སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
སུམ་ཅུ་པའི་སྙིང་པོ་མདོར་བསྡུས་པ་ཐུ་མིའི་དགོངས་རྒྱན།
རྩོམ་པ་པོ། དཀར་ལེབས་དྲུང་ཡིག རྩོམ་སྒྲིག་པ། Lhamo དུས་ཚོད། 2018-3-6 9:27:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
ཡུལ་གངས་ཅན་པའི་སྐད་བརྡ་སྤྲོད་པར་བྱེད་པའི་བསྟན་བཅོས་སུམ་ཅུ་པའི་སྙིང་པོ་མདོར་བསྡུས་པ་ཐུ་མིའི་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ། །
དཀར་ལེབས་དྲུང་ཡིག
     སུམ་ཅུ་པའི་མཆོད་བརྗོད་གསུམ་པའི་རྟག་ཞི་བ་ཞེས་པ་འདི་ལ་མཁས་པ་རང་རང་གིས་འཐད་པ་བཀོད་པའི་བཞེད་ཕྱོགས་འཛིན་པ་ལས་གཅིག་ཏུ་ངེས་པ་མི་འདུག་པ་མ་ཟད། རབ་བྱུང་བཅུ་གཅིག་པའི་ཆུ་ཕག་ལོ་ཕན་ཆད་ཀྱི་བོད་འགྲེལ་རྣམས་ཀྱི་རྟག་ཞི་བའི་བཞེད་ཚུལ་རྣམས་ནི་སི་བཞེད་དུ་རིམ་བཞིན་མི་འཐད་པའི་སྒྲུབ་བྱེད་དང་། ལྷའི་དབང་པོ་རྟག་ཏུ་ཞི་བ་ཞེས་པ་དབང་ཕྱུག་ཡིན་ཚུལ་གྱི་སྒྲུབ་ཕྱོགས་ཇི་སྙེད་ཅིག་གསུངས་འདུག་པ་རྣམས་ལ་ཞིབ་བལྟ་བྱས་ཀྱང་ཡིད་ཆེས་ཀྱི་ངེས་པ་མ་རྙེད་པའི་ཁར། འགལ་འདུའི་ཐེ་ཚོམ་ལོག་རྟོག་མང་པོ་འཆར་བའི་ས་བོན་ལྟ་བུར་འདུག་པ་འདི་དག་ལ། ཕྱིན་ཆད་བདག་འདྲའི་བློ་གསར་རྨོངས་པ་རྣམས་ལ་ཕན་ཆེད་མདོ་རྒྱུད་རིག་ལམ་དང་མཐུན་ངེས་པའི་དག་ཐེར་ལུང་འདྲེན་ཁུངས་ཐུབ་དང་བཅས་ཞུ་གསོལ ※ འདེབས་པའི་སྙིང་པོར། ※ སློབ་དཔོན་ཉིད་ཀྱིས་ཀྱང་ཐུ་མིའི་དགོངས་སྙིང་གི་ལྷན་ཐབས་སུ་ཞལ་ལུང་ལུགས་ལ་རྟག་ཞི་བ་ལྷ་ཚངས་པར་བཞེད་པ་ཡོད་འདུག་པ། མ་གཞི་ཕྱི་ནང་གི་གཞུང་ལུགས་དང་མི་འགལ་བའི་འཐད་པ་གང་འོས་ཤིག་ལ་ཁུངས་འཆོལ་བ་མ་གཏོགས། ལྷ་འདི་དང་འདི་ཞེས་ཚད་འཛིན་འོས་པ་ནི་སུ་ལའང་ཡོད་འཆོ་མེད་འདྲ་ན་མུ་ཕྲེང་དུའང་། རྟག་ཞི་བ་ཁྱབ་འཇུག་དང་དབང་ཕྱུག་ཏུ་བཞེད་པ་གཉིས་ཀྱི་ཕྱོགས་འཐེན་དགག་སྒྲུབ་ཀྱང་འཐད་ལྡན་ཡིན་མིན་བརྟག་བྱ་འཕྲོ་ཅན་དུ་ལུས་འདུག་པ། དེ་རྣམས་ལའང་རེ་རེ་བཞིན་དོགས་གཅོད་ཞུ་རྒྱུར་རྣམ་འགལ་མི་བཞེས་པ་བསྟན་འགྲོར་དགོངས་ཏེ་དྲིས་ལན་གོ་བདེ་མཐའ་གསལ་རེ་དང་། རྟག་ཞི་བ་ཚངས་པར་འདོད་ཚུལ་ཀྱང་འཐད་པ་འདི་དང་འདི་ཞེས་གཞན་ལ་ཡིན་ཁུངས་བཤད་ཆོག་པ་སློབ་དཔོན་ཉིད་ཀྱི་དགོངས་བཞེད་ཀྱང་མཛུབ་བཙུགས་ཞལ་གསལ་བཀའ་དྲིན་ཆེ་ཐུབ་པ་ཞེས་ལྷ་གོས་ཊམ་དཀར་མེ་ཏོག་གི་ཚོམ་བུར་བཀོད་དེ་དྲི་བ་དང་པོར། སུམ་ཅུ་པའི་རྩ་བར། གང་གིས་མིང་གཞི་སྔོན་གསུངས་པའི། །ཞེས་པ་ལས། གང་གིས་ཡི་གེ་སྔོན་གསུངས་པའི། །ཞེས་མ་གསུངས་ཀྱང་། སི་བཞེད་སོགས་ཕལ་ཆེར་དུ། མིང་གཞི་དང་ཡི་གེ་དོན་གཅིག་ཏུ་བཞེད་འདུག་པ་མིང་གཞི་ཡི་གེ་ཁོ་ན་ཡིན་པས་ཁྱབ་ན་མདོ་རྒྱུད་རྣམས་སུ་མིང་གཞི་འདུས་པའི་ཕུང་པོ་དང་། གཟུགས་མེད་མིང་གཞིའི་ཕུང་པོ་ཞེས་གསུངས་པ་མ་ཟད། ཤེར་ཕྱིན་སྡུད་པ་ལས་ཀྱང་། མིང་གི་གཞི་ལས་བདུད་ནི་ཉེ་བར་འོང་འགྱུར་ཞིང་། །ཞེས་གསུངས་པ་ལས། མིང་གི་གཞི་ལས་ཡི་གེ་སྔོན་གསུང〈གསུངས〉 འོང་འགྱུར་ཞིང་། ། སོགས་མ་གསུངས་ཤིང་། ཡང་སྙིང་མིང་གཞི་སྔོན་གསུངས་ཞེས་པ་ནི། ཞལ་ནས་གསུངས་པའི་ཚིག་རྣ་བའི་དབང་པོའི་སྤྱོད་ཡུལ་དུ་གོ་བ་དང་། ཡི་གེ་ལག་པའི་འདུ་བྱེད་ཀྱི་རི་མོ་སྟེ་མཐོང་བྱེད་མིག་གི་སྤྱོད་ཡུལ་ཡིན་གཤིས་གཞུང་དོན་དང་རྒྱབ་འགལ་ལགས་ན། ཞིབ་རྒྱས་གོ་བདེའི་དོགས་སེལ་ཞིག་ཕྱག་བྲིས་ཀྱི་དྲོན་ལ་མ་འཛེམ་པ་ཐུགས་རྗེ་ཆེ་བ་མཁྱེན། ཞེས་གསལ་བ། ཇི་ལྟར་གསུང་བ་བཞིན། བཤད་ཁྲིད་ཀྱི་ལུགས་སུ་མིང་གཞི་ཡི་གེ་ཁོ་ནར་ངོས་འཛིན་མཛད་སྲོལ་ལ་མཁས་པ་རིམ་པའི་དགག་སྒྲུབ་ཀྱང་བསམ་ལས་འདས་ཤིང་། དེ་དག་ནི་འགྲེལ་པ་སོ་སོར་གསལ་པ་ལྟར་དང་། ཞལ་ལུང་པའི་བཞེད་པར་སྐབས་འདིའི་མིང་གཞི་ཞེས་པ་ནི་རིས་སུ་མ་ཆད་པའི་བརྟན་གཡོའི་དངོས་པོ་ཀུན་གྱི་མིང་དང་མིང་ཅན་བསྡུས་པ་སྤྱིའི་སྒྲར་བཞེད་པ་ལས་ཡི་གེ་ཨཱ་ལི་ཀཱ་ལི་ཁོ་ནར་ཞལ་ཚོན་གཅད་སྲོལ་མི་སྣང་ལ། དཔེར་ན་གདགས་གཞི་སའི་སྙིང་པོ་ལ་ཚིག་ཏུ་བརྗོད་པའི་མིང་གསེར་ཞེས་གྲགས་པ་ལྟར། རྒྱུའམ་གཞི་སྲ་མཁྲེགས། བརླན་གཤེར། ཚ་སྲེག