སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཁྱུང་གི་མཚོན་དོན་ལ་དཔྱད་པ།
རྩོམ་པ་པོ། ཀུན་དགའ་ཡེ་ཤེས། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-5-4 10:19:00 རྩོམ་ཁུངས། ཧི་མ་ལ་ཡའི་བོན། ཀློག་གྲངས།

ཁྱུང་གི་མཚོན་དོན་ལ་དཔྱད་པ།
ཀུན་དགའ་ཡེ་ཤེས།

     སྤྱིར་བཏང་དུ་སྒོང་ང་ལས་སྣོད་བཅུད་ཀྱི་འཇིག་རྟེན་གྲོལ་བའི་བཤད་པ་འདི་སྲིད་པའི་བོན་གྱི་ལྟ་དགོངས་ཞིག་ཡིན་པ་འདྲ་ལ། དེའི་བདེན་ཤས་ཀྱི་ཆ་ནི་སྔ་རབས་ཀྱི་དམངས་ཁྲོད་གཏོ་གཞུང་སྣ་ཚོགས་པ་ཞིག་གིས་གསལ་བཤད་བྱས་ཆོག་སྙམ་སྟེ། དཔེར་ན་མདོ་སྨད་མདའ་ཚང་ཡུལ་གྱི་དམངས་ཁྲོད་ཡིག་ཆ་ཁྲའ་འགྱོག་དབུ་ལགསྷོ{1}ཞེས་པ་དང་ཕོ་བྲང་ཤེང་ཁྲེལ་སྤྱན་འདྲེན་དབུ་ལགསྷོ{2}ཞེས་པ་སོགས་ལས་མཚོན་པའི་ཡིག་ཚགས་ཀྱི་ནང་དོན་སོགས་ལས་གསལ།
     ཐོག་མའི་སྒོང་ང་དེ་ཉིད་ཇི་ལྟར་གྲུབ་པ་དང་དེའི་ཁུངས་སླར་གང་ལ་གཏུག་དགོས་མིན་ནི་གཡུང་དྲུང་བོན་གྱི་གཞུང་ལུགས་ལས་གསལ་བཤད་བྱས་པ་སྟེ། དང་པོ་ཡེ་མེད་སྟོང་པའི་ངང་ནས་རིམ་གྱིས་བོན་ཉིད་ཀྱི་རྟེན་འབྲེལ་བསམ་ཀྱིས་མི་ཁྱབ་པའི་མཐུས་རླུང་ལངས་པ་གཅིག་ཏུ་སྤུངས་ཏེ་ཡེ་ཡོད་ཅུང་ཙམ་དུ་སྲིད་པ་དང་། དེ་ནས་འོད་དང་ཟེར་དུ་སྲིད་པ། དེ་ལས་ཕྲ་རབ་ཀྱི་རྡུལ་དུ་ཆགས་པ་སོགས་ཀྱི་སྐོར་ནི《མདོ་དྲི་མེད་གཟི་བརྗིད》ལས“ཆགས་ནི་ཕྲ་རབས་རྡུལ་ལས་ཆགས”ཞེས་གསུངས་ཡོད་པ་དེ་བཞིན་དང་། དེ་ནས་འབྱུང་བ་ལྔའི་བྱེད་ལས་ལས་སྲིད་པ་ཀློང་གི་སྒོ་ང་གྲོལ་ཚུལ་བསྟན་ཡོད། 《དབུ་ནག་མིའུ་འདྲ་ཆགས》ལྟར་ན། སྒོང་ང་དེ་ལས་བྱ་གླག་དཀར་ནག་གཉིས་སྲིད་པ་དང་། སྒོང་ང་དཀར་པོ་རྡོལ་བ་ལས། ཕྱིའི་ཤུན་པ་ལ་ལྷ་བྲག་དཀར་པོ་སྲིད། བར་གྱི་གདར་ཤ་ལ་འོད་ཀྱི་ཁྲི་སྡེ་སྲིད། ནང་གི་སྒོང་ཆུ་ལ། དུང་གི་མཛོ་མོ་དཀར་མོ་སྲིད།{3}ཅེས་བཀོད་དེ་བྱ་གླག་གི་རིགས་སུ་བཀོད་པ་ལས། སྲིད་པའི་ཀློང་སྒོང་འདི་དང་ཕྱིས་ཀྱི་དམ་པ་ཁྱུང་གི་རིགས་རུས་ཀྱི་ཁུངས་སུ་བཞག་པའི་ཁྱུང་སྒོང་བར་ལ་འབྲེལ་བ་ཡོད་ཚུལ་གྱི་ཡིག་ཆ་ནི་ད་དུང་མ་མཐོང་མོད། དམངས་ཁྲོད་ཀྱི་གཏམ་རྒྱུད་ཅིག་ལས་ཁྱུང་དང་རུས་སྦལ་གྱིས་འཇིག་རྟེན་བསྐྲུན་པའི་བཤད་རྒྱུན་དེར་བལྟས་ན། ཐོག་མའི་ཀློང་སྒོང་དེ་དང་ཁྱུང་གི་བར་ལ་ཡང་འབྲེལ་བ་ངེས་ཅན་ཞིག་ཡོད་པ་འདྲ། དེའི་སྐོར་ངས་བལྟས་ན་སྲིད་པ་ཀློང་སྒོང་དང་ཕྱིས་ཀྱི་ཁྱུང་སྒོང་བར་ལ་འདྲ་ཆ་ཡོད་པ་མ་ཟད། ལོ་རྒྱུས་སྨྲ་བ་ཁ་ཤས་ཀྱིས་དེ་གཉིས་ལ་གོ་འཛོལ་བྱུང་སྟེ་རིམ་གྱིས་སོ་སོར་སྨྲ་བའི་ལྟ་བ་ཆགས་པ་ཡིན་ཤས་ཆེ། འོན་ཀྱང་གནད་དོན་དེ་གནས་སྐབས་སུ་ཐག་ཆོད་ཐབས་མ་བྱུང་།
     ཁྱུང་གི་རྒྱུད་ལས་སྣོད་བཅུད་ཀྱི་ཁམས་ཆགས་པའམ་མིའི་རིགས་རྒྱུད་མཆེད་པའི་གཏམ་རྒྱུད་འདི་དག་ནི་བོད་དམ་བོན་གྱི་ཤེས་རིག་འཕེལ་རྒྱས་ཀྱི་ཁྲོད་དུ་བྱུང་བའི་སྒྲུང་ལྡེའུ་བོན་གསུམ་ལས་སྒྲུང་གི་རིགས་སུ་གཏོགས་ཤིང་། ང་ཚོས་ད་བར་བསྡུ་སྒྲིག་དང་ཤེས་རྟོགས་བྱུང་བའི་སྒྲུང་དཔེ་དེ་དག་ལས་བོད་ཀྱི་ལྷ་སྒྲུང་གི་རྩོམ་ལུས་དམིགས་བསལ་བ་འདིའི་ནང་དོན་དང་སྒྲིག་གཞི་ལ་ད་དུང་འགྲེལ་བཤད་རྒྱག་དཀའ་བའི་གནད་དོན་ཤིན་ཏུ་མང་པོ་ཡོད་པ་གསལ། ཞིབ་འཇུག་པ་ཁ་ཤས་ཀྱིས་བོན་པོ་རྣམས་གནམ་ལ་དགའ་བ་དང་། གནམ་ལ་དད་པ། བྱ་ལ་དད་པའི་རྨང་གཞིའི་སྟེེང་ནས་ཁྱུང་གི་མཚོན་དོན་སྣ་ཚོགས་པ་འཕེལ་བ་ཡིན་རབས་བཤད་རྒྱུར་ཤིན་ཏུ་གོམས་ཡོད་ན་ཡང་། རྩོམ་རིག་གི་འཕེལ་འགྱུར་གྱི་ངོས་ནས་བལྟས་ན་དེ་ནི་ཕྱི་ངོས་ཙམ་བཟུང་ནས་ནང་གི་དོན་ལ་འགྲེལ་འདོད་ཀྱི་ཧམ་སེམས་ཙམ་ཡིན་པ་ལས། བོད་ཀྱི་གདོད་མའི་རྩོམ་རིག་གི་རྒྱུས་མངའ་མཐར་ཆགས་སུ་སོང་མེད་པའམ་ལྷ་སྒྲུང་ཀློག་འགྲེལ་གྱི་གོ་ནོར་ཞིག་གིས་བོན་པོ་རྣམས་གནམ་ལ་དགའ་བར་བཤད་པ་ཙམ་དུ་ཟད་སྙམ། 《སྲིད་པའི་གཡང་ལེན་ཆེན་མོ》དང་། 《གཡང་སྒྲུབ་འདོད་རྒུ་གཏེར་ཕྲེང》སོགས་ལས་གསར་བ་ལྟར། བོན་གྱི་སྔ་རབས་ཡིག་ཆ་མང་པོའི་ནང་དུ་དགོངས་སྔོན་དབྱིངས་སུ་ཡོད་པའི་ཉི་ཟླ་སྐར་གསུམ་དང་། ལྷ་དང་ཡུལ་ལྷ་གཞི་བདག བྱ་རྒྱལ་ཁྱུང་ལ་སོགས་པར་ཆེ་བསྟོད་བྱས་པ་དང་། མཐོན་པོ་རི་ལ་གནས་པའི་རྩི་ཤིང་ནགས་ཚལ། མཚོ་དང་མཚེའུ། ཕ་བོང་དང་རྡེའུ་འབུར་སོགས་ལ་ཆེ་བརྗོད་བྱས་པ་དེ་དག་གི་དོན་ལ་བརྟག་ན། བོད་ཀྱི་གདོད་མའི་ཤེས་རིག་འདིས་འབྱུང་བ་བཞིའམ་ལྔའི་རང་བྱུང་གི་འཕེལ་འགྱུར་ལ་ཐོག་མ་ནས་རང་གི་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས་ངོས་འཛིན་དང་། གོང་བཀུར། ཆེ་འཇོག་བྱས་པའི་ལྟ་བ་མཚོན་པ་མ་ཟད། དེ་བཞིན་གྱི་རང་བྱུང་གི་སྟོབས་ཤུགས་ཆེན་པོ་འདི་ལ་བརྩི་བཀུར་བྱས་པའི་རིན་ཐང་གི་ལྟ་ཚུལ་ཞིག་མཚོན་པར་བྱེད་པ་ལ། ལྷ་སྒྲུང་གི་རྩོམ་ལུས་སུ་སྦྱར་ཅི་ཐུབ་བྱས་པ་ཙམ་དུ་ཟད། དེ་འདྲ་མ་གཏོགས་བཤད་སྟངས་དེ་ནི་བོན་པོ་གནམ་ལ་དགའ་བའི་བདེན་རྟགས་སུ་ཅི་ལ་འགྲོ དེ་ཡིས་ཕྱིར་ན། ཁྱུང་ཞེས་པའི་དམིགས་བསལ་ཐ་སྙད་འདི་ལ་ཡང་ཐོག་མའི་དུས་སུ་གོ་དོན་གཅིག་ཙམ་ལས་ཡོད་མི་སྲིད་པ་གསལ་ན་ཡང་། ལྷ་སྒྲུང་གི་འཕེལ་འགྱུར་དང་བསྟུན་ནས་ཐ་སྙད་འདིའི་མཚོན་དོན་ལ་ཡང་རྣམ་པ་སྣ་ཚོགས་པའི་རིག་གནས་ཀྱི་ངོ་བོ་ཞིག་ཡོད་སྲིད་པ་ཡང་དངོས་དོན་ཡིན་ནོ།།


