སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བླ་ཆེན་དགོངས་པ་རབ་གསལ་བསྙེན་རྫོགས་སྐབས་ཀྱི་རྒྱ་ནག་གི་ཧ་ཤང་གཉིས་ལ་གསར་དུ་དཔྱད་པ།
རྩོམ་པ་པོ། རྐ་ཕུག་པདྨ་དབང་རྒྱལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-3-27 9:50:00 རྩོམ་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ། ཀློག་གྲངས།
བླ་ཆེན་དགོངས་པ་རབ་གསལ་བསྙེན་རྫོགས་སྐབས་ཀྱི་རྒྱ་ནག་གི་ཧ་ཤང་གཉིས་ལ་གསར་དུ་དཔྱད་པ།
རྐ་ཕུག་པདྨ་དབང་རྒྱལ།
 [ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་བླ་ཆེན་དགོངས་པ་རབ་གསལ་བསྙེན་རྫོགས་བྱེད་སྐབས་མཁན་པོའི་ཁ་སྣོན་མཛད་པར་གྲགས་པའི་རྒྱའི་ཧ་ཤང་གཉིས་ཀྱི་དགེ་བའི་བཤེས་གཉེན་དང་། གྲུབ་མཐའ། སྐྱེས་ཁུངས། གདན་ས་སོགས་ལ་གསར་དུ་དཔྱད་དེ། དེ་གཉིས་ཀྱིས་བསྟན་པ་ཕྱིར་དར་ལ་བཞག་པའི་མཛད་རྗེས་སྐོར་ལ་རང་གི་ལྟ་ཚུལ་བརྗོད་ཡོད།
[བརྡ་ཆད་གཙོ་བོ།] རྒྱ་ནག་གི་ཧ་ཤང་གཉིས། དམར་གཙང་དགོན་པ། བསྟན་པ་ཕྱིར་དར།
     བོད་ཀྱི་ཆོས་འབྱུང་དུ་བླ་ཆེན་དགོངས་པ་རབ་གསལ་གྱིས་དགེ་སློང་གི་སྡོམ་པ་བཞེས་སྐབས། དེ་དུས་བོད་ན་དགེ་སློང་གི་མིང་ཡང་མེད་པས། མཁས་པ་མི་གསུམ་གྱིས་ལྷ་ལུང་དཔལ་རྡོར་གྱིས་གྲོགས་ལ་བརྟེན་ཏེ་བ་ཡན་ཚོང་འདུས(རྒྱ་ནག་གི་ཞིབ་འཇུག་པ་ཚོས་ཟི་ལིང་གི་ཉེ་འཁོར་ཡིན་པར་བཤད་ཀྱང་། བ་ཡན་ཚོང་འདུས་ཟི་ལིང་གི་ཉེ་འཁོར་ན་ཡོད་པས་འདི་གཉིས་མི་འགལ)ནས་རྒྱ་ནག་གི་ཧ་ཤང་གཉིས་ཤིག་འདུལ་བའི་ཁ་སྐོང་དུ་གདན་དྲངས་པར་བཤད་ཀྱང་། ཧ་ཤང་གཉིས་ཀྱི་ལོ་རྒྱུས་ཞིབ་རྒྱས་སུ་བཀོད་པའི་ཡིག་ཆ་ཞིག་ད་ཕན་མ་མཐོང་བས། ཁོ་བོས་བོད་ལྗོངས་ཆབ་མདོའི་འདན་མ་དང་། མཚོ་སྔོན་ཡུལ་ཤུལ་གྱི་འབྲི་ཁོག(ཚང་མས་འབིས་རྣམ་སྣང་ཞེས་འབྲི་བཞིན་འདུག)གཉིས་ཀྱི་བྲག་བརྐོས་ཡི་གེ་དང་། པཱ་ལའི་རྒྱལ་ཁབ་དཔེ་མཛོད་ཁང་དུ་ཉར་བའི་སྟོང་ཁུང(敦煌)གི་ཡིག་ཆ་སོགས་གཞིར་བཟུང་སྟེ། རྒྱ་ནག་གི་ཧ་ཤང་གཉིས་ལ་གསར་དུ་ཞིབ་འཇུག་བྱས་པ་འདིའོ། །
     གཅིག  དམར་གཙང་དགོན་པ་རྒྱ་ནག་གི་ཧ་ཤང་གཉིས་ཀྱི་གདན་སར་གྱུར་བའི་སྐོར།
     རྒྱའི་སྐད་དུ། དམར་གཙང་དགོན་པའི་མིང་ལ“པའེ་མཱ་སི”(白马寺)ཟེར་ཞིང་། ཀྲུང་གོའི་མངའ་ཁོངས་སུ“པའེ་མཱ་སི” ཟེར་བའི་དགོན་པ་ཧ་ཅང་མང་སྟེ། “མཚོ་སྔོན་ཁོ་ནར་ཡང་ཟི་ལིང‘པའེ་མཱ་སི’དང་། བདེ་ཁམས‘པའེ་མཱ་སི།’ ཁྲི་ཀའི‘པའེ་མཱ་སི’བཅས་གསུམ་དང་། གཞན་ཡང་པེ་ཅིང‘པའེ་མཱ་སི’དང་། ཧི་ནན་ལོ་དབྱང‘པའེ་མཱ་སི།’  ཨན་ཧའེ་ཐོང་ཁྲིན‘པའེ་མཱ་སི།’ ཅང་ཞིའི་ཧྥུ་ཀྲིག‘པའེ་མཱ་སི’”[2]བཅས་འདུག  འདིར་སྐབས་སུ་བབ་པ་ནི་མཚོ་སྔོན་བདེ་ཁམས་ཀྱི་པའེ་མཱ་སི་སྟེ་བོད་སྐད་དུ་དམར་གཙང་དགོན་པར་འབོད་པ་དེ་ཡིན་ལ། ད་ལྟ་སྲིད་འཛིན་ས་ཁོངས་ལྟར་ཧའོ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང(互助土族自治县)གི་ཁོངས་གཏོགས་སུ་ཚུད་ཡོད།
     དམར་གཙང་དགོན་པ་ནི་དམར་གཙང་བྲག་འདབས་སུ་ཆགས་ཤིང་། ཁ་ལྷོ་ཕྱོགས་སུ་གཏད་ཡོད་ལ། དེར་བྲག་ངོས་སུ་བཏོད་པའི་སྒྲུབ་ཕུག་འགའ་དང་། ཐོག་སོ་གསུམ་ཅན་གྱི་འདུ་ཁང་གཅིག  ལྷ་ཁང་གཅིག  གྲྭ་ཤག་འགའ་ལས་མེད་ན་ཡང་། བསྟན་པ་ཕྱིར་དར་སྐབས་ཀྱི་མཁས་པ་མི་གསུམ་དང་། བླ་ཆེན་དགོངས་པ་རབ་གསལ། རྒྱ་ནག་གི་ཧ་ཤང་གཉིས་སོགས་ཀྱིས་གནས་འདི་ནས་སྒྲུབ་པ་སྙིང་བོར་མཛད་དེ་སངས་རྒྱས་ཀྱི་བསྟན་པ་བསྐྱངས་པས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་གྲགས་པ་ཧ་ཅང་ཆེ།
     དགོན་རྙིང་འདི་ལ་དམར་གཙང་དགོན་པ་ཞེས་པའི་བོད་མིང་ཞིག་དང་། “པའེ་མཱ་སི”ཟེར་བའི་རྒྱ་མིང་གཉིས་འདུག་ལ། དེ་ལས་བོད་མིང་དམར་གཙང་དགོན་པ་ནི་མཁས་པ་མི་གསུམ་གྱི་ཡ་གྱལ་དམར་ཤཱཀྱ་མི་ནེ་དང་། གཙང་རབ་གསལ་གཉིས་གནས་འདིར་ཕེབས་པ་ནས་བཟུང་། དེ་གཉིས་ཀྱི་མཚན་ཟུར་ནས་བྲེས་ཏེ་མིང་དུ་བཏགས་པར་བོད་ཀྱི་ཆོས་འབྱུང་ཁུངས་མ་རྣམས་སུ་བཤད་ལ། རྒྱའི་མིང“པའེ་མཱ་སིའི”ལ་བཤད་ཚུལ་གྲགས་ཆེ་བ་གཉིས་ཏེ། ཁ་ཅིག་གིས་ཧི་ནན་ལོ་དབྱང་གི“པའེ་མཱ་སི”ནི་རྒྱ་ནག་གི་ནང་བའི་དགོན་པ་ཐོག་མ་དང་། དམར་གཙང་དགོན་པ་ནི་མདོ་སྨད་ཀྱི་ནང་བའི་དགོན་པ་ཐོག་མ་ཡིན་པས། ཧི་ནན་ལོ་དབྱང་གི་དགོན་པའི་མིང་གཡར་ཏེ་དེ་ལྟར་བཏགས་པར་འདོད་པ་དང་། ཡང་ཁ་ཅིག་གིས་རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་མཆོག་སོག་པོས་གདན་ཞུས་ལྟར། སྤྱི་ལོ1584ལོར་ཟི་ལིང་བརྒྱུད་དེ་སོག་ཡུལ་དུ་ཕེབས་སྐབས། བཅིབས་རྟ་དཀར་པོ་དེ་དགོན་པའི་ཉེ་འདབས་སུ་ཤི་བ། ས་དེ་ཀའི་དད་ལྡན་མང་ཚོགས་རྣམས་ཀྱིས་རྟེན་དུ་བཞེངས་ཏེ་དགོན་པར་མཆོད་པས། དགོན་མིང་ཡང“པའེ་མཱ་སི”རུ་འགྱུར་པར་བཤད་ཀྱང་མ་དག་པ་ཆེན་པོ་སྟེ། ལར་བཅིབས་རྟ་ཤི་བ་བདེན་དུ་ཆུག་ཀྱང་། བོད་མིས་དེ་རྒྱུ་མཚན་དུ་བྱས་ཏེ་དགོན་པར་རྒྱ་ཡིག་གི་མིང་མི་འདོགས་པ་ནི་བྱིས་པ་མཐོ་གང་གིས་ཀྱང་ཤེས་སླ་བས་སོ། །
     དོན་དུ་དམར་གཙང་དགོན་པར“པའེ་མཱ་སི”ཟེར་དོན་ལ། ཡུལ་དེ་ཀའི་ལོ་རྒྱུས་སྨྲ་བ་ཚོར་གནའ་ནས་ད་བར་དུ་མ་ཉམས་པའི་ངག་རྒྱུན་ཞིག་འདུག་ལ། དེས་དམར་གཙང་དགོན་པའི་རྒྱ་ཡིག་གི་མིང“པའེ་མཱ་སི”ཞེས་པ་དེ་ཧི་ནན་ལོ་དབྱང་གི“པའེ་མཱ་སི”དང་། རྒྱལ་དབང་སྐུ་ཕྲེང་གསུམ་པའི་བཅིབས་རྟ་གཉིས་ལ་འབྲེལ་བ་ཅི་ཡང་མེད་པ་ར་སྤྲོད་ཐུབ། ཁོ་བོས་དེ་ཀར་ཡུལ་དངོས་རྟོག་ཞིབ་བྱེད་སྐབས་ངག་རྒྱུན་དེ་ལག་སོན་བྱུང་བ་ཇི་བཞིན་ཡི་གེར་བཀོད་ན། དེ་ཡང་སྤྱི་ལོ་དུས་རབས་བདུན་པའི་དུས་འགོར། བོད་བཙན་པོས་མངའ་ཁོངས་ཤར་ཕྱོགས་སུ་རྒྱ་བསྐྱེད་དེ་དམག་གི་རུ་དཔུང་མཐའ་རུ་བཏེགས་པར། བོད་དམག་གི་དཔུང་སྡེ་ཞིག་གནས་འདིར་གཏན་སྡོད་བྱས་པས། དེ་ཚོས་དམར་གཙང་དགོན་པའི་གནས་འདིར་ལྷ་ཁང་ཞིག་ཕྱག་བཏབ་ཅིང་། ནང་དུ་རྒྱུ་རྡོ་ལས་བྱས་པའི་སྐུ་ཆེན་པོ་ཞིག་བཞེངས། (བོད་ཀྱི་གནའ་དཔྱད་པ་ལ་ལས་དམར་གཙང་ལྷ་ཆེན་དུ་འབོད་ཅིང་། འདི་དང་དེང་གི་ཞོང་ཤན་ལྷ་ཆེན་སོགས་ནི་བོད་ཀྱི་བཟོ་བོ་སྐྱུར་རའི་ལུགས་སུ་བཞེད་ལ། དེས་བཞེངས་པའི་སྐུ་ཐམས་ཅད་ཧ་ཅང་ཆེ་བས་སྐྱུར་ར་ལྷ་ཆེན་དུ་འབོད་པར་གྲགས) རུ་འདྲེན་སྐབས་ལྷ་ཁང་དུ་བསང་གཏོང་དང་། མཆོད་སྦྱིན་སོགས་ཀྱི་ཆོ་ཀ་སྤེལ་ཏེ་ལྷ་ལ་སྐྱབས་འཇུག་ཞུ་བར་བྱེད་ལ། མི་རྣམས་ཀྱིས་ལྷ་ཁང་དེའི་མིང་ལ“བོད་དམག་ལྷ་ཁང”ཞེས་བཏགས་པ་གང་ཞིག ཡུལ་དེ་ཀའི་རྒྱ་མི་རྣམས་ཀྱིས་ལྷ་སའི་སྐད་ཀྱི“བོད་དམག”ལ་རྒྱ་སྐད་ཀྱིས“蕃米”ཞེས་བརྗོད་པ་རིམ་གྱིས“白马”རུ་གྱུར། རྗེས་སུ་རྒྱ་ནག་གི་ཧ་ཤང་གཉིས་འདིར་ཕེབས་ཏེ་སྒོམ་སྒྲུབ་མཛད་ཅིང་དགེ་འདུན་གྱི་སྡེ་བཙུགས་པས། དེ་ནས་བཟུང་ལྷ་ཁང་དགོན་པ་རུ་གྱུར་ཏེ་རྒྱ་སྐད་ཀྱི“白马寺”ཞེས་པའི་དགོན་མིང་དེ་རྒྱུན་འཇགས་སུ་སོང་བ་ཡིན་འདུག  དེ་ལྟར་ན་དམར་གཙང་དགོན་པ་འདིའི་དགོན་མིང་ལ་དུས་ཀྱི་སྒོ་ནས་འགྱུར་ལྡོག་རིམ་པ་གསུམ་བྱུང་བ་གསལ་ཏེ། ཐོག་མར་བོད་དམག་ལྷ་ཁང(白马庙)དང་། བར་དུ་བོད་དམག་དགོན་པ།(白马寺)  མཐའ་མར་དམར་གཙང་དགོན་པའོ(玛什藏扎寺)། །དེ་བས་དོན་ལ“白马寺”ཞེས་པ་ནི“བོད་དམག་ལྷ་ཁང”ཞེས་པ་རྒྱ་ཡིག་ཏུ་ཕར་སྒྲ་བསྒྱུར་བྱས་པ་ཡིན་པས། དོན་ལ་དེ་ཡང་བོད་མིང་ཡིན་པ་ཞར་ལ་ཤེས་པར་བྱའོ། །
