲུན་བྱས་པའི་བུད་མེད་ཀྱི་སྣང་བརྙན་དེ་དག་ལ་རྩོམ་རིག་སྒྱུ་རྩལ་ཐད་ནས་གོ་གནས་གལ་ཆེན་ཡོད་པར་མ་ཟད། བོད་ཀྱི་སྤྱི་ཚོགས་ལོ་རྒྱུས་ཐད་ཀྱང་རིན་ཐང་ཆེན་པོ་ཆགས་ཡོད། ཁོང་གིས་མི་སྣ་དེ་དག་ལོ་རྒྱུས་ཀྱི་ཁོར་ཡུག་ངེས་ཅན་ཞིག་གི་ནང་བཞག་ཅིང་དེའི་དགོས་ངེས་རང་བཞིན་མངོན་པར་མཚོན་ཡོད། དེ་མིན་ད་དུང་མི་སྣ་ཕལ་བའི་གཞོགས་འདེགས་ལ་བརྟེན་ནས། གཏམ་རྒྱུད་ཁྲོད་ཀྱི་མི་སྣ་གཙོ་བོའི་སྐྱིད་སྡུག་གི་ལས་དབང་དང་གསོན་ཉམས་ལྡན་པའི་སྣང་བརྙན་འབུར་ཐོན་དུ་བྲིས་ཡོད། དཔྱད་རྩོམ་འདིར་དོན་གྲུབ་རྒྱལ་གྱི་སྒྲུང་གཏམ་ཁྲོད་ཀྱི་པད་མཚོ་དང་ཀུན་ཏུ་བཟང་མོ། འབྲུག་མཚོ་སོགས་དཔེ་གཞིར་བཟུང་ནས་བུད་མེད་ཀྱི་སྣང་བརྙན་དང་སྒྲུང་གཏམ་གྱི་རྒྱབ་ལྗོངས་སྐོར་དབྱེ་ཞིབ་ཅུང་ཙམ་བྱས་ཡོད།
  བརྡ་ཆད་གཙོ་བོ། དོན་གྲུབ་རྒྱལ། སྒྲུང་གཏམ། བུད་མེད། སྣང་བརྙན།
གླེང་གཞི།
     དོན་གྲུབ་རྒྱལ་ནི་བོད་ཀྱི་དེང་རབས་སྒྲུབ་གཏམ་ཐད་ལ་རྨང་འདིང་མཁན་གྱི་རྩོམ་པ་པོ་ཞིག་ཡིན་ལ། ཁོང་གི་སྒྲུབ་གཏམ་དུ་གསར་བཞེངས་བྱས་པའི་བུད་མེད་ཀྱི་སྣང་བརྙན་རེ་རེ་ལ་འབུར་དུ་ཐོན་པའི་ཁྱད་ཆོས་མངོན་གསལ་ལྡན། དེ་ཡང་སྤྱི་ཚོགས་རྙིང་པའི་སྐབས་སུ་བོད་རིགས་བུད་མེད་ཀྱི་གོ་གནས་ལྟོས་བཅས་ཀྱིས་ཅུང་དམའ་ལ། དུས་ཡུན་རིང་པོར་ཕྱིའི་འཇིག་རྟེན་དང་འབྲེལ་འདྲིས་ཉུང་བའི་རྒྱུ་མཚན་གྱིས་བསམ་བློའི་ཐད་དུའང་ཅུང་གུ་དོག་པའི་རྣམ་པ་ཞིག་ཤར་ཡོད། རྣམ་པ་དེས་སློབ་གསོ་གསར་བ་ཐོབ་མྱོང་བའི་རྩོམ་པ་པོ་ཁོ་རང་བསམ་གཞིག་གི་ལམ་སྣེ་ཞིག་ཏུ་དྲངས་ཡོད་ངེས་ལ། བོད་ཀྱི་སྤྱི་ཚོགས་དེང་རབས་ཅན་ལ་ཕྱོགས་དགོས་ན། ཐོག་མར་གསར་སྐྱེས་ན་གཞོན་དག་གི་མིག་རྒྱང་རིང་དགོས་ཤིང་ཁོག་རྒྱ་ཡངས་དགོས་ལ། གཞོན་སྐྱེས་དག་ལ་རིག་གནས་གསར་བ་དང་ལེན་བྱེད་ཕོད་པའི་སྙིང་སྟོབས་དང་བློ་གྲོས་ཀྱང་མངའ་དགོས་པའི་ངོས་ཟིན་ཟབ་མོ་ཡང་རྩོམ་པ་པོ་ཁོང་ཉིད་ལ་ཐོབ་ཡོད་ངེས། དེར་བརྟེན། རྩོམ་པ་པོ་ཁོང་ཉིད་ཀྱིས་མི་ཚེ་ཐུང་ཐུང་ཞིག་གི་ནང་དུ། སྒྲུང་གཏམ་དུ་ཁྱད་ཆོས་མི་འདྲ་བའི་མི་སྣའི་སྣང་བརྙན་ཇི་སྙེད་ཅིག་གསར་བཞེངས་བྱས་པ་ལ་བརྟེན་ནས། བོད་ཀྱི་སྤྱི་ཚོགས་ཁྲོད་གནས་པའི་མི་འདང་སའི་ཞན་ཆའམ་གནད་དོན་དུ་མ་ཞིག་དམར་རྗེན་དུ་བསྟན་ཡོད་པས། ཁོང་གི་སྒྲུང་གཏམ་གྱིས་རང་ཅག་ལ་རྩོམ་པ་པོ་ཁོང་ཉིད་འཚོ་གཞེས་གནང་སྐབས་ཀྱི་སྤྱི་ཚོགས་རྣམ་པ་ཞིག་གསལ་བོར་བསྟན་འདུག   དེ་ཡང་ལོ་རྒྱུས་ཀྱི་དུས་རབས་མི་འདྲ་བ་རེ་རེའི་ཁྲོད་ཀུན་སྤྱོད་ཀྱི་ཚད་གཞི་ཡང་མི་འདྲ་བ་རེ་ཡོད་སྲིད་པས།  རྩོམ་པ་པོས་ལོ་རྒྱུས་དུས་རབས་མི་འདྲ་བའི་ཀུན་སྤྱོད་ཅི་རིགས་ཤིག་ལ་སྙིགས་དོར་བཅུད་ལེན་གྱི་གདམ་གསེས་བྱས་ཏེ་ཁོང་ཉིད་ཀྱི་བསམ་པའི་ཀུན་སྤྱོད་ཅིག་གསར་སྐྲུན་བྱས་ཡོད་པས། ཁོང་གི་རིན་ཐང་ལྟ་ཚུལ་གྱི་ཐད་ལ་ནང་འགལ་དུ་གྱུར་བའི་ཆའང་ཡོད་སྲིད་པ་རེད། འོན་ཏེ། རིན་ཐང་ལྟ་ཚུལ་དེས་མི་སྣའི་སྣང་བརྙན་ཕུན་སུམ་ཚོགས་པ་ཞིག་གསར་བཞེངས་བྱེད་པར་ནུས་པ་ཐོན་ཡོད་ངེས། དེར་མ་ཟད། སྒྲུབ་གཏམ་དུ་ཀུན་སྤྱོད་ཀྱི་སོ་ལྟ་མཁན་དུ་གྱུར་བའི་མི་སྣ་དེ་དག་གི་སྟེང་ནས་ཀྱང་དངོས་ཡོད་འཚོ་བ་ལ་ཅི་བྱ་གཏོལ་མེད་དང་ཐབས་ཟད་འུ་ཐུག་ཏུ་གྱུར་བའི་རྣམ་པ་ཞིག་མངོན་འདུག  དེ་ལྟ་བུ་ཞིག་ཡིན་ནའང་། ང་ཚོས་རྩོམ་པ་པོ་ཁོང་ཉིད་ཀྱིས་སྙིང་སྟོབས་ཆེར་བསྐྱེད་ཀྱིས་ཕ་ཡུལ་གྱི་རྣམ་པ་གསར་བ་ཞིག་འཛུགས་སྐྲུན་བྱ་ཆེད་བརྩོན་པ་དང་རྟོག་ཞིབ་གང་མང་བྱས་པའི་རང་སྟེང་གི་རིན་ཐང་དེར་རྡོག་བརྫིས་བྱེད་མི་རུང་། དེ་ཡང་ཁོང་གི་སྒྲུབ་གཏམ་དུ་གསར་བཞེངས་བྱས་པའི་བུད་མེད་དག་གི་འཚོ་གནས་ཁོར་ཡུག་མི་འདྲ་བ་དང་། སློབ་གསོ་མྱངས་པའི་ཚད་མི་འདྲ་བ་སོགས་ཀྱི་དབང་གིས། བུད་མེད་དེ་དག་གི་མཐའ་མའི་ལས་དབང་ཡང་མི་འདྲ་ལ། བུད་མེད་དེ་དག་གི་ཉམ་ང་བའི་ལས་དབང་ལ་ཀློག་པ་པོས་སྙིང་རྗེ་དང་གདུང་སེམས་དབང་མེད་དུ་སྐྱེས་འགྲོ། གཞན་སྒྲུང་གཏམ་དུ་བཀོད་པའི་བུད་མེད་ཀྱི་ལས་དབང་ལ་ལ་ཞིག་དུས་ད་ལྟའང་བོད་པའི་སྤྱི་ཚོགས་ཁྲོད་དུ་སྔར་བཞིན་གནས་ཡོད་པས། རྩོམ་པ་པོའི་ཐུན་མིང་མ་ཡིན་པའི་བསམ་གཞིག་གི་མཐོང་སྣེ་དང་ནུས་པ་དེ་ཁས་མི་ལེན་ཀ་མེད་རེད།
