སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཕ་ཡུལ་གྱི་ལོ་སར་སྟངས་ལ་རགས་ཙམ་གླེང་བ།
རྩོམ་པ་པོ། འབུམ་བྱམས་རྒྱལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-2-8 9:39:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
ཕ་ཡུལ་གྱི་ལོ་སར་སྟངས་ལ་རགས་ཙམ་གླེང་བ།
འབུམ་བྱམས་རྒྱལ(མང་རྫོང)།
     དེ་ཡང་བོད་ཁ་བ་ཅན་གྱི་ཡུལ་ན་སྟོད་དུ་མངའ་རིས་སྐོར་གསུམ་དང་བར་ན་དབུས་གཙང་རུ་བཞི། སྨད་ན་མདོ་ཁམས་སྒང་དྲུག་སོགས་ཆགས་པའི་གནས་ན་རིགས་དང་རྣམ་པ་མི་མཚུངས་པའི་གོམས་སྲོལ་སྣ་ཚོགས་ཤིག་ཡོད་དེ། ལྷག་པར་དུ་ལོ་སར་སྟངས་ལ་རིགས་དང་རིམ་པ་བགྲངས་ལས་འདས་པ་ཞིག་འདུག་པས། དེ་དག་རེ་རེ་བཞིན་གླེང་བའི་ངེས་པ་མ་མཆིས་ལ། འདིར་མདོ་སྨད་ཡུལ་གྱི་ཁྲི་ཀ་དང་མང་རྫོང་། འབའ་རྫོང་སོགས་ས་ཁུལ་འགས་ཤས་ཤིག་གི་ལོ་སར་སྟངས་ཕྱོགས་ནས་ཉུང་ཙམ་བརྗོད་པར་བྱ་སྟེ། དེ་ཡང་། བོད་ཀྱི་གཏམ་དཔེར། ས་ཆ་རེ་ལ་དཔེ་རེ། ལུང་བ་རེ་ལ་ཆུ་རེ་ཞེས་པ་ལྟར་རྫོང་ཁག་གཅིག་གི་ས་ཆའི་གོམས་སྲོལ་ཡང་མི་འདྲ་བ་རིགས་མང་པོ་ཞིག་ཡོད་དེ། དཔེར་ན། མང་རྫོང་ས་ཆའི་འབྲོག་པ་དང་རོང་བའི་གོམས་སྲོལ་ཡང་མི་མཚུངས་ས་མང་པོ་ཡོད་པ་དང་། ལོ་སར་སྟངས་ཀྱི་ཐད་ནས་ཀྱང་རྣམ་པ་དང་རིགས་མི་འདྲ་བ་མང་པོ་ཞིག་ཡོད་དེ། འདིར་ང་ཚོ་མང་རྫོང་མགོ་མང་ས་ཁུལ་གྱི་འབྲོག་པའི་ལོ་སར་སྟངས་ཀྱི་ཕྱོགས་ནས་རང་ཉིད་ཀྱིས་མཐོང་ཐོས་ཙམ་བཤད་པར་བྱ་སྟེ། དེ་ཡང་འབྲོག་པ་མང་ཚོགས་ཀྱིས་ལོ་ངོ་གཅིག་ལ་དཀའ་སྡུག་གིས་བཙལ་བའི་དམངས་སྒོར་དེ་དག་ཀྱང་ལོ་གསར་གྱི་བཟའ་བཏུང་དང་གྱོན་གོས་སོགས་ལ་སྟིམ་པ་རེད། ཡོད་པོ་རྣམས་ཀྱིས་ཕུན་སུམ་ཚོགས་པ་དང་གཞན་ལས་ལྷག་པའི་ཉོ་ཆ་རྒྱག་པ་དང་མེད་པོ་རྣམས་ཀྱིས་ཀྱང་རང་གིས་འཛོམས་ཚད་ཀྱིས་ཉོ་ཆ་རྒྱག་པ་རེད། ཁ་དཔེར། ཟས་ཟ་ན་བོད་ཀྱི་ལོ་གསར་ལ་ཟོ། གོས་གོན་ན་དྲུག་པའི་ལྷ་རྩེད་ལ་གོན་ཟེར་བ་ལྟར་ལོ་གསར་ལ་བཟའ་བཏུང་གང་ལེགས་སྒྲུབ་པའི་གོམས་སྲོལ་སྔ་མོ་ནས་ཆགས་ཡོད་ལ། དེའང་བོད་ཟླའམ་ལུགས་རྙིང་ཟླ་བཅུ་གཉིས་པའི་ནང་དུ་ཁྱིམ་ཚང་ཡོད་ཚད་ཀྱིས་ལོ་གསར་ལ་གྲ་སྒྲིག་ལེགས་པོ་བྱེད་ངེས་རེད། ཁོ་ཚོས་བཟའ་བཏུང་དང་གྱོན་གོས། རྒྱན་ཆས་སོགས་ཁྱིམ་མི་རེ་རེ་ལ་གྲ་སྒྲིག་བྱེད་ལ། གནམ་ལོ་གསར་བ་ཚེས་ན་མི་རེ་རེ་ཡིས་གོས་གསར་བ་གོན་པ་དང་ཁྱིམ་ཚང་ཀུན་གྱིས་བཟའ་བཏུང་བཟང་པོ་མ་བསྒྲིགས་ན་མི་ཆོག་པའི་གོམས་སྲོལ་ཡང་ཡོད་པ་རེད། དེ་མ་ཟད་སྡེ་བ་ཁ་ཤས་ཀྱིས་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ནས་གཞིས་དཔོན་དག་གིས་བསྐང་གསོལ་དང་ལྷ་བསང་གཏོང་ལ། ཚེས་ཉེར་དགུའི་དགུ་ཐལ་འབོ་སྐབས་དང་བསྟུན་ཏེ་དགུ་ཟློག་འཕེན་པའི་སྲོལ་ཡོད་ཅིང་། སྡེ་བ་མང་ཤས་ཀྱིས་དེ་འདྲ་མི་བྱེད་པར་ཧོར་ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔའམ་ཉེར་དྲུག  ཉེར་བདུན། ཉེར་བརྒྱད་སོགས་ཉིན་གང་རུང་ཞིག་ལ་གོ་རེ་དམར་པོ་བཙོ་བ་དང་དེ་ནས་གོ་དམར་གྱི་ལོ་སར་རྒྱལ་པོའང་བཙོ་བ་རེད། གོ་དམར་གྱི་ལོ་རྒྱལ་ལ་རིགས་དང་དབྱིབས། མིང་སོགས་སྣ་ག་མི་འདྲ་བ་སྣ་ཚོགས་ཤིག་ཡོད་དེ། སྤྱིར་མཆོད་མདུན་དང་བསང་ཕུལ་རྒྱུའི་ལོ་རྒྱལ་ལ་བཀྲ་ཤིས་རྟགས་བརྒྱད་དང་རྒྱལ་སྲིད་སྣ་བདུན། རྒྱ་ནག་གོས་ཁུག