སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མདོ་སྨད་བྱང་ཤར་མཐའི་དཔོན་ཀླུ་སྐྱབས་ཀྱི་རིགས་རྒྱུད་སྐོར་ལ་དཔྱད་པ།
རྩོམ་པ་པོ། རྒྱལ་མོ་འབྲུག་པ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-3-28 10:23:00 རྩོམ་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། ཀློག་གྲངས།
     སྤྱིར་བོད་ཀྱི་ལོ་རྒྱུས་སྟེང་ཁམས་དང་མདོ་སྨད་ཅེས་པའི་མིང་འདི་ལ་དུས་སྐབས་སོ་སོར་གོ་དོན་ཆེ་ཆུང་མི་འདྲ་བ་ཡོད་པ་དང་། འདིར་བཤད་རྒྱུའི་མདོ་སྨད་ནི་སྔར་ཁམས་ཀྱི་གཡར་མོ་ཐང་དང་གྱི་ཐང་དུ་གྲགས་པའི་ཡུལ་གྲུ་དང་ས་ཆ་རྣམས་ཡིན། མདོ་སྨད་བྱང་ཤར་ནི་དེའི་བྱང་ཤར་རྒྱུད་ཀྱི་ས་ཆ་ལ་གོ་དགོས། ཡང་འདིའི་ཐད་ཀྱི་ལོ་རྒྱུས་ནི་བོད་རང་གི་ཡིག་ཚང་དང་། རྡོ་རིང་ཡི་གེའི་ནང་བོད་བཙན་པོའི་སྐབས་ཀྱི་དམག་སྲིད་གནས་ཚུལ་སྐོར་འགའ་རེ་དང་། དེ་མིན་ཏུན་ཧོང་ཡིག་ཆར་སྐབས་སྐབས་སུ་མདོ་སྨད་ཅེས་པ་དང་། མདོ་སྨད་ཀྱི་ས་མིང་མང་པོ་དཔེར་ན་ཙོང་ཀ་དང་། ཀོག་ཡུལ། ཀ་ཆུ། ཤིང་ཀུན་ལྟ་བུ་སོགས་འབྱུང་བ་མ་གཏོགས། ལོ་རྒྱུས་མང་ཆེ་བ་བསྟན་པ་ཕྱི་དར་གྱི་དུས་ནས་བཟུང་བཀོད་པ་ཅུང་ཟད་མང་བ་ཙམ་ལས།  དེའི་སྔོན་གྱི་ལོ་རྒྱུས་ཡིག་ཆ་ཧ་ཅང་གིས་དཀོན། དུས་ཕྱིས་ཀྱི་ལོ་རྒྱུས་ནི་མདོ་སྨད་ཕལ་ཆེར་གྱི་དགོན་སྡེ་སྤྱིའི་ལོ་རྒྱུས《མདོ་སྨད་ཆོས་འབྱུང》ལྟ་བུ་དང་། གཞན་ཡང《བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས》དང《སྐུ་འབུམ་བྱམས་པ་གླིང་གི་གདན་རབས》དང་། 《བྱ་ཁྱུང་གདན་རབས》དང་། 《དགོན་ལུང་དགོན་པའི་དཀར་ཆག》ལྟ་བུ་སོགས་ཏེ། ཆོས་ཕྱོགས་གཙོ་བོར་བཟུང་སྟེ་བོད་རང་གིས་བྲིས་པའི་ལོ་རྒྱུས་རྣམས་དེང་སང་ང་ཚོས་མཐོང་རྒྱུ་ཡོད་པ་འདི་དག་ཡིན་ལ། དེ་མིན་སྲིད་ཕྱོགས་དང་མི་སྡེའི་བྱུང་བ་བཀོད་པའི་ཡིག་ཆ་ཧ་ཅང་ཉུང་ཉུང་ཡིན་པར་མ་ཟད། ལོ་རྒྱུས་ཡོད་པ་འགའ་རེ་ཡང་བདེན་རྫུན་དབྱེ་དཀའ་བའི་གནས་སུ་ལྷུང་སྟབས། ཁུངས་བཙུན་པའི་ཡིག་ཆ་ནི་ཉིན་མོའི་སྐར་མའི་རྗེས་སུ་སོང་ཡོད། དེ་ལས་རྒྱའི་ཡིག་ཚང་ནང་ཐང་རྒྱལ་རབས་སྔོན་ནས་བཟུང་བོད་མདོ་སྨད་རྒྱུད་ཀྱི་དམག་སྲིད་དང་མི་སྡེའི་ལོ་རྒྱུས་ཡིག་ཆ་བཀོད་པ་ཤིན་ཏུ་མང་ལ། འགའ་རེ་དེང་སང་བསྒྱུར་ཡོད་པ་ 《ཐང་ཡིག》གསར་རྙིང་དང《རྒྱའི་ཡིག་ཚང་དུ་འཁོད་པའི་བོད་དང་འབྲེལ་བའི་ལོ་རྒྱུས》དེབ་གསུམ་ཅན་ལྟ་བུ་དང་། ད་དུང་མ་བསྒྱུར་བ་དེ་ལས་ལྷག་པ་ཡོད་པས་མི་ཚད། དུས་ཕྱིས་ཀྱི་སུང་རྒྱལ་རབས་ཀྱི་སྐབས་མདོ་སྨད་ཀྱི་ས་གནས་མང་པོ་དང་། མི་སྡེ་ཚོ་པའི་ཚོ་དཔོན་གྱི་ལོ་རྒྱུས་བཀོད་པ་དེ་ལས་ཀྱང་ཤིན་ཏུ་ཞིབ་ཅིང་རྒྱས་པ་མང་པོ་ཡོད་པ་རྒྱའི་ཡི་གེ་རྣམས་སུ་གསལ་བ་ལྟར་རེད།  
     དེ་ལ་འདིར་ཁོ་བོས་ཡིག་ཆ་དེ་དག་ལ་གཞི་བཅོལ་ནས་ཡུལ་མདོ་སྨད་ཀྱི་ལོ་རྒྱུས་ལས་ཡུལ་གྲུ་ཆུང་ཆུང་མདོ་སྨད་བྱང་ཤར་མཐའི་དཔོན་ཀླུ་སྐྱབས་ཀྱི་སྐོར་ལ་ཅུང་ཟད་དཔྱད་དེ་མཛུབ་མོ་རི་སྟོན་གྱི་ཚུལ་དུ་ཚང་མར་དོ་སྣང་སྐྱེད་པར་འདོད་པ་དེ་ཡིན།       
དང་པོ། མདོ་སྨད་བྱང་ཤར་སྤྱིར་བཤད་པ།
     དེ་ཡང་མདོ་སྨད་བྱང་ཤར་མཐའི་ཡུལ་དབུས་ནི་ཕལ་ཆེར་ཆུ་བོ་ཆེན་པོ་རྨ་ཀླུང་ཕྱུག་མོར་ཙོང་ཆུ་དང་འཇུ་ལག་ཆུ་གཉིས་འདྲེས་མཚམས་ཀྱི་སུམ་མདོའི་ཡུལ་གྲུ་རྒྱ་ཆེ་བ་དེ་ལ་ཟེར་བ་ཡིན། སྔོན་དུས་སུ་གྱི་ཐང་དང་ཙོང་ཀའི་ཡུལ་དང་ཙོང་ཀའི་ཡུལ་ཆེན་དུ་གྲགས་པའི་ས་ཆ་དེ་དག་ཡིན་ལ། བོད་བཙན་པོའི་སྐབས་སུ་ཡུལ་འདི་དག་ལ་ཙོང་ཀ་ཆེ་ཆུང་དང་། ཙོང་ཀའི་བདེ་ཁམས། ཙོང་ཁའི་ཡུལ་ཆེན་བཅོ་བརྒྱད་ཅེས་ཀྱང་འབོད། དེ་སྔོན་བོད་བཙན་པོའི་ཆབ་སྲིད་ཀྱི་མངའ་ཐང་ཡུལ་གྲུ་འདིར་མ་སླེབས་གོང་དུ་སྒ་འ་ཞའི་རིགས་ཀྱིས་ས་ཆ་འདི་དག་བཟུང་ཡོད་པར་བཤད། ཙོང་ཁ་ས་ཆའི་དེང་སང་གི་ཟི་ལིང་ས་ཆར་རྒྱའི་ཧན་གྱི་དུས་ནས་རྒྱའི་མཐའ་དམག་སླེབས་ཡོད་པས། ཏུན་ཧོང་གི་ཡིག་ཆར་རྒྱའི་ཙོང་ཀ་ཞེས་པའི་མིང་དེ་བྱུང་བ་ཡིན། བཙན་པོ་སྲོང་བཙན་སྒམ་པོའི་སྐབས་སུ་བློན་ཆེན་མགར་སྟོང་བཙན་གྱིས་བོད་དམག་དྲངས་ནས་འ་ཞའམ་ཐུ་ལུ་ཧུན་གྱི་ཡུལ་བཟུང་རྗེས་ཡུལ་འདི་དག་འ་ཞ་སྡེ་དྲུག་གི་སར་གྱུར། བོད་བཙན་པོའི་སྲིད་དབང་ཐོར་རྗེས་ཡུལ་ཁམས་དེར་བཙན་པོའི་གདུང་རྒྱུད་ཁྲི་ལྡེ་དང་རྒྱལ་སྲས་ཡབ་སྲས་ཀྱི་རྒྱུད་པས་དབང་བསྒྱུར། དེ་དང་དུས་མཚུངས་སུ་མདོ་སྨད་བྱང་ཤར་མཐའི་ཡུལ་གྲུ་མང་པོར་དུས་ཡུན་རིང་པོར་ལྡོང་བེ་རི་དང་། ལྡོང་ཟི་ན་དང་། ལྡོང་མི་ཉག་རྒྱལ་པོའི་དབང་འོག་ཏུ་ཚུད་པའང་ཡོད། དེ་ནས་ཧོར་ཇིང་གེར་རྒྱལ་པོས་མི་ཉག་རྒྱལ་རབས་བསྣུབས་རྗེས་ཡུལ་འདི་དག་ཏུ་བཙན་པོའི་གདུང་རྒྱུད་དང་། བཙན་པོའི་དམག་དཔོན་གྱི་རྒྱུད་པ་དང་ཐ་ན་གློ་བུར་གྱི་ཡུལ་དཔོན་སོ་སོ་བྱུང་བ་ཡིན་འདུག་པར་བཤད། དཔེར་ན་ཁྲི་དཔོན་དང་སྟོང་དཔོན་ནས་བརྒྱ་དཔོན་ཡན་གྱི་དཔོན་རིགས་དང་། སྡེ་ཡི་ཁ་འཛིན་ནམ་ད་ར་ཁ་ཆེ་ཟེར་བའི་དཔོན་ཁག་མང་པོ་བྱུང་ཡོད་པ་ཡིན། དེ་རྣམས་ལས་ཙོང་ཀའི་ཁྲི་དཔོན་དང་། མདོ་བའི་ཞིང་སྐྱོང་། བེ་རི་ཁྲི་སྐོར་གསུམ་དང་ཟི་ན་དཔོན་པོ་སོགས་དཔོན་ཁག་ཆེ་ཤོས་དང་། ད་དུང་བྱང་རྒྱུད་དུ་ཕུར་ཚ་དཔོན་པོ་དང་། ཨ་རིག་དཔོན་པོ། མདུང་ནག་དཔོན་པོ། ཤར་དུ་ཀླུ་སྐྱབས་དཔོན་པོ་བཅས་ཡོད་འདུག །དེ་མིན་དུས་ཕྱིས་ཀྱི་དགོན་ལུང་ནང་སོ་དང་བྲ་ཏི་སྒར་པ་ལྟ་བུ་ཡུལ་དཔོན་དང་དགོན་སྡེའི་དཔོན་རིགས་དྲག་ཞན་ཆེ་ཕྲ་མང་པོ་ཡང་ཡོད་ལ། དེ་དག་ནི་དེང་སང་གི་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་ཟི་ལིང་དང་མཚོ་ཤར་ས་ཁུལ་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། ཀན་སུའུ་ཞིང་ཆེན་གྱི་གྲོང་ཁྱེར་ལན་ཀྲོའུ་དང་ཝུའུ་ཝེ་ས་ཁུལ། ཀྲང་ཡེ་ས་ཁུལ་བཅས་ཀྱི་ཁོངས་སུ་གཏོགས་པའི་རྫོང་ཁག་ཁ་ཤས་ཀྱི་ཡུལ་གྲུ་ལ་ཁྱབ་ཡོད་པ་ཡིན། 