དང་པོ། ཁྱད་ཆོས་འབུར་དུ་ཐོན་པའི་བུད་མེད་ཀྱི་སྣང་བརྙན།
     གཅིག ཕ་མའི་བཀའ་བསྒོ་དང་རང་དབང་རང་འཐད་ཀྱི་གཉེན་སྒྲིག
     སྒྲུང་གཏམ་ནང་དུ་བུད་མེད་དེའི་སྐོར་གྱི་སྣང་བརྙན་ཞིབ་འབྲི་བྱས་པས་མང་པོ་ཞིག་ཟིན་ཡོད། དེ་ལས་ང་ཚོས་རྩོམ་པ་པོས་གནད་དོན་དེའི་སྐོར་ལ་དོ་སྣང་ཆེན་པོ་བྱས་ཡོད་པ་ཤེས་ཐུབ། དེའི་རྒྱུ་མཚན་ནི་དུས་སྐབས་དེའི་བོད་ཀྱི་སྤྱི་ཚོགས་འཚོ་བའི་འདུ་ཤེས་འཛིན་སྟངས་ཐད་ཀྱི་རྗེས་ལུས་དང་། དེང་རབས་སྤྱི་ཚོགས་ཀྱི་གོམ་འགྲོས་ཀྱི་རྗེས་ཆོད་མེད་པའི་གནད་དེར་ཐུག་ཡོད། དོན་གྲུབ་རྒྱལ་ཁོང་རང་ཉིད་ལ་མཚོན་ན། དེང་རབས་སློབ་གསོ་མྱངས་པའི་ཤེས་ཡོན་པ་ཞིག་ཡིན་ལ། ཡང་གཅིག་བཤད་ན། ནུབ་ཕྱོགས་ནས་དར་ཡོང་བའི་ལྟ་བ་གསར་བ་དང་བསམ་བློ་སོགས་ཀྱི་ཤུགས་རྐྱེན་འོག་འཚར་ལོངས་བྱུང་བ་དེ་འདྲ་ཡིན་པས། དུས་སྐབས་དེར། བོད་ཀྱི་སྤྱི་ཚོགས་ལ་མཚོན་ན། གང་མགྱོགས་སྒོས་དུས་རབས་གསར་བའི་གོམ་འགྲོས་ཀྱི་རྗེས་ཆོད་དགོས་ན། ཐོག་མར་འདུ་ཤེས་འཛིན་སྟངས་ཐད་ནས་སྔོན་ཐོན་གྱི་ལྟ་བ་དང་བསམ་བློ་དེར་ཁ་ཕྱོགས་ན་གཞི་རྩའི་གནད་དོན་ཐག་ཆོད། ཡིན་ནའང་། སྲ་ཞིང་མཁྲེགས་པའི་ལྟ་བ་རྙིང་བ་དག་ལས་བརྒལ་བར་དཀའ་ངལ་དུ་མ་བརྒྱུད་དགོས་ཤིང་། རྩོམ་པ་པོས་རང་ལ་མངའ་བའི་ལག་ཆ་གཅིག་པུ་སྟེ། སྨྱུ་གུ་ལ་བརྟེན་ནས་དུས་སྐབས་དེའི་སྤྱི་ཚོགས་ཀྱི་གནད་དོན་གདོང་ལེན་བྱས་ཤིང་། སྒྲུང་གཏམ་ཁྲོད་ཀྱི་མི་སྣའི་སྣང་བརྙན་དེ་དག་གིས་དངོས་ཡོད་འཚོ་བའི་ཁྲོད་ཀྱི་མི་རྣམས་ལ་མཁྲེགས་འཛིན་གྱི་ལྟ་བ་འདོར་དགོས་པར་འབོད་སྐུལ་དང་གསལ་འདེབས་བྱས་ཡོད།
     ཁོང་གི་སྒྲུང་གཏམ《སད་ཀྱིས་བཅོམ་པའི་མེ་ཏོག》ནང་། ཚབ་མཚོན་རང་བཞིན་གྱི་བུད་མེད་ཀྱི་སྣང་བརྙན་དེ་མངོན་གསལ་དོད་པོས་མཚོན་ཡོད། སྒྲུང་གཏམ་གྱི་ཚན་པ་གཉིས་པའི་མགོར་ལྷ་སྐྱིད་ཀྱི་ཀྱག་ཀྱོག་གི་མི་ཚེའི་བརྒྱུད་རིམ་བྲིས་པ་ཡོད་པ་དཔེར་ན། “ལྷ་སྐྱིད་དང་ངེད་གཉིས་ནི་ལྡུམ་ར་གཅིག་གི་ནང་དུ་སྐྱེས་པའི་མེ་ཏོག་གི་གང་བུ་ཆུང་ཆུང་གཉིས་ཡིན་ལ། འཇིག་རྟེན་གྱི་འཚོ་བ་དང་ཆུང་ངུའི་དུས་ཀྱི་མཛའ་མཐུན་གྱི་སྲད་བུས་ངེད་གཉིས་ཀྱི་སེམས་ཀྱི་རྩ་བ་གཞི་གཅིག་ཏུ་སྦྲེལ་བར་མ་ཟད། དུངས་པའི་འདབ་མ་ལྷན་ཅིག་ཏུ་རྒྱས་པ་དང་མཐུན་པའི་མེ་ཏོག་ཀྱང་ཆབས་ཅིག་ཏུ་བཞད་མོད། འོན་ཀྱང་སྙིང་རྗེ་མེད་པའི་གོམས་སྲོལ་གྱི་སད་ངན་ཞིག་གིས་འཚོ་བ་ལ་དགའ་ཞེན་དང་མ་འོངས་པར་རེ་བས་ཁེངས་པའི་མེ་ཏོག་གཞོན་ནུ་མ་ཞིག་གི་ལང་ཚོའི་དཔལ་ཡོན་གློ་བུར་དུ་བཅོམ་པ་དང་། དེ་ལ་ཆགས་ཤིང་འཁོར་བའི་བུང་བ་གཞོན་ནུ་ང་ཡང་སེམས་སྡུག་གི་རྒྱ་མཚོའི་ནང་དུ་ལྷུང་དགོས་བྱུང་་་་་་”(1)འདི་ལས་ང་ཚོས་རྩོམ་པ་པོ་ཁོ་རང་སྲོལ་ངན་དེར་ཡིད་སྐྱོ་ཞིང་། ལྷ་སྐྱིད་ཅེས་པའི་མི་སྣའི་སྣང་བརྙན་འདིས་མཚོན་པའི་བོད་ཀྱི་གཉེན་སྲོལ་ཐད་ཀྱི་ལུགས་ངན་སྲོལ་ངན་དག་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཡོད། ལྷ་སྐྱིད་ནི་བོད་ཀྱི་བུད་མེད་ཀྱི་ལས་སྐལ་མཚོན་བྱེད་ཀྱི་འདུས་གཟུགས་ཤིག་ཡིན་ལ། རང་གི་བདེ་སྐྱིད་ཀྱི་གཉེན་དོན་གྱི་ཆད་དུ། མི་ཟད་པའི་སྡུག་བསྔལ་མྱངས་ཤིང་། སྒྲུང་གཏམ་ནང་མོའི་འུ་ཐུག་ཐབས་ཟད་ཀྱི་ཕུགས་འདུན་སྐོར་འདི་ལྟར་གླེང་ཡོད་སྟེ། “བཟང་རུང་ངན་རུང་། ཨ་ཕའི་བཀའ་ནི་གཅོག་མི་ཕོད། འོན་ཀྱང་། རིག་ཡག་གི་ཆུང་མ་ནི་གཏན་ནས་བྱ་འདོད་མེད། ཨ་ཆེ། ད་ང་རང་འཆི་བ་ལས་ཐབས་མི་འདུག”(2)འདི་ནི་མི་སྣ་གཙོ་བོས་མི་སྣ་ཕལ་བ་སྟེ་རང་གི་གྲོགས་མོ་ལྷ་མོར་བཤད་པའི་སེམས་གཏམ་ཡིན། རྗེས་ནས་ལྷ་སྐྱིད་རེ་ཐག་ཆད་ནས་རང་ལྕེབས་རྒྱག་པའི་སྐབས་དེར་རིག་ཡག་གིས་མཐོང་བྱུང་བས། མོས་བསྐྱབས་ཤིང་ཁ་ཏ་སློབ་གསོ་བརྒྱུད་ནས་འཚོ་བའི་ཡིད་ཆེས་སླར་གསོས། མཇུག་མཐར་ཉེ་འཁོར་གྱི་མི་རྣམས་ཀྱིས་རོགས་རམ་འོག་ཕྱི་རོལ་ཏུ་སློབ་ཆེན་འགྲིམ་བཞིན་པའི་རང་གི་མཛའ་བོ་ཚེ་རིང་གི་ཕྱོགས་སུ་བྲོས། ཡིན་ནའང་། ལམ་བར་དུ་ལས་དབང་གིས་ཡང་བསྐྱར་མོར་རྡོག་བརྫིས་ཐེངས་གཅིག་བྱས་ཤིང་མོའི་རེ་བ་ཡོད་ཚད་ཆབ་རོམ་གྱིས་བསྡམས། རང་གི་མཛའ་བོར་འཚོལ་དུ་འགྲོ་བའི་ལམ་དུ་ངོ་ཚ་ཁྲེལ་མེད་ཀྱི་སྐྱེས་པ་ཞིག་ངོ་ཤེས་ཤིང་། དེས་ཁ་ཡག་མགོ་སྐོར་བྱས་ཤིང་མོར་ལོག་གཡེམ་བྱས། སེམས་སྡུག་གིས་མནར་བའི་ལྷ་སྐྱིད་སྐབས་དེར་ཨ་ནེ་བཙུན་མ་ཞིག་གིས་སྲོག་བསྐྱབས་ཤིང་མོས་བསམ་པར་རང་ལུས་ཤོར་བས་རང་གི་མ་འོངས་པའི་སྐྱེས་པར་ཁྲེལ་མེད་བཟོས་སོང་སྙམ་ནས་བཙུན་མའི་རྗེས་འབྲངས་ཏེ་རབ་བྱུང་བསྒྲུབ་རྒྱུ་ཐག་བཅད། ཡིནའང་། རབ་བྱུང་བསྒྲུབ་རྒྱུ་དེ་མོའི་རེ་འདུན་ངོ་མ་མིན་པ་གསལ་བོ་ཡིན། བཙུན་མ་དེས་མོར“གལ་ཏེ་ཁྱོད་ཀྱི་ཨ་ཕ་ཁྱོད་ལེན་དུ་ཡོང་ན། ཁྱོད་ཕྱིར་འགྲོ་རྒྱུ་ཨེ་ཡིན།” “མི་འགྲོ། གཏན་ནས་མི་འགྲོ། ཁོ་ནི་ངའི་ཨ་ཕ་མིན། ང་ལ་ཨ་ཕ་ཟེར་བ་ཡང་མེད་ལ། དགོས་ཀྱང་མི་དགོས”(3)ལྷ་སྐྱིད་ཀྱི་ནན་ཏན་གྱི་ཕྱིར་ལན་དེས་མོར་རང་གི་ཨ་ཕར་སྙིང་ནས་སྡང་ཞིང་ཁོང་ཁྲོ་ལངས་ཡོད་པ་ཤེས་ཐུབ། ཡིན་ནའང་། བཙུན་མས་མོར་གལ་སྲིད་ཚེ་རིང་ལེན་དུ་ཡོང་ན་ཕྱིར་འགྲོ་མིན་དྲིས་པར། མོས་ཁ་རོག་གེར་ཅང་མི་སྨྲ་བར་མིག་ཆུ་དབང་མེད་དུ་བཞུར་ཞིང་། སྐད་དམའ་མོས“ཁོ་ཡོང་མི་སྲིད། ཁོ་ཡོང་ཐུབ་རྒྱུ་མ་རེད”ཅེས་ལན་བཏབ་པར་དབྱེ་ཞིབ་བྱས་ན། ལྷ་སྐྱིད་ཀྱིས་སྔར་བཞིན་རང་གི་མཛའ་བོ་ཚེ་རིང་ལ་ཞེ་འདང་ཟབ་མོ་ཆགས་ཡོད་པ་ཤེས་ཐུབ།
     ཡིན་ནའང་རང་ཉིད་སྔོན་གྱི་ལྷ་སྐྱིད་དེ་མིན་པར་གཞན་གྱིས་རྡོག་བརྫིས་བཏང་སོང་བས། ཚེ་རིང་ལ་ཁྲེལ་མེད་བཟོས་སོང་སྙམ་ནས་སེམས་སུ་འགྱོད་པ་དང་ངོ་ཚ། ཡིད་ཆད་སོགས་ཀྱིས་མནར་ཞིང་འགལ་འདུའི་ཁྲོད་ལུས་ཡོད། མི་སྣའི་ནང་སེམས་ཀྱི་དེ་ལྟ་བུའི་འགལ་འདུ་དེ་སྒྲུང་གཏམ་ཧྲིལ་བོར་ཁྱབ་ཡོད། སྒྲུང་གཏམ་གྱི་མཇུག་ཏུ་ཚེ་རིང་ལྷ་སྐྱིད་ལེན་དུ་སོང་མོད། ཡིན་ནའང་། སྲ་ཞིང་མཁྲེགས་པའི་སྲོལ་ངན་དང་འདུ་ཤེས་འཛིན་སྟངས་དེས་ཁོ་གཉིས་ཀྱི་སེམས་ངོས་སུ་རྨ་ཁ་བཞག་ཡོད་ལ། ལྷག་ཏུ་ལྷ་སྐྱིད་ལ་མཚོན་ན་དེ་ནི་གཏིང་ཟབ་ལ་ནམ་ཡང་སོས་ཐབས་མེད་པའི་རྨ་ཁ་ཞིག་ཡིན།
     དོན་གྲུབ་རྒྱལ་གྱི་སྒྲུང་གཏམ《སེམས་གཅོང》ཞེས་པའི་ནང་དུའང་བོད་ཀྱི་བུད་མེད་ཀྱི་གཉེན་སྒྲིག་སྐོར་རྗོད་གཞིར་གྱུར་ཡོད། བདེ་མཚོས་ཕ་མའི་ངག་ལ་ཉན་ནས་དགེ་རྒན་ཞིག་དང་གཉེན་སྒྲིག་བྱས་ཤིང་། ཕ་མའི་མིག་ནང་དུ་མོའི་བཟའ་ཟླ་ནི“ལྟོ་གོས་འཛོམས་པ། ཐབས་འཚོལ་ཟབ་པ། ཡོན་ཏན་ཆེ་བ་སོགས་ཀྱི་དགེ་མཚན་མང་ཞིང་།”(4)བློ་གཏད་ཆོག་པའི་ན་གཞོན་ཞིག་ཡིན་མོད། འོན་ཀྱང་རྗེས་ནས་ཁྱོ་བོ་ཟི་ལིང་དུ་གསབ་སྦྱོང་ཞིག་ལ་སོང་བའི་སྐབས་དེར་བུད་མེད་ཅིག་ལ་ཐུག་ཅིང་། ཁོས་རྒྱུ་འབྲས་མེད་པར་བདེ་མཚོ་མ་བུ་གཉིས་ཀ་བསྐྱུར་ནས་གནས་གཞན་དུ་མག་པ་རུ་བུད་སོང་། བདེ་མཚོའི་སེམས་ལ་ནམ་ཡང་གསོ་བྱེད་སྨན་པའི་རྒྱལ་པོས་ཀྱང་བཅོས་སུ་མེད་པའི་གཅོང་ནད་ཆེན་པོ་ཞིག་བཟོས་སོང་།