ལོ་སྐོར་བཅུ་གཉིས། ལུ་གུའི་མེ་ཏོག་སོགས་ཀྱི་དབྱིབས་མཚོན་པའི་གོ་དམར་གྱི་ལོ་རྒྱལ་བཅའ་བ་དང་། དེ་མིན་གོ་དམར་གྱི་ལོ་རྒྱལ་ལ། ལོ་རྒྱལ་གོ་རེ་ནུ་བཞི་དང་འབུ་འབུ། ཚེས་རིས་དབྱིབས་ཅན་བཅས་བཅའ་ངེས་ཡིན། གཞན་ཡང་། གོ་རེ་སྐྱ་སྐྱ་ཡི་ལོ་རྒྱལ་ཡང་བཅའ་ལ། དེ་ནི་ཕན་ཚུན་ལ་འཚམས་རྟགས་སུ་འཁྱེར་བ་དང་བྱིས་པ་རྣམས་ཀྱིས་ལོ་སར་ལེགས་སྐྱེས་ལ་འཁྱེར་རྒྱུའི་སྐོར་ཡང་ཡིན། དེ་ནི་སྔོན་ཆད་ཡིན་ན་ལོ་རྒྱལ་འཁྱེར་རྒྱུའི་སྐོར་ལ་འབྲི་མར་སེར་པོས་ཁ་བསྐུས་ཏེ་བལ་དཀར་གྱིས་དཀྲིས་རྗེས་འཁྱེར་བ་ཡིན། བལ་དཀར་དཀར་པོས་དཀྲི་བ་དེའང་དམུ་ཐག་དང་མཚོན་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་རིང་མོ་ཞིག་ཡོད་པར་འདུག་པས་ལོ་རྒྱུས་དག་ན་གསལ།
     སྤྱིར་གོ་དམར་ལ་གོ་རེ་གཅུས་རུ་མ་དང་གོ་རེ་རྩིབ་གུ་མ། གོ་རེ་ཤོ་རྡེའུ་མ། གོ་རེ་བོང་རྣ་མ། གོ་རེ་འབྲེང་དཀྲིས་མ་སོགས་ཡོད་ལ། དེ་ལས་ལོ་སར་ལ་གོ་རེ་གཅུས་རུ་མ་བཅའ་བ་ཡིན། དེ་ལ་དགོད་སྒྲའམ་འཛུམ་མདངས་ཀྱི་མཚོན་དོན་ཡོད་པ་རེད།
     ཚེས་ཉེར་དགུའི་ཉིན་ངེས་པར་དུ་རྡུལ་སྤྲུགས་ཀྱི་ཆོ་ག་དེ་སྒྲུབ་པ་ཡིན་ལ། དེར་དགུ་ཐལ་འཕོ་བ་དང་དགུ་ལུག་བཤའ་བ། དགུ་མགོ་གདུ་བ་སོགས་བྱེད་ངེས་ཡིན་ལ། སྔ་དྲོར་ཁྱིམ་ཕྱི་ནང་ཐམས་ཅད་ཀྱི་ས་རྡུལ་ཕྱགས་ཤིང་ཐང་ག་དང་ཆོས་སྒམ། གོས་སྒམ་སོགས་ཀྱི་ཕྱི་ནང་་ཚང་མའང་གཙང་མར་སྤྲུགས་པ་དང་། དེ་ནས་བསང་ཁྲི་དང་ཐབ་ཀ སྒོ་ར་སོགས་ལ་ཁ་དཀར་བྱེད་པ་ཡིན། ཁ་དཀར་ཞེས་པའང་ས་དཀར་གྱི་འདམ་བག་བརྫིས་ཏེ་དབྱིས་པ་ལ་ཟེར། གཞན་ཡང་སྔར་ཡོད་པའི་བསང་ཁྲི་ཆེན་པོ་དེར་ཁ་དཀར་བྱེད་པ་དང་། དེ་ནས་ལོ་རེ་བཞིན་བསང་ཁྲི་ཇེ་མང་དུ་འགྲོ་བའང་ཡོད། དེ་ནི་ཞི་ལུ་ཅི་ཙམ་ཡོད་ན་བསང་ཁྲི་ཆུང་ཆུང་རེ་བཅོས་ཏེ་ལོ་སར་ཚེ་གཅིག་ནས་བསང་གཏོང་བ་རེད།