     བླ་ཆེན་དགོངས་པ་རབ་གསལ་ལ་དགེ་སློང་གི་སྡོམ་པ་གནང་རྗེས། རྒྱ་ནག་གི་ཧ་ཤང་གཉིས་ཕྱིར་དམར་གཙང་དགོན་པར་ཕེབས་པ་མ་ཟད། དམར་གཙང་དགོན་པ་གདན་ས་བྱས་ཏེ་སྐུ་ཚེ་གང་བོར་འགྲོ་དོན་མཛད་དེ་སྐུའི་བཀོད་པ་བསྡུས་ཤིང་། དེ་གཉིས་ཀྱི་སྐུ་རྟེན་དུ་བཞེངས་པ་ད་ལྟའང་དམར་གཙང་དགོན་དུ་བཞུགས་ཡོད་ལ། བསྟན་པ་སྔ་དར་སྐབས་ཀྱི་དགོན་རྙིང་ཨན་ཆུང་དབེན་ས་དང་། ལོ་རྡོ་རྗེ་བྲག་ར། དན་དིག་ཤེལ་གྱི་ཡང་དགོན་སོགས་ན། མཁས་པ་མི་གསུམ་དང་། བླ་ཆེན་དགོངས་པ་རབ་གསལ་དག་གི་རྟེན་ལས་རྒྱ་ནག་གི་ཧ་ཤང་གཉིས་ཀྱི་རྟེན་བཞེངས་མེད་པས། དེས་ཀྱང་དམར་གཙང་དགོན་པ་ནི་རྒྱ་ནག་གི་ཧ་ཤང་གཉིས་ཀའི་གདན་ས་ཡིན་པ་བདེན་དཔང་བྱས་ཡོད།
     གཉིས། རྒྱ་ནག་གི་ཧ་ཤང་གཉིས་ཀྱི་རྩ་བའི་བླ་མ་ནི་ལོ་ཆེན་ཡེ་ཤེས་དབྱངས་ཡིན་པའི་སྐོར་གྱི་དོགས་སློང་།
     བོད་ཀྱི་ཆོས་འབྱུང་ཁག་ཏུ་རྒྱ་ནག་གི་ཧ་ཤང་གཉིས་ཀྱི་གྲངས་ཀ་དང་མིང་ཡིག་ལ་འབྲི་ལུགས་མི་གཅིག་པ་མང་པོ་བྱུང་འདུག་སྟེ། 《བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ》རུ། “བ་ཡན་ཚོང་འདུས་ན་རྒྱ་ནག་གི་ཧ་ཤང་ཀེ་ཝང་དང་གྱིམ་ཕག”[3]ཅེས་དང་། 《ལྡེའུ་ཆོས་འབྱུང》བསྡུས་པ་རུ། ཀ་བ་དང་གན་འབག  《བུ་སྟོན་ཆོས་འབྱུང》དུ། “རྒྱ་ནག་ཧྭ་ཤང་ཀེ་བང་དང་། གྱི་བན་བྱ་བ་གཉིས་བཙལ་ཏེ་བཏང་ངོ”[4]ཞེས་དང་། མཁས་དབང་ཚེ་ཏན་ཞབས་དྲུང་ཚང་གི《བླ་ཆེན་དགོངས་པ་རབ་གསལ་གྱི་རྣམ་ཐར》རུ། ཀེ་བན་དང་གྱི་ཕན། རྒྱ་ནག་གི་མཁས་དབང་ཕུ་ཝིན་ཁྲིན(蒲文成)གྱི《མཚོ་སྔོན་ནང་བསྟན་ལོ་རྒྱུས》(青海佛教史)སུ། ཀེ་ཝིན(葛文)དང་གྱི་ཕིན།(蓟蓬) རྒྱ་ནག་གི་བོད་རིག་པའི་ཞིབ་འཇུག་པ་ཝང་སིན(王森)གྱི《བོད་ཀྱི་ནང་བསྟན་འཕེལ་བའི་ལོ་རྒྱུས་བསྡུས་མ》(西藏佛教发展史略)རུ། ཀོ་བང“果旺”དང་གྱི་བན“基班”ཞེས་བྲིས་འདུག་ལ། དེ་གཉིས་ཀྱི་གཞིར་འཛིན་ས་ནི་བོད་ཀྱི་ཆོས་འབྱུང་ཡིན་པ་ཚེགས་མེད་དུ་རྟོགས་ནུས། ཡང་བོད་ཀྱི་ཆོས་འབྱུང《དབའ་བཞེད》ཕྱོགས་བསྒྲིགས་སུ། གྱིམ་ཕག་ཁོ་ན་ལས་བྲིས་མི་འདུག་ལ། ཚལ་བའི《དེབ་ཐེར་དམར་པོ》རུ། ཧ་ཤང་གཉིས་ཤིག་ཡོད་པ་ལས་སོ་སོའི་མིང་ཡིག་བྲིས་མེད་ཅིང་། ས་སྐྱ་བསོད་ནམས་རྒྱལ་མཚན་གྱི《རྒྱལ་རབས་གསལ་བའི་མེ་ལོང》དུ། རྒྱ་ནག་གི་ཧ་ཤང་གཉིས་ཤིག་གདན་དྲངས་པ་གཏན་ནས་ཁས་བླངས་མེད། ཡང《ལྡེའུ་ཆོས་འབྱུང》དུ། “རྒྱ་ནག་གི་ཧ་ཤང་སྐྱེ་བ། ཧ་ཤང་གིམ་འབག   བླ་ཆེན་པོ་གསུམ་རབ་ཏུ་བྱུང་ནས། བླ་ཆེན་པོ་ལ་དགེ་བ་གསལ་དུ་བཏགས”[5]ཞེས་བྲིས་འདུག་ཀྱང་། དེ་དུས་ཀྱི་ལོ་རྒྱུས་དངོས་དང་ཅུང་མི་མཐུན་སྙམ། དམར་གཙང་དགོན་པར་བཞུགས་པའི་རྒྱ་ནག་གི་ཧ་ཤང་གཉིས་ཀྱི་སྐུའི་བྱང་བུའི་སྟེང་དུ། རྒྱའི་དགེ་སློང་ཀོ་བང(皈万)དང་གྱི་བན(济万)ཞེས་བྲིས་འདུག་ལ། དེའི་གཞིར་འཛིན་ས་ནི《བུ་སྟོན་ཆོས་འབྱུང》ཡིན་ངེས་ཏེ། ཀེ་བང་དང་ཀོ་བང་ཞེས་དབྱངས་ཀྱི་ཁྱད་པར་ཙམ་ལས་འདྲའོ། །
     རྒྱ་ནག་གི་ཧ་ཤང་གཉིས་ཀྱི་རྩ་བའི་བླ་མ་སུ་ཡིན་པའི་སྐོར་བོད་ཀྱི་ཆོས་འབྱུང་ཁག་ཏུ་ཡི་གེ་ན་གཅིག་ཀྱང་བྲིས་མི་འདུག་ཀྱང་། དེ་གཉིས་ནི་ལོ་ཆེན་ཡེ་ཤེས་དབྱངས་ཀྱི་སློབ་མ་ཡིན་པའི་དོགས་གཞི་ཆེ་བས་ཅུང་ཟད་ཅིག་སྤྲོས་ན། ལོ་ཆེན་ཡེ་ཤེས་དབྱངས་ནི་བོད་ཀྱི་རྗེ་འབངས་ཉེར་ལྔའི་བཅུ་གཉིས་པར་བགྲང་ལ། རྙིང་མའི་ཆོས་འབྱུང་དུ། “ཡེ་ཤེས་དབྱངས་ནི་མཁའ་སྤྱོད་གནས་སུ་གཤེགས”[6]ཞེས་བཀོད་འདུག  དེང་གི་རིག་པ་སྨྲ་བ་འགས་ལོ་ཆེན་ཡེ་ཤེས་དབྱངས་ནི་སྤྱི་ལོ758ལོར་མདོ་སྨད་ཀྱི་སྲིན་པོ་རྫ་འདབས་སུ་འཁྲུངས་པར་བཤད་ཅིང་། ཁོ་བོ་ཡང་དེ་ལ་ཧ་ཅང་འཐད་མོད། སྟོང་ཁུང(敦煌)གི་ཡིག་ཆ་ཨང་རྟགས་P.T.996པར་ཁོང་གི་འཁྲུངས་ལོ་སྤྱི་ལོ758ཡིན་པར་བཤད་པ་ལས། འཁྲུངས་ཡུལ་སྲིན་པོ་རྫ་འདབས་ཡིན་པ་མི་གསལ་བས་ད་དུང་དཔྱད་དགོས་སོ། །ལོ་ཆེན་ཡེ་ཤེས་དབྱངས་ནི“རྒྱལ་པོ་མྱེས(ཁྲི་སྲོང་ལྡེ་བཙན)ཀྱི་རིང་ལ་རབ་དུ་བྱུང་ནས། ཆོས་གྲར་ཆོས་བསླབས་པའི”[7]དགེ་སློང་ཞིག་སྟེ། སྐུ་ན་ཕྲ་དུས་ཡུལ་མདོ་སྨད་དུ་རྒྱའི་རིག་གནས་ལ་ཐོས་བསམ་མཛད་པའི་སྐལ་བ་ཐོབ་ཅིང་། ཕྱིས་སུ་ལྷ་ལྡན་དུ་ཕེབས་ཏེ་རྒྱ་གར་གྱི་རིག་གནས་ལའང་ཐོས་བསམ་དཀྱིས་གཅིག་ཏུ་མཛད་པས། རྒྱ་དཀར་ནག་གཉིས་ཀའི་ལོ་ཙཱར་བྱང་སྟེ“ལོ་ཆེན”གྱི་གོ་མིང་རེག་ཅིང་། ཁྲི་རལ་བ་ཅན་གྱི་དུས་སུ་ཐང་བོད་དབར་མནའ་འབྲེལ་བྱུང་སྟེ་ཡུལ་གཉིས་སུ་རྡོ་རིང་བཞེངས་སྐབས། འདི་བས་ལོ་ཙཱའི་འགན་བཞེས་པས་བོད་ཀྱི་ཆོས་འབྱུང་ཁག་ཏུ་ཐང་བོད་དམག་འཁྲུག་གི་སྐབས་སུ“དགེ་འདུན་མང་པོས་བར་འདུམ་མཛད”ཅེས་པའི་ཁྲོད་དུ་ལོ་ཆེན་ཡེ་ཤེས་དབྱངས་ཡོད་ངེས་ཏེ། རྒྱུ་མཚན་ནི་སི་ཁྲོན་སློབ་ཆེན་གྱི་རྒྱ་ནག་གི་གནའ་དཔྱོད་པ་ཧོ་ཝེས(霍巍)“ལོ་ཆེན་ཡེ་ཤེས་དབྱངས་ཐང་བོད་མནའ་འབྲེལ་ལ་ཞུགས་པ་མ་ཟད”[8]ཅེས་གསལ་བོར་བྲིས་ཡོད་པས་སོ། །
     གཞན་དུ་ན་བོད་ལྗོངས་ཆབ་མདོའི་འདན་མ་དང་། མཚོ་སྔོན་ཡུལ་ཤུལ་གྱི་འབྲི་ཁོག(འདི་ལ་ཞིབ་འཇུག་པའི་སྡེས་ད་ལྟ་ད་དུང་འབིས་རྣམ་སྣང་ཞེས་འབོད་བཞིན་འདུག)  ཀན་སུའུ་འབྲོང་ཡུལ་གྱི་རྟ་རྨིག་དགོན་པ་སོགས་སུ། ལོ་ཆེན་ཡེ་ཤེས་དབྱངས་ཀྱིས་སྣེ་ཁྲིད་དེ་བཞེངས་པའི་བྲག་ལ་འབུར་དུ་བཏོད་པའི་སྐུ་གཟུགས་དང་། བྲག་བརྐོས་ཡི་གེ་མང་པོ་ཡོད་ལ། དེ་དག་གི་བཟོ་བོའི་ཁྲོད་དུ་རྒྱ་ནག་གི་བཟོ་བོ་མང་སྟེ། དཔེར་ན་བོད་ལྗོངས་ཆབ་མདོའི་འདན་མའི་བྲག་བརྐོས་ཡི་གེའི་ཁྲོད་དུ་བྱུང་བའི་དགེ་སློང་སྟག་ལོ་གཐན་དང་། དགེ་སློང་ཞེ་ཧྲའི། དགེ་སློང་གསེང་པབ་ཤིན་དང་ཡེན་དམ་ཡེས། རྒྱ་ཧུན་བོང་ཙེང་སྤང་། ཧྭ་ཧོའུ་ཇིན་སོགས་ནི་རྒྱ་རིགས་ཡིན། དེས་ལོ་ཆེན་ཡེ་ཤེས་དབྱངས་ཀྱི་སྐལ་ལྡན་ལས་འཕྲོ་ཅན་ལས་རྒྱ་རིགས་མང་པོ་ཡོད་པ་གསལ་བཤད་བྱས་ཡོད།
     ཡང་ད་ལྟ་པཱ་ལིའི་རྒྱལ་ཁབ་དཔེ་མཛོད་ཁང་དུ་ཉར་བའི་སྟོང་ཁུང(敦煌)གི་ཡིག་ཆ་ཨང་རྟགས་P.T.996ནི། 《ནམ་མཁའི་སྙིང་པོའི་དགེ་བའི་བཤེས་གཉེན་གྱི་རྒྱུད་མདོར་བཤད་པ》ཞེས་པ་དེ་ཡིན་ལ། དེའི་མཁན་རྒྱུད་ནི་འདི་ལྟ་སྟེ།
     “རྒྱ་གར་གྱི་མཁན་པོ་ཨ་རྟན་ཧྱྭེར—རྒྱ་ནག་གི་བེའུ་སིང་ཧ་ཤང—རྒྱ་ནག་གི་མན་ཧ་ཤང—བོད་ཀྱི་ནམ་མཁའི་སྙིང་པོ—བོད་ཀྱི་ལོ་ཆེན་ཡེ་ཤེས་དབྱངས།”[10]མཁན་རྒྱུད་འདིའི་ཁྲོད་དུ་རྒྱ་ནག་གི་ཧ་ཤང་གཉིས་ཡོད་ལ། དེས་ཀྱང་ལོ་ཆེན་ཡེ་ཤེས་དབྱངས་ནི་རྒྱའི་རིག་གནས་ནང་བྱན་ཆུད་པའི་ལོ་ཙཱ་བ་ཆེན་པོ་ཞིག་ཡིན་པ་ར་སྤྲད་ཡོད། ཡང་འཕྲོས་དོན་ལ། གོང་གི་མཁན་རྒྱུད་ལས་རྒྱ་གར་གྱི་མཁན་པོའི་མཚན་ནོར་འདུག་སྟེ། “ཨརྟན”ཞེས་པའི་མིང་གི་ཏ་ཡིག་སྟེ་ཧ་ཡིག་ཏུ་བསྒྱུར་ན“ཨརྷན”དུ་འགྱུར་ལ། སྔགས་ཀྱི་བཀླག་ཐབས་ལྟར་ན། བརྩེགས་པའི་གོང་མ་ཐོག་མ་དབང་བས། རྷ་ཡིག་གི་འགོ་ཅན་ར་ཡིག་ཨ་ཡིག་གི་རྗེས་འཇུག་ཏུ་སྦྱར་ན། “ཨརྷནཧྱྭེར” ཞེས་པར་འགྱུར་ལ། དེ་ནི“དགྲ་བཅོམ་པ” ཞེས་པའི་སྐད་དོད་ཡིན་པས། དོན་ལ་རྒྱ་གར་གྱི་དགྲ་བཅོམ་པ་ཧྱྭེར་ཞེས་པ་དག་གམ་སྙམ།
     ལོ་ཆེན་ཡེ་ཤེས་དབྱངས་ཀྱིས་སྐུ་ཚེ་གང་བོར་ཆོས་སྲིད་ལུགས་གཉིས་ཀྱི་འཕྲིན་ལས་བསྐྱངས་ཤིང་། སྐུ་ཚེའི་སྨད་དུ་ཡུལ་མདོ་སྨད་ཀྱི་ཕྱོགས་སུ་ཞབས་བསྒྱུར་ཏེ། རྨ་ཙོང་གི་ཡུལ་གྲུ(河湟流域)ཀུན་ཏུ་སྐལ་ལྡན་མང་པོ་སྨིན་གྲོལ་ལ་བཀོད་ཅིང་། ཨན་ཆུང་དགོན་པའི་ཁྲི་པ་ཐེངས་གཉིས་མཛད་དེ། མཐར“ལོ་བརྒྱད་ཅུ་ལོན་ཏེ། རྟའྀ་ལོའི་སྟོན་སླ(ཟླ)ར་བའྀ་ཚེས་བརྒྱད(སྤྱི་ལོ838ལོའི་ཟླ7ཚེས8)ལ། ཁྲི་ག་མོང་ཡོག་མདའ་ན། ཚིག་རྩ་ནམ་ཀའྀ་སྙྀང་པོའི་དབེན་སར། སྔོ་དྲོ་མ་ཡོས་བཞྀན་དུ་ཚེས་འདས་ཏེ།”[11]  སྤུར་ཨན་ཆུང་དབེན་སར་བཞུགས་ཞེས་སྟོང་ཁུང(敦煌)གི་ཡིག་ཆ་ཨང་རྟགསP.T.996པར་གསལ་བོར་བཀོད་འདུག་པ་ལྟར་རོ། །
     གོང་གི་ཡིག་ཆ་དག་ལ་རིགས་འདེད་བྱས་ན། རྒྱ་ནག་གི་ཧ་ཤང་གཉིས་ཀྱི་རྩ་བའི་བླ་མ་ལོ་ཆེན་ཡེ་ཤེས་དབྱངས་ཡིན་པའི་སྡོམ་ཚིག་འདི་དག་ཐོབ་སྟེ།