     གཉིས། སྤྱི་ཚོགས་འཕོ་འགྱུར་དང་སྲོལ་རྒྱུན་བར་གྱི་གས་སྲུབས།
     《རྒྱུ་འབྲས་མེད་པའི་མནའ་མ》ཞེས་པའི་སྒྲུང་ཐུང་འདིའི་ནང་གཉེན་དོན་སྐོར་གྱི་གནད་དོན་གླེང་ཡོད་མོད། འོན་ཀྱང་རྩོམ་པ་པོས་ཤུགས་ནས་བརྗོད་འདོད་པ་ནི་དེ་ཁོ་ན་ཙམ་མ་ཡིན་པར། དུས་རབས་གསར་བའི་གོམ་འགྲོས་ཁྲོད། བོད་ཀྱི་སྤྱི་ཚོགས་ནང་ཁ་ཚ་དགོས་གཏུག་གི་གདོང་ལེན་དགོས་པའི་གནད་དོན་ཏེ། སྲོལ་རྒྱུན་དང་དེང་རབས་བར་གྱི་འགལ་འདུ་དག་གླེང་ནས། ང་ཚོས་དུས་བསྟུན་གྱིས་བྱ་དངོས་གསར་པར་སློབ་སྦྱོང་དང་དང་ལེན་བྱེད་དགོས་ཚུལ་གླེང་ཡོད།
     སྒྲུང་གཏམ་ཁྲོད་ཀྱི་ཀུན་ཏུ་བཟང་མོ་ནི་དུས་འགྱུར་ཆེ་བའི་ལོ་ཟླ་དེའི་ནང་སྐྱེས་ཤིང་འཚར་ལོངས་བྱུང་བའི་བོད་རིགས་བུད་མེད་དཀྱུས་མ་ཞིག་ཡིན་ལ། རྩོམ་པ་པོས་གོ་རིམ་ལྡོག་པའི་འབྲི་ཐབས་སྤྱད་ནས་ཐོག་མར་ང་ཚོར་བུ་མོ་ཀུན་ཏུ་བཟང་མོ་དང་ཕ་བཟོད་པ་གཉིས་བྲག་དཀར་ཆུ་ཁོལ་ལ་འགྲོ་བའི་གནས་ཚུལ་ངོ་སྤྲོད་བྱས་ཡོད། ཨ་མ་སྔ་མོ་ནས་འདས་ཟིན་པས། ཨ་ཕས་མོ་རང་སྙོར་སྐྱོང་བྱས་ཏེ་ནར་སོན། ལོ་བཅུའི་གོད་ཆག་ཁྲོད་ཨ་ཕ་བཟོད་པ་དམར་སྲུང་དམག་གིས་འདྲི་གཅོད་བྱས་ཤིང་རྡུང་རྡེག་བཏང་མཐར་རྐང་པ་རྨས། སྐབས་དེར་སྨན་བཅོས་བྱ་ཐབས་བྲལ་བས་ནད་རོ་ལུས་ཤིང་ཞ་བོར་གྱུར། ཡིད་སྐྱོ་བ་ཞིག་ལ་དུས་དེར་དམར་སྲུང་དམག་ལ་ཞུ་གཏུག་མཁན་ཁོ་རང་གི་བུ་མོ་ཀུན་ཏུ་བཟང་མོ་ཡིན། དམར་སྲུང་དམག་སྔ་གཞུག་ཐེངས་གཉིས་ལ་སྔོག་བཤེར་དུ་ཡོང་ཞིང་། རྗེས་མ་དེར་བསམ་ཡུལ་ལས་འདས་པའི་དོན་དག་ཅིག་བྱུང་། སྒྲུང་གཏམ་ནང་སྐབས་དེའི་གནས་ཚུལ་འདི་ལྟར་བྲིས་ཡོད་དེ། དམར་སྲུང་དམག་གི་མགོ་བ་དེས་རྫིག་ཉམས་སྟོན་བཞིན་བཟོད་པ་ལ“མེ་མདའ་ཞིག་སྐུང་ཡོད་པས་ནག་ཉེས་དེ་ཤོད་ཟེར”བཟོད་པས“ང་སྐྱེས་ནས་བཟུང་མེ་མདའ་ཞིག་ལག་ཏུ་བླངས་མ་མྱོང་།”ཞེས་བཟོད་པས་ཤུགས་ཅི་ཡོད་བཏོན་ནས་རང་ལ་དཀར་འདོན་བྱས། སྐབས་དེར། བུ་མོ་གཞོན་ནུ་མ་ཞིག་བཟོད་པའི་མདུན་ལ་ཡོང་བ་དང་། ཁོའི་དཔྲལ་བར་མཛུབ་ཐུར་ཅིག་བྱས་ཏེ། “བཟོད་པ་དགྲ་བོ་ཁྱོད། འུ་ཚང་གི་དཀར་ཡོལ་འཇོག་སའི་ཆ་ན་མེ་མདའ་ཞིག་ཡོད་པ་དེ་ཁྱོད་ཀྱིས་བསྐུངས་པ་མིན་ནམ”(5)ཞེས་ཟེར། “ཨ”བཟོད་པ་ཧ་ལས་ཤིང་སྐྲག་མ་དངངས་ཀྱིས་བུ་མོ་དེ་ལ་བལྟས་པ་ན། ལོ་བརྒྱད་གཉིས་བཅུ་དྲུག་ལ་སོན་མ་ཐག་པའི་བུ་མོ་ཀུན་ཏུ་བཟང་ཨ་ཙི། མོས་མིག་གཉིས་ལ་ཁྲོ་བའི་མེ་ལྕེ་འབར་བཞིན་དེ་ལྟར་བཤད། ཨ་ཙི། འདི་ནི་མངོན་སུམ་ཡིན་ནམ་རྨི་ལམ་ཡིན། བཟོད་པའི་ལུས་ཀྱི་བ་སྤུ་དང་མགོ་ཡི་སྐྲ་རྣམས་དུས་གཅིག་ལ་གྱེན་དུ་ཕྱོགས་པ་དང་། ཁོང་ཁྲོ་དང་སྐྲག་སྣང་དུས་མཉམ་དུ་བྱུང་སྟེ་སྒྱིད་པའང་འདར་སིག་སིག་བྱེད་ཅིད་གདའ། “མེེད། ང་ལ་མེ་མདའ་གཏན་ནས་མེད”ཅེས་ལན་བཏབ། བུ་མོ་ཀུན་ཏུ་བཟང་མོས་དམར་སྲུང་དམག་གི་སྣེ་ཁྲིད་ནས་ཁང་བའི་ནང་སྔོག་བཤེར་བྱས་ཤིང་། ཅུང་མ་འགོར་བར་བོའུ་རྙིང་པ་ཞིག་ཁྱེར་འོང་། སྟེང་ན་ས་རྡུལ་སྟུག་པོ་ཞིག་ཆགས་ཡོད་སྟབས་བལྟས་ཚོད་དུ་ཡུན་རིང་ཞིག་ལ་མ་རེག་པ་ཤེས་ཐུབ། དེར་འཚོགས་པའི་མི་རྣམས་རབ་ཏུ་འཁྲུགས་ཤིང་། ཀུན་ཀྱིས་བཟོད་པ་ལ་སྡང་མིག་གིས་ལྟ་བ་དང་། བསམ་ཤེས་དང་ལོ་ལོན་འགའ་ཞིག་གིས་སྐད་ཤབ་ཤུབ་ཀྱིས་ལབ་གླེང་བྱེད་ཀྱིན་ཡོད་ཀྱང་། ཚིག་གཅིག་ཀྱང་ཐོས་མི་ཐུབ། “འདི་ངའི་མིན། ངོ་མ་ངའི་མིན”ཞེས་བཟོད་པའི་མིག་མཐར་མཆི་མས་ཁེངས་བཞིན་དེ་ལྟར་བཤད་ནའང་། གཞོན་ནུ་ཤུགས་ཆེན་གཉིས་ཀྱིས་ཁོའི་དཔུང་བ་ནས་འཇུས་ཏེ་ཕྱིར་ཁྲིད་སོང་ནས་གཅར་རྡུང་བྱས། བཟོད་པའི་རྐང་པ་སྐྲངས་ནས་འགུལ་མི་ཐུབ་པར་གྱུར་པ་དང་། ལུས་ཡོངས་ལ་སྔོ་ཐིག་གིས་ཁེངས་འདུག རྗེས་སུ་བཟོད་པ་ལ་དཀར་འདོན་དག་སེལ་བྱས་ཀྱང་། ཁོའི་རྐང་པ་གཡོན་པ་ནི་འཐེང་པོར་གྱུར་སོང་། འདི་ནི་ལོ་རྒྱུས་ཀྱི་དུས་སྐབས་ཤིག་གི་བདེན་པའི་དཔང་བོ་རེད།(6)