མངའ་རིས་རུ་ཐོག་རི་མོ་གདོང་གི་བྲག་བརྐོས་ཁྱུང་གི་རི་མོ།

     ཡིག་ཚགས་དོ་བསྡུར་བྱས་པ་ལས་གསལ་བ་ལྟར། ཁྱུང་ཞེས་པ་འདིར་ད་ཡོད་དཔྱད་གཞི་ཁག་གི་ནང་དུ་གོ་དོན་གཙོ་བོ་ལ་རིགས་མི་འདྲ་བ་བཅུ་ཙམ་བྱུང་ཡོད་དེ། ༡ ཁྱུང་ཞེས་པ་དེ་བོན་སྐུ་ཀུན་ཏུ་བཟང་པོ་སོགས་ཀྱི་རྣམ་སྤྲུལ་དུ་གྱུར་བའི་ལྷ་བྱའམ་བྱ་རྒྱལ་ཁྱུང་ཆེན་ལ་ངོས་འཛིན་པ་དང་། ༢ ཁྱུང་ཞེས་པ་ནི་བྱ་རྒྱལ་ཁྱུང་གི་སྤར་མོ་ས་ལ་རེག་པའི་དྲོད་རླངས་ལས་སྨིན་པའི་སྒོ་ང་དཀར་ནག་སེར་ཁྲ་བཞི་བྱུང་བ་དང་། དེ་ལས་མཆེད་པའི་མཚན་དང་ལྡན་པའི་ཁྱེའུ་བཞི་བྱུང་བའི་མི་རྒྱུད་སྐོར་ལ་ངོས་འཛིན་པ། ༣ ཁྱུང་ཞེས་པ་ནི་ཞང་ཞུང་ཞེས་པའི་ཞུང་གི་ཚིག་དེ་བོད་སྐད་དུ་འགྱུར་བའི་དོན་ལ་ངོས་འཛིན་པ། ༤ ཁྱུང་ཞེས་པ་ནི་བོད་ཀྱི་ཡབ་འབངས་རུས་དྲུག་གི་གྲས་ཤིག་ཏུ་ངོས་འཛིན་བྱེད་པ། ༥ ཁྱུང་ཞེས་པ་ནི་བོན་གྱི་གདུང་རྒྱུད་ཆེ་དྲུག་གི་ནང་གསེས་དམ་པ་ཁྱུང་གི་རིགས་རུས་ལ་འཇུག་པ། ༦ ཁྱུང་ཞེས་པ་ནི་གསེར་སྲང་ཕྱེད་ལ་ཟླ་བ་གསུམ་དུ་བསྒྲུབས་པ་བྱས་པའི་ཛྭ་ལ་ཟེར་བ། ༧ ཁྱུང་ཞེས་པ་ནི་ཡ་ཐོག་སྲིད་པའི་ལྷ་རབས་ཀྱི་མཆེད་ཁུངས་ལ་ངོས་འཛིན་པ། ༨ ཁྱུང་གི་སྤྱན་འདྲེན་སོགས་དམངས་ཁྲོད་གཏོ་གཞུང་གི་ནང་དོན་ལས་མཚོན་པའི་ཁྱུང་ནི་ཀླུ་ཡི་མགོ་གནོན་དུ་ངོས་འཛིན་པ། ༩ དབར་ཁྱུང་དྲག་པོའི་སྒྲུབ་ཐབས་སོགས་ལས་མཚོན་པའི་ཁྱུང་ནི“ལྷ”ཞིག་ལ་ངོས་འཛིན་པ། ༡༠ ཁྱུང་ཞེས་པ་འདི་གནམ་ས་གོ་འབྱེད་བྱེད་མཁན་གྱི་འཇིག་རྟེན་བྱེད་པོ་ཡིན་པར་འདོད་པ་སོགས་མཚོན་དོན་མང་བའི་ཐ་སྙད་ཞིག་ཏུ་ངེས། དེ་དག་རེའུ་མིག་ཏུ་བཀོད་ན།

     གོང་གསལ་ལྟར་ཁྱུང་ཞེས་པའི་མཚོན་དོན་སྣ་ཚོགས་པ་འདི་དག་མང་ཆེ་ཤོས་ཤིག་ཐོག་མའི་འདབས་ཆགས་ཤིག་ནས་ལྷ་སྒྲུང་གི་ངོ་བོར་ཐིམས་པའི་སྤྲུལ་བའི་ལྷ་བྱ་ཞིག་དང་། དེ་ནས་སྒོང་སྐྱེས་ཀྱི་ལྟ་བ་ཞུགས་པའི་རིགས་རུས་ཀྱི་མཆེད་ཁུངས་ལྟ་བུ་ཞིག་ཏུ་ཆགས་པ་དང་། དེའི་བྱེད་ནུས་ལ་བརྟེན་ནས་སླར་ལྷ་ཡི་ཁྱད་ཆོས་ལྡན་པའི་བྱེད་པོ་ཞིག་ལ་གྱུར་བ་སོགས་ནི་བོད་ཀྱི་ལྷ་སྒྲུང་གི་རྩོམ་ལུས་འདིའི་བྱུང་རིམ་གྱི་ཁྱད་ཆོས་གཙོ་བོ་ཞིག་ཡིན་མོད་ཀྱི། དེ་དག་ལ་ལོ་རྒྱུས་རིག་པའི་མིག་དབང་གིས་དབྱེ་ཞིབ་བྱེད་པ་ཡིན་ན།