     དེ་ནས་དགུ་ལུག་ཅེས་ཤ་བཟན་དཔེ་མེད་ཅིག་བཤས་ཏེ་ནང་བླུགས་ཤིང་། ཤ་ཚང་མ་བཙོས་ནས་འགྲོང་རུའི་ཤ་ཤུན་བཤུས་ཤིང་སྡེར་ཁ་སྒྲིག་པ་ཡིན། ནང་ཁྲོལ་ལས་དོན་ལྔའི་ཆ་ཤས་རེ་བླངས་ཤིང་སྟོད་ཚིལ་ཁུད་ལ་གཅུད་ནས་དཀག་ཏུ་བཅུག་ཅིང་དགོང་ཁར་ཐོན་དུས་གསུར་དུ་ཕུལ་ནས་ཡུལ་ལྷ་གཞི་བདག་མཆོད་པའི་གོམས་སྲོལ་ཡོད་པ་རེད། ལུག་དེའི་མགོ་བོ་དགོང་མོ་དེར་བཙོས་ཤིང་ནང་དུ་གྲོ་ཚག་དང་གྲོ་མ་སོགས་བཏབ་ནས་བསྐོལ་བ་ལ་དགུ་ཐུག་ཅེས་མེད་དུ་མི་རུང་བའི་གསོལ་སྟོན་ཅིག་ཏུ་བརྩི་ངེས་ཡིན། དགུ་ཐུག་མ་འཐུངས་པའི་སྔོན་ལ། དགུ་ཐལ་ཞེས་པའི་སྒོ་ཕྱི་ནང་གི་མི་གཙང་བའི་ས་རྡུལ་ལམ་ཐལ་རྡུལ་དེ་ཕྱོགས་གཅིག་ཏུ་སྤུངས་ནས་དེའི་སྟེང་ལ་ཁྱིམ་མི་ཚང་མས་ཁ་ལག་གཙང་མར་འཁྲུད་པ་དང་། དེའི་ནང་ལ་སྒོ་ཕྱུགས་ཀྱི་སྤུ་རིགས་སྣ་ཚོགས་དང་ཨོང་བ། རིལ་མ་སོགས་ཉུང་ཙམ་འཕངས་རྗེས་ལོ་དེའི་ལོ་བདུད་ཀྱི་ཕྱོགས་སུ་འབོ་བ་ཡིན། དགོང་ཁའི་མཚམས་སྤྲིན་གྱི་འོད་མདངས་མ་ཡོལ་ཙམ་ལ། དར་རམ་ཆབ་རོམ་ཆུང་ཆུང་རེ་ཁྱེར་འོངས་ཏེ་སྦྲའི་ཐོག་ལ་འཇོག་པ་དང་། དེ་ནི་སང་ལོའི་སྐབས་དེར་ཁྱིམ་མིའི་ཚེ་བསོད་ཀླུང་རྟ་དར་བ་དང་སྒོའི་ཕྱུགས་ཟོག་གི་འཕེལ་ཁ་དར་བའི་རྟེན་འབྲེལ་མཚོན་དོན་ཡིན་ཟེར། གོང་དུ་བཤད་པའི་དགུ་ཐུག་གམ་དགུ་རྒྱགས་ཞེས་པ་དེར་གྲོ་ཚག་གི་དགུ་ཐུག་གཙོས་ཤ་མར་ཐུད་གསུམ་དང་གྲོ་མ་འབྲས་སིལ། འོ་ཞོ། ཇ་ཆང་སོགས་བཟའ་བཏུང་ཡོད་དོ་ཅོག་ལ་བཟའ་མི་ཚང་མ་ལྷན་འཛོམས་ཀྱིས་ཟས་འགྲངས་ཆོད་པར་རོལ་བ་རེད། འདི་ལ་དགུ་ཐུག་གམ་དགུ་རྒྱགས་ཞེས་པའང་ཟས་སྣ་དགུའམ་ཚེས་ཉེར་དགུར་རོལ་བའི་ཐད་ནས་མིང་དེ་ཐོགས་པར་འདོད།