     དེ་ཡང་བོད་རང་གི་ཡིག་ཚང་རྣམས་སུ་བཀོད་པ་ལྟར་ན་མདོ་སྨད་བྱང་ཤར་ཁུལ་གྱི་གདོད་མའི་མི་རིགས་ནི་བོད་པ་རང་ཡིན་པའི་རུས་སྒ་དང་འབྲི། གྱི་ཐང་། རོང་པོ་དང་ཅོག་རོ། འགུ་ཚང་དང་བྲ་ཏི། འདན་མ་དང་ཟི་ན་སོགས་ཡིན་པར་བཤད་དེ། 《རྒྱ་བོད་ཡིག་ཚང་ཆེན་མོ》ལས་བོད་ཀྱི་རིགས་རུས་བརྗོད་པའི་སྐབས་སུ། “ཁྲི་ཟམ་འབྲུའི་ཆེ་དྲུག་དེ། ། ཤར་ན་ཀྱི་དང་རོང་པོ་གཉིས། ། སྨད་ན་འབྲོམ་དང་ངོ་ཀྲོ་གཉིས། །.....བོད་མི་གསུམ་བུ་དྲུག་ས་བགོས་བྱས། །ལྒ་ཡིས་ལྒར་མ་མེ་བོ་ཐོབ།། ཕྱུགས་གཡང་མོའི་མཁལ་ཚིལ་མ་ཞུ་བ།།རྨུ་ཚ་ལྒ་ཡི་བུ་རྒྱུད་ཡིན།། ལྒ་ལ་བྱེས་པ་དང་ཡུལ་པ་གཉིས། །ལྟག་རུས་ཡུལ་སྟག་འབྲོག་སྟག་གཉིས། །”① ཞེས་སོགས་འབྱུང་བ་བཞིན་དང་།ཡང《རུས་ཡིག་སྣ་ཚོགས་པ་པད་མ་དཀར་པོའི་སྐྱེད་ཚལ》ལས། “གནའ་བོའི་རྗེ་གཉའ་ཁྲི་བཙན་པོ་ཡན་ཆད་ཀྱི་རྒྱལ་ཕྲན་བཅུ་གཉིས་བྱུང་བ་དེ་རྣམས་ཡུལ་མི་ཉག་ནས་ལྡོང་རིགས་དང་། དེ་བཞིན་སུམ་བྷ་ནས་འབྲི་རིགས། ཞང་ཞུང་ནས་སྦྲ། འ་ཞ་ནས་སྒ་བྱུང་སྟེ་བོད་ཀྱི་རྒྱལ་པོ་རེ་མཛད་པའི་མི་རྒྱུད་ནས་མཆེད་པ་ལྟར།”② ཞེས་དང་། ཡང་“ཇི་སྐད་དུ། སྒ་ཡིག་ཚངས་ཅན་ཞེས་སློབ་གཉེར་ལ་མཁས། །ཞེས་དང་། གནའ་སྒྲུང་ལས། ཐང་ཡངས་པོ་གསུམ་ནི་སྒ་ལ་ཐོབ། །སྒ་བེའུ་མང་བ་དེ་ཡི་དོན། །ཞེས་སྒྲུང་གླུ་འདི་དག་གི་དོན་ནི་དཔེ་ཐོབ་ཀྱི་གླུ་དང་། དོན་ཐོབ་ཀྱི་གླུ་གཉིས་ཏེ་བཞི་རུས་ཆེན་བཞི་ལ་ཡོད་པ་ལས། སྒ་འདི་ལ་དོན་ཐོབ་ཀྱི་གླུ་ཡིན་ལ། ཐང་ཡངས་པོ་གསུམ་ནི་བར་ཁམས་འདི་ཁམས་གཡར་མོ་ཐང་དང་། བྱང་དཀར་མོ་ཐང་། མདོ་སྨད་དུ་ཙོང་ཀ་ལ་གྱི་ཐང་དང་གསུམ་ཡིན་ལ། དེ་རྣམས་སྒ་ལ་ཐོབ་ལ། དེ་རྣམས་སུ་འབྲོག་བེའུ་ལུག་སྐྱོང་བ་དག་གི་རྗེ་དཔོན་མཛད་པ་ཡིན་ཏེ།”①ཞེས་སྒའི་རིགས་རྒྱུད་ཡུལ་མདོ་སྨད་དུ་ཡོད་ཚུལ་གསལ་པོར་བཀོད་ཡོད་པ་འདི་དང་། ཡང《རུས་ཡིག་པད་དཀར》དེ་ཉིད་དུ་གཏོ་ཕུག་ལུང་དྲངས་པའི་ཚིག་ཏུ། “མི་ནི་མི་ཉག་ལྡོང་། མི་ནི་སོ་སྟོང་སུམ་པ། མི་ནི་སེང་རྒ(སེ་སྒ)འ་ཞ”ཞེས་དང་། ཡང་“དམུ་ཚ་སྒ་བུ་དགུའི་གདུང་རྒྱུད་ཡོད་ལ། བུ་དགུ་ནི་སྒ་ཨ་གྲོ་དང་། སྒ་ཨ་རིག་དང་། སྒ་ཨ་འབྲུག་དང་། སྒ་ཨ་ཁྲོམ་དང་། སྒ་ཨ་ཤིང་སོགས་ཡིན་ལ།”②ཞེས་སོགས་ཞིབ་རྒྱས་བཀོད་པ་མང་པོ་ཡོད། 
     སྤྱིར་རང་རེའི་ལོ་རྒྱུས་རྣམས་སུ་བོད་ཀྱི་མི་རྣམས་བོད་ཡུལ་འདིར་བྱུང་ཚུལ་ལས་ཐོག་མར་རུས་ཆེན་ཁག་ལས་མདོ་སྨད་པ་མང་པོ་སེ་སྒ་ལས་མཆེད་པར་འདོད་པ་དང་། 《ལྡེའུ་ཆོས་འབྱུང་རྒྱས་པ》ཞེས་པ་ལས།  སྲོང་བཙན་སྒམ་པོས་བོད་ཡུལ་སྟོད་སྨད་བར་གསུམ་གྱི་དཔའ་སྡེ་བསྐོས་ལུགས་བརྫོད་སྐབས་སུའང་། “སྨད་ཀྱི་དཔའ་སྡེ་ནི། རྨའི་སྤོམ་རས་མར་བཅད། བཀའ་ཐང་ཀླུ་རྩེས་ཡར་བཅད། ལོམ་ཤི་རྒྱ་མཁར་ལ་སོ་མཚམས་གཏད་པའི་ཡུལ་དེ་ན། གནས་པའི་མཐོང་ཁྱབ་སྲིད་སྡེ་དགུའི་སྟེང་དུ་བཞི་ཞ་སྡེ་དྲུག་བསྣན་པ་ལ། རྒྱའི་སོ་མཁར་བྱང་གི་བར་ལ་རྟ་པ་དགུ་སྒྲིལ་རྒྱུག་ཏུ་བཏུབ་པའི་ནང་ན། མི་སྤེ་ཐུང་ཙམ་པས་དགྲ་སྟའི་ཁ་ཁྲུ་རེ་ཙམ་ཐོགས་ནས། འཐབ་པའི་ཚེ། ལྡོང་སྟོང་གི་བུ་དོར་ཏེ་ཕྱུག་མཚམས་ཀྱིས་དཔོན་བྱས་ནས། དཔའ་རྟགས་སུ་རལ་གྲིའི་ཤུབས་བཅག །ཁ་ཆེམས་ཉེ་བ་ལ་བཞག །བུ་སྨད་གྲོང་པ་ལ་བཅོལ་ནས། ཕྱིར་མི་ལྡོག་པའི་བསམ་པ་དང་བཅས་ནས། དཔའ་བོ་ཡི་མདུང་ཁ་བྱེད་པས་ན་དཔའ་བའོ། །གཏན་དུ་དགྲ་ཐུབ་པ་ནི་ལྡོང་སྟོང་གཉིས་སོ། །རྨུ་དང་སེས་མི་རབས་རེ་རེ་ལས་མ་ཐུབ་སྐད་དོ། །”① ཞེས་ཀྱང་བཀོད་ཡོད། ལུང་འདིའི་ནང་ཡི་གེ་འགའ་རེའི་མིང་དོན་གོ་རྒྱུ་མེད་པ་འདྲ་བ་དང་། ཡང་འ་ཞ་ལ་བཞི་ཞ་ཞེས་མི་མཐུན་པ་འགའ་རེ་བྲིས་འདུག་པ་ཡོད་མོད། འོན་ཀྱང་ནང་དོན་གཙོ་བོ་ནི་དོན་ཚན་གཉིས་ཏེ། གཅིག་ན་སྨད་ཀྱི་དཔའ་སྡེའི་མངའ་ཁོངས་ནི་མཐོང་ཁྱབ་སྲིད་སྡེ་དགུ་དང་འ་ཞ་སྟོང་སྡེ་དྲུག་གི་ཡུལ་ཡིན་ཚུལ་བསྟན་འདུག་པ་དང་། གཉིས་ན་རྨུ་དང་སེའི་རིགས་རྒྱུད་ཀྱིས་མི་རབས་རེ་ཙམ་ལས་དཔལམ་ཕྱིན་པས་ན། རུས་ལྡོང་སྟོང་གི་དམག་མི་མཐའ་མཚམས་སུ་མཆེད་ནས་དཔའ་ཚུལ་བཀོད་ཡོད་པ་འདི་ཡིན་ལ། དེ་ཡང་སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་མཛད་པའི《མཚོ་སྔོན་ལོ་རྒྱུས》ཞེས་པའི་ནང་དུ་སྔོན་གྱི་ལོ་རྒྱུས་བརྗོད་སྐབས་སུ། “གནའ་སྔོན་གང་སུས་ཡུལ་དེ་བདག་བྱས་པའི་ཡི་གེ་བདག་གིས་མ་མཐོང་ལ། འོན་ཀྱང་སྔ་དུས་སུ་ས་སྟོང་ལྟ་བུ་ལ་སུ་འདུག་གི་ངེས་པ་མེད་སྙམ། བར་སྐབས་ནས་བོད་པ་དཔའ་རིས་ཀྱིས་བདག་བྱས་ཚེ་ཕུར་ཚ་སྒོམ་པ་ཆོས་རྡོ་རྗེ་ཞེས་པའང་བྱུང་ནས་མཚོ་སྙིང་རི་སོགས་ལ་བསྡད། དཔའ་རིས་ཀྱི་རྗེས་སུ་བོད་ཨ་ཆིའི་དཔོན་རྟ་མང་པོ་ཡོད་པ་ལ་ཁྲི་དམར་ཅན་དུ་གྲགས་པ་འབངས་བཅས་ཀྱིས་ལྗོངས་དེ་ལ་དབང་བསྒྱུར་དུས་སུ་”②ཞེས་ཁོང་གིས་གྲུབ་ཆེན་གླང་དཀར་བའི་དུས་ཡིན་པར་བཤད་པ་ལ། བྲག་དགོན་པས་དཔྱད་གཞིར་བཞག་གནང་འདུག་པ་དང་། ཡང་“བར་དེར་བོད་ཅོ་ནེའི་མི་སྡེ་ཞིག་དང་། ཕྱིས་སུ་.....”①ཞེས་སོག་པོ་དཔུང་སྔ་རྗེས་སུ་སླེབས་ཚུལ་བཅས་བརྫོད་ཡོད་པ་ལས། ཅོ་ནེའི་མི་རྒྱུད་ཟེར་བ་ནི་ཕལ་ཆེར་འ་ཞའི་རིགས་ཐོག་མར་མདོ་སྨད་ཅོ་ནེ་དང་། ཐེ་བོའི་ཡུལ་ནས་ཡོང་བའི་མི་རྒྱུད་ཡིན་པར་འདོད། 
     དེ་མཚུངས་རྒྱའི་ལོ་རྒྱུས་རྣམས་སུ་མཚོ་སྔོན་དང་མདོ་སྨད་ས་ཆའི་ཐོག་མའི་ཡུལ་མི་ནི་རྒྱ་སྐད་དུ་རོང་ཆཱང་(戎羌)ཟེར་བ་ཡིན་ཚུལ་དང་། དེ་ནས་རྒྱའི་ཧན་རྒྱལ་རབས་(汉朝)སྐབས་ནས་སྔ་གཞུག་ཏུ་ཀྲང་ཆན་(张骞)བྱ་བ་ནུབ་ལྗོངས་སུ་ཕོ་ཉར་ཆས་པ་དང་། ཧོ་ཆུས་པིང་(霍去病)ཟེར་བས་ནུབ་ལྗོངས་སུ་དམག་དྲངས་པར་བཤད་ལ། ཕྱི་མས་སྤྱི་ལོ་སྔོན་གྱི་ལོ་120ཡས་མས་ལ་ནུབ་ལྗོངས་(西域)ཏེ་དེང་སང་གི་ཞིན་ཅང་ཕྱོགས་ཀྱི་ནུབ་སྒོ་ཕྱེ་ནས་ཀན་སུའུ་དང་མཚོ་སྔོན། ཞིན་ཅང་ས་ཆར་དམག་སྲིད་ལས་ཁུངས་ཅུན་(郡)བྱ་བའི་དམག་སྡེ་ཚན་ཁག་བཞི་ཙམ་བཙུགས་པར་བཤད་འདུག་པ་དང་། མདོ་སྨད་བྱང་ཤར་གྱི་ལྟེ་གནས་ནི་སྔོན་དུས་སུ་གྲོང་ལང་མཁར་གྱི་དཔོན་རྒྱ་སྐད་དུ་གྲོང་ལང་ཝེ་(庄浪卫)ཟེར་བའི་དམག་དང་སྲིད་འཛིན་དོ་དམ་ལས་ཁུངས་དང་ཡུལ་དཔོན་གཅིག་ལྕོགས་ཡིན་པར་བཤད་ལ། དེང་སང་གི་གྲོང་ལང་ས་ཆ་ནི་ཅུན་བཞིའི་ཁོངས་སུ་གཏོགས་པར་བཤད་འདུག །དེའི་ཕྱིས་ཀྱི་དཔོན་རིགས་ནི་སོག་པོའི་གདུང་རྒྱུད་ལས་མཆེད་པ་མདོ་སྨད་བྱང་ཤར་མཐའི་དཔོན་རིགས་དཔོན་ཀླུ་སྐྱབས་བྱ་བ་རྒྱ་སྐད་དུ་ལུའུ་ཐུའུ་སི་(鲁土司)ཞེས་འབོད་པ་དེ་ཡིན་པར་བཤད་འདུག །དེང་སང་རྒྱ་ཡིག་གཙོས་པའི་ལོ་རྒྱུས་མང་ཆེ་བའི་ནང་ཡུལ་གྲུ་དེ་གའི་དཔོན་ཀླུ་སྐྱབས་ཀྱི་རྒྱུད་པ་སོག་རིགས་ཡིན་ཚུལ་དང་། དེང་སྐབས་རྒྱ་རིགས་སུ་གྱུར་ཡོད་ཚུལ་སོགས་མང་པོ་བརྗོད་འདུག་མོད། འོན་ཀྱང་སྤྱིར་དཔོན་ཀླུ་སྐྱབས་ཀྱི་སྐོར་ལ་བརྟག་དཔྱད་བྱ་རྒྱུ་མང་སྟེ། དཔེར་ན་དཔོན་ཀླུ་སྐྱབས་ནི་བོད་གདོང་དམར་གྱི་གདུང་རྒྱུད་ཡིན་མིན་སྐོར་གྱི་གནས་ཚུལ་ཏེ། དེང་སང་རྒྱ་ཡིག་ནང་ཁ་གཅིག་ཏུ་ཁོང་ཧོར་ཇིང་གེར་རྒྱལ་པོའི་ཡང་ཚ་སྲས་བཞི་པའི་རྒྱུད་ཡིན་པར་བརྗོད་འདུག་པ་དང་། བོད་རང་ལ་མཚོན་ན་ཁོང་མདོ་སྨད་བཀའ་མ་ལོག་གི་རྒྱུད་པ་ཡིན་པས་དཔའ་རིས་ཚོ་ཆེན་དང་བཅས་པའི་སྤྱི་དཔོན་དུ་འདོད་པ་ཡིན་ལ། དེ་ལྟར་དཔོན་ཀླུ་སྐྱབས་ཀྱི་གནས་གཞིའི་མིང་གྲོང་ལང་ཡིན་ནམ་ཅོག་རོ་ཡིན་པའི་སྐོར་དང་། དེའི་སྔ་མའི་མངའ་ཁོངས་དང་ཁོང་ལ་སྟོང་དཔོན་གྱི་གོ་གནས་ཐོབ་ཚུལ་དང་། དེའི་མངའ་འོག་གི་ཡུལ་ཁམས་སུ་བོད་ཀྱི་དགོན་སྡེ་དང་། ལྷ་སྡེ་མང་པོ་ཡོད་ཚུལ་སོགས་ལ་དཔྱད་དགོས་པ་མང་མོད། འོན་ཀྱང་རེ་ཞིག་གཅིག་ན་བོད་ཡིག་གི་ལོ་རྒྱུས་ཡིག་ཚང་ཉུང་བ་དང་། གཉིས་སུ་ད་སྔ་ཡོད་པའི་ཡི་གེ་རྣམས་ཀྱང་མང་ཆེ་བ་རྒྱ་ཡིག་གི་བརྗོད་སྟངས་ཁོ་ན་ཡིན་པས་ཁུངས་བཙུན་དཀའ་བ་དང་། གསུམ་ན་ཁོ་བོ་ས་ཆ་དེ་གར་འགྲོ་མྱོང་བ་ཙམ་ལས་ཞིབ་རྒྱས་ཀྱི་རྟོག་དཔྱོད་བྱེད་ལོང་མ་ཡོད་པ་བཅས་ཀྱི་རྐྱེན་པས། རྗེས་སོར་བརྟག་གཞིའི་གནས་སུ་འདུག་པས་ན་འདིར་རང་རེའི་བློ་གསལ་རྣམས་དང་སྒོས་སུ་ལོ་རྒྱུས་ལ་དོ་སྣང་འཇོག་མཁན་ཚོར་སྐུལ་མ་ཙམ་ཞུ་འདོད་པ་དེ་ཡིན།   
གཉིས་པ། དཔོན་ཀླུ་སྐྱབས་ཀྱི་རུས་ཁུངས་སྐོར་བཤད་པ།
     དེ་ལྟར་དཔོན་འདིའི་ལོ་རྒྱུས་སྐོར་རྒྱ་ཡིག་ནང་བཀོད་པ་ཅུང་ཟད་མང་ལ། གཙོ་བོ་ནི་དུས་རབས་བཅུ་བཞི་པའི་ལོ་རབས་བཅུ་པའི་ནང་སྟེ་སྤྱི་ལོ་1313ཡས་མས་ལ་ཧོར་ཇིང་གིར་རྒྱ་ལ་པོའི་སྲས་ཁོ་ལེའེ་ཅན་(阔烈坚)བྱ་བའི་སྲས་བཞི་པ་ཨ་ཧྲི་ཧོན་གྱི་སྐབས་སུ་དཔོན་གནས་བསྐོས་ནས་ས་གནས་སུ་རྒྱལ་སྲིད་གཉེར་བར་བཤད། དེ་ནས་རྒྱལ་རབས་གཉིས་པ་མགོན་པོ་སྲིད་རྒྱལ་ནས་ཧོར་རྒྱལ་རབས་མཇུག་རྫོགས་སྐབས་ཁོང་ཚོའི་དཔོན་རིགས་རྣམས་དེང་སང་གི་ཀན་སུའུ་ས་ཆར་འཁྱམས་ནས་བྱང་དུ་འབྲོས་མ་ཐུབ་པར་ལུས་ཡོད་པ་ལས། ཕྱིས་སུ་དེའི་བུ་ཤཱཀྱ་ཟེར་བས་སུང་རྒྱལ་རབས་ལ་མགོ་བཏགས་ནས་ཡུལ་དཔོན་གྱི་གོ་གནས་ཐོབ་པ་དང་། དེ་ནས་བཅིངས་བཀྲོལ་སྔོན་བར་དུ་མི་རབས་ཉེར་གཉིས་དང་། དཔོན་རབས་བཅུ་དགུའི་བར་དུ་ཡུལ་གྲུ་འདི་དག་ལ་དབང་བསྒྱུར་ནས་ལོ་ངོ་མང་པོ་སོང་འདུག་པར་བཤད། དཔེར་ན《ཡུང་ཏེང་རྫོང་གི་ལོ་རྒྱུས》ཞེས་པར།  “ལུའུ་ཐུའུ་སི་ཡི་མེས་པོ་ཐོ་ཧོན་ནི་ཡོན་ཐའེ་ཙུའུ་ཇིང་གིར་རྒྱལ་པོའི་སྲས་ཁོ་ལེའེ་ཅན་གྱི་མི་རབས་བཞི་པ་ཡིན། ཡོན་གོང་མ་རེན་ཙུང་གི་ཧོང་ཆིང་ཁྲི་ལོ་གཉིས་པར་(1313)དེར་ཨན་ཏིང་ཝང་གི་ཆོ་ལོ་བསྩལ་ཅིང་། ཚན་ཀྲི་ཀྲེང་ཧྲིའི་གོ་སར་བསྐོས། མིང་རྒྱལ་རབས་ཀྱིས་ཡོན་རྒྱལ་རབས་བསྣུབས་རྗེས་ཡོན་གོང་མ་ཧྲུན་ཏིའི་ཕྱི་བཞིན་འབྲངས་ནས་བྱང་ཕྱོགས་སུ་བྲོས་ཀྱང་རྗེས་མ་ཆོད་པར་ཧོ་ཞི་ས་ཆར་ཡུལ་གྱར་བ་དང་། རང་ཤོག་ཚོ་པ་དང་བཅས་མིང་རྒྱལ་རབས་ལ་མགོ་བཏགས་པས་མིང་སྲིད་གཞུང་གིས་ལེན་ཁྲེང་(连城)དུ་སྡོད་དུ་བཅུག །མི་རབས་གཉིས་པ་མགོན་པོ་སྐྱབས་ཀྱིས་བརྒྱ་དཔོན་གྱི་གོ་གནས་བསྐྱངས་ཤིང་ཅན་ཝུན་ཁྲི་ལོ་བཞི་པར་(1402)གྲོང་ལང་ཝེ་ཡི་བརྒྱ་དཔོན་དུ་གོ་གནས་འཕར། མི་རབས་གསུམ་པ་ཤཱཀྱས་ཕའི་བརྒྱ་དཔོན་གྱི་གོ་གནས་བསྐྱངས་ཤིང་། ཕྱིས་སུ་གོ་གནས་འཕར་ཏེ་སྟོང་དཔོན་གཞོན་པ་དང་། ཀྲི་ཧུའེ་ཆན་ཧྲི། ཀྲི་ཧུའེ་ཐུང་ཀྲི་བཅས་བྱས། དམག་འཐབ་ཀྱི་ཁྲོད་དུ་བྱས་རྗེས་བཞག་པར་བརྟེན་རུས་ལུའུ་ཞེས་པ་བསྩལ་བ་དང་མིང་ལུའུ་ཞན་ཞེས་པར་བསྒྱུར། དེ་ནས་ཡང་ཏུའུ་ཀྲི་ཧུའེ་ཧྲི་རུ་གོ་གནས་སྤར་ཅིང་། ཕིའོ་ཆི་ཅང་ཅུན་གྱི་གོ་མིང་བསྩལ། མི་རབས་བཞི་པ་ལུའུ་ཅན་གྱིས་ཀྲི་ཧུའེ་ཐུང་ཀྲི་ཡི་གོ་གནས་ཀྱི་རྒྱུན་བསྐྱངས་པ་དང་། ཕྱིས་སུ་ཏུའུ་ཀྲི་ཧུའེ་ཆན་ཧྲི་ཡི་གོ་གནས་བཟུང་སྟེ། ཧུང་ཁྲེང་ཙི་རུ་ས་སྲུང་དམག་དཔོན་བྱས། དེའི་རྗེས་སུ་ཙུང་པིང་ཀོན་(སྤྱི་ཁྱབ་དམག་དཔོན་)གྱི་གོ་གནས་བཟུང་ནས་ཡན་སུའེ་རུ་བསྡད་ནས་བསྲུངས། དེའི་ལོ་རྒྱུས《མིང་རྒྱལ་རབས་ཀྱི་ལོ་རྒྱུས》སུ་བཀོད་ཡོད། མི་རབས་ལྔ་པ་ལུའུ་ལིན་གྱིས་མ་གཞི་བརྒྱ་དཔོན་གྱི་གོ་གནས་བཟུང་བ་ལ། ཕྱིས་གོ་གནས་འཕར་ཏེ་ཏུའུ་ཀྲི་ཧུའེ་ཐུང་ཀྲི་དང་། ཀན་སུའུ་ཡི་ཡིའུ་ཅི་ཅང་ཅུན།(སྐོར་ཞིབ་དམག་དཔོན།) གྲོང་ལང་སྲུང་མཁན་ཙོ་ཚན་ཅང་། (གཞོགས་འདེགས་དམག་དཔོན་གཡོན་པ།) ཀན་སུའུ་ཡི་ཞེ་ཧྲོའུ་ཧྥུ་ཙུང་པིང་(གཞོགས་འདེགས་ས་སྲུང་སྤྱི་ཁྱབ་དམག་དཔོན་གཞོན་པ་)བཅས་ཀྱི་གོ་ཐོབ་བཟུང་། མི་རབས་དྲུག་པ་ལུའུ་ཅིང་གིས་ཕའི་གོ་གནས་ཀྲི་ཧུའེ་ཧྲི་ཡི་རྒྱུན་བསྐྱངས་ཤིང་། ཕྱིས་ཏུའུ་ཀྲི་ཧུའེ་ཧྲི་དང་། ཏུའུ་ཏུའུ་ཆན་ཧྲི། ཏུའུ་ཏུའུ་ཐུང་ཀྲི་བཅས་ལ་འཕར་བ་དང་། དེ་ནས་ཡང་གྲོང་ལང་དང་ཟི་ལིང་གི་ཞེ་ཧྲོའུ་ཧྥུ་ཙུང་པིང་།(གཞོགས་འདེགས་སྤྱི་ཁྱབ་དམག་དཔོན་གཞོན་པ།) ཡན་སུའེ་ཡི་ཙུང་པིང་(སྤྱི་ཁྱབ་དམག་དཔོན་)བཅས་སུ་གོ་གནས་འཕར། མི་རབས་བདུན་པ་ལུའུ་ཀྲན་ལ་སྟོང་དཔོན་གཞོན་པའི་གོ་གནས་བསྩལ་བ་དང་། དེ་ནས་ཀྲི་ཧུའེ་ཆན་ཧྲི་དང་ཧྲན་ཏན་གྱི་ཏྲོའུ་པེ་(འགོག་སྲུང་དམག་དཔོན་)རུ་སྤར། ཅ་ཅིང་ཁྲི་ལོ་ཉེར་གཅིག་པར་(1542)ལུའུ་ཀྲན་ནད་ཀྱིས་ཚེ་ལས་འདས་པས་དེའི་བུ་ལུའུ་ཀྲེན་ཝུའུ་ཡིས་ཕའི་གོ་གནས་བསྐྱངས། ལུའུ་ཀྲེན་ཝུའུ་ཡང་ལོ་ན་ཆུང་དུས་སུ་འདས་པས་ལུའུ་ཅིང་གིས་གོང་མའི་སྲིད་གཞུང་ལ་ཞུས་པ་བརྒྱུད། རང་གི་བུ་གཉིས་པ་ལུའུ་ཏུང་ལ་གོ་གནས་སྐྱོང་དུ་བཅུག །ལུའུ་ཏུང་གི་གོ་གནས་ཏུའུ་ཀྲི་ཧུའེ་ཧྲི་དང་། གྲོང་ལང་གི་ཞེ་ཧྲོའུ་(གཞོགས་འདེགས་མཁར་སྲུང་དམག་དཔོན་)རུ་འཕར། ཝན་ལི་ཁྲི་ལོ་དྲུག་པར་(1587)ལུའུ་ཏུང་ལ་ནད་བྱུང་སྟེ་གོ་གནས་དགོངས་པ་ཞུས་ཤིང་། དེའི་བུ་ཆེ་བ་ལུའུ་ཀོང་ཞན་གྱིས་ཚབ་ཏུ་གོ་གནས་བསྐྱངས། རིང་མིན་ལུའུ་ཀོང་ཞན་ཤི་བས་ལུའུ་ཏུང་གི་གཅུང་པོ་ལུའུ་ཀོང་ཙུའུ་ཡིས་དཔོན་གནས་ཀྱི་རྒྱུན་བསྐྱངས་པ་དེ་མི་རབས་བརྒྱད་པ་ཡིན། ལུའུ་ཀོང་ཙུའུ་ཡིས་ཟི་ལིང་གི་ཚན་ཅང་(གཞོགས་འདེགས་དམག་དཔོན་)དང་། ལེང་ཀྲོའུ་ཡི་ཧྥུ་ཙུང་པིང་།(སྤྱི་ཁྱབ་དམག་དཔོན་གཞོན་པ།) ཐའོ་རྨིན་གྱི་ཧྥུ་ཙུང་པིང་བཅས་ཀྱི་གོ་གནས་བཟུང་། བྱས་རྗེས་བཞག་པར་བརྟེན་ནས་ནན་ཅིན་ཏ་ཅའོ་ཁྲང་(སྦྱོང་བརྡར་ར་བ་ཆེན་མོ་)གི་ཙུང་ལི་ཐི་ཏུའུ་རུ་གོ་གནས་སྤར། མི་རབས་དགུ་པ་ལུའུ་ཡུན་ཁྲང་གིས་ཚན་ཅང་(གཞོགས་འདེགས་དམག་དཔོན་)དང་ཟི་ལིང་གི་ཧྥུ་ཙུང་པིང་གི་གོ་གནས་དང་དེའི་ཐོག་ཡིའུ་ཅུན་ཏུའུ་ཏུའུ་ཧྥུ་ཡི་ཐུང་ཀྲིའི་གོ་གནས་བཟུང་། ཧྲུན་ཀྲི་ཁྲི་ལོ་གཉིས་པར་(1645)ཆིང་སྲིད་གཞུང་གིས་ལུའུ་ཡུན་ཁྲང་གི་ཚ་བོ་(སྤུན་གྱི་བུ་)ལུའུ་ཨན་ཞེས་པ་ཐུའུ་སི་ཚབ་མར་བསྐོས། ཧྲུན་ཀྲི་ཁྲི་ལོ་བཅུ་དྲུག་པར་ལུའུ་ཡུན་ཁྲང་གི་བུ་ལུའུ་ཧུང་གིས་ཀྲི་ཧུའེ་ཧྲིའི་གོ་གནས་བསྐྱངས་ཤིང་དེ་ནི་མི་རབས་བཅུ་པ་ཡིན། ཁང་ཞི་ཁྲི་ལོ་བཅུ་གཉིས་པར།(1673)ལུའུ་ཧུང་ཚེ་ལས་འདས་པས་ཁོའི་ཁྱི་མ་རྒྱུད་ཀྱི་མི་ལུའུ་ཏ་ཀའོ་ཞེས་པས་ཏུའུ་ཀྲི་ཧུའེ་ཧྲི་ཚབ་མ་བྱས། ཁང་ཞི་ཁྲི་ལོ་ཉིར་བཞི་པར་(1685)ལུའུ་ཧུང་གི་བུ་ལུའུ་ཏི་ཁྲེན་གྱིས་ཀྲི་ཧུའེ་ཧྲིའི་གོ་གནས་བསྐྱངས། ལུའུ་ཏི་ཁྲེན་ལ་བུ་མེད་པས་ཁོའི་དཔོན་ཐོབ་སྐྱོང་མཁན་ནི་གཅུང་པོ་ལུའུ་ཏི་ཞིན་ཡིན། དེ་མི་རབས་བཅུ་གཅིག་པ་ཡིན། མི་རབས་བཅུ་གཉིས་པ་ནི་ལུའུ་ཧྭ་ལིང་ཡིན་ཞིང་བྱས་རྗེས་བཞག་པས་ཚན་ཅང་(གཞོགས་འདེགས་དམག་དཔོན་)གི་གོ་ཐོབ་བསྩལ། ཕྱིས་སུ་ཚན་ཅང་དང་ཡུང་ཁྲང་གི་ཧྥུ་ཙུང་པིང་(སྤྱི་ཁྱབ་དམག་དཔོན་གཞོན་པ་)དུ་གོ་གནས་སྤར། མི་རབས་བཅུ་གསུམ་པ་ལུའུ་ཧྥེང་ཀྲུའུ་ཡིས་གོང་གི་བཀའ་བཀོད་དང་དུ་བླངས་ནས་རང་འོག་གི་མི་དྲུག་བརྒྱ་ཁྲིད་ནས་འགག་སྒོའི་ཕྱི་རོལ་གྱི་ཁྲི་ཅིན་དང་། པུའུ་ལུང་ཅི་སོགས་ས་ཆར་བཅའ་སྡོད་ཀྱིས་ཞིང་བཏབ། མི་རབས་བཅུ་བཞི་པ་ལུའུ་ཧྥན་གྱིས་དམག་ཐོག་ཏུ་བྱས་རྗེས་བཞག་པས་པེ་ཅིན་དུ་གོང་མ་ཆན་ལུང་གི་མཇལ་ཁ་ཐོབ། མི་རབས་བཅོ་ལྔ་པ་ལུའུ་ཅི་ཞུན་ཞེས་པ་ཅ་ཆིང་ཁྲི་ལོ་ཉི་ཤུ་པར་(1819)ཞེ་ཧོ།ར་དང་པེ་ཅིན་དུ་སླེབས་ནས་གོང་མ་ཅ་ཆིང་མཇལ། དེའི་བུ་ཆེ་བ་ལུའུ་ཀྲོ་ཞེས་པ་སྔ་མོ་ནས་ཚེ་ལས་འདས་པ་དང་། བུ་གཉིས་པ་རབ་ཏུ་བྱུང་། ཁོའི་ཀྲི་ཧུའེ་ཧྲི་ཡི་དཔོན་ཐོབ་སྐྱོང་མཁན་ཚ་བོ་ལུའུ་རུའུ་ཀའོ་ནི་མི་རབས་བཅུ་བདུན་པ་ཡིན། དེའི་རྗེས་སུ་དཔོན་རྒྱུན་སྐྱོང་མཁན་ནི་ལུའུ་ཐའོ་དང་ལུའུ་ཁྲེང་ཅི་ཡིན། མི་རབས་བཅུ་དགུ་པ་ལུའུ་ཁྲེང་ཅི་ཡིས་ཚེ་གང་པོར་བག་མེད་པར་ཟ་འཐུང་རོལ་རྩེད་ཀྱིས་དུས་འདས་ཤིང་། རྒྱུན་པར་འབངས་མིར་ཉེས་རྡུང་གཤེ་གཤེ་གཏོང་བ་དང་། འབངས་མིའི་བུད་མེད་འཕྲོག་འཛིན་བཅས་བྱས་ཤིང་། མི་སེར་རྒྱལ་ཁབ་ཀྱི་ཁྲི་ལོ་ཉེར་གཅིག་པར་(1922) ‘སྡེ་དཔོན་འཐེན་ནས་གཞུང་དཔོན་གཏོང་,བའི་ལམ་ལུགས་སྤེལ་རྗེས་ཀྱང་སྔར་བཞིན་ཡུལ་མིར་གནོད་པའི་སྦྱོར་བ་མང་དུ་བརྩམས། ཁོ་རང་རྒྱལ་དམངས་སྲིད་གཞུང་ནས་ཀན་སུའུ་ཞིང་ཆེན་གྱི་པའོ་ཨན་སི་ལིང་གཞོན་པར་བསྐོས་མྱོང་། 