     ཨ་ཕ་ཞིག་ལ་མཚོན་ནས་བཤད་ན། ཤ་ལས་ཆད་པའི་བུ་ཕྲུག་གིས་རང་ཉིད་ཀྱི་གདོང་ལ་མཛུབ་མོ་བཙུགས་ནས་དགྲ་བོ་ཞེས་སྡིགས་མོ་བྱས་པ་འདི་ནི་འཇིག་རྟེན་འདིའི་སྐྱོ་གར་ཆེ་ཤོས་དེ་མིན་ནམ་ཅི། ལོ་ལོན་ཞིང་རྐང་པ་འཐེང་པོོ་བཟོས་པས་སེམས་ཕམ་ཡིད་ཆད་དང་སྙིང་ན་བའི་མིག་ཆུ་ལས་གཞན་ད་དུང་ཅི་ཞིག་ལུས་སམ། མི་སྣ་དེ་དག་གི་སྣང་བརྙན་གྱིས་ཀློག་པ་པོ་རྣམས་ལ་འདས་པའི་ལོ་རྒྱུས་ནང་བྱུང་བའི་ཡ་ང་བའི་འདས་དོན་དག་ལ་བསམ་གཞིག་བྱེད་པའི་ཚོར་བ་ཞིག་འགོག་མེད་དུ་སྟེར་ཡོང་།
     ཀུན་ཏུ་བཟང་མོས་ཨ་ཕ་ཁྲིད་ནས་ཆུ་ཁོལ་ལ་འགྲོ་བའང་ཙག་ཙིག་གི་ཁྱིམ་ལས་ལ་གཡོལ་བ་ཙམ་ལས་ཕ་རྒན་གྱི་རྐང་པར་ཤ་ཚ་བ་མ་ཡིན། ཆུ་ཁོལ་དུ་གནས་པའི་སྐབས་སུ། ས་དེའི་མི་རྐྱང་འབྲོག་པ་བསོད་བྷེ་ངོ་ཤེས་ཤིང་། ཁོས་ཆུང་མ་མ་རྙེད་པར་ལུས་ཡོད་པས་མོས་ཨ་ཕ་ལྐོག་ཏུ་བསྐྱུར་ནས་བསོད་བྷེའི་ཆུང་མར་གྱུར། ཡིན་ནའང་། མོས་ནམ་རྒྱུན་ཨ་ནེར་གཙེས་པས་ཕན་ཚུན་མ་མཐུན་པར་མཐའ་མར་སོ་སོ་བྱས་ནས་བསྡད། བསོད་བྷེ་མི་དྲང་མོ་ཞིག་ཡིན་ལ། ཀུན་ཏུ་བཟང་མོས་ཁོ་རང་མེད་པའི་ཤུལ་དུ་སྐྱེས་པ་གཞན་དང་ལུས་འབྲེལ་བྱུང་། ཕ་རྒན་གྱིས་མོ་རང་བཙལ་ནས་སླེབས་དུས་མོས་ངོ་མི་ཤེས་ཁུལ་བྱས། རྗེས་ནས་མོས་ཚང་མ་བསྐྱུར་ནས་བུད་སོང་།
     རྩོམ་པ་པོའི་སྨྱུག་འོག་ཏུ་ཀུན་ཏུ་བཟང་མོ་ནི་ལོ་བཅུའི་གོད་ཆག་བརྒྱུད་ཅིང་། ཕ་མ་མི་སྙོར་བ། ལག་ལས་ཀ་མི་འཛོམས་པ། སྤྱོད་ལམ་རྩིང་བ། བཟའ་ཟླ་ལ་གཏན་ཚུགས་མེད་པ་སོགས་བོད་ཀྱི་སྲོལ་རྒྱུན་གྱི་བུད་མེད་ཀྱི་སྤྱོད་ལུགས་དང་འགལ་བ་ལྟག་སྤྲོད་དུ་གནས་པའི་བུད་མེད་དེ་འདྲ་ཞིག་ཡིན་ལ། མོའི་སྣང་བརྙན་དེ་ལས་ང་ཚོས་སྤྱི་ཚོགས་འཕོ་འགྱུར་ཆེས་ཆེར་བྱུང་བའི་སྐབས་དེར། མཐའ་གཅིག་ཏུ་སྲོལ་རྒྱུན་ཡོད་ཚད་བཀག་ན་དེ་ལས་ལྡོག་སྟེ་ཕན་འབྲས་མེད་པ་བསྟན་ཡོད།
     གསུམ། མཐར་ཕྱིན་བྱ་བཞག་གི་གདམ་ཀ
     སློབ་མཐར་ཕྱིན་དུས། གྲོང་ཁྱེར་ནས་འདུག་པའམ་ཡང་ན་གཞི་རིམ་དུ་ལོག་པའི་སྐོར་དེ་དོན་གྲུབ་རྒྱལ་གྱི་བརྩམས་སྒྲུང་གི་གླེང་གཞི་གཞན་པ་ཞིག་རེད། རྩོམ་པ་པོས་བརྗོད་གཞི་འདི་བརྒྱུད་ནས་ཀློག་པ་པོ་རྣམས་ལ་སྤྱི་ཚོགས་ཀྱི་ནད་རྙིང་དང་དངོས་ཡོད་འཚོ་བའི་ཐབས་ཟད་ཀྱི་དཀའ་ངལ་དག་མངོན་པར་བསྟན་ཡོད། 《འབྲུག་མཚོ》རུ་གོ་རིམ་ལྡོག་པའི་འབྲི་ཐབས་བཀོལ་ཞིང་། སློབ་ཆེན་མཐར་ཕྱིན་དུས། འབྲུག་མཚོ་དང་དགའ་གྲོགས་བར་གྲོང་ཁྱེར་ནས་ལས་ཀ་གཉེར་རྒྱུ་དང་གཞི་རིམ་དུ་ལོག་པའི་སྐོར་རྩོད་པ་བྱུང་བས། མཇུག་མཐར་སོ་སོའི་འདོད་པ་ལྟར་རང་རང་གི་ཡུལ་དེར་ལོག འབྲུག་མཚོ་ཞིང་གྲོང་དུ་ལོག་ནས་དགེ་རྒན་བྱས། ཞི་ལུ་གྲོང་ཁྱེར་ནས་ཚགས་པར་ཁང་གི་རྩོམ་སྒྲིག་པ་བྱས། འབྲུག་མཚོའི་ཞིབ་འབྲི་དེ་གཙོ་བོ་ཕ་རོལ་བ་བརྒྱུད་ནས་བྲིས་ཡོད། ནང་དོན་སྤྱི་ཁོག་ནི་ཞི་ལུ་འབྲུག་མཚོས་དཔེ་ཁྲིད་བྱེད་པའི་སློབ་གྲྭར་རྒྱུ་ཆ་བསྡུ་ལེན་བྱེད་དུ་འགྲོ་བའི་ལམ་ཁར། འབྲུག་མཚོ་དང་ཕ་ཡུལ་གཅིག་པའི་མི་གཉིས་ལ་ཐུག་ཅིང་། ཁ་བརྡ་བྱེད་པའི་གོ་རིམ་ཁྲོད། ཡུལ་དེར་དཔལ་མོ་ཞེས་པའི་བུད་མེད་དགེ་རྒན་ཞིག་ལ་ཁྱིམ་བདག་དང་སློབ་མ་སོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་པ་ཤེས། ཡིན་ནའང་ཁོས་ཐོག་མར་དཔལ་མོ་དང་འབྲུག་མཚོ་གཉིས་མི་གཅིག་ཡིན་མིན་གསལ་བོར་བཀོད་མེད་པས། འབྲི་ཐབས་དེས་ཀློག་པ་པོ་རྣམས་ལ་ཁོ་གཉིས་མི་གཅིག་ཡིན་མིན་ཐད་འཆར་སྣང་མང་པོ་སྟེར་ཡོང་། མཇུག་མཐར་མི་གཅིག་ཡིན་པ་ར་སྤྲོད་བྱས་ཡོད། ཞིང་གྲོང་གི་སློབ་གྲྭ་དེ་ནས་ཁོས་འབྲུག་མཚོ་ཐོག་དང་པོར་མཐོང་དུས་ཡིད་ཀྱི་འགྱུར་བ་མཚོན་པའི་ཐད་ལ་འདི་ལྟར་བྲིས་ཡོད་དེ། “ངས་འབྲུག་མཚོའི་གདོང་ལ་བལྟས་པ་ན། ཁོ་མོའི་གདོང་ལ་གཞོན་ཤ་ཆགས་ཤིང་དམར་མདངས་རྒྱས་པ་དང་། འཐབ་འཛིང་གི་སྤྲོ་སྣང་དང་རྒྱལ་ཁའི་ངེས་སེམས་ཀྱིས་ཁེངས་འདུག  