     སྤྱིར་ཚེས་ཉེར་དགུའི་ཉིན་ཁྱིམ་མི་ཚང་མས་མགོ་སྐྲ་དང་ཁ་སྤུ་སོགས་གཙང་མར་བཞར་བ་དང་གྱོན་གོས་ལྭ་བ་སོགས་ཀྱང་སོ་མར་བརྗེ་བ་ཡིན། དགོང་མོ་དེ་ལ་ཁྱིམ་མི་ཚང་མ་འཛོམས་དགོས་པ་མ་ཟད། སྒོ་ཕྱུགས་རྟ་ནོར་ལུག་གསུམ་ཚང་མ་མ་ཆད་མ་ལུས་པར་ལྷས་སུ་སྡུད་དགོས་པ་རེད། དེ་ནས་སྔ་སེར་ངལ་གསོ་བྱེད་པ་རེད།
     ལོ་སར་ཚེས་གཅིག་གི་སྐྱ་རེངས་ཀྱི་འབོད་བརྡ་མ་ཐོན་གོང་ནས་མལ་ལས་ལངས་ཤིང་།ཁ་ངོ་གཙང་མར་བཀྲུས་རྗེས་སྒོ་བསང་དང་ཕུགས་བསང་གཏོང་བ། སྦྲ་སྒོའི་སྒོ་དར་གསར་དུ་འཐེན་པ། ཁྱིམ་གྱི་ཐང་ག་ཤོམ་པ་དང་ཕྱེ་མར་འཇོག་པ། མཆོད་མེ་འཇོག་པ། མཆོད་པ་སོགས་བཤམས་རྗེས་ཕྱག་འཚལ་བ་དང་དེ་ནས་སྐྱེས་པ་རྣམས་ཀྱིས་རི་ཁའི་ལ་ཙེ་བསྟོད་པ་འམ་ཡང་ན་དར་ལྕོག་འཐེན་པ། ལོ་རྒྱལ་ལ་ཁ་བསྐུས་ཏེ་རི་བསང་གཏོང་བ་སོགས་བྱེད་པ་རེད། དེ་ནས་ཕྱིར་ཁྱིམ་དུ་སླེབས་པ་ན་ཁྱིམ་གྱི་ལོ་ལོན་རྒན་པ་དག་གིས་ཁ་གཡང་སྨོན་འདུན་ཞུ་བ་དང་བཅས་ཁྱིམ་གྱི་བདག་མོ་རྣམས་ཀྱིས་འོ་ཇ་བསྐོལ་ཅིང་། མཆོད་ཀ་དང་པོ་ནི་སྒོ་ལྷ་སྟག་གཡག་དང་ཕུགས་ལྷ་གེ་ཐུང་། ཐབ་ལྷ་ཡོལ་མོ་སོགས་ལ་འཕེན་པ་དང་། མཆོད་ཀ་གཉིས་པ་ཡུལ་ལྷ་གཞི་བདག་དང་ས་བདག་གནས་བདག་སོགས་ལ་འཕེན་པ། མཆོད་ཀ་གསུམ་པ་ཟས་ལྷ་ནོར་ལྷ་སོགས་ལ་འཕེན་པ་རེད། དེའི་རྗེས་སུ་དཀར་ཡོལ་ཁ་གཙང་དག་གི་ནང་དུ་སིལ་དམར་གསུམ་དང་འབྲི་མར་ཉུང་ཙམ་འཕངས་རྗེས། ཕ་མ་རྒན་རྒོན་སོགས་ལ་དྲངས་པ་དང་། དེ་རྗེས་སུ་ཁྱིམ་མི་ཚང་མས་འཐུང་བ་རེད།
     དེ་ནས་སྐྱེས་པ་རྣམས་ཀྱིས་ལོ་རྒྱལ་གོ་རེ་དང་གྲོ་ཞུན། བྲང་མགོ་སོགས་ཀྱི་ལོ་གསར་ལེགས་སྐྱེས་ཁྱེར་ཏེ་བླ་སྤྲུལ་དང་གཞིས་དཔོན། ཕ་མ། དཔོན་པོ་སོགས་མི་སྣ་གལ་ཆེན་དག་ཡོད་སར་འགྲོ་བ་ཡིན། ལོ་ཆུང་བའི་བྱིས་པ་དང་གཞོན་པ་ཕོ་མོ་མང་པོ་ཞིག་སྡེ་བ་ཡོངས་ལ་ཁྱད་མེད་དུ་ལོ་སར་ལེགས་སྐྱེས་ཕུལ་བར་འགྲོ་བ་ཡིན་ལ། ལོ་རྒྱལ་དེའང་ཁྱིམ་ཚང་རེ་རེ་ཡིས་ཕན་ཚུན་བརྗེས་ཏེ་སྟེར་བ་ཡིན། དེ་ལ་ལོ་སར་རྒྱལ་པོ་རྗེ་རྗེ་ཞེས་ཁ་དཔེ་རུ་གྱུར་ཡོད། འདིར་བརྗོད་དགོས་པ་ཞིག་ལ། ཁྱིམ་ཚང་ག་གེ་མོར་མི་ཤི་བ་སོགས་ཀྱི་འདུན་ཡོད་ན། དེར་ལོ་སར་མེད་ཅེས་བརྗོད་ལ་ཁྱིམ་ཚང་དེས་ཀྱང་ལོ་སར་ལ་གྲ་སྒྲིག་ཅི་ཡང་མི་བྱེད་པ་དང་། རྡུལ་སྤྲུགས་དང་དགུ་ཐུག་སོགས་ཀྱང་མི་སྐོལ་བ་རེད། དེ་ལ་སྡེ་མི་ཀུན་ནས་ལོ་མ་སར་གོང་ལ་གོ་དམར་སྐྱེལ་བ་དང་འཚམས་རྟགས་ཅུང་ཙམ་རེ་འབུལ་བ་ཡིན་ལ། དེ་ཚང་དང་ཅུང་རིང་བའི་སྡེ་མི་རྣམས་ལོ་སར་རྗེས་ཡོང་བ་རེད། ཡིན་ནའང་ཁྱིམ་ཚང་དེས་ཀྱང་ལོ་རྒྱལ་སོགས་ཕྱིར་སྟེར་བའི་སྲོལ་མེད་པ་རེད།
     སྤྱིར་ལོ་གསར་ལ་ཚེས་གཅིག་ནི་བླ་མའི་ལོ་གསར་དང་ཚེས་གཉིས་ནི་དཔོན་པོའི་ལོ་གསར། ཚེས་གསུམ་ནས་མི་སྐྱ་སོགས་ཀྱི་ལོ་གསར་ཡིན་པའི་བཤད་སྲོལ་ཡོད། དེ་ནས་ལོ་སར་ཚེས་གཅིག་གི་སྔ་སེར་སྒོ་ཕྱུགས་ནང་གི་སྲུང་རྟགས་བཏགས་ཡོད་པའི་རྟ་ནོར་ལུག་གསུམ་གང་རུང་ལ་སྲུང་ཁ་གསོ་བ་རེད། དེ་ནི་ཡུལ་ལྷ་གཞི་བདག་དང་ལྷ་ཀླུ་གཉན་གསུམ་གང་རུང་ལ་འཐེན་པའི་ལྷ་རྟའམ་ལྷ་ལུག ལྷ་འབྲི་སོགས་ཡིན་པས། དེ་ལ་སྲུང་འདོགས་པའི་སྐབས་ལ་ཁྱིམ་བདག་རྒན་པ་དེས་འདི་སྐད་ཅེས་བརྗོད་པ་ཡིན་ཏེ། དེ་རིང་ལོ་སར་ཚེས་གཅིག་ཉིན་གྱི་ནམ་ལང་གི་སྔ་བ། ཉི་ཤར་གྱི་རྩེ་མོ། རྟེན་འབྲེལ་གྱི་ཐོག་མ་འདིར་བཙན་རྙིང་བར། བཙན་ཁ་གསར་བ་གསོས་པ་ཡིན། སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་ཀྱི་སྐལ་བ་ལྡན་པ་དང་། ཁྱིམ་མི་ཚང་མར་ཚེ་རིང་ནད་མེད་ཡོང་བ། ཆར་ཆུ་དུས་སུ་འབབ་པ་དང་ལོ་ཕྱུགས་རྟག་ཏུ་འཕེལ་དགོས། ཞེས་སྐྱབས་བཅོལ་དང་སྨོན་འདུན་ཞུས་རྗེས་སྤྱན་གཟིགས་དག་ལ་སྲུང་ཁ་གསོ་བ་ཡིན། ཞིབ་ཏུ་བཤད་ན་སྲུང་འདོགས་པའི་གོ་རིམ་དང་ཁ་གཡང་སྨོན་ཚིག་སོགས་ལའང་མང་པོ་ཞིག་ཡོད་པས་འདིར་མ་བྲིས་སོ།།
     དེ་ནས་ལོ་སར་ཚེས་གཉིས་ཉིན་ནི་ཆུ་ཚག་ཅེས་བརྗོད་ལ་ཉིན་འདིར་ཕན་ཚུན་ལ་ལོ་སར་དུ་འགྲོ་བ་ཙམ་ལས་བྱ་བ་གལ་ཆེན་དེ་མནོལ་སྟོན་དང་གཉེན་སྟོན། གྱ་སྟོན་སོགས་མི་བྱ་ལ། ཚེས་གསུམ་ནས་ཚེས་བཞི། ཚེས་ལྔ་སོགས་ལ་མནོལ་སྟོན་དང་གཉེན་སྟོན། གྱ་སྟོན་སོགས་བྱེད་པ་ཡིན། ཚེས་དྲུག་ཉིན་ལའང་ཚེས་གཉིས་བཞིན་དེ་འདྲའི་སྟོན་མོའི་རིགས་མི་བྱེད་ལ། ཚེས་བདུན་ནི་ཉིན་ནག་ཡིན་པས། ཉིན་དེར་བཀྲ་ཤིས་པའི་དགའ་སྟོན་གྱི་རིགས་མི་བྱེད་པ་དང་ཕལ་ཆེར་ཞིག་ལོ་སར་དུའང་མི་འགྲོ་བ་ཡིན། ཚེས་བརྒྱད་ཉིན་ནི་ནག་ཆུང་ཞེས་གཉེན་སྟོན་སོགས་བྱེད་པ་ཤིན་ཏུ་ཉུང་། ཚེས་དགུའི་ཉིན་ཐག་རིང་བའི་ས་ལ་དོན་སྒྲུབ་པར་འགྲོ་བ་མང་ཞིང་། དམངས་སྲོལ་ལྟར་ལོ་སར་ནི་སྟག་གིས་ཚེས་པ་ཡིན་པས། ཚེས་དགུའི་ཉིན་ནི་ཁྱི་ཡི་ཉིན་ཡིན་ཏེ། ཁྱི་ས་མཐར་སོང་ན་སྟག་ཅེས་པའི་དཔེ་ཡོད་པས་དེ་ལྟར་དོན་སྒྲུབ་ཏུ་འགྲོ་བ་ཤིན་ཏུ་མང་བ་ཡིན། ཚེས་བཅུ་དང་བཅུ་གཅིག བཅུ་གཉིས། བཅུ་གསུམ། བཅུ་བཞི་སོགས་ལ་མནོལ་སྟོན་དང་གཉེན་སྟོན། གྱ་སྟོན་སོགས་བྱེད་པ་ཡིན།