1951ལོར་མི་དམངས་སྲིད་གཞུང་ནས་དྲག་གནོན་བྱས།” ཞེས་བཀོད་འདུག མདོར་ན་ལུའུ་ཁྱིམ་རྒྱུད་ནི་མིང་རྒྱལ་རབས་ཐོག་མར་བཙུགས་མ་ཐག་པའི་ཧུང་ཝུའུ་ཁྲི་ལོའི་དུས་སུ་ཐོ་ཧོན་ཞེས་པ་ལེན་ཁྲེང་དུ་བཀོད་སྒྲིག་བྱས་པ་དང་། རྒྱལ་དམངས་རྒྱལ་ཁབ་ཀྱི་ལོ་ཉེར་གཅིག་པར་“སྡེ་དཔོན་འཐེན་ནས་གཞུང་དཔོན་བཏང་”བའི་བར། ཁྱོན་བསྡོམས་ལེན་ཁྲེང་སོགས་ས་ཁུལ་དུ་མི་རབས་བཅུ་དགུ་བརྒྱུད་པ་དང་། ཐུའུ་སི་ཉེར་གཉིས་བྱུང་བར་མི་ལོ་ལྔ་བརྒྱ་རེ་གཅིག་སོང་། ཞེས་དཔོན་ཀླུ་སྐྱབས་ཚང་གི་ལོ་རྒྱུས་ཁ་ཚང་ཞིང་མི་རབས་སོ་སོའི་མིང་དང་གོ་གནས་བཅས་གསལ་པོར་བཀོད་འདུག་པ་འདི་ཡིན།  
     ཡང་བསམ་བློ་ཞིག་བཏང་ན་སྐབས་དེར་ཧོར་རྒྱལ་པོའི་རྒྱུད་པ་ངོ་མ་ཞིག་ཡིན་པའི་དབང་དུ་བཏང་ན། དེ་འདྲ་ལས་སླ་པོ་ཞིག་གིས་ས་ཆ་རྒྱུས་མེད་དང་མི་རིགས་ཆ་མེད་ཀྱི་ཁྲོད་དུ་དཔོན་གནས་དང་དབང་སྒྱུར་དེ་འདྲ་བྱ་ཨེ་ཐུབ་སྙམ་སྟེ། གང་ཟེར་ན《རྒྱ་བོད་ཡིག་ཚང་ཆེན་མོ》ལས། “ཤར་ཙོང་ཁ་མཚོ་སྔོན་གྱི་མཐིལ་ན། སྐད་གསར་པ་བྱ་བ་དང་། བྱག་རོང་པ་བྱ་བ། ཅུ་གུ་མེར་བྱ་བ། ཡུལ་ཁམས་ཆེན་པོ་གསུམ་གྱི་བདག་པོ། སྐྱ་མིང་དབོན་པོ་རིན་ཆེན་རྒྱལ་མཚན་ཞེས་པ། བློ་གསལ་ཞིང་། སྐྱེ་མཆེད་དྭངས་པ་གཅིག་བྱུང་བ། དེ་ཉིད་གཞོན་ནུ་ནས། དཀར་པོའི་ཕྱོགས་ལ་མོས་པ་གཅིག་ཡོད་པས། ཡུལ་ཁམས་རྣམས་མཆེད་ཟླ་ཀུན་འཛིན་དུ་བཅུག་ནས།”①ཞེས་གཙང་ས་སྐྱར་བླ་མ་མང་པོ་བསྟེན་ནས་མཁས་གྲགས་གཉིས་ལྡན་གྱི་སྐྱེས་ཆེན་བྱུང་ཚུལ་བརྗོད་པའི་ནང་དུའང་ཤར་ཙོང་ཁའི་ལོ་རྒྱུས་དང་། ཡུལ་ཆེན་གསུམ་ཞེས་པའི་སྐོར་སོགས་འབྱུང་ལ། དེ་ལས་བྱག་རོང་ཞེས་པ་ཕལ་ཆེར་ཕྱིས་སུ་ཇག་རོང་ངམ་ལྕགས་རོང་ཟེར་བ་དེང་སང་གི་དཔའ་རིས་ཀྱི་ཡུལ་གྲུ་ལ་གོ་ན་འགྲིག་སེམས། དེ་ལྟར་བཀའ་མ་ལོག་བྱ་བ་ནི《རྒྱ་བོད་ཡིག་ཚང་ཆེན་མོ》ལས། “རྒྱ་བོད་ཀྱི་མཚམས་སུ། བོད་ཀྱི་དཔའ་བོ་མི་དགུས་མགོ་བྱས། སྐྱེན་བཏུས་ཀྱི་དམག་དཔུང་། ས་བསྲུང་ལ་བཞག་པ་ལ། བཀའ་མ་ལོག་ཟེར་བའི་སྡེ་ཆེན་པོ་ཆགས་ནས་། མཐའ་དམག་བོད་དུ་མི་འཇུག་པར་བྱ་བ་ལ་སོགས།”ཞེས་དང་། ཡང་“བ་ཧུ་དིང་ཧུའི་སར། བཀའ་མ་ལོག་ཟེར་བའི་དམག་ཚན་ཆེན་སྡོད་པ་བྱས་འདུག”②ཅེས་སོགས་མདོ་སྨད་དུ་བོད་བཙན་པོའི་སྐབས་སུ་དམག་དཔུང་ཡོང་ནས་གཞི་ཆགས་པའི་གནས་ཚུལ་སོགས་གསལ་པོར་བཀོད་འདུག་པ་དང་། དེ་མིན《མདོ་སྨད་ཆོས་འབྱུང》དུ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྲས་རྣམས་ཀྱི་ལོ་རྒྱུས་བརྗོད་སྐབས། “དེའི་སྲས་དར་མ། དེའི་སྲས་གནམ་ལྡེ་འོད་བསྲུང་། དེའི་སྲས་མངའ་བདག་དཔལ་འཁོར་བཙན། དེའི་སྲས་ཁྲི་བཀྲ་ཤིས་བརྩེགས་པ་དཔལ། དེའི་སྲས་འོད་ལྡེ་ལ་སྲས་བཞི་བྱུང་བའི་གཉིས་པ་ཁྲི་ལྡེ་མདོ་ཁམས་སུ་བྱུང་། མཚོ་སྔོན་འདིར་གཞི་བཟུང་སྟེ་ཁྲི་དཔོན་མཛད། ཙོང་ཁ་ཡུལ་ཆེན་བཅོ་བརྒྱད་སོགས་མདོ་སྨད་ཕལ་ཆེར་ལ་དབང་མངའ་མཛད་པའི་གདུང་རྒྱུད་དུ་སྤྱན་སྔ་དོན་ཆེན་པ་སོགས་བྱུང་བར་བཤད། ད་དུང་ཡང་ཁྲི་དཔོན་དེའི་རྒྱུད་པ་དཔའ་རེ་ཕྱོགས་སུ་ཡོད་པ་ལ་འཕན་ཡུལ་རང་སྐད་མ་ཉམས་པས་ཁྱི་དཔོན་དུ་འབོད་པར་ཡོད་སྣང་། ཡང་དེ་གར་ཧོར་གོ་དན་གྱི་བློན་རྒྱུད་ཀྱིའུ་ཀྱ། ལི་ཀྱ། སུའུ་ཀྱ། ཡང་ཀྱ་སོགས་དཔོན་ཕྲན་མང་ཟེར།”①ཞེས་དང་། ཡང་ཏེ་ཐུང་དགོན་པའི་ལོ་རྒྱུས་བརྗོད་སྐབས། “ཏེ་ཐུང་དགོན་ཆེན་ཐོས་བསམ་དར་རྒྱས་གླིང་ནི་ལཱུ་ཀྱྭ་བླ་མ་ཤེས་རབ་ཉི་མས་ས་ལུག་ལ་བཏབ་ཟེར་སྣང་། སྔར་ས་སྐྱ་དང་། ཀརྨའི་སྐྱེས་བུ་དམ་པ་མང་དུ་བྱོན། དེ་དག་གིས་གནང་བའི་རྟེན་གསུམ་མང་། སྟག་ལུང་བློ་བཟང་ཉི་མས་ཀྱང་ཁྲི་མཛད། ལཱུ་ཀྱཱ་ཞབས་དྲུང་དང་། དེའི་སྤུན་ཟླ་དཔོན་པོ་ཐོ་སི་སོགས་ལོའུ་ཤི་བན་ཡོངས་རྫོགས་ཀྱིས་ཀུན་གྲོལ་གོང་མ་ཁྲིར་གདན་དྲངས། ཁོང་གིས་དགོན་པར་བཅའ་ཡིག་བཞག”②ཅེས་དང་། ད་དུང་ཏེ་ཐུང་རྡོ་རྗེ་འཆང་གི་ལོ་རྒྱུས་བརྗོད་སྐབས་ཀྱང་། “མེ་ལུག་ལོར་ཀུན་གྲོལ་རིན་པོ་ཆེས་ངག་དབང་ཆོས་གྲགས་རྒྱ་མཚོས་སྦྱིན་བདག་གནང་སྟེ་ཆོ་འཕྲུལ་སྨོན་ལམ་གྱི་ཕྱག་ལེན་བཙུགས། གསུང་ཆོས་གནང་། གཏོར་རྒྱག་མཛད། དགེ་འདུན་སྟོང་གཅིག་དང་ལྔ་བརྒྱ་འདུས། ཐོ་སི་དཔོན་པོ་ཀླུ་རྒན་གྱིས་ཤོན་ཧཱ་ཟི་ཟེར་བའི་དགོན་པར་གདན་དྲངས།”ཞེས་དང་། ཡང་“དེང་སང་ཡང་ལའུ་ཀྱཱ་དཔོན་སློབ་སྐུ་ཕྲེང་དང་། དཔོན་ཀླུ་སྐྱབས་མཆོད་ཡོན་གྱིས་དགོན་ཆེན་དང་ཟུང་འབྲེལ་དུ་སྐྱོང་།”① ཞེས་གསལ་པོར་བཀོད་ཡོད་པ་ལས། ཀྱིའུ་ཀྱ་ལི་ཀྱ་ལྟ་བུའི་རིགས་