འབྲུག་མཚོའི་གདོང་གི་གཟི་མདངས་ལས་ངས་འབྲོག་ཕྱོགས་ཀྱི་རིག་གནས་གོང་དུ་སྤེལ་བའི་རྒྱབ་ལྗོངས་དང་མཚར་སྡུག་གི་མདུན་ལམ་མཐོང་བྱུང་།”(7)འདི་ཡང་གཅིག་བཤད་ན་རྩོམ་པ་པོའི་བསམ་བློ་དང་ཕུགས་འདུན་ཏེ། སྤྱི་ཚོགས་ཀྱི་ལས་གནས་གང་དུ་བཞུགས་རུང་ནན་ཏན་སྒོས་ཧུར་ཐག་འབད་བརྩོན་བྱས་ན་མཛེས་སྡུག་གི་སང་ཉིན་ཡོད་ངེས་པ་ཡིད་ཆེས་བརྟན་པོས་ཁེངས་ཡོད།
     ཁོང་གི་སྒྲུང་གཏམ《བརྩེ་དུངས་ཀྱི་རྦ་རླབས》ཀྱི་ཞིབ་འབྲི་བྱེད་ཐབས་ལ་ཐུན་མིན་གྱི་ཁྱད་ཆོས་ཅུང་ཙམ་ལྡན་ཏེ། འཕྲིན་ཡིག་དང་ཉིན་ཐོ། དེ་མིན་རང་ཉིད་ཀྱི་གནས་ཚུལ་ཞིབ་བརྗོད་སོགས་ཀྱི་ལམ་ནས་གྲོང་ཁྱེར་ནས་འདུག་པ་དང་ཡང་ན་ཞིང་གྲོང་ལ་འགྲོ་བའི་གླེང་གཞི་སྐོར་བརྗོད་ཡོད།
      གཏམ་རྒྱུད་ཁྲོད་ཀྱི་མི་སྣ་གཙོ་བོ་གཉིས་གོང་དུ་བཀོད་པ་བཞིན་གཅིག་གྲོང་ཁྱེར་དང་གཅིག་གཞི་རིམ་དུ་ལོག  ཡིན་ནའང་། འདིའི་ནང་མི་སྣ་ཅུང་ཙམ་མང་ལ། བྱུང་རིམ་ཡང་གོང་དང་བསྡུར་ན་ཀྱག་ཀྲོག་ཆེ། ནང་དོན་སྤྱི་ཁོག་ནི་སློབ་ཆེན་སློབ་མ་དཔལ་ལྡན་སློབ་མཐར་ཕྱིན་རྗེས་ཞང་སྲིད་གཞུང་དུ་ལས་ཀ་བགོས་ཤིང་། ཁོ་རང་བསུ་བ་བྱེད་པའི་གསོལ་སྟོན་སྟེང་ཧྲུའུ་ཅི་མཁར་བྱམས་ལ་ཕོག་ཐུག་བཏང་བས་གཏམ་རྒྱུད་དེ་ནས་མགོ་བརྩམས། རྗེས་ནས་ཁོས་ཡོད་ཚད་རྟོགས་སོང་མོད། སྐབས་དེར་གོང་རིམ་ནས་མི་སྣ་མངགས་ནས་ཁོ་རང་ལེན་པར་ཐོན། བཤད་ཚུལ་ལྟར་ན་བྱ་བ་གཞན་པ་བཀོད་སྒྲིག་ཡོད་པར་བཤད་མོད། འོན་ཀྱང་ཁོའི་བྱ་བ་ཡང་སྙིང་ཅི་ཞིག་ཡིན་པ་དང་མ་འོངས་པ་ནི་ཅི་འདྲ་ཡིན་པ་སུས་ཀྱང་བློས་དཔག་དཀའ།
     མི་སྣའི་སྣང་བརྙན་དེ་དག་ཁྲོད། དྲུང་ཡིག་བློ་བཟང་དང་དཔལ་ལྡན་གཉིས་ལ་ཐུན་མོང་གི་ཁྱད་ཆོས་མང་པོ་ལྡན་པ་དཔེར་ན། ལས་ཀར་ཞུགས་པའི་དུས་ཀྱི་སྔ་གཞུག་གི་ཁྱད་པར་མ་གཏོགས་ཁོ་གཉིས་ཀ་སློབ་མ་ཡིན། གཉིས་ཀར་རང་གི་མི་ཚེའི་ཕུགས་འདུན་མངོན་གྱུར་བྱེད་རྒྱུའི་སྤོབས་པས་ཁེངས་ཡོད། བློ་བཟང་གི་སེམས་ཤུགས་དཔལ་ལྡན་དང་བསྡུར་ན་ཅུང་ཙམ་ཉམས་ཤོར་ཡོད། དཔལ་ལྡན་སྤྱི་ཚོགས་སྟེང་ཞུགས་མ་ཐག་ཡིན་པས། མིག་ལ་མི་མངོན་པའི་སྤྱི་ཚོགས་ཀྱི་འགྲོ་ཞུགས་དེ་དག་ལ་ཆ་རྒྱུས་ཆེན་པོ་མེད་པར་དྲང་སྐྱེས་དྲང་རྒུད་ཅིག་ཡིན། ཁོ་གཉིས་བར་གྱི་འབྲེལ་བ་ཐབས་རྡུགས་ཤིག་མིན་མོད། དཔལ་ལྡན་གྱིས་བློ་བཟང་གིས་སུ་ལའང་ཕོག་ཐུག་མི་གཏོང་བའི་བྱ་བ་སྒྲུབ་སྟངས་དེ་མིག་ལ་མི་རན་པས་ཕན་ཚུན་ཇི་ལྟར་འགྲོགས་ཀྱང་བར་ཐག་ཅིག་ལུས་ཡོད། མི་སྣའི་སྣང་བརྙན་གསར་བཞེངས་དེ་རྣམས་ལ་བརྟེན་ནས་སྐབས་དེར་སྤྱི་ཚོགས་ཀྱི་འགལ་བ་ཟབ་མོ་བརྗོད་ཡོད།
གཉིས་པ། སྣང་བརྙན་བཞེངས་སྐྲུན་ཐད་ཀྱི་སྤྱི་ཚོགས་རྒྱབ་ལྗོངས་དབྱེ་ཞིབ།
     གཅིག སྲོལ་རྒྱུན་སྤྱི་ཚོགས་ཀྱི་བཀག་སྡོམ།
     བོད་ཀྱི་སྤྱི་ཚོགས་དུས་རབས་གསར་བའི་ནང་དུ་ཞུགས་རྗེས། སྤྱི་ཚོགས་ལམ་ལུགས་དང་སྒྲིག་གཞི་སོགས་ལ་གཏིང་ནས་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། ཕྱི་ངོས་ཀྱི་འགྱུར་ལྡོག་དེ་དག་གིས་མི་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་དང་རིན་ཐང་གི་ལྟ་བའི་ཐད་ལའང་ཐག་ཞོར་འབྲེང་འདྲུད་ཚུལ་གྱི་འགྱུར་བ་བྱུང་ཞིང་། རྩོམ་པ་པོར་འགྱུར་བ་དེ་དག་ལ་ངོས་ཟིན་ཟབ་མོ་ཡོད་ལ། མི་སྣའི་སྣང་བརྙན་དུ་མ་བཞེངས་ནས་དུས་རབས་ཀྱི་འགྱུར་བ་དེ་དག་གི་མཇུག་འབྲས་མཚོན་ཡོད། དེའི་རྐྱེན་གྱིས་ཟུར་ཕྱོགས་གཞན་པ་ཞིག་ནས་དཔྱད་ན། ཙུལ་བྱུང་གི་རྩོམ་པ་པོ་ཞིག་ལ་མཚོན་ན། ཁོང་གི་བརྩམས་ཆོས་ལས་སྤྱི་ཚོགས་འཚོ་བའི་ངོས་མི་འདྲ་བ་མང་པོ་མཐོང་ཐུབ། 