     ཀ   བྲག་བརྐོས་ཡི་གེའི་བཟོ་བོ་ཁྲོད་དུ་རྒྱ་རིགས་མང་པོ་ཡོད་པ་ལས། ལོ་ཆེན་ཡེ་ཤེས་དབྱངས་ཀྱི་སློབ་མའི་ཁྲོད་དུ་རྒྱ་ནག་མང་པོ་ཡོད་པ་དང་ཧ་ཤང་གཉིས་ནི་དེའི་ཁྲོད་ཀྱི་གཅིག་ཡིན་ཆོག་པ།
     ཁ 《ནམ་མཁའི་སྙིང་པོའི་དགེ་བའི་བཤེས་གཉེན་གྱི་རྒྱུད་མདོར་བཤད་པ》ལས་རྒྱའི་མཁན་པོ་གཉིས་འབྱུང་བས། འདི་ནི་རྒྱ་བོད་གཉིས་འདུས་ཀྱི་མཁན་རྒྱུད་ཅིག་ཡིན་པ་ཤེས་ཐུབ་ཅིང་། རྒྱ་བོད་གཉིས་ཀྱིས་ཕན་ཚུན་མཁན་སློབ་ཏུ་བསྟེན་པ་དང་། རྒྱ་ནག་གི་ཧ་ཤང་གཉིས་ལོ་ཆེན་ཡེ་ཤེས་དབྱངས་ཀྱི་སྐུ་མདུན་ནས་རབ་ཏུ་བྱུང་བའི་དོགས་གཞི་ཆེ་བ།
     ག  རྒྱ་ནག་གི་ཧ་ཤང་གཉིས་རྒྱའི་ཡུལ་ནས་བོད་ལ་ཕེབས་པའི་ལོ་རྒྱུས་མི་སྣང་བས། དེ་གཉིས་ནི་ཐང་དམག་མདོ་སྨད་དུ་ལུས་པའི་རྒྱུད་པ་ཡིན་ངེས་ལ། ལོ་ཆེན་ཡེ་ཤེས་དབྱངས་མདོ་སྨད་དུ་ཕྱག་ཕེབས་ཏེ་ཁྲི་ཀ་གོང་འོག་ཏུ་སྐལ་ལྡན་མང་པོ་རྗེས་སུ་བཟུང་སྐབས། ཧ་ཤང་གཉིས་ཀྱིས་ལོ་ཆེན་ཡེ་ཤེས་དབྱངས་ལས་མཁན་རྒྱུད་འདིའི་ཆོས་རྒྱུད་རྫོགས་པར་མནོས་རྗེས། དགེ་བའི་བཤེས་གཉེན་གྱིས་བཀའ་བཞིན་དམར་གཙང་དགོན་དུ་ཕྱག་ཕེབས་ཏེ་དེ་རུ་བསྟན་པ་བསྐྱངས་པ་བཅས་སོ། །
     གསུམ། རྒྱ་ནག་གི་ཧ་ཤང་གཉིས་དང་བསྟན་པ་ཕྱིར་དར་དབར་གྱི་འབྲེལ་བ་བཤད་པ།
     བསྟན་པ་ཕྱིར་དར་ལ། བླ་ཆེན་དགོངས་པ་རབ་གསལ་གྱིས་དགེ་སློང་གི་སྡོམ་པ་བཞེས་སྐབས། བོད་ཀྱི་རྒྱལ་པོ་གླང་དར་མས་བསྟན་པ་བསྣུབས་ཏེ་བོད་ན་དགེ་སློང་གི་མིང་ཡང་མེད་པས། མཁས་པ་མི་གསུམ་གྱིས་བ་ཡན་ཚོང་འདུས་ནས་རྒྱ་ནག་གི་ཧ་ཤང་གཉིས་ཤིག་འདུལ་བའི་ཁ་སྐོང་དུ་གདན་དྲངས་ཤིང་། དེར་མཁན་པོ་ལྔའི་གྲངས་ཚང་སྟེ་བླ་ཆེན་དགོངས་པ་རབ་གསལ་ལ་དགེ་སློང་གི་སྡོམ་པ་འབོག་པར་བཤད། འདིས་དོན་གཉིས་བསྟན་ཏེ། གཅིག  རྒྱལ་པོ་གླང་དར་མས་བསྟན་པ་བསྣུབས་པས་བོད་ན་དགེ་སློང་གི་མིང་ཡང་མེད་པ། གཉིས། དགེ་སློང་མེད་པས་རྒྱ་ནག་གི་ཧ་ཤང་གཉིས་འདུལ་བའི་ཁ་སྐོང་དུ་གདན་དྲངས་པ་བཅས་སོ། །དོན་ལ་བཤད་ཚུལ་འདི་ནི་མ་དག་པ་ཆེན་པོ་སྟེ།
     ཀ   རྒྱལ་པོ་གླང་དར་མས་བསྟན་པ་མ་བསྣུབས་པ།
     བོད་ཀྱི་ཡིག་ཆར་དུས་རབས་དགུ་བའི་སྔོན་གྱི་ཡིག་ཆ་དང་དུས་རབས་བཅུ་གཅིག་པའི་རྗེས་ཀྱི་ཡིག་ཆ་སྟེ། དུས་ཀྱི་སྒོ་ནས་རིགས་ཆེན་པོ་གཉིས་སུ་བགར་ཆོག་ལ། དེ་ལས《དབའ་བཞེད་ཞབས་བཏགས་མ》སོགས་ཆོས་འབྱུང་ཕལ་མོ་ཆེས་མཐའ་གཅིག་ཏུ་རྒྱལ་པོ་གླང་དར་མས་བསྟན་པ་བསྣུབས་པར་བཤད་ལ། ཡང《ཆོས་འབྱུང་མེ་ཏོག་སྙིང་བོའི་སྦྲང་རྩིའི་བཅུད》སོགས་རེ་འགས་ཐོག་མར་བསྟན་ལ་དད་དེ་ལྷ་ཁང་བཞེངས། རྗེས་སུ་སྙིང་ལ་གདོན་ཞུགས་ཏེ་བསྟན་པ་བསྣུབས་ཟེར། འོན་ཏེ་དུས་རབས་དགུ་བའི་སྔོན་གྱི་ཡིག་ཆ་ཁུངས་མ་རྣམས་སུ། རྒྱལ་པོ་གླང་དར་མས་བསྟན་པ་བསྣུབས་པ་གཏན་ནས་ཁས་མི་ལེན་ཏེ། ད་ལྟ་པཱ་ལིའི་རྒྱལ་ཁབ་དཔེ་མཛོད་ཁང་དུ་བཞུགས་པའི་སྟོང་ཁུང་གི་ཡིག་ཆ་ཨངP.T.134པ། 《འུའི་དུན་བརྟན་གྱི་བསྔོ་ཡིག》ཅེས་པའི་ཤོག་དྲིལ་དུ། “བཙན་པོ་འུའི་དུན་བརྟན(འུ་དུམ་བརྟན)གྱི་ཞ་སྔ་ནས་ཀྱང་། ཚེའི་བར་ཆད་ཀྱི་བགེགས་དང་བྲལ་ཏེ། ཚེ་ལ་དབང་ཐོབ་པར་སྨོན་ནོ། །གཙུག་ལག་ཁང་དང་མཆོད་རྟེན་གསར་བརྩིགས་ཤིང་རྙིང་བཅོས་པ་ཡང་ལྷ་དང་མྱིའི(མིའི)མཆོད་པའི་རྟེན་ནམ་ཉི་མ་དང་ཟླ་བ་ཡོད་ཀྱི་བར་དུ་དམ་པའི་ཆོས་མྱི་འཇིག་ཅིང་གནས་པར་གྱུར་ལ་འགྲོ་བ་མང་པོའི་བསོད་ནམས་ཀྱི་གཞིར་གྱུར་ཅིག”[12] ཅེས་པའོ། །