ཁ་ཤས་མ་གཏོགས་མདོ་སྨད་དཔོན་རིགས་ལས་དཔོན་ཀླུ་སྐྱབས་སོགས་ཧོར་གྱི་མི་རྒྱུད་ཡིན་ཚུལ་ཚིག་གཅིག་ཀྱང་བརྗོད་མི་འདུག་པ་དང་། གལ་ཏེ་གོང་གི་ལི་ཀྱ་བྱ་བ་ལཱུ་ཀྱྭ་ཡིན་པར་བྱས་ནས་ལུའུ་ཐུའུ་སིའི་མེས་པོ་ཡིན་པའི་དབང་དུ་སོང་ནའང་དེ་ཧོར་གོ་དན་གྱི་བློན་རྒྱུད་ཡིན་པ་ལས་གཞན་མིན་པ་གསལ་པོར་བཀོད་ཡོད། དེ་མ་ཟད་དགོན་ལུང་དང་མཁར་ལུང་ཕྱོགས་ཀྱི་ཧོར་རིགས་ནི་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་ཀྱང་། “སྔོན་ཀྱི་དུས་སུ་སའི་ཚངས་པ་ཇིང་གིར་ཧན་གྱི་བློན་པོ་ཀེ་རེལ་ཐུ་ཟེར་བའི་ཚོ་པ་ཞིག་འབངས་དང་བཅས་པ་འདིར་འོངས་པས་ད་ལྟའི་ཧོར་འདི་རྣམས་ཕལ་ཆེར་ཀྱང་དེའི་རྒྱུད་པ་ཡིན་ལ།”② ཞེས་གསུངས་པས་སྔོན་བྱོན་མཁས་པ་རྣམས་ཀྱིས་ཀྱང་དེང་སང་གི་ཧོར་རིགས་འདི་སོག་པོའི་རིགས་རྒྱུད་བློན་འབངས་ལས་མཆེད་ཚུལ་བཞེད་པ་མ་གཏོགས། ཧོར་གྱི་རྒྱལ་རིགས་ཡིན་ཚུལ་གསལ་པོར་གང་ཡང་གསུངས་མེད། ཡང་ཡུལ་གྲུ་འདི་དག་དཔེར་ན་འཇུ་ལག་སྟོད་རྒྱུད་ཀྱི་སེམས་ཉིད་དགོན་པ་བཏབ་ཚུལ་སྐོར《མདོ་སྨད་ཆོས་འབྱུང》དུ་དེའི་ལོ་རྒྱུས་གསུང་སྐབས་དང་པོ་མེས་པོ་ཤེས་རབ་རྒྱ་མཚོ་ཟེར་བ་དབུས་སུ་སོང་བ་བོད་སྡེ་པ་གཞུང་གིས་མདོ་སྨད་དུ་འབུལ་སྡུད་པར་བསྐོས་ཟེར། དེའི་དབོན་པོ་ཀུན་དགའ་རྒྱ་མཚོས་ཀྱང་རྒྱུ་དངོས་མང་པོ་དབུས་སུ་དྲངས་པ་དང་། དབུས་ཕེབས་རྗེས་མའི་སྐབས་སུ་དབོན་པོ་འབུལ་དཔོན་པས་རང་ཡུལ་ཕྱོགས་སུ་དགོན་པ་འདེབས་རྒྱུའི་བླ་མ་ཞིག་ཞུས་པར། བྲག་ཡེར་པའི་མཁན་ཆེན་ཚེ་བརྟན་དོན་གྲུབ་ཞུ་བ་གནང་བས་དཔོན་གཡོག་གཉིས་མཉམ་དུ་མདོ་སྨད་སེར་རྩུད་ཡུལ་དུ་ཕེབས་ནས་དབོན་པོ་གསུམ་དང་། རྒན་པོ་ཚེ་འབུམ་། ཀླུ་རྩེ། ལྷ་རྒྱལ་སྐྱབས་སོགས་ཞང་ཚན་གཙོ་བོ་རྣམས་གྲོས་མཐུན་གྱིས་སེམས་ཉིད་དགོན་པ་བཏབ་ཚུལ་སྐོར་གསལ་པོར་བཀོད་འདུག་པ་ལྟ་བུ་ལས་ཀྱང་། སྐབས་དེར་ཡུལ་མི་ཐམས་ཅད་བོད་པ་དང་། བོད་དབུས་དང་འབྲེལ་བ་ཟབ་པ་ཤེས་ཐུབ། དུས་རབས་བཅུ་གསུམ་པའི་སྔོན་སོག་པོ་གནས་འདིར་མ་སླེབས་གོང་དུ། ཡུལ་གྲུ་འདི་དག་ཏུ་བོད་འབངས་དང་། བོད་མིའི་ཚོ་པ་ཅོག་རོ་དང་རོང་པོ་སོགས་མང་དུ་འཚོ་བཞིན་ཡོད་པ་རྒྱའི་ཡིག་ཚང་རྣམས་སུའང་དེ་དག་གི་མིང་མང་དུ་བཀོད་ཡོད་པ་དེ་ཡིན་ལ། གནའ་སྔོན་སྒའི་རིགས་དང་བོད་བཙན་པོའི་སྐབས་སུ་བཀའ་མ་ལོག་གི་མི་སྡེ་དང་། ཕྱིས་སུ་དཔའ་རིས་ཕྱོགས་སུ་སེམས་ཉིད་དང་འབྲུ་གུ། འདན་མ། བྲ་ཏི་སོགས་བོད་ཀྱི་རིགས་རུས་འཛིན་པའི་འབངས་ཤིན་ཏུ་མང་བ་ལ། རིམ་གྱིས་རྒྱ་དང་མི་རིགས་གཞན་པ་དང་མཉམ་འདྲེས་སུ་སོང་བའི་རྐྱེན་གྱིས་བོད་མི་མང་ཆེ་བ་རྒྱ་རིགས་སུ་གྱུར་པ་དང་། ལྷག་མ་འགའ་རེ་དེང་སང་བར་དུ་ཡུལ་གྲུ་འདི་དག་ཏུ་ལུས་ཡོད་པ་དཔོན་ཀླུ་སྐྱབས་ལྟ་བུའི་མི་རྒྱུད་ཡིན་དགོས་རྒྱུ་ལས། དེ་མིན་པར་བསྒྲུབས་ནས་ཧོར་གྱི་མི་རྒྱུད་ཡིན་ཁུལ་དུ་གནའ་མཁར་གྱི་ནང་དུ་སོག་པོའི་རྒྱལ་རྒྱུད་བྱས་ནས་ཧོར་ཇིང་གིར་གྱི་འདྲ་པར་རེ་བཀལ་ནས་བཞག་ཡོད་པ་མ་གཏོགས། འདི་སོག་པོའི་ཁྱད་ཆོས་ཡིན་ཟེར་བའི་རིག་དངོས་རིགས་གང་ཡང་མེད་པར་མ་ཟད། བཤམས་ཡོད་པའི་དངོས་རྫས་ཚང་མ་བོད་ཀྱི་འཚོ་བའི་ནང་རྒྱུན་སྤྱོད་ཀྱི་ཡོ་བྱད་ཤ་སྟག་རེད་འདུག་པས་དེར་ཕེབས་ནས་གཟིགས་དང་གོ་རྒྱུ་མང་ངོ་། །  
     ཡང་བྲག་དགོན་པས་མཛད་པའི《དབལ་མང་དཀོན་མཆོག་རྒྱལ་མཚན་གྱི་རྣམ་ཐར》ལས་ཁོང་གི་རིགས་རུས་བརྗོད་སྐབས་སུ། “བོད་རུས་ཆེན་དྲུག་གི་ནང་ནས་ལྡོང་དང་། དེའི་ནང་ནས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དང་དེའི་སྲས་བཞི་པ་ཁྲི་ལྡེ་སྲོང་བཙན་གྱི་སྐུ་རིང་ལ་བོད་ཡུལ་གྱི་ཕྱོགས་བཞིར་མཐའ་དམག་དགག་པའི་སྲུང་མ་བསྐོས། ཁྱད་པར་ལྷ་ཏ་ཧོར་གྱི་སྒོམ་གྲྭ་བཅོམ་ནས་ཕྱིར་ཕེབས་དུས་དེ་ཕྱོགས་ཀྱི་སྒོ་སྲུང་བོད་དམག་སླེབས་ནས་སྐྱེན་པོ་བཏུས་པའི་དཔའ་བོ་མི་དགུ་དམག་བརྒྱ་ཕྲག་དགུ་བཅས་ཧོར་བོད་མཚམས་སུ་བཞག །རྒྱལ་པོ་ལ་ངེད་ཚོ་ནམ་ཞིག་ཕྱིར་ལོག་རྒྱུ་ཡིན་ཞུས་པར། ངེད་ཀྱི་བཀའ་མ་བྱུང་བར་ལྡོག་ཏུ་མེད་གསུངས་པས་དེ་ཕྱིན་དཔའ་བོ་མི་དགུའི་རུས་མིང་ལ་བཀའ་མ་ལོག་ཏུ་གྲགས། དེར་ཡུན་རིང་བས་བཀའ་མ་ལོག་གི་བོད་འབྲོག་གི་སྡེ་མང་དུ་ཆགས། དེའི་ནང་ཚན་ཡེ་བཟང་རིང་མོའི་སྲས་དཔོན་རིན་ཆེན་རྒྱལ་མཚན་ནམ། རིན་ཆེན་བརྩོན་འགྲུས་ཀྱིས་འགྲོ་མགོན་འཕགས་པའི་ཞབས་ཞུ་མཛད། སྐུ་དོན་གྲུབ་པས་ས་སྐྱ་བ་ལ་ཡུས་ཆེ་བའི་མི་གསུམ་དུ་གྲགས་པའི་ཡ་གྱལ་དེའི་རྒྱུད་པར་དཔོན་ཆེན་ཤཱཀྱ་བཟང་པོ་སོགས་དང་།”① ཞེས་ཁོང་གི་མི་རྒྱུད་བྱུང་ཚུལ་གསུངས་པའི་ནང་དུ་མདོ་སྨད་དཔའ་རིས་ཕྱོགས་ཀྱི་བོད་མི་དཔའ་བོ་མི་དགུའི་རྒྱུད་པ་ཡིན་ཚུལ་གསལ་པོར་བཀོད་འདུག་པ་འདི་དང་། འདི་ལྟ་བུའི་ཡིག་ཆ་སྐབས་སྐབས་སུ་ཤིན་ཏུ་མང་བས་ལོ་རྒྱུས་ཞིབ་འཇུག་ཐད་གནད་དུ་འཛིན་དགོས་པ་ཡིན།