     ༡ བོན་སྐུ་ཀུན་ཏུ་བཟང་པོའི་རྣམ་སྤྲུལ་གྱི་བྱ་རྒྱལ་ཁྱུང་ཆེན་ཞིག་གི་མཚོན་བྱེད་དུ་བཀོད་པའི་ཡིག་ཆ་གཙོ་བོ་《མདོ་འདུས》(དུས་རབས11ཡས་མས་ཀྱི་ཡིག་ཆ།)དང་། 《རྒྱལ་ཁྱུང་དཀར་པོའི་གདུང་རབས》། 《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ》སོགས་ཡིན་ཞིང་། དེ་དག་གི་ནང་དོན་དཔེར་ན《མདོ་འདུས》ལས“དེ་ཡང་རིག་འཛིན་གྲལ་ལ་གནས།། གཙང་གི་སྨུག་སྟོད་ཀློང་ཉིད་དུ།། ང་ཡིས་བྱ་ཁྱུང་དུ་སྤྲུལ་ནས།། མི་འགྱུར་གཡུང་དྲུང་མཚལ་གླིང་ལ།། སྐྱེ་འཁོར་མེད་པའི་གདམས་པ་བཤད།།”{4}ཞེས་དང་། 《བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན》ལས། “དེར་ཡབ་སྲས་གཉིས་བྱ་ཁྱུང་སུམ་གྲུས་རེར་སྤྲུལ་ནས། བུ་གཉིས་ཁྲིད་ནས་ཐར་ལམ་ལ་བཙུད་དོ།།”{5}ཞེས་བཀོད་ཡོད་པ་དང་། ཡང་ཡིག་ཆ་དེ་ཉིད་ལས། “མཆོག་དགུང་ལོ་སུམ་བརྒྱ་དྲུག་ཅུར་བོན་གྱི་འཁོར་ལོ་བསྐོར་ནས། ནམ་མཁའ་ལ་ཁྱུང་དུ་སྤྲུལ་ནས་གཤེགས་སོ།།”{6}ཞེས་སྟོན་པ་གཤེན་རབ་ཀྱི་མཛད་པ་བཤད་པ་དང་། 《རྩ་རྒྱུད་ཉི་ཟེར་སྒྲོན་མ》ལས“དེ་ནས་སྟོན་པ་གཤེན་རབ་ཉིད། འདབ་ཆགས་རྒྱལ་པོ་ཁྱུང་དུ་སྤྲུལ། སྟོང་གསུམ་སྤྱི་རྒྱ་རླབས་ཀྱིས་བཅད།།” {7}ཞེས་དང་། དེ་བཞིན་དུ《བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་ཏོ་ཤལ》དུ་བཀོད་པ་ལྟར་ན། “དེ་ཡང་ཁྱུང་པོའི་བྱུང་ཁུངས་ནི། སྟེང་ཕྱོགས་ཀྱི་སྟོན་པ་ཀུན་བཟང་འོད་ཀྱི་རྒྱལ་པོ་དེ་ཉིད་འགྲོ་བའི་དོན་དུ་ཁྱུང་ཕོ་ཆེན་པོ་ཞིག་ཏུ་སྤྲུལ་ནས་གྱིམ་ཤོད་ཤེལ་ལེ་རྫོང་དྲུག་གི་རྩེ་མོར་བབས”{8}ཞེས་དང་། ཡང་དེ་ཉིད་ལས“དེ་ནསརྗེ་འབྲུག་བྱ་ཁྱུང་ཞིག་ཏུ་སྤྲུལ་ནས་ནམ་འཕང་རླབས་ཀྱི་གཅོད་པས། གཡུ་ལོ་མ་ཨོ་རྒྱན་དུ་ཅུང་མ་སླེབས་པའི་བར་དེར་ཁྱུང་གི་སྡེར་མོས་སེང་གེའི་གཡུ་རལ་ནས་བཟུང་སྟེ་ཕྱིར་ཁྲིད་ནས་དམ་པའི་ལྟ་སྒོམ་སྤྱོད་གསུམ་དང་གཡུ་ལོ་མ་འདི་རེད་དོ་གསུངས་པས་དམ་པ་མཉེས་སོ།།”{9}ཞེས་པ་སོགས་དང་། 