     འདི་ལས་ང་ཚོས་རྒྱལ་པོ་གླང་དར་མས་ལྷ་ཁང་དང་མཆོད་རྟེན་རྙིང་པ་ཞིག་གསོ་དང་། གསར་བ་གསར་བརྩིགས་བྱས་པ་ཤེས་ཐུབ་ལ། ཡང་མཁས་པའི་དབང་བོ་མཁར་རྨེའུ་བསམ་གཏན་རྒྱལ་མཚན་ལགས་ཀྱིས་ཕྱིའི་རྒྱལ་ཁབ་ནས་རྙེད་པའི་སྟོང་ཁུང་གི་ཡིག་ཆ་རྩ་ཆེན་ཞིག་ཏུ། “ལྷ་སྲས་དར་མ་མན་ཅད(ཆད)དང་། །འོད་སུས(སྲུང)དབོན་སྲས་མན(ཡན)ཆད་དུ། །སྤྱི་ནི་དར་ཅིང་རྒྱས་ཅེས(ཆེས)པས། །མྱིར་སྐྱེས་ཀུན་ཀྱང་འགྲུབ་པར་བཞེད། །”[13]ཅེས་འབྱུང་བས། འདིས་རྒྱལ་པོ་གླང་དར་མས་བསྟན་པ་མ་བསྣུབས་པ་བདེན་དཔང་བྱས་ཡོད། རྒན་མཁར་རྨེའུ་ལགས་ཀྱིས“ལོ་རྒྱུས་འདི་དུས་རབས་དགུ་བའི་ཕྱེད་གཉིས་པའི་ནང་བྲིས་པར་ངེས། འདི་ཏུང་ཧོང་ཡིག་རྙིང་གི་གྲས་ནས་སྤྱི་ལོ1976ལོར་བདག་གིས་རྙེད། དེ་སྔོན་མཁས་པ་སུ་གང་གིས་གཟིགས་མི་འདུག་པས་བོད་ཀྱི་ལོ་རྒྱུས་མཁན་ཚོ་ལ་སྐྱེས་སུ་འབུལ”[14]ཞེས་གསུངས་པས་ཡིག་ཆ་ཁུངས་བཙུན་ཞིག་ཡིན་པ་ལྟ་སྨོས་ཀྱང་ཅི་དགོས། གཞན་ཡང“སྟོང་ཁུང་གི་ཡིག་ཆ་ཨངP.T.999ཡི་ནང་དུ། རྒྱལ་པོ་གླང་དར་མས་བསྟན་པ་བསྣུབས་པའི་ལོ་གཉིས་པ་སྟེ། སྤྱི་ལོ844ལོར་སྟོང་ཁུང་གི་དགེ་འདུན་པས་འོད་སྲུང་མ་བུ་གཉིས་ལ་སྨོན་ལམ་འཚོགས་ཤིང་། དེར་དགེ་འདུན་པ་ཉིས་སྟོང་བདུན་བརྒྱ་ལྷག་འདུས”[15]པར་བཤད་པས། གོང་གི་ཡིག་ཆ་རྩ་ཆེན་དག་ལས་ང་ཚོས་རྒྱལ་པོ་གླང་དར་མས་བསྟན་པ་མ་བསྣུབས་པ་རྟོགས་སླའོ། །འདི་ལྟ་བུའི་སྒྲུབ་བྱེད་ད་དུང་མང་མོད་སྐབས་སུ་མ་བབ་པས་དེ་ཙམ་གྱི་འཐུས་པར་བྱས། གང་ལྟར་བོད་ཀྱི་མཁས་པ་མི་གསུམ་མདོ་སྨད་དུ་སླེབས་དུས། ཡུལ་མདོ་སྨད་དུ་འདུལ་བ་གཙང་ངེས་ཀྱི་དགེ་འདུན་པ་གྲངས་མེད་པ་བཞུགས་ཡོད་པས། འདུལ་བའི་ཁ་སྐོང་དུ་རྒྱ་ནག་གི་ཧ་ཤང་གཉིས་ཤིག་གདན་འདྲེན་པའི་དགོས་པ་ཅང་མ་མཆིས། དེ་ལྟར་ན་མཁས་པ་མི་གསུམ་གྱིས་ཆེད་དུ་རྒྱ་ནག་གི་ཧ་ཤང་གཉིས་ཤིག་གདན་དྲངས་པར་རྒྱུ་མཚན་གཞན་ཞིག་ཡོད་པ་ཐག་གིས་ཆོད།
     ཁ། རྒྱ་ནག་གི་ཧ་ཤང་གཉིས་ནི་ཆོས་རྒྱུད་ཀྱི་ཁ་སྐོང་དུ་གདན་དྲངས་པ་ཡིན།
     བསྟན་པ་སྔ་དར་གྱི་དུས་སུ། ཡུལ་ལུང་མང་པོའི་ཆོས་ལུགས་སྔ་གཞུག་ཏུ་བོད་དབུས་གཙང་ལ་སླེབས་ཤིང་། དེ་དག་ལས་ཞང་ཞུང་གི་བོན་པོའི་ཆོས་ལུགས་དང་། རྒྱ་གར་གྱི་ནང་བའི་ཆོས་ལུགས། རྒྱ་ནག་གི་བསམ་གཏན་པའི་ཆོས་ལུགས་གསུམ་ནི་གཙོ་བོ་ཡིན། དོན་ལ་བོད་ཀྱི་ཆོས་འབྱུང་ནི་གྲུབ་མཐའ་འདི་གསུམ་གྱི་འཕེལ་འགྲིབ་ལོ་རྒྱུས་ཡིན་པར་བཤད་ཀྱང་མི་ཆོག་པ་མེད་སྙམ། ཆོས་ཀྱི་གྲུབ་མཐའ་དེ་དག་བོད་དུ་ཐོན་རྗེས་ཕན་ཚུན་བར་ལ་འགལ་བ་མང་པོ་བྱུང་བས། ཆོས་རྒྱུད་ཀྱི་ལུང་འབོག་པའི་མཁན་པོ་ལས་ལ་ལ་བསད་ཅིང་ལ་ལ་བྲོས་ཏེ། བན་བོན་གཉིས་ཀྱི་རྩོད་པ་དང་། སྟོན་རྩེན་བར་གྱི་རྩོད་པ། ཆོས་བློན་དང་སྲིད་བློན་བར་གྱི་རྩོད་པ་སོགས་བརྒྱུད་དེ་ལྷ་སྲས་དར་མ་འུ་དུམ་བརྟན་གྱི་སྐབས་སུ་སླེབས་དུས། བོད་དབུས་གཙང་དུ་གྲུབ་མཐའ་ཆེན་པོ་གསུམ་གྱི་མཁན་རྒྱུད་ཁྱོན་ཡོངས་ནས་ཉམས་ཏེ་ཆོས་ཀྱི་རྒྱུད་པ་ཆད། རྗེས་སུ་མཁས་པ་མི་གསུམ་མདོ་སྨད་དུ་ཕྱག་ཕེབས་ཏེ་གྲུབ་མཐའ་ཆེན་པོ་འདི་གསུམ་གྱི་ཆོས་རྒྱུད་ཀྱི་འཕྲོ་མཐུད་དེ་ཡང་བསྐྱར་རྒྱས་པར་མཛད་པས། འདི་ལས་ང་ཚོས་རྒྱ་ནག་གི་ཧ་ཤང་གཉིས་ནི་ཆོས་རྒྱུད་གང་ཞིག་གི་ཁ་སྐོང་དུ་གདན་དྲངས་པ་ཤེས་ཐུབ། ཡིན་ན་ཡང་བོད་ཀྱི་ཆོས་འབྱུང་ཁག་ཏུ། རྒྱ་ནག་གི་ཧ་ཤང་གཉིས་ཀྱི་ཆོས་རྒྱུད་གང་ཡིན་པའི་སྐོར་བཀོད་མི་འདུག་པས། མཇུག་མཐར་དེའི་སྐོར་ལ་ཅུང་ཟད་ཅིག་དཔྱད་པར་བྱའོ། །