     ཡང《མདོ་སྨད་ཆོས་འབྱུང》ནང་“སྐབས་ཤིག་དགོན་ལུང་ཟམ་ཐོག་བརྒྱུད་མཆོད་གཞིས་བཱ་ཟའི་ཇག་པས་རྒྱའི་དམག་དངུལ་བཅོམ་པས་དགོན་ལུང་སྟེང་དུ་དམག་སླེབས། འབུལ་དཔོན་གཉིས་ཀྱིས་གཞི་བཟུང་། འབྲི་གུང་སྐུ་སྐྱེས་དང་ནང་སོ་བཟོད་པ། བྲ་ཏི་ནང་སོ་དཀར་བ་བསོད་ནམས་སེང་གེ་དང་ནང་སོ་ནོར་བུ་སོགས་སྒོམ་སྡེ་ཁག་གིས་ཁུར་བླངས་ཏེ། རྒྱུ་དངོས་ཀྱི་འགྲོ་སྒོ་ལ་མ་འཛེམས་པར་རྒྱ་དང་ཟླུམ་པས་ཆོས་སྡེ་ཕན་ཚུན་འབྲེལ་ཟབ་ཆེ་”ཞེས་བཀོད་ཅིང་། ཡང་འདི་སྐབས་རང་ཞབས་ཀྱི་རྐུན་ཇག་འགའི་བྱེད་སྤྱོད་①ཀྱིས་དཔོན་ཀླུ་སྐྱབས་ཀྱི་དམག་བུད། ཉིད་ཀྱི་དབོན་པོ་དམ་ཆོས་སོགས་གཙོ་བོ་རྣམས་བཟུང་ནས་མཁར་དུ་བཙོན་ལ་བཅུག་པ། གྲོང་ལང་མཁར་ནང་ནས་དོན་དུ་ཐབས་ཀྱིས་བཙོན་འབྲོས་བྱས་པ་ནས་བདེ་བར་ཐར་སོང་ལ་ཕྱིས་སུ་རང་ཤུགས་ཀྱིས་ཐོན་སོང་བའི་གཏམ་རྒྱུད་ལྟ་བུ་ཞིག་བཀོད་ཀྱང་། དོན་དུ་ཕན་ཚུན་སེམས་ཉིད་དགོན་པའི་ལྷ་སྡེ་ལས་རིགས་རྒྱུད་གཅིག་པས་བརྔན་ནམ་ཐབས་ཀྱིས་འདོན་ཐུབ་པ་བྱུང་ཚུལ་གསལ་ལོ། །གཞན་ཡང་བོད་ཀྱི་ལོ་རྒྱུས་རྣམས་སུ་དཔོན་ཀླུ་སྐྱབས་ལ་མཆོད་ཡོན་ཞེས་འབོད་ལ། གལ་ཏེ་རྒྱ་རིགས་ཡིན་ན་བོད་བརྒྱུད་ནང་བསྟན་ལ་མི་དད་པས་མཆོད་གཞིས་སུ་མི་འགྲོ་ལ། ཡང་སོག་རིགས་ཡིན་པའི་དབང་དུ་བཏང་ན་སྐད་དང་ཡི་གེ་མི་གཅིག་པས་ཕན་ཚུན་གོ་བརྡ་མི་འཕྲོད་པས་བོད་སོག་འབྲེལ་གཏུག་སྐབས་སུ་ལོ་ཙཱ་བས་སྐད་སྒྱུར་བྱ་དགོས་པའི་སྐབས་ཡོད་སྲིད་ལ། དེའི་སྐོར་ཡིག་ཆ་གང་གི་ནང་ཡང་མི་མཐོང་བས་ན་ཁོ་བོས་བསམས་ན་དཔོན་ཀླུ་སྐྱབས་ཀྱི་མི་རྒྱུད་ཐོག་མ་བོད་རིགས་བཀའ་མ་ལོག་པའི་ཡིན་པ་ལ་རྗེས་སུ་རིམ་གྱིས་རྒྱར་གྱུར་པ་བསྙོན་དུ་མེད་སྙམ་མོ། །  
གསུམ་པ། དཔོན་ཀླུ་སྐྱབས་ཀྱི་མངའ་འོག་མི་སྡེ་དང་དགོན་སྡེའི་སྐོར།
     དེ་ལྟར་རྒྱལ་དབང་ལྔ་པ་ཆེན་མོ་རྒྱ་ནང་དུ་ཕེབས་སྐབས་ལམ་བར་ནས་དཔོན་ཀླུ་སྐྱབས་ཀྱི་མཁར་དུ་ཕེབས་ཚུལ་གསལ་པོར་བཀོད་ཡོད་དེ། ཁོང་གི《རང་རྣམ་དུ་ཀླུ་ལའི་གོས་བཟང》ནང་དུ་“གྲོང་ལང་མཁར་གྱི་མི་དཔོན་ཏེའི་དྲུང་། སེ་ར་ལུང་སོགས་ཀྱི་རྟ་པ་སུམ་ཅུ་སྐོར་བསུ་བར་འབྱོར། ཏེའི་དྲུང་སེ་ར་ལུང་གི་གྲྭ་པ་ལྔ་བརྒྱ་བརྒལ་བའི་སེར་སྦྲེངས་དང་བཅས་སི་རི་ཏེའི་དྲུང་དུ་སླེབས་ཐོག་མི་དཔོན་ལི་ཕང་ཤུའུས་རྒྱ་ལུགས་ཀྱི་བསྙེན་བཀུར་བསྟབས། ཏེའི་དྲུང་ནས་ནང་སོ་བཟོད་པ་རིན་ཅེན་དང་དབོན་པོ་ཤེས་རབ་གྲགས་ཀྱིས་གོས་ཡུག་བརྒྱ། བླ་བྲེ་རྟ་སྒ་བཅས། སེ་ར་ལུང་དགོན་པ་བ་དང་ཏེའི་དྲུང་དགོན་པ་ཆོས་རྗེ་ཀླུ་སྐྱབས་ཡོན་མཆོད་བསྡོམས་རྟ་དྲུག་ཅུ་ཙམ།”① ཞེས་དངོས་འབུལ་གཟབ་ཚུལ་བཀོད་འདུག་ལ། ཡང་རྒྱ་ནང་ནས་ཡར་ཕེབས་སྐབས་སུའང་རང་རྣམ་ནང་དུ་“ཉེར་བཞི་ལ་གྲོང་ལང་མཁར་དུ་སླེབས་ཉིན་མི་དཔོན་གསུམ་གྱིས་གཞིས་ལེན་བཤམས།”② ཞེས་ལེགས་པར་གསུངས་ཤིང་། དེ་ནས་དགོན་ལུང་དུ་ཕེབས་ཚུལ་དང་མ་ཟད་ཡུལ་དེར་ཁ་ལཱོ་འུ་སི་ཟེར་བའི་ཆུ་ཚན་ཡག་པོ་ཞིག་ཏུ་བཞུགས་ནས། ཁོང་གི་ཞབས་བསྙུང་གི་ནད་གཞིའང་སངས་དྲག་ཏུ་སོང་ཚུལ་སོགས་གནས་ཚུལ་གསལ་པོར་བཀོད་འདུག་པ་དང་། དེ་ལས་ཁོང་དང་ཕྲད་པའི་དཔོན་རིགས་ཚོས་རྒྱ་ལུགས་ཀྱི་འབུལ་བ་དང་བསུ་བ་ཞུས་ཚུལ་བརྗོད་རྗེས་དཔོན་ཀླུ་སྐྱབས་ལ་ཆོས་རྗེ་ཀླུ་སྐྱབས་ཞེས་བསྟོད་བསྔགས་དང་བཅས་བརྗོད་ཡོད་པ་ནི་རང་ག་བ་ཞིག་གང་ནས་ཡིན་སྲིད། དེ་མཚུངས་སུ《པཎ་ཆེན་སྐུ་ཕྲེང་དྲུག་པ་ཆེན་མོའི་རྣམ་ཐར》ནང་དུའང་ཁོང་རྒྱ་ནང་ཕེབས་སྐབས་སུ། དཔོན་ཀླུ་སྐྱབས་ཀྱིས་མཇལ་ཚུལ་སྐོར་སོགས་བཀོད་འདུག་པ་འདི་ལྟ་སྟེ། “ཚེས་བཅུ་དྲུག་གི་ཉིན་ཏའི་ཐུང་དུ་འཇུ་ལག་གི་ཆུ་ཆེན་པོ་བརྒལ་སྐབས་ཙང་དུའི་གསུང་བཀོད་ལྟར་ས་ཆའི་དཔོན་པོས་ཁུར་བླངས་ཏེ་ཤིང་གྲུ་མང་པོ་བསྒྲིགས་པའི་སྟེང་དུ་ཤིང་སྤང་ལེབ་དུ་མ་བཀྲམ་པའི་ཟམ་པར་ཕེབས་པ་མཛད་པས་ཤིན་ཏུ་བགྲོད་བདེ་བ་བྱུང་། ཆུ་ནས་ཐོན་འཕྲལ་ཧོ་ཁྱོའུ་ཡེའི་མི་དཔོན་ངོ་གཡོག་དང་སེ་ར་ལུང་གི་ལས་སྣ་སོགས་ཕེབས་བསུར་འབྱོར། ཏའི་ཐུང་དགོན་ཆེན་དང་སེ་ར་སེར་སྦྲེང་དང་བཅས་ཧོ་ཁྱོའུ་ཡེར་ཞག་བབས་གནང་། ཝང་ཏཱ་ལོ་ཡེ་དང་ཏྲེའུ་ཤན་གཉིས་ཀྱིས་དངོས་འབུལ་བསྟབས།”①ཞེས་དང་ཡང་།“ཏའི་ཐུང་དགོན་ཆེན་ཐོས་བསམ་དར་རྒྱས་གླིང་། སེ་ར་ལུང་དགའ་ལྡན་དམ་ཆོས་གླིང་། རི་ཁྲོད་དགའ་ལྡན་ཆོས་གླིང་། བཤད་སྒྲུབ་པད་དཀར་གླིང་རྣམས་ཀྱིས་དངོས་འབུལ་བསྟར་བར་མང་འགྱེད་དང་དགའ་ལྡན་ལྷ་བརྒྱ་མའི་ལུང་བསྩལ།...སེར་རྩུད་དགའ་ལྡན་རབ་རྒྱས་གླིང་དང་ཚོ་པ་བརྒྱད་ཀྱི་ལྷ་སྡེ་མི་སྡེ་ནས་དངོས་འབུལ་བཏེག་ཅིང་རིགས་གསུམ་མགོན་པོའི་གཟུངས་དང་དམིགས་བརྩེ་མའི་ལུང་། མང་འགྱེད་བཅས་བསྩལ།”② ཅེས་རྒྱས་པར་བཀོད་ཅིང་། ལྔ་པ་ཆེན་མོའི་རང་རྣམ་ནང་རྒྱ་ནང་ནས་ཡར་ཕེབས་སྐབས་སུའང་གྲོང་ལང་མཁར་བརྒྱུད་ཚུལ་ནི། “ཚེས་བཅུ་བདུན་གྱི་ཉིན་ས་གཞི་དབང་གི་མདོག་ཅན་གྱི་ངམ་གྲོག་སྦུགས་རིང་བརྒྱུད་དེ་ཕེབས་པར། ཟུང་ཤན་སྟག་ལུང་དགོན་གྱི་བླ་མ་ལས་སྣེ་དང་ཏའི་ཐུང་དཔོན་པོ་ཀླུ་སྐྱབས་ལུའུ་ཐུའུ་སི་སོགས་ཆིབས་བསུར་འབྱོར། ཙི་ནའི་ཁྲོམ་ཆེན་པོ་འདུག་པར་འགའ་ཞིག་ནི་ལག་ན་མེ་ཏོག་དང་སྤོས་སོགས་ཐོགས། ལ་ལ་ནི་པུས་མོ་བཙུགས་ནས་ཐལ་མོ་སྦྱར་ཏེ་ཕྱག་བྱེད། ཕལ་ཆེ་བ་ནི་མིག་བགྲད་དེ་ལྟད་མོ་ལྟ་བ་སོགས་ཀྱི་དབུས་བཤགས་ནས་གྲང་ལང་མཁར་གྱི་ནང་ལོའུ་ཐུའུ་སིའི་ཡ་མོན་དུ་ཕྱག་ཕེབས་པར་ཙོང་དུས་དཀར་སྤྲོ་བཏེགས།”①ཞེས་བཀོད་པ་དང་། ཡང་རྒྱལ་དབང་ལྔ་པ་ཆེན་མོ་རྒྱ་ནང་དུ་ཕེབས་སྐབས་ཀྱི་གནས་ཚུལ་ནི་ཁོང་གི་རང་རྣམ《དུ་ཀཱུ་ལའི་གོས་བཟང》དུའང་། “ཆུ་ཆེན་པོའི་ཟམ་པ་བགྲོད་པའི་ཉེ་འདབས་རྟ་འཇམ་དུ་གྲོང་ལང་མཁར་གྱི་བིང་ཡེ། ཐུང་ཡེ། ལུའུ་ཚན་ཙང་གསུམ་གྱིས་རྒྱ་ལུགས་ཀྱི་བཞེས་སྤྲོའི་རིམ་པ་བསྟར།...