《སད་ཀྱིས་བཅོམ་པའི་མེ་ཏོག》ཁྲོད་ཀྱི་ལྷ་སྐྱིད་དང《སེམས་གཅོང》ཁྲོད་ཀྱི་བདེ་མཚོ་སོགས་ཀྱིས་རང་ཉིད་ཀྱི་བདེ་སྐྱིད་འཚོ་བའི་ཆེད་དུ་དཀའ་སྡུག་ཁྱད་དུ་བསད་ནས་མ་འོངས་པ་ལ་རེ་སྒུག་ཚད་མེད་བྱེད་ཀྱིན་ཡོད། ཡིན་ནའང་སྤྱི་ཚོགས་ཀུན་སྤྱོད་ངན་པའི་འོག་ཏུ་རང་ཉིད་བདེ་སྐྱིད་ཀྱི་འཚོ་བར་བརྩོན་པ་ལ་བཀག་འགོག་བྱེད་བཞིན་ཡོད། ཕྱོགས་གཞན་ཞིག་ནས་རྩོམ་པ་པོ་རང་ཉིད་ཀྱིས་མི་སྣ་ཞིག་གི་སྣང་བརྙན་གསར་བཟོ་བརྒྱུད་ནས་སྤྱི་ཚོགས་ཁྲོད་ཀྱི་འོས་འཚམ་མིན་པའི་སྣང་ཛུལ་དེ་དག་ལ་དགག་པ་བརྒྱབ་ཡོད། ཡང་ཕྱོགས་གཞན་ནས་ལྷ་སྐྱིད་དང་བདེ་མཚོ་སོགས་ལྟ་བུའི་བུད་མེད་རྣམས་ཀྱིས་རང་ཉིད་ཀྱི་ཕུགས་འདུན་བརྩོན་ལེན་བྱེད་པའི་ཁྲོད་དུ་དམིགས་པ་ལྟར་དུ་མངོན་འགྱུར་མ་བྱུང་རུང་རྩོམ་པ་པོས་དེ་དང་དེ་ལྟ་བུའི་སྙིང་སྟོབས་ལ་བསྔགས་བརྗོད་བྱས་ཡོད།
     གཉིས། སྤྱི་ཚོགས་འཕོ་འགྱུར་གྱི་རྨ་ཁ།
     རྩོམ་རིག་ལོ་རྒྱུས་སྟེང་། དུས་རབས་གང་ཞིག་ལ་མཚོན་ན། སྤྱི་ཚོགས་འཕོ་འགྱུར་བྱུང་བའི་སྐབས་སུ། དུས་རབས་དེའི་སྣང་ཚུལ་མཚོན་པའི་བརྩམས་ཆོས་དུ་མ་བྱུང་ཡོད། དེ་ཡང་གཅིག་བཤད་ན་རྩོམ་རིག་རང་སྟེང་གི་འགན་ཁུར་ཏེ། སྤྱི་ཚོགས་ལམ་ལུགས་ཀྱི་འགྱུར་ལྡོག་དེས་མི་རྣམས་ཀྱི་འཚོ་བ་དང་རིན་ཐང་གི་ལྟ་བ་སོགས་ལ་ཤུགས་རྐྱེན་ཐེབས་པའི་རྗེས་ཤུལ་སྐད་ཆའི་སྒྱུ་རྩལ་ལ་བརྟེན་ནས་བཀོད་ཡོད། དོན་གྲུབ་རྒྱལ་གྱི《རྒྱུ་འབྲས་མེད་པའི་མནའ་མ》ནི་སྤྱི་ཚོགས་འཕོ་འགྱུར་ཁྲོད་བོད་མིའི་མི་ཆོས་ཀུན་སྤྱོད་ཐད་ཀྱི་ཡིད་སྐྱོ་བའི་གནས་བབ་མཚོན་པའི་བརྩམས་ཆོས་ཤིག་ཡིན་ལ། ཀུན་ཏུ་བཟང་མོ་ཆུང་དུས་ནས་ཨ་མ་མེད་ལ། ཉམ་ཐག་གི་འཚོ་བ་དེ་ལོ་བཅུའི་གོད་ཆག་ཁྲོད་ལྷག་ཏུ་ཇེ་སྡུག་དང་གཏོར་བརླག་ཚབས་ཆེན་བཟོས་ཡོད། རྩོམ་པ་པོས་བཟོད་པ་ཕ་བུ་གཉིས་དང་བསོད་བྷེ་སོགས་ཀྱི་སྣང་བརྙན་གཡར་ནས་ང་ཚོར་དུས་རབས་ཀྱི་འཕོ་འགྱུར་འོག་གི་བྱུང་དང་འབྱུང་བཞིན་པའི་དངོས་ཡོད་ཀྱི་གནད་དོན་དག་དམར་རྗེན་དུ་བཏོན་ཅིང་། སྒྲུང་གཏམ་གྱི་མཇུག་ཏུ་བསོད་བྷེས་རང་གི་ཨ་མར་འགྱོད་བཤགས་བྱས་ཤིང་རྒན་རྒོན་གཉིས་བསྐྱངས་པ་དེས། ང་ཚོར་ཡབ་མེས་གོང་མ་ནས་བརྒྱུད་པའི་མི་ཆོས་ལུགས་སྲོལ་རྣམས་གནའ་བཟང་དེང་སྤྱོད་བྱེད་དགོས་པའི་གལ་ཆེན་སྐོར་གླེང་ཡོད།
     གསུམ། དེང་རབས་སྤྱི་ཚོགས་ཁྲོད་ཀྱི་བསམ་གཞིག
     དེང་རབས་ཅན་གྱི་གཞུང་ཆེན་དུ་ཞུགས་པའི་རྗེས་ནས། བོད་ཀྱི་སྤྱི་ཚོགས་ལ་ཕྱོགས་ཡོངས་ནས་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། རྩོམ་པ་པོ་ཁོ་རང་ཉིད་དེང་རབས་སློབ་གསོ་མྱངས་པའི་བོད་ཀྱི་སློབ་ཆེན་སློབ་མའི་གྲས་ཤིག་ཡིན་པའི་ཆ་ནས། སློབ་མཐར་ཕྱིན་རྗེས། གྲོང་ཁྱེར་ནས་འདུག་པའམ་ཕྱིར་ཞིང་གྲོང་དུ་ལོག་རྒྱུ་ནི་གདམ་ཀ་ཆེན་པོ་ཞིག་ཏུ་གྱུར་ཡོད། 《འབྲུག་མཚོ》དང《བརྩེ་དུངས་ཀྱི་རྦ་རླབས》སོགས་སུ་དུས་རབས་འཕེལ་རྒྱས་ཀྱི་ངར་ཁ་རྒོད་པའི་དེང་གི་དུས་འདིར། ན་གཞོན་རྣམས་ལ་ལས་གནས་ཐད་ཀྱི་མཉམ་འཇོག་དགོས་ཚུལ་དང་མི་བཅའ་ཚུལ། དེ་བཞིན་རང་ཉིད་ཀྱི་རིན་ཐང་ཇི་ལྟར་མངོན་འགྱུར་བྱས་པ་སོགས་གླེང་ནས། ས་གནས་དང་གནས་བབ་གང་འདྲ་ཞིག་ཡིན་རུང་། རང་འགན་ཕྲག་ཏུ་བླངས་ནས་ནན་ཏན་དང་རྒྱུན་འཁྱོངས་བྱས་ཏེ་མི་རིགས་ལ་ཞབས་འདེགས་ཞུ་དགོས་ཚུལ་བསྟན་ཡོད།
མཇུག་བྱང་།