《རྒྱལ་ཁྱུང་དཀར་པོའི་གདུང་རབས》ལས། “ཀུན་ཏུ་བཟང་པོ་དེ་རྣམས་ཀྱིས་སྤྲུལ་པ་ལས་སངས་རྒྱས་དང་སེམས་དཔའ་དང་། ངེས་པ་ཅན་གྱི་སྤྲུལ་སྐུ་དང་། མ་ངེས་པའི་སྤྲུལ་སྐུ་བསམ་གྱིས་མི་ཁྱབ་པ་བྱོན་པའི་འཇིག་རྟེན་གྱི་ཁམས་སུ་འདུལ་བར་མ་ངེས་པ། སྤྲུལ་པའི་སྐུ་བྱ་ཁྱུང་དུ་སྐུ་སྤྲུལ་ཏེ། འཛམ་གླིང་འདིར་ཡང་ལན་གཅིག་བྱོན་པ་ལ།།”{10}ཞེས་པ་སོགས་ལས་ཁྱུང་འདི་ཉིད་ནི་བོན་སྐུ་ཀུན་ཏུ་བཟང་པོའམ། སྟོན་པ་གཤེན་རབ་དང་རྗེ་འབྲུག་སོགས་སྐྱེས་བུ་དམ་པ་གང་རུང་ཞིག་གི་རྣམ་སྤྲུལ་གྱི་མཚོན་བྱེད་དུ་བཀོད་ནས། སྐྱེ་རྒུའི་སེམས་ཀྱི་དད་འདུན་མཚོན་བྱེད་ཀྱི་གཟུགས་སུ་སྦྱར་བ་འདི་བོད་ཀྱི་ལྷ་སྒྲུང་གི་གྲུབ་ཆ་འདོར་ཐབས་མེད་པ་ཞིག་ཡིན་པར་བཤད་ཆོག
     ༢ ཁྱུང་ལས་སྒོ་ང་དཀར་ནག་སེར་ཁྲ་གསུམ་མམ་བཞི་མཆེད་པའི་གཏམ་རྒྱུད་སྐོར་བརྗོད་པའི་ཡིག་ཚགས་གཙོབོ《བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་ཏོ་ཤལ》དང་། 《དབུ་ནག་མིའུ་འདྲ་ཆགས》། ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་མཛད་པའི《ལུང་རིགས་མཛོད》། 《གཙང་མ་ཀླུ་འབུམ》སོགས་ཡིན་ལ། ལྟ་ཚུལ་དེ་ནི་བོན་ཁོ་ནའི་ཡིག་ཆ་ལས་བྱུང་བ་དང་། བོན་ཁོ་ནའི་འཇིག་རྟེན་ཆགས་རབས་ཀྱི་ལྟ་ཚུལ་ཞིག་ཡིན་པས། ཉང་རལ་ཉི་མ་འོད་ཟེར་གྱིས(1136-1204)“བོན་ལུགས་ནི་སྟག་གཟིག་ཡུལ་གྱི་སྒོང་སྐྱེས་ལྟ་བའི་ལུགས་འཛིན་མཁན་ཡིན་པས་དེ་ནི་མུ་སྟེགས་པའོ”{11}ཞེས་གསུངས་ཤིང་། འབྲི་གུང་འཇིག་རྟེན་མགོན་པོའི་གསུང་བཞི་བཅུ་བ་ལས་ཀྱང་དེ་བཞིན་དུ་མུ་སྟེགས་དང་བོན་པོ་ཞེས་བོན་འདི་ཉིད་མུ་སྟེགས་པ་དང་སྦྲེལ་ཅི་ཐུབ་བྱས་པའི་ལྟ་ཚུལ་དེ་དག་གཙོ་བོ་སྒོང་སྐྱེས་ཀྱི་ལྟ་ཚུལ་ལས་འཕྲོས་པ་ཡིན་པ་གསལ་ཐག་ཆོད། མཁར་རྨེའུ་བསམ་གཏན་མཆོག་གི་གསུང་རྩོམ་དུ་སེ་ཏན་ཞུ་བའི་ཕྱི་གླིང་བ་དེས་འཇིག་རྟེན་སྒོ་ང་ལས་སྐྱེས་པར་འདོད་པའི་ལྟ་བ་དེ་ནི་རྒྱ་གར་གྱི་ལོ་རྒྱུས་སྙན་རྩོམ《མ་ཧྰ་བྷ་ར་ཏ》སོགས་དང་འབྲེལ་ནས་དཔྱད་ཞིབ་བྱས་ཡོད་པའི་སྐོར་ངོ་སྤྲོད་རགས་བསྡུས་ཤིག་འདུག་ན་ཡང་། ཕྲན་ལ་དབྱིན་ཡིག་ཏུ་བྲིས་པའི་མ་ཡིག་དེ་ཉིད་ལྟ་ཀློག་གི་གོ་སྐབས་ལྡན་པར་མ་གྱུར་བས་སོར་འཇོག་བྱེད་དགོས་བྱུང་། གང་ལྟར་སྒོ་ང་ལས་བྱུང་ཚུལ་འདི་བོན་གྱི་ཡིག་ཆ་ལས་བྱུང་བ་ཡིན་པས་ན། རླངས་ཀྱི་པོ་ཏི་བསེ་རུ་ལས་བྱུང་བའི་སྒོང་སྐྱེས་ཀྱི་ལྟ་བ་འདི་ཉིད་ལ་ཡང་བོན་གྱི་ཡིག་ཆའི་ཤན་ཞུགས་ཡོད་པ་ནི་ལུང་རིག་གཉིས་ཀྱིས་བདེན་དཔང་བྱེད་ཐུབ་པ་ཞིག་རེད། དེའི་ཕྱིར། སྒོང་ངའི་གྲངས་དང་། ཁ་དོག གཟུགས་དབྱིབས་སོགས་ལ་ཡིག་ཆ་མི་འདྲ་བའི་ནང་ཁྱད་པར་ཡོད་ན་ཡང་། ཁྱུང་ལས་སྒོ་ང་གསུམ་མམ་བཞི། ཡང་ན་བརྒྱད་དམ་དགུ་གང་ཞིག་མཆེད་པའི་གཏམ་རྒྱུད་དེ་ནི་བོན་གྱི་ཤེས་རིག་ཁྲོད་ཤིན་ཏུ་དར་ཆེ་བ་ཞིག་རེད།