གྲོང་ལང་མི་དཔོན་གྱིས་ཕྱི་པ་ཁ་རློན་པ་དང་གོ་བ་ཞེས་པའི་ཤིང་འབྲས་བྲེ་གང་ཤོང་བའི་བུམ་པའི་བོངས་ཚོད་ཙམ་གྱིས་མཚོན་པའི་ཟས་སྣ་དྲངས། གྲོང་ལང་མི་དཔོན་གྱིས་དཀར་གུར་ཆེན་པོ་ཞིག་ཕུབ་ནས་ཐབ་བསུ་བྱས། ས་མདོག་དམར་པོ་ཡོད་པའི་ལམ་གྲོང་སྦུབས་རིང་བརྒྱུད། གཡས་གཡོན་དུ་ཕྱར་དར་འཛིན་མི་དང་དབུས་སུ་རོལ་མོ་སྣ་ཚོགས་ཐོགས་པའི་རྒྱ་མི་རྟ་ཞོན་གྱི་མདུན་བདར་ཏེ་གྲོང་ལང་མཁར་གྱི་ཉེ་འདབས་སུ་སྒར་ཕབ། མི་དཔོན་གསུམ་གྱིས་གྲོ་ཕྱེའི་ཟས་སྣ་སྣ་ཚོགས་དང་བྱ་ཕག་སོགས་བྱུང་བར་སྲོག་ཆགས་རྣམས་ཚེ་ལ་བཏང་། མི་དཔོན་རྒན་པས་བེར་གོས་ཡུག །གཞོན་པ་ལུའུ་ཚན་ཙང་གིས་ཁ་བཏགས། དཀར་ཡོལ་སྟེགས་བཅས། ཐུར་མ། གཤའ་ཚེའི་སྡེར་མ་བརྒྱད། གོས་ཡུག་རྟ་སྒ་བཅས་སོགས་བྱིན་ཅིང་རྟ་མགྲིན་གྱི་རྗེས་གནང་བསྐུར།”②ཅེས་སོགས་མང་དུ་གསུངས་ཡོད་པ་དང་། དེས་ན་གོང་དུ་གསུངས་པའི་ཏེ་ཐུང་ངམ་ཐེའུ་ཐུང་ཟེར་བ་གང་ཡིན་ཞེ་ན། ཚུལ་དེ《སུམ་པའི་ཆོས་འབྱུང》ནང་དུ་“འཇུ་ལག་གི་ཆུའི་གཡས་ངོས་ཀྱི་སེ་ར་ལུང་གི་མདོའི་ཐེའུ་ཐུང་དགོན་ཆེ་ཆུང་(ཆུང་བ་ལས་ལོ་བཅུས་རྗེས)དགའ་ལྡན་དམ་ཆོས་གླིང་ནི་སྔར་རི་ཁྲོད་པ་འགའ་ཞིག་བསྡད་སར་སུམ་པ་སློབ་དཔོན་པ་ཆུང་བ་དམ་ཆོས་རྒྱལ་མཚན་གྱིས་ཏེའུ་ཏུང་དགོན་ཆེ་བའི་བླ་མ་མཛད་སྐབས་སུ་བཏབ་ནས་སླར་སྲན་ཆུང་བློ་བཟང་བཀྲ་ཤིས་མངག་སྟེ་ཐེའུ་ཏུང་བ་(ཡང་ཀྱའི་)རིན་ཆེན་རྒྱལ་མཚན་གྱིས་གྲོགས་བྱས་ནས་དར་བར་བྱས་ཤིང་དེ་དང་ཉེ་བར་རི་ཁྲོད་ཅིག་ཡོད་པ་ལ། དེའི་གཡོན་གྱི་སྲོག་མཁར་ཟེར་བའི་རི་རྩེའི་སྒྲུབ་སྡེ་དགའ་ལྡན་ཆོས་རྫོང་ནི་གྲོའུ་གྱ་ཞུ་ཚེ་གྲོའུ་ཡེན་ཞེས་པ་སྐྱ་སེར་གྱིས་བྲང་ཁང་བཞི་བརྩིགས་ཏེ་ཁོ་བོ་①ལ་བྱིན་པ་ལས་ཆགས་པའོ །”② ཞེས་བཀོད་པའི་ཏེ་ཐུང་ངམ་ཏེ་དྲུང་བྱ་བ་རྒྱ་སྐད་དུ་དེང་སང་ཏ་ཐུང་(大通)ཟེར་བ་འདི་ཡིན། ཡང《ལྕང་སྐྱ་རོལ་པའི་རྡོ་རྗེའི་རྣམ་ཐར》ནང་དུའང་། “དེ་ནས་རིམ་གྱིས་ཏས་ཐུང་དགོན། སེ་ར་ལུང་དགོན་པ་རྣམས་རང་རང་གི་མཆོད་གཞིས་དང་བཅས་པས་བསུ་སྟོན། ཏས་ཐུང་གི་ཆུ་ཁ་ནས་དགོན་ལུང་རྣམས་ཀྱིས་བསུ་སྟོན་བྱས།”③ཞེས་གསུངས་ཤིང་། 《སུམ་པའི་ཆོས་འབྱུང》ནང་དུ་“ཙོང་ཆུའི་གཡོན་ངོས་ཀྱི་སྨད་ནས་ཡར་ལ་ལེན་ཧ་ཐེའེ་དགའ་ལྡན་གནས་བཅུ་ཡར་འཕེལ་གླིང་ཞེས་པ་གསུང་རབ་ཀྱི་དཔར་མང་པོ་ཡོད་པའི་དགོན་ནི་ལི་ཀྱ་སྐུ་སྐྱེས་ངག་དབང་ཆོས་རྒྱལ་གྱིས་རབ་བྱུང་བཅུ་གཉིས་པའི་ཤིང་ཁྱི་ལ་བཟུང་།”①ཞེས་བཀོད་ཅིང་། ལུང་ཚིག་འདིའི་ནང་དོན་ལ་དཔགས་ན་དགོན་པ་འདི་འདེབས་ལོ་ནི་སྤྱི་ལོ་1300ལ་ཁེལ་འདུག་པ་ཤེས། གཞན་ཡང་གོང་དུ་དྲངས་པའི་ལུང་རྣམས་ལས་དཔོན་ཀླུ་སྐྱབས་དང་། ཁོང་གི་ཡབ་མེས་དཔོན་ཀླུ་རྒན་དང་ཀླུ་བྱམས། དཔོན་ཤཱཀྱ་ཟེར་བ་དང་ཡང་ན་ནང་སོ་བཟོད་པ་རིན་ཅེན་དང་། དབོན་པོ་ཤེས་རབ་གྲགས་སོགས་དཔོན་བློན་ཚང་མའི་མིང་བོད་མིང་ངོ་མ་དང་། བོད་དབུས་གཙང་གི་ཆོས་སྲིད་མི་སྣ་རྒྱལ་བ་པཎ་ཆེན་སུས་ཀྱང་ཁོང་ཚོ་བོད་པ་མ་གཏོགས་མི་རིགས་གཞན་ཞིག་ཏུ་སེམས་མི་འདུག་པ་འདི་དང་། དེ་མིན་དཔོན་ཀླུ་སྐྱབས་ཡབ་མེས་ཚང་མའི་མིང་གི་ཡི་གེའི་ནང་སོག་སྐད་ཀྱི་དྲི་མ་ཙམ་ཡང་མེད་པ་འདི་ལ་སོམས་དང་ཧ་གོ་རྒྱུ་མང་སྙམ། 
     དེ་སྔོན་དཔོན་ཀླུ་སྐྱབས་ཀྱི་མངའ་ཁོངས་སུ་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཧ་ཅང་མང་ལ། དེ་ལས་དེང་སང་ལྷག་ལུས་ཡོད་པ་དཔེར་མཚོན་ན་ཏའི་ཐུང་དགོན་པ་ལྟ་བུ་སྟེ། དགོན་འདི་ནི《མདོ་སྨད་ཆོས་འབྱུང》དུ་ཏའི་ཐུང་མཁར་ནང་དུ་རྡོ་རྗེ་འཆང་གི་ལྷ་ཁང་། འདིའི་རྟེན་ཞེས་རྒྱ་གར་གྲུབ་ཆེན་ཏེ་ལོ་པ་ལ་རྡོ་རྗེ་འཆང་གི་ཞལ་གཟིགས་བྱུང་ནས། རྡོ་རྗེ་འཆང་གི་སྐུ་རང་བྱོན་མཐོ་གང་ཙམ་ཅན་ཞིག་ནམ་མཁའ་ནས་བབས་ཏེ། ང་ནི་ཁྱོད་ཀྱི་རྟེན་སྐལ་ལོ། །མཐའ་མ་གདོང་དམར་ཡུལ་དུ་འགྲོ། །ཞེས་བྱུང་བ་རྗེ་ན་རོ་པ་དང་རྗེ་མར་པ་ལོ་ཆེན་བཅས་བརྒྱུད་པའི་སྐུ་བྱིན་ཅན་དེ་རྫུ་འཕྲུལ་གྱིས་དཔོན་ཀླུ་སྐྱབས་ཀྱི་གནས་འདིར་བྱུང་ཚུལ་གྱི་གཏམ་རྒྱུད《མདོ་སྨད་ཆོས་འབྱུང》དུ་རྒྱས་པར་བཀོད་ཡོད་པ་དེ་ཡིན། དེ་ལྟར་སེམས་ཉིད་དགོན་ནི་མདོ་སྨད་ཆོས་འབྱུང་དུ། “སེམས་ཉིད་དགོན་དགའ་ལྡན་དར་རྒྱས་གླིང་ནི། སྔར་ས་འདི་དམུ་རྒོད་ཅིང་ལྟ་ལོག་གིས་མུན་རུབ་པ་ལྟ་བུ་ཡོད་པར། རབ་བྱུང་བཅུ་པའི་ཤིང་སྤྲེལ་ལ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་ཕེབས་ནས་བྱིན་གྱིས་བརླབས་པས་ཆོས་ཀྱི་སྣང་བ་རྒྱས།”① ཞེས་རྒྱལ་དབང་བསོད་ནམས་རྒྱ་མཚོ་མཆོག་གིས་ལུང་བསྟན་ནས་དགོན་སྡེ་ཆགས་པར་བཤད། དགོན་འདིའི་ལོ་རྒྱུས་དང་གདན་རབས་སོགས་བྲག་དགོན་པས་ལྕང་སྐྱའི《དཀར་ཆག་ཤེལ་དཀར་མེ་ལོང》བྱ་བ་གཞིར་བཟུང་ནས་བསྒྲིགས་པ《མདོ་སྨད་ཆོས་འབྱུང》དུ་ལྷ་སྡེ་དང་བཅས་པ་རྒྱས་པར་བཀོད་ཡོད་པ་དེ་ཡིན། དེ
གཙོ་ངོས།ཤོག་ངོས་གོང་མ།12ཤོག་ངོས་འོག་མ།ཤོག་ངོས་མཐའ་མ།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...