     གོང་དུ་སོང་བ་ལྟར་རྒྱ་ནག་གི་ཧ་ཤང་གཉིས་ནི་ལོ་ཆེན་ཡེ་ཤེས་དབྱངས་ཀྱི་སློབ་མ་ཡིན་པས། ང་ཚོས་ལོ་ཆེན་ཡེ་ཤེས་དབྱངས་ཀྱི་ཆོས་རྒྱུད་ཤེས་ན་ཧ་ཤང་གཉིས་ཀྱི་ཆོས་རྒྱུད་ཞར་ལ་ཤེས་ཐུབ་པ་ཡིན། དེ་ལ་ད་ལྟ་པཱ་ལིའི་རྒྱལ་ཁབ་དཔེ་མཛོད་ཁང་དུ་ཉེར་བའི་སྟོང་ཁུང་གི་ཡིག་ཆ་ཨངP.T.996པ་ལྟར་ན། གནུབས་ནམ་མཁའི་སྙིང་པོའི་མཁན་རྒྱུད་ལས། རྒྱ་གར་གྱི་དགྲ་བཅོམ་པ་ཧྱཱེར་དང་། དེའི་སློབ་མ་བེའུ་སིང་ཤ་ཧང་གཉིས་ཀྱི་གྲུབ་མཐའ་གང་ཡིན་མ་བསྟན་ཀྱང་། བེའུ་སིང་ཧ་ཤང་གི་སློབ་མ་མན་ཧ་ཤང་གིས“ལྷའི་ཞལ་ཟས་གསོལ་བས་གཉིད་ཆོམས་ཏེ། གཉིན་མཚན་རྒྱུན་དུ་སྒོམ་བ་ཞིག་ཡུལ་ཙོང་ཀར་གཤེགས་ནས། སློབ་མ་མང་པོ་ལ་ཆོས་བཤད་དེ། སྒོམ་དུ་སྩལ”[16]ཅེས་གསུང་འདུག་པས། འདི་ལས་ང་ཚོས་མན་ཧ་ཤང་ནི་བསམ་གཏན་པ་ཞིག་ཡིན་པ་རྟོགས་སླ་ལ། ཡང་དེའི་སློབ་མ་གནུབས་ནམ་མཁའི་སྙིང་པོས“མཁན་པོ་མན་ཧ་ཤང་ལས། ཐེག་པ་ཆེན་པོའི་དོན་ལ་ཅིག་ཅར་འཇུག་པའི་མན་ངག་མནོས”[17]པར་བཤད་པས། མན་ཧ་ཤང་ནི་བསམ་གཏན་པའི་ཆོས་ཀྱི་ཅིག་ཅར་བའི་ལྟ་བ་འཛིན་མཁན་ཞིག་ཡིན་པའང་ཞར་ལ་ཤེས། དེས་ན་ལོ་ཆེན་ཡེ་ཤེས་དབྱངས་ནི་གནུབས་ནམ་མཁའི་སྙིང་པོའི་སློབ་མ་ཡིན་པས། དེའི་གྲུབ་མཐའ་ནི་བསམ་གཏན་པ་ཡིན་པ་སྨོས་མ་དགོས་ཀྱང་། ལོ་ཆེན་ཡེ་ཤེས་དབྱངས་ཀྱིས་ཆོས་ཀྱི་གཞུང་ལུགས་དང་སྒོམ་གྱི་ཉམས་ལེན་གཉིས་ཟུང་འབྲེལ་བྱས་ཏེ། “ལོ་ལྔ་བཅུ་ལྷག་ཅིག་གི་བར་དུ་མྱི་གནས་མྱི་རྟོག་པའི་ཚུལ་དུ་བསྒོམས་པ”[18] མ་ཟད། ཁོང་ལ་རྒྱ་གར་དང་རྒྱ་ནག   བོད་གསུམ་གྱི་བསམ་གཏན་པའི་མཁན་པོ་མང་པོའི་ལུང་མན་ངག་དང་བཅས་པ་ཐོབ་པས། དོན་དུ་ལོ་ཆེན་ཡེ་ཤེས་དབྱངས་ལ་བསྟན་པ་སྔ་དར་གྱི་དུས་སུ་བོད་ལ་སྤེལ་བའི་རྒྱ་ནག་གི་བསམ་གཏན་པའི་ཆོས་རྒྱུད་ཡོངས་རྫོགས་མནོས་ཡོད། དེ་བས་མཁས་པ་མི་གསུམ་ཡུལ་མདོ་སྨད་དུ་ཕེབས་དུས་ལོ་ཆེན་ཡེ་ཤེས་དབྱངས་སྐུ་མི་བཞུགས་ཀྱང་། ཁོང་གི་སློབ་མ་རྒྱ་ནག་གི་ཧ་ཤང་གཉིས་ཀ་བཞུགས་པས། བླ་ཆེན་དགོངས་པ་རབ་གསལ་ལ་དགེ་སློང་གི་སྡོམ་པ་གནང་སྐབས། མཁས་པ་མི་གསུམ་གྱིས་རྒྱ་ནག་གི་བསམ་གཏན་པའི་ཆོས་རྒྱུད་ལ་དམིགས་ཏེ་རྒྱ་ནག་གི་ཧ་ཤང་གཉིས་གདན་དྲངས་པར་ཁོ་བོས་འདོད་དོ། །
     གཞན་དུ་ན་བླ་ཆེན་དགོངས་པ་རབ་གསལ་རབ་ཏུ་འབྱུང་སྐབས། རྒྱ་ནག་གི་བསམ་གཏན་པའི་མཁན་པོ་རིམ་བརྒྱུད་ཀྱི་ཆོས་རྒྱུད་ཕུད། ད་དུང་བསྟན་པ་སྔ་དར་གྱི་དུས་སུ་བོད་ལ་ཐོན་པའི་རྒྱ་གར་གྱི་ནང་བའི་ཆོས་ལུགས་དང་། ཞང་ཞུང་གི་བོན་པོའི་ཆོས་ལུགས་གཉིས་ཀྱི་ཆོས་རྒྱུད་ཀྱང་རྫོགས་པར་ཐོབ་སྟེ། གཤམ་གྱི་ཐིག་རིས་ལས་རྟོགས་པར་བྱའོ། །
     འཛུབ་མོ་རི་སྟོན་གྱི་ཐིག་རིས་འདི་ལས། ང་ཚོས་བླ་ཆེན་དགོངས་པ་རབ་གསལ་ལ་རྫོགས་པར་མནོས་པའི་ཆོས་རྒྱུད་ནི། བསྟན་པ་སྔ་དར་གྱི་དུས་སུ་བོད་ལ་ཐོན་པའི་ཆོས་ལུགས་ཆེན་པོ་གསུམ་གྱི་ཆོས་རྒྱུད་དེ་ཡིན་པ་ཚེགས་མེད་དུ་རྟོགས་ནུས་ལ། མཁས་པ་མི་གསུམ་གྱིས་བསྟན་པ་སྔ་དར་གྱི་དུས་སུ། ཆོས་ལུགས་ཀྱི་གྲུབ་མཐའ་གསུམ་པོ་སོ་སོར་འཕེལ་བས། ཕན་ཚུན་དབར་ལ་འགལ་བ་ཁ་ཚ་བྱུང་སྟེ་མཁན་རྒྱུད་དང་ཆོས་རྒྱུད་གཉིས་ཀ་ཡོངས་སུ་ཉམས་པར་དགོངས་ཏེ། དེ་གསུམ་ག་གཅིག་འདུས་ཀྱིས་བླ་ཆེན་དགོངས་པ་རབ་གསལ་ལ་གཏད་པས། དོན་ལ་བོད་ཀྱི་དགེ་སློང་གསུམ་ལ་མཁས་པ་མི་གསུམ་དུ་ཐོགས་པའི་གནད་ཀྱང་བརྟག་ན་དེ་ལ་ཐུག་འདུག་གམ་སྙམ།
     མདོར་ན། བླ་ཆེན་དགོངས་པ་རབ་གསལ་གྱིས་དགེ་སློང་གི་སྡོམ་པ་བཞེས་སྐབས། མཁས་པ་མི་གསུམ་གྱིས་ཆོས་རྒྱུད་ཀྱི་ཁ་སྐོང་དུ་རྒྱ་ནག་གི་ཧ་ཤང་གཉིས་ཤིག་གདན་དྲངས་པ་དང་། དེ་གཉིས་ཀྱིས་ལོ་ཆེན་ཡེ་ཤེས་དབྱངས་ནས་བརྒྱུད་པའི་བསམ་གཏན་པའི་ཆོས་ཀྱི་རྒྱུད་པ་དེ། བླ་ཆེན་དགོངས་པ་རབ་གསལ་ལ་ཇི་བཞིན་དུ་རྫོགས་པར་མནོས་རྗེས། ཕྱིར་དམར་གཙང་དགོན་དུ་ཕྱག་ཕེབས་ཏེ་དེ་རུ་སངས་རྒྱས་ཀྱི་བསྟན་པ་བསྐྱངས་ཤིང་། མཐར་ཟི་ལིང་དུ་དགོངས་པ་རྫོགས། དེ་ནས་བཟུང་བསྟན་པ་སྔ་དར་གྱི་སྐབས་སུ་བོད་ལ་དར་བའི་གྲུབ་མཐའ་ཆེན་པོ་གསུམ་འོ་ཆུ་ལྟར་མཉམ་དུ་འདྲེས་ཤིང་། དབུས་གཙང་གི་ཀླུ་མེ་སོགས་མཁས་པ་མི་བཅུ་ལ་བརྟེན་ནས་ཡང་བསྐྱར་བོད་དུ་སྔར་ལས་དར་ཞིང་རྒྱས་པ་ཡིན་པས། རྒྱ་ནག་གི་ཧ་ཤང་གཉིས་ནི་བོད་ཀྱི་བསྟན་པ་ཕྱིར་དར་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་ཡིན་ནོ། །