     《བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་ཏོ་ཤལ》དུ་བཀོད་པ་ལྟར་ན། “ཁྱུང་པོ་ཞེས་པའི་ཡུལ་ལུང་གི་བྱུང་ཁུངས་ནི། སྟེང་ཕྱོགས་ཀྱི་སྟོན་པ་ཀུན་བཟང་འོད་ཀྱི་རྒྱལ་པོ་དེ་ཉིད་འགྲོ་བའི་དོན་དུ་ཁྱུང་ཕོ་ཆེན་པོ་ཞིག་སྤྲུལ་ནས་གྱིམ་ཤོད་ཤེལ་ལེ་རྫོང་དྲུག་གི་རྩེ་མོར་བབས། དེའི་སྦལ་མོའི་ཤུལ་དུ་སྒོ་ང་དཀར་སེར་ནག་གསུམ་ཁྲ་བོ་དང་བཞི་བརྡོལ་བས་མཚན་དང་ལྡན་པའི་ཁྱུང་སྲས་བཞིར་བྱུང་སྟེ། དཀར་ཁྱུང་དང་ནག་ཁྱུང་དང་སེར་ཁྱུང་དང་གསུམ། དབང་ལྡན་ཁྱུང་འཕགས་ཁྲ་བོ་གཡུ་འབྲུག་ལ་ཆིབས་ནས་རྒྱལ་རོང་དུ་འཕུར་བས་རྒྱལ་ཁྱུང་ཟེར། དེ་དག་ལས་གྱེས་པའི་སྟོད་ན་ལྷ་ཁྱུང་། བར་ན་མུ་ཁྱུང་། སྨད་ན་དབལ་ཁྱུང་སོགས་ཁ་འཐོར་ཇི་སྙེད་ཅིག་བྱུང་ངོ་།།”{12}ཞེས་བཤད་པདེ་དག་གིས་དམ་པ་ཁྱུང་གི་གདུང་རུས་དང་། ཤར་ཕྱོགས་རྒྱལ་མོ་ཚ་བ་རོང་ཞེས་པའི་ཡུལ་སྡེ་གང་རུང་གི་རིགས་རུས་སོགས་ཀྱི་འབྱུང་ཁུངས་བསྟན་པ་ཡིན།
     ༣ ཁྱུང་ཞེས་པ་ནི་ཞུང་གི་གོ་དོན་ཡིན་ཚུལ་གྱི་དགོངས་པ་འཛིན་མཁན་བོན་གྱི་ལོ་རྒྱུས་སྨྲ་བ་ཁྱུང་པོ་བློ་གྲོས་རྒྱལ་མཚན་དང་། སྐྱབས་སྟོན་རིན་ཆེན་འོད་ཟེར། སྨན་རིའི་དཔོན་སློབ་བསྟན་འཛིན་རྣམ་དག ནམ་མཁའི་ནོར་བུ་དང་རྒན་ཚེ་རིང་ཐར་སོགས་ཡིན། ལྟ་དགོངས་དེ་དག་ཁོང་ཚོའི་བརྩམས་ཆོས《ཁྱུང་པོའི་རྒྱལ་རབས་ལོ་རྒྱུས》དང་། 《ཁྲོ་བོ་དབང་ཆེན་ངོ་མཚར་རྒྱས་པའི་རྣམ་བཤད་གསལ་བའི་སྒྲོན་མེ》། 《སྔ་རབས་བོན་གྱི་བྱུང་བ་བརྗོད་པའི་འབེལ་གཏམ་ལུང་གི་སྙིང་པོ》། 《གནའ་རབས་ཞང་ཞུང་གི་ཤེས་རིག་ལ་སླར་དཔྱད་པ》ཞེས་པ་སོགས་དང་། 《ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས》ལས་ཀྱང“མུ་ལ་ནམ་མཁའ་ཏིང་ནི་སྔོན་པོ་ཞུང་ཞག་ནི་ཁྱུང”{13}ཞེས་པ་སོགས་ཁྱུང་གི་ཐ་སྙད་མང་དུ་བསྟན་ལ། དེ་བཞིན《ཁྱུང་པོའི་གདུང་རབས་མ་ཡིག་གཡུ་མགོ་མ》སོགས་ལས་ཁྱུང་ཞེས་པ་ནི་ཞུང་ཞེས་པའི་ཞང་ཞུང་གི་བརྡ་སྐད་དེའི་བོད་སྐད་དུ་གོ་བར་བྱས་ཡོད་པའི་སྐོར་གོང་དུ་གླེང་ཟིན་པ་ལྟར་ཡིན།