     དོན་གྲུབ་རྒྱལ་ནི་བོད་ཀྱི་སྤྱི་ཚོགས་འཕེལ་འགྱུར་ཁྲོད་དུས་རབས་ཀྱི་དཀྱོགས་མཚམས་ཤིག་ཏུ་འཚོ་བའི་རྩོམ་པ་པོ་ཞིག་ཡིན་པས། ཁོང་གི་བརྩམས་ཆོས་ཀྱི་བརྗོད་དོན་གཙོ་བོ་ལས་ཀྱང་དུས་སྐབས་དེའི་སྤྱི་ཚོགས་རྣམ་པ་གསལ་བོར་བསྟན་འདུག ཁོང་གི་བརྩམས་ཆོས་བརྒྱུད་དེ་ང་ཚོས་དུས་སྐབས་དེའི་གནད་དོན་ཏེ། མི་དང་མིའི་བར་དང་གཉེན་དང་གཉེན་གྱི་བར། གོང་རིམ་དང་འོག་རིམ་བར་གྱི་འགལ་བ་སོགས་མངོན་སུམ་དུ་ཤེས་རྟོགས་བྱེད་ཐུབ། ཕྱོགས་མི་འདྲ་བའི་སྤྱི་ཚོགས་ཀྱི་གནད་དོན་དེ་དག་གིས་ཁོང་གི་སྒྲུང་གཏམ་གྱི་བརྗོད་བྱ་གཙོ་བོ་གྲུབ་འདུག་ལ། དེར་བརྟེན་ནས་ཁོང་གིས་སྤྱི་ཚོགས་ཀྱི་མུན་ནནག་ལ་ཐེར་འདོན་བྱས་ཏེ་རང་ཅག་སྤྱི་ཚོགས་ཀྱི་ནད་རྙིང་གང་ཡིན་པ་གསལ་བོར་བསྟན་འདུག  མི་རྣམས་ལ་སྤྱི་ཚོགས་ཀྱི་གནད་དོན་དེ་གལ་ཆེན་ཡིན་པ་རྟོགས་སུ་འཇུག་འདོད་ཀྱི་རེ་འདུན་ཡང་མངོན་པར་མཚོན་འདུག དེ་ཡང་རྩོམ་པ་པོ་ཁོང་ཉིད་ཀུན་སྤྱོད་ཀྱི་ཚད་མཐོན་པོ་ཞིག་ན་འགྲེངས་ཡོད་པས། ཁོང་གི་ཕུགས་བསམ་དུ་མངོན་འདོད་ཀྱི་སྤྱི་ཚོགས་དང་དངོས་ཡོད་སྤྱི་ཚོགས་བར་དུ་བར་ཐག་ཤིན་ཏུ་རིང་བ་དང་། རང་ཉིད་ཀྱིས་འབོད་བརྡ་བཏང་བ་ལ་དེ་འབྲེལ་གྱི་འབྲས་བུ་བཟང་པོ་ཞིག་ཀྱང་མ་སྨིན་ལ། གཞན་ཕྱོགས་གང་ཐད་ནས་ཁོང་ཉིད་ལ་མི་དགའ་བའི་རྣམ་འགྱུར་སྟོན་མཁན་ཡང་གང་མང་ཞིག་བྱུང་ཙ་ན། མི་རིགས་ཀྱི་བྱ་གཞག་ལས་དོན་ལ་འབད་འབུངས་བྱེད་མཁན་གྱི་རྩོམ་པ་པོ་ཁོ་རང་ལའང་སྐྱོ་སྣང་དང་ཡིད་ཆད་ཀྱི་བསམ་བློ་ཞིག་ངང་གིས་སྐྱེས་པ་དང་། མཐའ་མཇུག་ཁོང་གི་མི་ཚེ་ཡང་རེ་ཆད་ཀྱི་སྐྱོ་སྣང་དེས་མཇུག་སྒྲིལ་བར་བྱས། དེ་ལྟར་ཤེས་རབ་ཀྱི་རྩལ་མཐོ་བའི་ན་གཞོན་རྩོམ་པ་པོ་ཞིག་དེ་ལྟར་འཇིག་རྟེན་འདི་དང་ཁ་བྲལ་བ་ནི་རང་ཅག་གི་ཕངས་སེམས་ཤིག་ཅི་ལ་མིན། ད་དུང་ཁོང་གི་སྒྲུང་གཏམ་དུ་ཕྱོགས་གཞན་པའི་ནང་དོན་ཡང་གང་མང་ཞིག་བཀོད་ཡོད། ཚིག་དོན་མདོར་དྲིལ་ན་ཁོང་གིས་མི་ཚེ་ཐུང་ངུ་ཞིག་གི་ནང་དུ་རང་ཅག་ལ་དུས་རབས་ཤིག་གི་སྙིང་སྟོབས་གསལ་བར་བསྟན་ཡོད་པས། དེ་ནི་ཁོང་གི་ཐུན་མོང་མ་ཡིན་པའི་རྟགས་ཤིག་རེད་འདོད་དོ།།
དཔྱད་གཞིའི་ཡིག་ཆ།
[1]དོན་གྲུབ་རྒྱལ། 《དོན་གྲུབ་རྒྱལ་གྱི་གསུང་འབུམ》པོད་གཉིས་པ། མི་རིགས་དཔེ་སྐྲུན་ཁང་། 1997
[2]ཆོས་སྐྱོང་། 《རང་གྲོལ་ཞིབ་འཇུག》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2006
[3]དགུ་རོང་སྤུན་གྲོལ། 《རང་གྲོལ་ཞིབ་འཇུག》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2011
[4]吕长发,胡金环著:《文学理论与文学批评》,科学出版社,2016年02月
[5]袁行霈著:《中国文学概论》(增订本),北京大学出版社,2010年01月
[6]李建中主编:《中国文学批评史》(第2版),武汉大学出版社,2015年08月
[7]蒋锋锋,鲁迅小说中人物形象的分析,人文社科,2010年12月,第4期
མཆན།
(1)《དོན་གྲུབ་རྒྱལ་གྱི་གསུང་འབུམ》པོད་གཉིས་པ། མི་རིགས་དཔེ་སྐྲུན་ཁང་། 1997ལོའི་ཟླ8པ། ཤོག་ངོས218པ།
(2)《དོན་གྲུབ་རྒྱལ་གྱི་གསུང་འབུམ》པོད་གཉིས་པ། མི་རིགས་དཔེ་སྐྲུན་ཁང་། 1997ལོའི་ཟླ8པ། ཤོག་ངོས242པ།
(3)《དོན་གྲུབ་རྒྱལ་གྱི་གསུང་འབུམ》པོད་གཉིས་པ། མི་རིགས་དཔེ་སྐྲུན་ཁང་། 1997ལོའི་ཟླ8པ། ཤོག་ངོས271པ།
(4)《དོན་གྲུབ་རྒྱལ་གྱི་གསུང་འབུམ》པོད་གཉིས་པ། མི་རིགས་དཔེ་སྐྲུན་ཁང་། 1997ལོའི་ཟླ8པ། ཤོག་ངོས7པ།
(5)《དོན་གྲུབ་རྒྱལ་གྱི་གསུང་འབུམ》པོད་གཉིས་པ། མི་རིགས་དཔེ་སྐྲུན་ཁང་། 1997ལོའི་ཟླ8པ། ཤོག་ངོས61པ།
(6)《དོན་གྲུབ་རྒྱལ་གྱི་གསུང་འབུམ》པོད་གཉིས་པ། མི་རིགས་དཔེ་སྐྲུན་ཁང་། 1997ལོའི་ཟླ8པ། ཤོག་ངོས63པ།
(7)《དོན་གྲུབ་རྒྱལ་གྱི་གསུང་འབུམ》པོད་གཉིས་པ། མི་རིགས་དཔེ་སྐྲུན་ཁང་། 1997ལོའི་ཟླ8པ། ཤོག་ངོས317པ།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...