ཡང་ཞིང་གཡོ་བ་གོ་འབྱེད་པ་རྣམས་ལ་རིམ་པར་ཚིག་ཏུ་བརྗོད་པའི་མིང་ས་ཆུ་མེ་རླུང་ནམ་མཁའ་ཞེས་བྱ། དེ་བཞིན་དུ་གདགས་གཞི་དབྱངས་གསལ་ཡན་ལག་དང་བཅས་པའི་གཟུགས་བརྙན་རི་མོར་བྲིས་པ་ལ་ཚིག་ཏུ་བརྗོད་པའི་མིང་ཡི་གེ་ཞེས་གྲགས་པ་སྟེ། དེས་ན་མིང་གཞི་སྤྱིར་བཏང་གིས་བྱེ་བྲག་པ་ཡི་གེ་ལ་ངེས་པར་ཁྱབ་རུང་། མིང་གཞི་བྱེ་བྲག་པ་ཡི་གེ་ཁོ་ནར་ཐེར་ཟུག་ཏུ་བཟུང་བས་སྤྱི་ལ་མ་ཁྱབ་པར་སོང་བའི་སྐྱོན་གྱིས་གོང་གསལ་དྲི་བའི་གོ་ཕྱོགས་ཀྱང་ཇི་ལྟར་གསུང་བ་བཞིན་འབྱུང་ངེས་པའོ། །
     དྲི་བ་གཉིས་པར། བདག་ཅག་རོང་མཚམས་རྣམས་སུ་སུམ་རྟགས་ཀྱི་འགྲེལ་པའི་ནང་ནས་སི་བཞེད་འདི་ལས་ལྷག་པ་མེད་ཅེས་གླེང་སྲོལ་ཙམ་ལས་འགྲེལ་པ་གཞན་ནི་མ་མཐོང་ལ། རྟག་ཞི་བ་ལ་ཕྱག་འཚལ་ལོ། །ཞེས་པ་འདི་ལྷ་དབང་ཕྱུག་ཡིན་པར་བཞེད་པ་དབང་ཕྱུག་གི་ལས་བྱང་དུ། ཁྱོད་ནི་དབང་ཕྱུག་ཆེན་པོ་སྟེ། །ཁམས་གསུམ་མ་ལུས་དབང་དུ་སྡུད། །ཁྱོད་ནི་འཇིགས་བྱེད་ཆེན་པོ་སྟེ། །སྲིད་གསུམ་མ་ལུས་ཟིལ་གྱིས་གནོན། །ཞེས་གསལ་བ། འཇིགས་བྱེད་ཁམས་གསུམ་དབང་སྡུད་དང་སྲིད་གསུམ་ཟིལ་གནོན་ལ་རྟག་ཏུ་ཞི་བ་ཞེས་པ་ཞི་དྲག་རྒྱབ་འགལ་དུ་གོ་ལགས་པ། དེ་ལྟར་ན་བོད་འགྲེལ་སྔ་མ་རྣམས་སུ་རྟག་ཞི་བ་སངས་རྒྱས་དང་སྤྱན་རས་གཟིགས་འཇམ་དབྱངས། ཚངས་པ་སོགས་སུ་བཤད་སྲོལ་ཡོད་ཚོད་རྣམས་ཀྱང་རྟག་ཞི་བའི་འཐད་པ་སུ་འདྲར་ཡོད་རུང་མེད་རུང་ཞི་དྲག་རང་ནི་མ་འཛོལ་བ་འདྲ་ལ། དེས་ན་ཞུ་ཧམ་དུ་མ་དགོངས་པ་ཕྱིན་ཆད་རྟག་ཞི་བའི་མིང་དོན་མཚུངས་ཤིང་ཕྱི་ནང་གྲུབ་མཐའ་དང་མི་འགལ་བའི་འཐད་སྒྲུབ་ཀྱི་ངོས་འཛིན་བྱེད་བདེ་ཞིག་ཐེ་ཚོམ་གྱི་མདུད་འགྲོལ་དུ་གནང་བ་མཁྱེན། ཞེས་གསལ་བ། ཇི་ལྟར་གསུང་བ་བཞིན། རྟག་ཞི་བའི་འདོད་ཚུལ་འདིའི་སྐོར་ཞལ་ལུང་ལུགས་དང་། སྔོན་མཁས་ལོ་ཆེན་ནམ་བཟང་། དགེ་ཡེ་ཚུལ་སེང་། འོལ་བ་རབ་འབྱམས་པ། གཏིང་སྐྱེས་བློ་ཆོས་སོགས་ཀྱི་འགྲེལ་པར་རྟག་ཞི་བ་ལྷ་ཚངས་པར་བཞེད་པ་དང་། སྣར་ལོ་དགེ་དཔལ། པཎ་ཆེན་བྱམས་གླིང་པ། རྗེ་ཟུར་མཁར་བ། རབ་འབྱམས་ཆོས་རྒྱལ། སྨན་ལུང་པ། རྣམ་གླིང་པཎ་ཆེན། རྡོ་རིང་པཎྜི་ཏ་སོགས་ཀྱི་འགྲེལ་པར་རྟག་ཞི་བ་སྤྱན་རས་གཟིགས་ལ་བཞེད་པ་དང་། མཁན་པོ་རིན་ཆེན་ཏོག་ནི་ཕྱི་རོལ་བའི་ལྷ་རྟག་ཞི་བ་ཞེས་པ་ཞིག་ལ་བཞེད། ཞྭ 〈ཞ〉ལུ་ལོ་ཆེན་ནི་ཕྱི་ནང་གི་ལྷ་འདི་ཞེས་ཞལ་གསལ་མེད་པའི་རྟག་ཞི་བ་ཞེས་པ་ཞིག་ལ་བཞེད། ཞྭ 〈ཞ〉ལུ་བ་ཆོས་ལེགས་ནི་རྟགས〈རྟག〉ཞི་བ་ཁྱབ་འཇུག་ཏུ་བཞེད་ཅིང་དེའི་ལོ་རྒྱུས ※ དང་སོར་འབྲང་ ※ མའི་ལུང་འདྲེན་ཡང་མཛད། བར་མཁས་དཔལ་སི་རིན་པོ་ཆེ་དང་། རྗེ་དངུལ་ཆུ་བ། ལྷག་བསམ་པ་སོགས་ཀྱི་འགྲེལ་པར་ཕྱི་རོལ་པའི་ལྷ་དྲག་པོ་དབང་ཕྱུག་ཆེན་པོར་བཞེད་པ་ལ་སོགས་སོ་སོའི་དགོངས་ཕྱོགས་དང་གྲུབ་མཐའི་ཕྱོགས་ལྷུང་ཙམ་ལས་གཞུང་དོན་མ་ཟད། འཇིག་རྟེན་གྲགས་པ་ལས་ཀྱང་བརྒལ་བའི་གསུང་བཤད་ཀྱི་གོ་སྐྱོན་དུ་སྣང་བ། རྟག་ཞི་བ་ཞེས་པའི་གོ་དོན་ཀྱང་བཟང་པོའི་བསྐལ་པ་འདི་མ་འཇིག་གི་བར་དུ་སྒོ་གསུམ་རྟག་ཏུ་ཞི་བར་གནས་པ་ལས་ཁྲོ་བོ་དང་། དབང་དྲག་སོགས་ཀྱི་རྣམ་པར་མི་འགྱུར་བ་ཞིག་ནི་མེད་ཐབས་མེད་ཅིང་། དེའི་སྟེང་དུའང་མིང་གཞི་སྔོན་ནམ་ཐོག་མར་གསུངས་པའི་ཁུངས་འཆད་དགོས་ལ། དེས་ན་སངས་རྒྱས་དང་འཇམ་དབྱངས་སྤྱན་རས་གཟིགས་ལ་རྟག་ཏུ་ཞི་བའི་སྒྲ་འཇུག་རུང་དུ་ཡོད་ཀྱང་། མིང་གཞི་སྔོན་དུ་གསུངས་པའི་ལོ་རྒྱུས་འཆད་ཁུངས་མེད་པ་དང་། ཁྱབ་འཇུག་ནི་ཞོ་འཐུང་རུས་པའི་འཁོར་ལོའི་མཚོན་ཆ་དང་རྭ་གཞུ་ཅན། གཡོ་སྒྱུས་སྟོབས་ལྡན་བསླུས་ཤིང་ལྷ་མིན་འཁར་བ་དང་། གསེར་ཅན། སྒྲ་ཅན། སྦྱིན་སྐྱེས་བཅས་གསོད་མཁན་དེ་ལ་མིང་གཞི་འཆད་ཁུངས་ཕར་ཞོག་རྟག་ཏུ་ཞི་བའི་སྒྲ་ཙམ་ཡང་ག་ལ་འཇུག དེ་བཞིན་དུ་དབང་ཕྱུག་ཀྱང་རྩིས་གཞུང་ནས་མིང་དྲག་པོར་བཤད་པ་བཞིན་པགས་པའི་གོས། ལག་ན་ཐོད་པ་དང་མདུང་རྩེ་གསུམ་པ། ལྷ་མིན་གྲོང་ཁྱེར་གསུམ་བརྩེགས་ཀྱང་འཇིག་པར་བྱེད་ཅིང་། མིག་ནས་འབར་བའི་མེ་དཔུང་གིས་འདོད་ལྷའི་ལུས་བསྲེགས་པ་སོགས་མངོན་བརྗོད་རྣམས་ནས་དྲག་པོ་དབང་ཕྱུག་ཅེས་གསལ་བར་བཤད་པ་དེ་ལའང་མིང་གཞི་འཆད་ཁུངས་ཕར་ཞོག་རྟག་ཏུ་ཞི་བའི་སྒྲ་ཙམ་ཡང་ཅིའི་ཕྱིར་འཇུག རྒྱུ་མཚན་དེར་བརྟེན་ཞྭ〈ཞ〉ལུ་ལོ་ཙཱ་བ་ཆེན་པོས་ཀྱང་དྲག་པོ་དང་དབང་ཕྱུག་སོགས་མཆོད་ཡུལ་དུ་བྱེད་པ་ལ་དགོས་པ་མ་མཆིས་ཤིང་སྒྲའི་ལྷ་རྟག་ཏུ་ཞི་བ་ཚངས་པར་ངོས་འཛིན་པ་དང་ཞེས་གསུངས་དོན་ཀྱང〈ཡང〉དེ་ཡིན། དེས་ན་ཁོ་བོ་ལའང་མངོན་ཤེས་དང་གྲུབ་རྟགས་སོགས་ཀྱིས་རྟག་ཞི་བའི་ཁུངས་འཆད་རྒྱུ་མེད་ནའང་། ཕྱི་ནང་གཉིས་ཀས་ཁས་ལེན་པའི་རིག་བྱེད་མངོན་བརྗོད་ཀྱི་གཞུང་དང་ནང་པ་སངས་རྒྱས་པའི་མདོ་སྡེ་སོགས་དང་མི་འགལ་ཞིང་མཐུན་པར་འཐད་པ་བསྒྲུབས་པའི་ངོས་འཛིན་ཞིག་གཤམ་དུ་འཆད་རྒྱུ་ལགས་སོ། །
     དྲི་བ་གསུམ་པར། ཡང་སི་བཞེད་དུ། དབང་ཕྱུག་གི་མཚན་དུ་རྟག་ཞི་བ་ཞེས་པ་ནི་ས་ད་ཤི་པ་སྟེ་འཕགས་ཡུལ་དུ་རླུང་ལྟར་གྲགས་པ་ཡིན་ནོ་ཞེས་གསུངས་པ་འདི་ལ་དཔེར་མཚོན་ན། ཁྱིམ་བདག་གི་མཚན་དུ་དགེ་སློང་ཞེས་པ་ནི་བྷིཀྵུ་སྟེ་འཕགས་ཡུལ་དུ་རླུང་ལྟར་གྲགས་སོ་ཞེས་པ་དང་འདྲ་ལ། ཁྱིམ་བདག་དང་དགེ་སློང་སྐྱ་སེར་རྒྱབ་འགལ་ཡིན་པ་ལྟར། རྟག་ཏུ་ཞི་བ་དང་དྲག་པོ་དབང་ཕྱུག་ཞི་དྲག་རྒྱབ་འགལ། ལྷ་ཞི་བ་དང་དྲག་པོ་ལ་ཁྱད་མེད་ན། མི་སྐྱ་སེར་བོད་འབྲོག་དཀར་ནག་འཇམ་རྩུབ་རིགས་རུས་སོགས་ཐམས་ཅད་ཁྱད་མེད་དུ་འགྲོ་བས་འཇིག་རྟེན་གྲགས་པའི་རྣམ་གཞག་ཐམས་ཅད་ཞིག་པ་གདོན་མི་ཟ་སྟེ། དབང་ཕྱུག་དྲག་པོ་ཡིན་པ་ནི་པཎ་སི་རང་གིས་ཀྱང་ཞྭ〈ཞ〉ལུ་ལོ་ཆེན་གྱི་གསུང་ལ་དགག་པ་མཛད་སྐབས། དབང་ཕྱུག་དང་དྲག་པོ་ཞེས་པའང་མིང་གི་རྣམ་གྲངས་ཡིན་གྱི་ལྷའི་ངོ་བོ་སོ་སོ་བ་མ་ཡིན་ལགས་སོ། །ཞེས་ཞི་བ་དང་དྲག་པོ་གཉིས་ཀར་ཞལ་གྱིས་བཞེས་པར་སོང་བས། གཞུང་དོན་རྟག་ཏུ་ཞི་བ་ལ་ངོས་འཛིན་བྱ་ཚོད་མ་རྙེད་ཁར། ས་ད་ཤི་པ་འཕགས་ཡུལ་དུ་རླུང་ལྟར་གྲགས་ན་བོད་ཀྱི་ཆོས་རྣམས་འཕགས་ཡུལ་ནས་དར་བ་གང་ཞིག་ལ། བཀའ་འགྱུར་བསྟན་འགྱུར་གང་དུའང་དབང་ཕྱུག་གི་མཚན་དུ་ས་ད་ཤི་པར་གྲགས་པ་མེད་ངེས་ལ། འདི་གང་ཡིན་གཏན་ནས་བརྗོད་མ་ཤེས་པས་ཁུངས་ལུང་ཡོད་མེད་ཐེ་ཚོམ་སེལ་ཐབས་ཤིག་ཐུགས་རྗེ་ཆེ་བ་མཁྱེན། ཞེས་གསལ་བ། ཇི་ལྟར་གསུང་བ་བཞིན། འདིའི་སྐོར་ཞིབ་རྒྱས་ཀྱི་ར་སྤྲོད་ཁུངས་དང་ལྡན་པའི་རྒྱས་བཤད་བྱ་རྒྱུ་ཡོད་ཀྱང་ད་རེས་མདོར་བསྡུས་ཏེ་གླེང་བ་ནི། སི་འགྲེལ་དུ་དེ་ལྟ་བུ་ཡོད་ངེས་ཀྱང་། དབང་ཕྱུག་ཅེས་པ་ནི་བོད་སྐད་དུ་བྱས་པའི་མཚན་ཡིན་ལ། དེ་འཕགས་ཡུལ་པ་རང་གི་སྒྲ་མདོ་ཀ་ཙན་པཱ་ནི་དབྱངས་ཅན་སོགས་རྒྱ་སྐད་དུ་བསྒྱུར་ན། ཨི་ཤྭ་ར་ཞེས་འབྱུང་བ་ནི་སྒྲའི་རི་མོ་ལ་ཞལ་ཕྱོགས་ཙམ་པ་ཐམས་ཅད་ཀྱི〈ཀྱིས〉མཁྱེན་གསལ་ཡིན་ཞིང་། དབང་ཕྱུག་གི