མཆན།
     [1]ཐེབས་རྩའི་རྣམ་གྲངས། དཔྱད་རྩོམ་འདི་ནི2014ལོའི་བོད་ལྗོངས་མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་གི་ཐེབས་རྩའི་ལས་གཞི་སྟེ། “རྒྱ་ནག་གི་བསམ་གཏན་པ་དང་བོད་ཀྱི་ཆོས་ལུགས་བར་གྱི་འབྲེལ་བར་དཔྱད་པ”(ཆོག་མཆན་ཨང་རྟགས། 14BZJ002 )ཞེས་པ་དང་། བོད་ལྗོངས་སློབ་ཆེན་གྱི་བོད་ཀྱི་ཆོས་ལུགས་ཚན་ཞིབ་གསར་གཏོད་ཚོགས་པའི་ལས་གཞི་སྟེ། “རྒྱ་ནག་གི་བསམ་གཏན་པའི་ཆོས་ལུགས་བོད་ལ་དར་བའི་ལོ་ཚིགས་ལ་དཔྱད་པ”ཞེས་པའི་བར་སྐབས་ཀྱི་གྲུབ་འབྲས་ཤིག་ཡིན།
     [2] 隆务·拉加华:《青海白马寺的故事》.[DB/OL].藏人文化网.
     [3] ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་གཙོ་སྒྲིག་བྱས། 《བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ》.[M]. ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010ལོའི་ཟླ6པར་དཔར། ཤོག་གྲངས། .34.
     [4] བུ་སྟོན་རིན་ཆེན་གྲུབ། 《བུ་སྟོན་ཆོས་འབྱུང་གསུང་རབ་རིན་པོ་ཆེའི་མཛོད》.[M]. པེ་ཅིང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1988ལོའི་ཟླ9པར་དཔར། ཤོག་གྲངས། .194.
     [5] མཁས་པ་ལྡེའུ། 《ལྡེའུ་ཆོས་འབྱུང》.[M]. ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010ལོའི་ཟླ12པར་དཔར། ཤོག་གྲངས། .371.
     [6] སློབ་དཔོན་པད་མ་འབྱུང་གནས་ཀྱི་རྣམ་ཐར་དཔེ་ཚོགས། 《བཀའ་ཐང་སྡེ་ལྔ་ཞེས་བྱ་བ་བཞུགས་སོ》.[M]. ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2011ལོའི་ཟླ1པོར་དཔར། ཤོག་གྲངས།.12.
     [7] པཱ་ལིའི་རྒྱལ་ཁབ་དཔེ་མཛོད་ཁང་། ཏུང་ཧོང་གཏེར་ཡིག་ཨངP.T.996.  སྣ་རིང་། ཤོག་གྲངས། 3-2,4-1.
     [8] 霍巍:《吐蕃时代考古新发现及其研究》.[M].北京:科学出版社.2012年1月.p.351.
     [9] 扎西才让主编:《藏族文献研究》.[M].北京:民族出版社.2003年6月.p.87.
     [10] པཱ་ལིའི་རྒྱལ་ཁབ་དཔེ་མཛོད་ཁང་། ཏུང་ཧོང་གཏེར་ཡིག་ཨང P.T.996.  སྣ་རིང་། ཤོག་གྲངས། 1-2.
     [11] པཱ་ལིའི་རྒྱལ་ཁབ་དཔེ་མཛོད་ཁང་། ཏུང་ཧོང་གཏེར་ཡིག་ཨངP.T.996.  སྣ་རིང་། ཤོག་གྲངས། 5-1.
     [12] རྒྱལ་མོ་འབྲུག་པ།《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ》.[M].  པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། 2006ལོའི་ཟླ1པོར་དཔར། ཤོག་གྲངས། .143.
     [13] མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱི་གསུང་རྩོམ་ཕྱོགས་བསྒྲིགས། བདེ་ཁང་བསོད་ནམས་དཔལ་འབར་གྱིས་དབྱིན་ཡིག་ནས་བསྒྱུར། 《མདའ་དང་འཕང》.[M]. པེ་ཅིང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན་ཏེ་བཀྲམ། 2007ལོའི་ཟླ9 ཤོག་གྲངས།.12.
     [14] མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱི་གསུང་རྩོམ་ཕྱོགས་བསྒྲིགས། བདེ་ཁང་བསོད་ནམས་དཔལ་འབར་གྱིས་དབྱིན་ཡིག་ནས་བསྒྱུར། 《མདའ་དང་འཕང》.[M]. པེ་ཅིང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན་ཏེ་བཀྲམ། 2007ལོའི་ཟླ9 ཤོག་གྲངས།.12.
     [15] 黄明信:《吐蕃佛教》.[M].北京:中国藏学出版社.2010年1月出版.p.151.
     [16] པཱ་ལིའི་རྒྱལ་ཁབ་དཔེ་མཛོད་ཁང་། ཏུང་ཧོང་གཏེར་ཡིག་ཨངP.T.996.  སྣ་རིང་། ཤོག་གྲངས། 2-1.
     [17] པཱ་ལིའི་རྒྱལ་ཁབ་དཔེ་མཛོད་ཁང་། ཏུང་ཧོང་གཏེར་ཡིག་ཨངP.T.996.  སྣ་རིང་། ཤོག་གྲངས། 2-1.
     [18] པཱ་ལིའི་རྒྱལ་ཁབ་དཔེ་མཛོད་ཁང་། ཏུང་ཧོང་གཏེར་ཡིག་ཨངP.T.996.  སྣ་རིང་། ཤོག་གྲངས། 4-1.

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...