     ༤ ཁྱུང་ཞེས་པ་ནི་བོད་ཀྱི་ཡབ་འབངས་རུས་དྲུག་གི་གྲས་ཤིག་ཏུ་ངོས་འཛིན་བྱེད་པའི་སྐོར་ལས་ཡབ་འབངས་རུས་དྲུག་ཏུ་འབོད་པ་ནི་གཉའ་ཁྲི་བཙན་པོའི་སྐབས་བཙན་པོ་ཡབ་ཀྱི་མངའ་ཁོངས་སུ་གཏོགས་པའི་རུས་རྒྱུད་ཚོ་པ་དྲུག་སྟེ། བཙན་པ་ལྷོ་དང་གཉགས་གཉིས། བཙུན་པ་ཁྱུང་དང་སྣུབས་གཉིས། གཉན་པ་བསེ་དང་སྦོ་གཉིས་བཅས་དྲུག{14}ལ་ཟེར་བ་སྟེ། དེའི་སྐོར་དཔེར་ན་ཏུན་ཧོང་ཡིག་རྙིངp1286《མཁར་ཆུང་རྒྱལ་ཕྲན་སིལ་མའི་མ་ཡིག་ངོ་འདྲ་མ》ལས“ཞང་ཞུང་དར་པའྀ་རྗོ་བོ་ལིག་སྙ་ཤུར། བློན་པོ་ཁྱུང་པོ་ར་སངས་རྗེ་དང་སྟོང་ལོམ་མ་རྩེ་གཉྀས”ཞེས་པའི་ཁྲོད་ཀྱི་ཁྱུང་དང་། 《གླེང་གཞི་བསྟན་པའི་འབྱུང་ཁུངས》སུ་གསལ་བའི་ཞང་ཞུང་གི་བོན་པོ་ར་ལ་ཁྱུང་དང་། བོད་ཀྱི་བོན་པོ་ཁྱུང་པོ་གྱེར་ཟླ་མེད་ཀྱིས{15}ཞེས་པའི་ཁྱུང་། དེ་བཞིན་ཁྱུང་མོ་ཟ་མཚོ་རྒྱལ་ལ་སོགས། དེ་བཞིན་གྱི་ཏུན་ཧོང་ཡིག་རྙིངp1060\ p1287སོགས་ལས་བྱུང་བའི་ཁྱུང་གི་ཡི་གེ་རྣམས་དེང་གི་བོད་ཀྱི་བརྡ་རྙིང་ཡིག་ཆ་རྣམས་གཅིག་མཐུན་དུ་ཡབ་འབངས་རུས་དྲུག་ཁྲོད་ཀྱི་ཁྱུང་ཞེས་པ་ལ་འགྲེལ་བརྗོད་བྱས་འདུག
     ༥ བོན་གྱི་གདུང་རྒྱུད་ཆེ་དྲུག་གི་ཁོངས་སུ་གཏོགས་པའི་ཁྱུང་དེ་ལ་མང་ཆེ་ཤོས་སུ་དམ་པ་ཁྱུང་ཞེས་བྲིས་ཡོད་ན་ཡང་། དམ་པ་ཞེས་པའི་ཚིག་འབྲུ་དེ་གཉིས་ཆེ་འཇོག་དང་གུས་བཀུར་གྱི་ཚིག་ཏུ་གཞུག་ནས་སྣོན་པ་ཡིན་པ་ཤིན་ཏུ་གསལ། གདུང་རྒྱུད་ཆེ་དྲུག་ནི་གཤེན་དང་། བྲུ ཞུ། སྤ། རྨེའུ། ཁྱུང་བཅས་ལ་ཟེར་ཞིང་། ཁྱུང་གི་རིགས་རུས་འདི་དབྲ་ལས་མཆེད་པའི་སྐོར་འོག་ཏུ་གླེང་འགྱུར་ཡིན་པ་དང་། དེ་བཞིན་གྱི་བྲུ་ཞུ་སྤ་རྨེའུ་སོགས་ཀྱི་ལོ་རྒྱུས་ཞིབ་འཇུག་པ་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་ཆེད་རྩོམ་སོགས་ལ་གསལ། ཁྱུང་གི་རིགས་རུས་འདི་དང་པོ་གདུང་རྒྱུད་ལྷ་ནས་ཆད་པར་བཤད་ལ། དེའི་བརྒྱུད་ཁུངས་ཀྱང་ཡར་དེད་ན་ཀུན་ཏུ་བཟང་པོའི་སྤྲུལ་པ་རིག་སྣང་འོད་ཀྱི་རྒྱལ་པོའི་སྐུ་གསུང་ཐུགས་ལས་སྤྲུལ་པའི་བྱ་ཁྱུང་གསུམ་བྱུང་བའི་གཏམ་རྒྱུད་དང་འབྲེལ་ཡོད་ཅིང་། དེ་ལས་བརྒྱུད་པའི་མི་རབས་ཀྱི་ཐོག་མ་ཡིག་ཚགས་སུ་བཀོད་ཡོད་པ་ནི་ཆེ་བ་ལྷ་ཁྱུང་རྒྱལ་ཁྱུང་སེར་གྱི་རྒྱུད་དང་། དེ་འོག་ཁྱུང་རྒོད་ཐོག་ལ་འབར་ནི་ཁྱུང་དཀར་གྱི་རྒྱུད། དེ་འོག་ཆུང་བ་དམུ་ཁྱུང་རྒྱལ་ནི་ཁྱུང་ཁྲ་ཡི་རྒྱུད་དེ་གསུམ་ཡིན། 