་མཚན་ལ་ས་ད་ཤི་པ་འཕགས་ཡུལ་དུ་རླུང་ལྟར་གྲགས་ན། འཕགས་ཡུལ་པའི་རྩ་འཛིན་སྒྲ་མདོ་དེ་དག་ལ་འཕགས་ཡུལ་བ་རང་གིས་སྐྱོན་བཀལ་ཏེ་མ་དག་གོ་མ་ཆོད་དུ་བཏང་བ་ལས་འོས་མེད་ཅིང་། དེ་འདྲ་ཡིན་ན་མདོ་རྒྱུད་བསྟན་བཅོས་འཕགས་ཡུལ་ནས་སྔ་ཕྱིར་བོད་དུ་དར་བ་རྣམས་ལའང་རྩ་འཛིན་ཆ་འཇོག་བྱེད་ཡུལ་མི་རྙེད་པའི་སྐྱོན་ཤིན་ཏུ་ཆེ་སྟེ། དཔེར་ན་བོད་ཀྱི་ལྷ་སྐལ་འཇིག་རྟེན་དབང་ཕྱུག་གི་མཚན་ལ་འཕགས་ཡུལ་པའི་སྐད་དུ་ལོ་ཀེ་ཤྭ་རར་གྲགས་པ་ནི་བོད་པ་བླུན་པོ་རྣམས་ཀྱིས་ཀྱང་ཤེས་གསལ་ལགས་པས་མང་དུ་སྨྲ་མི་དགོས་སོ། །
     དྲི་བ་བཞི་པར། ཡང་སི་བཞེད་དུ། འཕགས་ཡུལ་དུ་ནི་ཕྱི་རོལ་པ་དག་གིས་དབང་ཕྱུག་འཇིག་རྟེན་གྱི་བྱེད་པོར་ཡང་འདོད་ཅིང་། ཞེས་གསུངས་པས། འཕགས་ཡུལ་ནས་བོད་དུ་དར་བའི་མངོན་བརྗོད་འཆི་མེད་མཛོད་དང་། འདོད་འཇོའི་བ་མོ། དེ་མཚུངས་སྣ་ཚོགས་གསལ་བ། ཚིག་གི་གཏེར། མཁས་པའི་རྣ་རྒྱན། ས་སྐྱ་བཞི་ཐོག་ཕོ་བྲང་དུ་བརྩམས་པའི་སྡེ་དགེའི་མངོན་བརྗོད། རྒྱ་མཚོའི་ཆུ་ཐིགས། འོ་མཚོའི་སྙིང་པོ་སོགས་བདག་རང་གིས་གང་མཐོང་མིང་གི་མངོན་བརྗོད་རྣམས་སུ་འཇིག་རྟེན་བྱེད་པོ་ལྷ་ཚངས་པ་ཡིན་པར་བཤད་པ་ལྟར། གངས་ཅན་བསྟན་པའི་བདག་པོ་རྒྱལ་དབང་ལྔ་པ་ཆེན་པོས་ཀྱང་། འཇིག་རྟེན་ཀུན་གྱི་བྱེད་པོ་གསེར་མངལ་ཅན། །ཞེས་ཚངས་པར་ཞལ་བཞེས་འདུག་པ། དེས་ན་ཕྱིན་ཆད་བསྐལ་པ་འདིའི་འཇིག་རྟེན་བྱེད་པོ་ཕྱི་ནང་ཐུན་མོང་གིས་ཁས་ལེན་པའི་རིག་བྱེད་ཀྱི་གཏམ་མངོན་བརྗོད་ལྟར་ཚངས་པ་ཁོ་ནར་ཁས་ལེན་རུང་བའམ། དབང་ཕྱུག་ཏུ་ངེས་དགོས་པ་སོགས་གང་ཡིན་ཆ་མ་འཚལ་བ་ལགས་ན་སོམ་ཉི་སེལ་བའི་དོགས་གཅོད་ཅིག་བཀའ་དྲིན་ཆེ་ཐུབ་པ་མཁྱེན། ཞེས་གསལ་བ། ཇི་ལྟར་གསུང་བ་བཞིན། ཕྱི་ནང་གྲུབ་མཐའ་གཉིས་ཀས་ཁས་ལེན་པའི་རྒྱ་བོད་མིང་གི་མངོན་བརྗོད་དུ་གསལ་བའི་མིང་རྣམས་ནི། ནང་པ་སངས་རྒྱས་པའི་མདོ་རྒྱུད་བསྟན་བཅོས་ཐམས་ཅད་དུ་གསལ་བ་ཡིན་གཤིས་སྒྱུར་བཀོད་སུས་གཏོང་ནུས། དེ་ལྟ་བས་ན་བསྐལ་པ་འདི་ཆགས་པ་ནས་བཟུང་མཐར་མ་འཇིག་གི་བར་དུ་སྐྱེ་རྒུ་རྣམས་ལ་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་དང་ལྡན་པས་སྒྲོན་མེའི་བསྐལ་པ་བཟང་པོ་ཡིན་ཕྱིར་འཇིག་རྟེན་བྱེད་པོའང་ཚངས་པ་རང་དུ་ངེས་དགོས་པ་ལས་འོས་མེད་ཅིང་། སངས་རྒྱས་སྟོང་གི་བསྟན་པའི་གནས་ཚད་རྫོགས་ནས་བསྐལ་ཆེན་འཇིག་རྟེན་འདི་ཉིད་སྟོང་པར་གྱུར་པའི་ཚེ། ཚངས་པ་ཆེན་པོ་རྟེན་དང་བརྟེན་པར་བཅས་པའང་མི་སྣང་བས་ན་དེའི་ཚེ་འཇིག་རྟེན་བྱེད་པོའང་མི་འབྱུང་ཞིང་། མ་འོངས་པ་ན་མུན་པའི་བསྐལ་པ་རྣམས་སུ་ནི་དཀོན་མཆོག་གསུམ་གྱི་སྒྲ་ཙམ་མི་གྲགས་ཏེ། སེམས་ཅན་གྱི་ཁམས་མ་རུང་པས་བྱང་ཆུབ་ཀྱི་ལམ་དང་བྲལ་ཞིང་སངས་རྒྱས་ཀྱི་བསྟན་པ་མེད་ཅིང་དུས་ངན་པའི་ཚེ་ན་དབང་ཕྱུག་ཆེན་པོ་ཐོག་མར་བྱེད་པ་པོའི་ལྷར་འགྱུར་བ་ཡིན་ཏེ། མདོ་སྡེ་ཟ་མ་ཏོག་བཀོད་ལས། བཅོམ་ལྡན་འདས་ཀྱིས་ལྷའི་བུ་དབང་ཕྱུག་ཆེན་པོ་ལ་འདི་སྐད་ཅེས་གསུངས་ཏེ། དབང་ཕྱུག་ཆེན་པོ་ཁྱོད་དུས་ངན་པའི་ཚེ་སེམས་ཅན་གྱི་ཁམས་མ་རུང་པ་དག་བྱུང་བ་ན་ཁྱོད་ཐོག་མར་བྱེད་པ་པོ་གཏོང་བ་པོའི་ལྷར་གྲགས་པར་འགྱུར་ཞིང་། སེམས་ཅན་དེ་དག་ནི་བྱང་ཆུབ་ཀྱི་ལམ་ཡོངས་སུ་སྤངས་པར་འགྱུར་རོ། །ཞེས་གསུངས་པས། ད་ལྟ་བསྐལ་བཟང་རྣམ་འདྲེན་བཞི་པའི་བསྟན་པའང་གནས་དུས་ཡིན་པས། དེ་ལྟ་བུའི་གླེང་སློང་བ་ནི་རང་གཞན་བསོད་ནམས་དང་རྟེན་འབྲེལ་ལ་གནོད་པའི་ཚིག་སྟེ་དགོས་པ་མ་མཆིས་ལགས་སོ། །