      སྤྱིར་ཉིན་བཅོ་ལྔའི་ནང་ལ་མནོལ་སྟོན་དང་གྱ་སྟོན་ནི་ལོ་སར་ཚེས་གཅིག་དང་ཚེས་གསུམ་ལ་བྱེད་པ་མང་ཞིང་། གཉེན་སྟོན་ནི་ཚེས་བཞི་དང་ལྔ། བཅུ་གཅིག  བཅུ་གསུམ་སོགས་ལ་བྱེད་པ་མང་ངོ་།།
      ཚེས་བཅུ་བཞི་ཉིན་ནས་སྨོན་ལམ་སོགས་ལ་དགོན་སྡེ་ཁག་ཏུ་འགྲོ་བ་མང་ཞིང་། ཚེས་བཅོ་ལྔའི་ཉིན་ལྷ་ཁང་དང་དགོན་སྡེ་སོགས་ལ་སོང་སྟེ། ལྷ་རྣམས་ལ་སྙན་ཤལ་འཐེན་པ་དང་མཆོད་མེ་འཇོག་པ། བསང་གཏོང་བ། དར་ལྕོག་འཐེན་པ་སོགས་བྱས་ཏེ། ལོ་གཅིག་གི་ནང་དུ་མི་ལ་ནད་ཚ་མེད་པ་དང་ཕྱུགས་ལ་གོད་ཀ་སོགས་མི་ཡོང་བའི་སྐྱབས་བཅོལ་དང་སྨོན་འདུན་ཞུ་བ་ཡིན། དེ་མིན་ཚེས་བཅོ་ལྔ་ནི་ལོ་སར་གྱི་ཆེས་མཇུག་མཐའི་ཉིན་ཡིན་སྟབས། ཁྱིམ་མི་ཚང་མ་ལྷན་དུ་འཛོམས་ཏེ་ཇ་ཆང་གླུ་གར་སོགས་ལ་རོལ་ནས་ལོ་སར་སྐྱེལ་བའི་དུས་ཆེན་ཞིག་ཀྱང་ཡིན་པས། ཕན་ཚུན་གྱིས་དགའ་བའི་གླུ་དང་སྐྱིད་པའི་གཏམ་བཤད་དེ་ལོ་དེའི་ལོ་སར་དུས་ཆེན་ནམ་ལོ་སར་གཏོང་བའི་སྐབས་དེ་སང་ལོ་ཐོན་རག་བར་མཚམས་འཇོག་པའོ།།
      དེང་གི་དུས་འདིར། སྔོན་གྱི་སྲོལ་རྒྱུན་རྣམས་ཉམས་ཤིང་། དེ་ལས་ལྡོག་སྟེ་ཧ་ཅང་སྟབས་བདེ་མིན་པའི་ཟས་རིགས་མང་པོ་དང་བོད་རྒྱ་གཉིས་ཀྱི་གོམས་སྲོལ་ལྟ་བུའི་བཟའ་བཏུང་སྣ་ཚོགས་ཤིག་སྒྲིག་དགོས་པས། དཔལ་འབྱོར་གྱི་ཐད་ནས་དཀའ་ཁག་ཆེན་པོར་འཕྲད་བཞིན་པ་དང་། ད་དུང་ལུས་ཕུང་ལ་གནོད་པའང་ཚབས་ཆེན་བཟོ་བཞིན་འདུགདེ་མིན། སྔོན་གྱི་གོམས་སྲོལ་ལས་ཆགས་པའི་ལོ་སར་རྒྱལ་པོ་དང་ཁ་གཡང་སྨོན་ཚིག གླུ་ལེན་གར་རྩེ་སོགས་མང་པོ་ཞིག་རྩ་བ་ནས་ཉམས་འདུག་པས། ཁོ་བོས་ཤེས་ཙམ་ཞིག་བྲིས་ཡོད་ཀྱང་། དཔྱོད་ལྡན་དག་གིས་ནོར་བཅོས་དང་བསམ་ཚུལ་ལྷུགས་བརྗོད་ཡོད་པ་ཞུ།།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...