     དྲི་བ་ལྔ་པར། ཡང་སི་བཞེད་དུ། བྲམ་ཟེ་རྣམས་ཀྱི་གཞུང་དུ་བྱེད་པོ་ཉི་ཤུ་རྩ་བཞི་བཤད་པས་ཡི་གེའི་བྱེད་པོ་དབང་ཕྱུག་ཏུ་གསལ་བར་བསྟན་པ་ཡོད་པས། ཞེས་གསུངས་པ། མ་གཞི་ཤེས་བྱར་བསླབ་པའི་རིམ་པ་གྲངས་མང་བསམ་ལས་འདས་པ་ཡོད་མོད་ཀྱང་། བོད་ཡུལ་འདིར་མདོ་རྒྱུད་རིག་ལམ་གང་གི་སྐབས་སུའང་བྲམ་ཟེའི་གཞུང་ཞེས་པ་དང་། དེ་སྟོན་པའི་སློབ་དཔོན། དེར་བརྟེན་བསླབ་གནས་ཀྱི་ཁྱད་ཆོས་གང་ཡང་མ་ཐོས་མ་མཐོང་བ་ལགས་ན། བོད་ཀྱི་མཁས་པ་སྔ་ཕྱི་བར་གསུམ་ཀུན་ལ་གྲགས་པའི་བཅུ་ཕྲག་རིག་གནས་ཀྱི་ཁོངས་སུ་བྲམ་ཟེའི་གཞུང་དེ་གཏོགས་སམ་མི་གཏོགས། གཏོགས་ན་ནི་སྔོན་བསྒྱུར་རིག་གཞུང་རྣམས་སུ་དེ་ལྟ་བུའི་བཤད་སྒྲོས་མི་སྣང་ལ། མི་གཏོགས་ན་ནི་དགོས་པ་མེད་པའི་སེལ་འཛུད་ཀྱི་གོ་ཕྱོགས་སུ་འདུག་ལ་དཔེར་ན། བོད་ཡུལ་དུ་གྲོ་ནས་འདེབས་ལུགས་ལ། རྒྱ་གར་བའི་འབྲས་ཞིང་དང་རྒུན་འབྲུམ་ཞིང་གི་ས་བོན་འདེབས་བཀོལ་བརྗོད་པ་ལྟར་སྣང་བས། བོད་ཀྱི་རིག་ལམ་བསླབ་བྱའི་ཁོངས་སུ་འདྲེན་རུང་མིན་སོགས་ཀྱང་སྙན་ཤས་ཡིག་དྲོན་ལ་མ་གཟིགས་པར་མི་ཤེས་སློབ་སྟོན་ཐུགས་རྗེ་ཆེ་བ་མཁྱེན། ཞེས་གསལ་བ། ཇི་ལྟར་གསུང་བ་བཞིན། ནང་པ་སངས་རྒྱས་པའི་རྒྱལ་བསྟན་རིན་པོ་ཆེ་བྱང་ཕྱོགས་ཁ་བ་ཅན་དུ་ཐོག་མར་གསལ་བའམ་འདྲེན་པར་བྱེད་པའི་མཁན་པོ་ཐུ་མི་བཀའ་དྲིན་ཅན་གྱིས་བརྩམས་པའི་ཡི་གེ་དང་། དེའི་སྒྲ་སྦྱོར་བསྟན་བཅོས་སུམ་རྟགས་སློབས〈སློབ〉པ་ལ་ཕྱི་རོལ་བྲམ་ཟེའི་གཞུང་བཤད་འབྲེལ་མེད་ཤེས་རབ་འཆལ་བའི་ལུགས་ཏེ། དཔལ་ལྡན་ཆོས་ཀྱི་གྲགས་པས། རིག་བྱེད་ཚད་མ་དང་ནི་འགལ་བྱེད་སྨྲ། །ཁྲུས་ལ་ཆོས་འདོད་དང་ནི་རིགས་སྨྲ་དྲེགས། །སྡིག་པ་གཞོམ་ཕྱིར་གདུང་བ་རྩོམ་ཞེས་པ། །བླུན་པོ་ཤེས་རབ་འཆལ་བའི་རྟགས་ལྔ་ཡིན། །ཞེས་གསུངས་པ་མ་ཟད། མགོན་པོ་ཀླུ་སྒྲུབ་ཀྱིས་ཀྱང་། མུ་སྟེགས་ལོག་ལྟ་བྲམ་ཟེའི་རིགས་རྣམས་དང་། རིགས་ངན་ཤན་པའི་རིགས་སུ་བདག་མ་སྐྱེ། །ཞེས་གསུངས་པས། ཁོ་བོ་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་ཕྱིར་བྲམ་ཟེའི་སྐྱེ་སྲིད་འཛིན་པར་ཡང་མི་སྨོན་ལ། དེ་དག་གི་གཞུང་བོད་དུའང་མ་དར་བ་ལ་བརྟེན་ཅིང་ཐོས་བསམ་བྱེད་པ་ལྟ་ཡང་ཅི་སྨོས་ཏེ་ཚོལ་བར་ཡང་མི་བྱེད་དོ། །ཡི་གེ་ཐོག་མའི་བྱེད་པོའང་ཕྱི་རོལ་བྲམ་ཟེ་དང་མུ་སྟེགས་པ་རྣམས་ཇི་ལྟར་འདོད་རུང་། བདག་ནི་ཕྱི་ནང་ཐུན་མོང་དུ་ཁས་ལེན་པའི་རིག་བྱེད་ཀྱི་གཞུང་དུ། ཚངས་པས་སྔོན་དུས་ཡིད་སྤྲུལ་ཐིག་ལེ་མཆོག་མར་ལྟ་བའི་གདོང་བཞིའམ་ལྔ་རང་བྱུང་དུ་བྱུང་བ་དཔེར་མཚོན་ནས་ཚངས་པ་སྲིད་པ་འདི་ཀུན་སྐྱེད་པའི་བྱེད་པོར་བཤད་པ་བཞིན། ཡི་གེའི་བྱེད་པོའང་ནང་པ་སངས་རྒྱས་པའི་རྒྱལ་བའི་བཀའ་འགྱུར་གྱི་མདོ་སྡེའི་ནང་དུ་ཚངས་པའི་ཡི་གེ་ཞེས་མངོན་སུམ་མཐོང་ཐོས་སུ་ལྟར་ཡོད་པ་ལས་དབང་ཕྱུག་གི་ཡི་གེ་དང་ཁྱབ་འཇུག་གི་ཡི་གེ་ཞེས་གསུངས་པ་མི་སྣང་ཞིང་། ཨོ་རྒྱན་ཆེན་པོས་ཀྱང་ནཱ་ག་རའི་ཡུལ་དུ་ཨ་ཙརྱ་ཀུན་གྱི་བཤེས་གཉེན་ལས་ཡི་གེ་བསླབ་ཚུལ་མཛད་སྐབས། ཚངས་པ་ཥ་རོ་དྷ་ཡི་ཡི་གེ་སོགས། ཡིག་རིགས་མི་འདྲ་དྲུག་ཅུ་རྩ་བཞི་བསླབས། །ཞེས་དང་། གངས་ཅན་གྱི་ལྗོངས་འདིར་གྲགས་པའི་སྟོན་པའི་འཁྲུངས་རབས་བདུད་དཔུང་ཕྱེ་འཐག་ལས་ཀྱང་། ཚངས་པའི་ཡི་གེ་ལ་སོགས་ཡི་གེའི་རིགས། །དྲུག་ཅུ་རྩ་བཞིའི་ཕ་རོལ་ཕྱིན་གྱུར་ཅིང་། །གྲངས་དང་རྩིས་ལ་ཤིན་ཏུ་མཁས་ན་ཡང་། །གཞན་ལ་ཕན་ཕྱིར་ཡི་གེའི་གྲར〈གྲྭར〉ཡང་ཞུགས། །ཞེས་གསུངས་པས་ན། ཁོ་བོ་ནི་བྲམ་ཟེའི་གཞུང་ལུགས་སོགས་བཤད་ཡམ་གྱི་རིགས་ལ་བློ་རྩེ་གཏད་མ་དགོས་པ་ནང་པའི་གཞུང་ལུགས་མང་པོར་གསལ་བ་ལ་ཡིད་ཆེས་ངེས་པ་གཏིང་ནས་རྙེད་པ་ཞིག་ལགས་སོ། །
     དྲི་བ་དྲུག་པ། ཞྭ 〈ཞ〉ལུ་བ་ཆོས་ལེགས་ཀྱི་བཞེད་པར། ཡི་གེ་སྔོན་བྱུང་གི་ལོ་རྒྱུས་ལས། ཡི་གེ་ཁྱབ་འཇུག་ལྷ་ཡིས་བཀོད། །འཇམ་པའི་དབྱངས་ཀྱི་ང་རོས་དྲངས། །ཞེས་རྟག་ཞི་བ་ཁྱབ་འཇུག་ཡིན་པའི་འཐད་པ་སྒྲུབ་བྱེད་དུ་སོ་སོར་འབྲང་མ་ལས། དམངས་རིགས་ཕྱིར་ན་རྟག་ཞི་བ། །ཁྱབ་འཇུག་ལེགས་པར་བྲི་བར་བྱ། །ཞེས་ལུང་འདྲེན་མཛད་པར། སི་བཞེད་དུ། ཁྱབ་འཇུག་གིས་ཡི་གེ་བཀོད་པར་བཤད་པའི་གཞུང་དེའང་ཐད〈འཐད〉ལྡན་ཡིན་མིན་བརྟག་དགོས་ཤིང་། ཞེས་ཕྱི་རབས་པ་རྣམས་ལ་བརྟག་བྱར་འཇོག་གནང་མཛད་འདུག་པ་ལྟར། འདི་ཉིད་འཐད་ལྡན་ཡིན་ན་རྟག་ཞི་བ་ཁྱབ་འཇུག་ཏུ་ངེས་དགོས་པའི་ཕྱིར། གོང་དུ་རྟག་ཞི་བ་དབང་ཕྱུག་ཡིན་པའི་འཐད་པ་སྒྲུབ་བྱེད་ཐམས་ཅད་རྗེས་མེད་དུ་འགྲོ་བ་ལས་འོས་མེད་པ་ཞིག་དང་། འཐད་ལྡན་མ་ཡིན་ན་རྟག་ཞི་བ་དབང་ཕྱུག་ཏུ་ངེས་དགོས་པ་ལྟ་བུ་སོམ་ཉིའི་བརྟག་བྱར་ལུས་འདུག་པ་དང་། ཡང་མིང་སྟོང་གིས་ཁྱབ་འཇུག་ལ་བསྟོད་པའི་རྒྱ་དཔེ་ཁོ་བོའི་ལག་ཏུ་སོན་པས་དེའི་ནང་དུའང་རྟག་ཞི་བ་ཞེས་མ་བྱུང་བའི་ཕྱིར་དང་། སོ་སོར་འབྲང་མའི་བྱུང་བའི་སྐབས་སུ། དམངས་རིགས་ཕྱིར་ན་རྟག་ཞི་བ། །ཁྱབ་འཇུག་ལེགས་པར་བྲི་བར་བྱ། །ཞེས་འབྱུང་བའང་དེ་གཉིས་གཅིག་པར་བསྟན་པ་མ་ཡིན་པའི་ཕྱིར། དམངས་རིགས་ཀྱི་དོན་དུ་དབང་ཕྱུག་གམ་ཁྱབ་འཇུག་གང་རུང་བྲི་བའི་དོན་དུ་མངོན་པའི་ཕྱིར་ཏེ། དེ་མ་ཐག་ཏུ། རྗེ་རིགས་ཕྱིར་ནི་རྣམ་ཐོས་བུ། །ལྷ་ཡི་དབང་ཕྱུག་དབང་པོ་བྲི། །ཞེས་འབྱུང་བས། རྣམ་ཐོས་བུའམ་དབང་ཕྱུག་གམ་བརྒྱ་བྱིན་གང་རུང་བྲི་བའི་དོན་དུ་མངོན་པའི་ཕྱིར་རོ། །ཞེས་གསུང་〈གསུངས〉པས། དེ་ཡང་འཐད་ལྡན་ཡིན་མིན་བརྟག་པར་བྱེད་པ་ལ་བདག་གིས་ཀྱང་དེ་འདྲའི་གཞུང་བོད་རོང་སུ་འདྲར་དྲིས་ཀྱང་ཆ་རྒྱུས་མཐོང་ཐོས་མ་རྙེད་ལ། སློབ་དཔོན་ཉིད་ཀྱིས་གསན་གཟིགས་བྱུང་ན་མ་གཏོགས་སྔོན་ཆད་བོད་ལ་ཁྱབ་ཆེར་གྲགས་རུང་བ་ཞིག་ནི ※མི※འདྲ་སྟེ། དེའི་རྗེས་སུ་སུམ་རྟགས་ལ་མཁས་པའི་འགྲེལ་པ་ཇི་སྙེད་ཅིག་བྱུང་ཚོད་འདུག་པ་རྣམས་ལའང་རྟག་ཞི་བ་སྤྱན་རས་གཟིགས་སོགས་ངེས་མེད་དུ་ངོས་འཛིན་མཛད་པ་ལྟར་ན། ཡི་གེ་སྔོན་བྱུང་གི་ལོ་རྒྱུས་སམ་གཞུང་ཞེས་པ་ཡོད་མེད་ཀྱང་མི་ཤེས་ལ། ཡོད་ཀྱང་ཁུངས་ཐུབ་རང་ནི་ཨེ་ཡིན་སྙམ་པས། སོར་འབྲང་མའི་ལུང་འདྲེན་མཛད་ཀྱང་ལྷ་ངོ་བོ་གཅིག་ལ་རྟག་ཞི་བ་ཁྱབ་འཇུག་ཅེས་མིང་གཉིས་གསུངས་དོན་མེད་པ་སྟེ་དངོས་འགལ་དང་། སི་བཞེད་ཀྱི་རྟག་ཞི་བ་འདི་ཡང་དམངས་རིགས་དང་རྗེ་རིགས་གཉིས་ཀར་འགྲོ་དགོས་པ་ཞལ་བཞེས་སུ་སོང་བས་དེ་འདྲ་ཡིན་ན་སངས་རྒྱས་ཀྱིས་ལྷའི་རིགས་སོ་སོར་དབྱེ་སྟེ་གསུངས་པར་འགྲོ་ཁུངས་མ་བྱུང་བ་ལྟ་བུའི་གོ་ཕྱོགས་ཤིན་ཏུ་ལོད་པ་འདུག་པས། འདི་དག་ཀྱང་ཁུངས་ལྡན་ཡིན་མིན་ཐེ་ཚོམ་སེལ་ཐུབ་པའི་ངེས་རྙེད་ཀྱི་དྲིས་ལན་ཞིག་ཐུགས་རྗེ་ཆེ་བ་མཁྱེན། ཞེས་གསལ་བ། འདིའི་སྐོར་ཁྱེད་རང་གི་དགོངས་པར་ཇི་ལྟར་མངའ་བ་ལྟར་ལས་ལྷག་པའི་རྒྱས་སྤྲོས་ནི་ཁོ་བོ་ལའང་ཞུ་རྒྱུ་མེད་ངེས་དང་། ཁོ་བོ་རང་ལོ་བདུན་ཅུར་ཉེ་ཞིང་ཡིག་རིགས་ལ་དོ་ཁུར་རྩོལ་སྒྲུབ་ཁོ་ནས་དུས་འདའ་ཡང་། ཐུ་མིའི་ཡི་གེའི་བཤད་པ་བསྟན་བཅོས་ཀླུ་དབང་མགུལ་རྒྱན་མཆན་འགྲེལ་ཡོད་མེད་འགའ་ལས། ས་ད་ཤི་པ་དང་། འཕགས་ཡུལ་བྲམ་ཟེ་རྣམས་ཀྱི་གཞུང་། ཡི་གེ་སྔོན་བྱུང་གི་ལོ་རྒྱུས་ཞེས་པ་སོགས་ཀྱི་གཞུང་མཐོང་ཐོས་མེད་ངེས་མ་ཟད། རྟག་ཞི་བ་ཁྱབ་འཇུག་དང་དབང་ཕྱུག་ཡིན་པའི་ཕྱོགས་འཐེན་ཀྱང་འདི་ནི་དག་གོ འདི་ནི་མ་དག་གོ་ཞེས་ཞུ་མཚམས་མ་ཆེ་ཡང་། རང་ཅག་ནང་པ་སངས་རྒྱས་པའི་གྲུབ་མཐའ་འཛིན་པོར་ཁས་ཆེ〈འཆེ〉བ་ཡིན་གཤིས། སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་ལ་མངོན་པར་བསྟོད་དགོས་པ་ནི་སུམ་འགྲེལ་མཁན་པོ་ཚང་མ་ཡིན་འདྲ་སྟེ། དེ་ལྟར་ན་སོ་འབྲང་མའི་གཞུང་དུ་སངས་རྒྱས་ཀྱིས་རིགས་བཞིར་དབྱེ་བའི་ལྷ་སོ་སོར་གསུངས་བཞིན་དུ་ཁྱབ་འཇུག་ལྷ་ངོ་བོ་གཅིག་ལ་ཕྱི་རབས་པས་མིང་གཉིས་དང་། རིགས་བཞི་འཆལ་འཆོལ་དུ་སྨྲ་བའི་འཛིན་སྟངས་ནི་འཐད་དམ་མི་འཐད་ཁོ་བོས་ཞུ་ཅི་ལ་དགོས་བོད་ཀྱི་མཁས་པ་ད་བཞུགས་སླད་འབྱོན་རྣམས་ཀྱིས་བདེ་བླག་ཏུ་མཁྱེན་ཅིང་གཟིགས་པར་འགྱུར་ལ། སངས་རྒྱས་ཀྱིས་རྒྱལ་རིགས་རྗེ་རིགས་དམངས་རིགས་བྲམ་ཟེའི་རིགས་ཏེ་རིགས་བཞིའི་དབྱེ་བས་ལྷ་ངོ་བོ་ཐ་དད་དུ་སོ་སོར་འབྲང་མར་གསུངས་པའི་བཀའ་དངོས་ལ་ནི། བྲམ་ཟེའི་ཕྱིར་ནི་དབང་ལྡན་ནོ། །རྒྱལ་རིགས་ལ་ནི་དབང་ཕྱུག་ཆེ། །དམངས་རིགས་ཕྱིར་ནི་རྟག་ཞི་བ། །ཁྱབ་འཇུག་ལེགས་པར་བྲི་བར་བྱ། །རྗེ་རིགས་ཕྱིར་ནི་རྣམ་ཐོས་བུ། །ལྷ་ཡི་དབང་ཕྱུག་དབང་པོ་བྲི། །ཞེས་གསུངས་པའི་ཕྱིར། ཁོ་བོ་ནི། དབང་ཕྱུག་ཆེན་པོ་སྟོན་པས་རྒྱལ་རིགས་སུ་གསུངས་ཟིན་པ་དེ་དམངས་རིགས་ཀྱི་རྟག་ཞི་བ་དང་། རྗེ་རིགས་ཀྱི་ལྷ་ཡི་དབང་ཕྱུག་གཉིས་ཀར་ཁས་ལེན་མི་ནུས་ཏེ་སངས་རྒྱས་ཀྱི་བཀའ་དང་འགལ་བའི་ཕྱིར་རོ། །འོ་ན་ཁྱོད་ཀྱི་འཐད་པ་གང་ཡིན་ཞེས་སྨྲ་ན། ཚངས་པ་ཆེན་པོ་དེ་ནི་ཁྱབ་འཇུག་གི་ལྟེ་བའི་པདྨ་ལས་སྐྱེས་པར་བཤད་པས་ཁྱབ་འཇུག་དང་རིགས་གཅིག་པའི་ཕྱིར་དམངས་རིགས་ཀྱི་རྟག་ཞི་བ་ཞེས་པ་དེ་ཡིན་ཅིང་། རྗེ་རིགས་ཀྱི་ལྷ་ཡི་དབང་ཕྱུག་ཅེས་པའང་དྲག་པོ་དབང་ཕྱུག་ཏུ་མི་འདོད་དེ། ལྷ་ཡི་དབང་པོ་བརྒྱ་བྱིན་ཞེས་པར་གོ་བ་ལགས་སོ། །དེས་ན་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཞེས་བྱ་བ་དེ་སངས་རྒྱས་ཀྱི་གསུང་རྣམས་རང་སོར་འཇོག་དགོས་པ་ལ་དགོངས་པ་ལས། སྒྲ་རིག་རྩོད་འགྲེལ་གྱི་བསྟན་བཅོས་ལྟར་གོ་བའི་འཐེན་ཕྱོགས་ཀྱི་ལྷ་མིང་གཉིས་དོན་གཅིག་ཏུ་འདོད་པ་དང་། འབྱེད་སྡུད་ཀྱི་སྒྲ་བླ་ཐབས་སུ་སྣོན་པ་སོགས་ནི་རྒྱལ་བཀར་འབྱུང་སེལ་ཞེས་ཡོངས་ལ་གྲགས་པས་ནམ་ཡང་མི་རུང་བ་ལགས་སོ། །
     དྲི་བ་བདུན་པར། སློབ་དཔོན་ཉིད་ཀྱི་བཞེད་པར། རྟག་ཞི་བ་ཚངས་པར་ངོས་འཛིན་མཛད་པ་དེའི་འཐད་པ་སྒྲུབ་པའི་ཁུངས་ལུང་ཡང་གཞན་ལ་འཆད་རུང་བ་ཞིག་ངེས་པར་གལ་ཆེ་བས་ཐུགས་རྗེ་ཆེ་བ་མཁྱེན། ཞེས་གསལ་བ། ཇི་ལྟར་གསུང་བ་བཞིན། ཁོ་བོ་ལའང་གོང་བཤད་ལྟར་མདོ་རྒྱུད་སྤྱི་དང་། བྱེ་བྲག་ཕྱི་ནང་གྲུབ་མཐའ་ཐུན་མོང་དུ་འདོད་པའི་གཞུང་དང་མི་འགལ་ཙམ་དང་གཞུང་དོན་ཚིག་རིགས་འབྲེལ་ཆགས་པའི་འཐས་པ་སྒྲུབ་པ་ལས་ལྷག་པོར་འཆད་རྒྱུ་མེད་ཅིང་། དེའང་སུམ་རྟགས་ཞལ་ལུང་ལུགས་ཞེས་པ་ནི་སྔོན་གྱི་མཁས་པའི་ལག་ལེན་འདེབས་པའི་དོན་ཁྲིད་ཁོ་ན་ཡིན་འདུག་ཀྱང་། ལོ་ཆེན་ནམ་བཟང་སོགས་རྟག་ཞི་བ་ཚངས་པར་འདོད་པ་རྣམས་ཀྱི་འགྲེལ་པར་ཡང་། རྟག་ཞི་བ་ཞེས་པ་ནི་ལྷ་ཚངས་པའོ་ཞེས་པ་ཙམ་ལས། མིང་གཞི་གང་ཡིན་དང་། དེ་གསུང་བ་པོའི་གསུང་ཁུངས་བརྟན་གཡོའི་ཆོས་ཀུན་མིང་དང་མིང་ཅན་དུ་འབྲེལ་བ་སྒྲུབ་པའི་གསུང་བཤད་ཕྲ་ཞིབ་མེད་པར་བརྟེན། ཕལ་ཆེར་ནང་པ་རང་ལུགས་ཀྱི་གྲུབ་མཐའ་དང་སྒོ་བསྟུན་ཏེ་སངས་རྒྱས། འཇམ་དབྱངས། སྤྱན་རས་གཟིགས་ལ་རྟག་ཞི་བའི་ངོས་འཛིན་མཛད་པ་དང་། འགའ་ཞིག་ནི་མཛུབ་བཙུགས་ཀྱི་ལྷ་འདིའོ་ཞེས་ཞལ་གསལ་ངོས་འཛིན་མཛད་ཚོད་མེད་པ་དང་། །འགའ་ཞིག་ནི་ཁྱབ་འཇུག་དང་དྲག་པོ་དབང་ཕྱུག་ཡིན་རུང་གི་འཐེན་ཁྱེར་མཛད་དེ་ཁྱི་རྒན་གཞོང་རྩོད་ལྟ་བུ་དང་། འགའ་ཞིག་ནི། འགྲེལ་པ་སྔ་མ་ལས་ཁྱད་པར་ལྷག་པའི་གསུང་བཤད་ཅི་ཡང་མེད་རུང་འགྲེལ་པ་ཡང་ནས་ཡང་རྩོམ་ལའང་སྔ་མའི་རྗེས་བཟློས〈ཟློས〉ཁོ་ན་མཛད་པ་སོགས་ཅི་རིགས་སྣང་བར་བརྟེན། སོ་འབྲང་མར་སངས་རྒྱས་རང་གིས་དབང་ལྡན་བྲམ་ཟེའི་རིགས། དབང་ཕྱུག་ཆེན་པོ་རྒྱལ་རིགས། དམངས་རིགས་རྟག་ཞི་བ་དང་ཁྱབ་འཇུག རྗེ་རིགས་རྣམ་ཐོས་བུ་དང་ལྷ་དབང་བརྒྱ་བྱིན་སོགས་རིགས་ཀྱི་སྒོ་ནས་ཕྱེ་སྟེ་གསུངས་པ་འདིས་ཕྱི་རབས་ནས་ཕྱི་རབས་སུ་འབྱོན་འགྱུར་བློ་གསར་རྣམས་ཀྱི་ཐེ་ཚོམ་མདུད་པའང་དུས་གཅིག་ལ་ཡང་དག་པར་བཀྲོལ་བ་ལགས་སོ། །
     ད་ནི་ཁོ་བོ་རང་གི་འཐད་པ་བསྒྲུབ་པར་བྱ་བ་ལ། བོད་ཡུལ་གྱི་ཐུ་མི་འབྲི་ཐོ་རིགས་ལས་བྱུང་བ་ཨ་ནུས་བརྩམས་པའི་སུམ་ཅུ་པའི་མཆོད་བརྗོད་གསུམ་པར། གང་གིས་མིང་གཞི་སྔོན་གསུངས་པའི། །རྟག་ཞི་བ་ལ་ཕྱག་འཚལ་ལོ། །ཞེས་པ་ནི། ག༷ང་ཞེས་པ་སྤྱི་སྒྲ། གི༷ས་ཞེས་པ་བྱེད་སྒྲ་སྟེ། དེ་གཉིས་ཚོགས་པས་མིང་གཞི་སྔོན་ནམ་ཐོག་མར་གསུང་བ་པོ་རྟག་ཞི་བ་དེ་སྟོན་པ་ཡིན་ཅིང་། དེའང་མི༷ང་འདོགས་སའི་གཞི་མིང་ཅན་སྣང་གྲགས་རིག་གསུམ་དུ་སྣང་བའི་བརྟན་གཡོའི་ཆོས་སོ་ཅོག་རྣམས་ལ་འཇིག་རྟེན་བྱེད་པོས་ཚིག་ཏུ་བརྗོད་པའི་མིང་འདོད་རྒྱལ་ལམ་རྗེས་གྲུབ་ཏུ་བཏགས་པའམ་གསུངས་པ་དེ་ཡིན་ཅིང་། གདགས་ག༷ཞི་འཁོར་འདས་ཀྱི་ཆོས་དངོས་ངོ་བོ་ཙམ་བརྗོད་པ་ཐམས་ཅད་དོ། །མིང་གཞི་དེ་སྔོན༷་ནམ་ཐོག་མར་གསུང་བ་པོ་ནི་ཕྱི་ནང་གྲུབ་མཐའ་གཉིས་ཀས་ཁས་ལེན་པའི་རིག་བྱེད་ཀྱི་གཞུང་དུ། འཇིག་རྟེན་གྱི་ཉེར་སྤྱོད་ཐམས་ཅད་བསམ་པ་ཙམ་ལ་དེ་ཁོ་ན་ལྟར་འགྲུབ་པས་སྲིད་པ་བསྐྱེད་པའི་བྱེད་པོར་བཤད་ཅིང་། ནང་པ་ལྟར་ནའང་བཟང་པོའི་བསྐལ་པ་འདིར་རྒྱལ་པོ་ཡུལ་འཁོར་སྐྱོང་གི་སྲས་རྣམས་སངས་རྒྱས་སྟོང་དུ་འཚང་རྒྱ་བའི་ཚེ། དེ་དག་རེ་རེ་བཞིན་དུ་དམ་པའི་ཆོས་ཞུ་བ་དང་། བསྐུལ་མར་བྱེད་པའི་སྨོན་ལམ་བཏབ་པ་མདོ་ལས་གསུངས༷་པ༷འི་གཅུང་པོ་གཞོན་ནུ་ཆོས་ཀྱི་བློ་གྲོས་དེ་ཉིད་གཟུགས་ཁམས་བསམ་གཏན་གྱི་གནས་སུ་དུས༷་རྟག༷་ཏུ་གསལ་སྣང་གོ་མ་འགགས་ཤིང་རྣམ་རྟོག་ཐམས་ཅད་ཞི༷་བའི་ཏིང་ངེ་འཛིན་གྱི་བདེ་བ༷་ལ་སྤྱོད་པ་སྟེ། ནང་པ་སངས་རྒྱས་པའི་ཆོས་སྤྱོད་ཀུན་གྱི་ཐོག་མར་བྱམས་དང་སྙིང་རྗེ་དགའ་བ་བཏང་སྙོམས་བཞིར་ཚངས་པའི་གནས་པ་བཞི་ཞེས་གྲགས་པས་བྱང་ཆུབ་ཀྱི་ཡན་ལག་ཀྱང་ཡིན་པའོ། །དེས་ན་མི་མཇེད་ཞིང་གི་མིང་གཞི་གསུང་བ་པོ་ཡིན་ཕྱིན་ཆད་ཡི་གེའང་ངེས་པར་མ་གསུངས་པ་མི་སྲིད་དེ། བཀའ་འགྱུར་གྱི་མདོ་རྒྱ་ཆེ་རོལ་པ་ལས། ཡིག་རིགས་དྲུག་ཅུ་རྩ་བཞིའི་ཐོག་མ་ཁོ་ནར་ཚངས་པའི་ཡི་གེ་ཞེས་གསུངས་པ་མིག་ལྡན་ཀུན་ལ་སྣང་བར་འགྱུར་ཞིང་། ཡང་བོད་མཁས་སྔ་རབས་པ་རྣམས་ཕྱག་འོས་སུ་འགྱུར་མི་འགྱུར་གྱི་གསུང་བཤད་གུ་དོག་ཡོད་ཀྱང་། དགོས་པའི་དབང་གིས་ཕྱག་བྱེད་པ་ལ་ནི་སྐྱོན་མ་མཆིས་ཏེ། དཔེར་ན་གདུགས་དཀར་མཆོག་གྲུབ་ཏུ། ཚངས་པ། དབང་པོ། དྲག་པོ་དབང་ཕྱུག སྲེ 〈སྲེད〉མེད་བུ་ཁྱབ་འཇུག ལེགས་ལྡན་ནག་པོ་ཆེན་པོ་སོགས་ཀྱང་སྐབས་དེར་ཕྱག་འོས་སུ་སངས་རྒྱས་རང་གིས་གསུངས་པ་ཡིན་ན། སངས་རྒྱས་སྟོང་གི་གཅུང་པོ་པང་སྐྱེས་བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་ལ་ཅིའི་ཕྱིར་ཕྱག་འཚལ་བར་མི་འོས། དེས་ན་འདིར་ཡང་དགོས་པའི་དབང་གིས་མི་མཇེད་ཀྱི་བདག་པོ་ཚངས་པ་ཆེན་པོ་དེ་ལ༷་ཕྱག༷་འཚ༷ལ་ལོ་ཞེས་བསྟན་པ་ལགས་སོ། །ད་དུང་འདི་དག་ལ་རིག་གཞུང་མདོ་རྒྱུད་དང་འགལ་བའི་གཟིགས་ཕྱོགས་ཡོད་ཚེ་བསྐྱར་འདྲི་གནང་འོས་རིགས་ཀྱང་ཁོ་བོ་ལ་དགོས་རྒྱུ་དེ་ཡིན་པས་ངེས་པར་གཟབ་འཚལ་ལོ།། །།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...