《མདོ་གཟེར་མིག》དང《མདོ་དྲི་མེད་གཟི་བརྗིད》སོགས་ལས་བསྟན་པ་ལྟར་ན། ཁྱུང་གི་མི་རྒྱུད་ཐོག་མ་དེ་གསུམ་གྱིས་ཞང་ཞུང་གི་ཡུལ་དུ་སྐུ་མཁར་རེ་རེ་བརྩེགས་པར་བཤད་དེ། ལྷ་ཁྱུང་རྒྱལ་གྱིས་ཟོ་བོ་ཁྱུང་ལག་གི་གསས་མཁར་བཞེངས་པ་དང་། ཁྱུང་ཐོག་ལ་འབར་གྱིས་གཡུང་དྲུང་འོད་ཟེར་འབར་བའི་གསས་མཁར་བཞེངས། དམུ་ཁྱུང་རྒྱལ་གྱིས་དངུལ་མཁར་ལྷ་རྩེའི་གསས་མཁར་བཞེངས་བར་གྲགས་ལ། ད་དུང་ཡིག་ཆ་ཁ་ཤས་སུ་ཁྱུང་ནག་གི་རྒྱུད་ལས་གསས་མཁར་མཆོད་རྟེན་བརྒྱད་བཞེངས་ཞེས་བཤད་པར 《སྐལ་བཟང་མགྲིན་རྒྱན》ལས་མཆོད་རྟེན་ཆ་བརྒྱད་བཞེངས་ཞེས་དང་། 《ལེགས་བཤད་མཛོད》སོགས་སུ་གསས་ཁང་བརྒྱ་རྩ་བརྒྱད་བཞེངས་ཞེས་བཀོད་ལ། ཁོང་རྣམ་གསུམ་ལ་བླ་རྡོ་རིན་ཆེན་ཕ་བོང་རེ་རེ་དང་། སྐུ་མཁར་རེ་རེ། བླ་མཚོ་རེ་རེ་ཡོད་པར་བཤད། དེ་མ་ཟད་ཁྱུང་རྒྱུད་མི་རབས་དེ་གསུམ་གྱི་ཐོག་མའི་དུས་སུ་ཞང་ཞུང་གི་བྱ་རུ་ཐོབ་པའི་རྒྱལ་པོ་རྣམས་ཀྱི་མཆོད་གནས་སམ་དབུ་བླ་རུ་བཞུགས་པར་བཤད་ལ། དེ་ནས་གཉའ་ཁྲི་བཙན་པོས་བླ་རུ་བཀུར་བ་དང་། བོད་ཀྱི་རྒྱལ་པོ་ལས་སྟོད་ཀྱི་སྟེང་གཉིས་ཀྱི་འོག་མ་སྤུ་དེ་གུང་རྒྱལ་གྱི་རིང་ལ་ཞང་ཞུང་ནས་ཁྱུང་ནག་གི་རྒྱུད་མུ་ཁྱུང་རྒྱན་ཞུ་བ་ཞིག་དང་ཁྱུང་སེར་གྱི་རྒྱུད་ལྷ་ཁྱུང་རྒྱན་ཞུ་བ་སོགས་གདན་དྲངས་ཏེ་བོད་ཡུལ་དུ་བོན་གྱི་བསྟན་པ་སྤེལ་བ་ནས་བོད་ཡུལ་དུ་ཁྱུང་གི་རིགས་རུས་མང་དུ་ཆད་པ་སྟེ། མུ་ཁྱུང་རྒྱན་ལ་བུ་གཉིས་བྱུང་བ་ལས་ཁྱུང་པོ་སྟག་སྒྲ་དོན་གཙུག་དང་དཔལ་གྱི་གིར་ཏི་གཉིས་ཡིན། ཁྱུང་པོ་སྟག་སྒྲ་དོན་གཙུག་ནི《རྫོགས་ཆེན་བསྒྲགས་པ་སྐོར་གསུམ》གྱི་བླ་རྒྱུད་ལས་བྱུང་བའི་པཎ་ཆེན་ལི་ཤུའི་ཞལ་སློབ་གྲུབ་ཐོབ་ཆེན་པོ་བཅོ་བརྒྱད་བྱུང་བའི་ནང་གི་སྟག་གཟིག་མཁས་པ་དྲུག་གི་དང་པོ་དེ་ཡིན། ཁྱུང་པོ་སྟག་སྒྲ་དོན་གཙུག་གི་སྲས་ནི་བཙན་སྒྲ་དོན་གཙུག་དང་། དེའི་སྲས་ཁྱུང་པོ་གྱེར་ནམ་ཟུར་རྩེ། དེའི་སྲས་སྟོང་རྒྱུང་རིང་མོ། དེའི་སྲས་ཁྱུང་རྒྱལ་སྟག་ལ་སྐྱེས་ཡིན་པར་བཤད་ལ། དེ་ནས་རིམ་པར་བརྒྱུད་དེ་ཕྱིས་ཀྱི་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་དང་། དེའི་སྲས་ཁྱུང་པོ་མིད་ལ་གྲུབ་པ། དེའི་སྲས་མིད་ལ་ཐོས་པ་དགའམ་མིད་ལ་རས་པ(རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྮེ་བཙུན་མི་ལ་རས་པ་ཡང་ཟེར)སོགས་བྱོན་པར་བཤད་ལ། དེ་བཞིན་ཁྱུང་པོ་དཔལ་གྱི་གིར་ཏིའི་སྲས་ནི་མཆོག་གི་སྒྲོན་མ་དཔུང་སྒྲ་ཟུར་ཡིན། དེའི་སྲས་ཁྱུང་པོ་བཀྲ་རྒྱལ། དེའི་སྲས་ཁྱུང་པོ་ལེགས་མགོན་ཡིན་ལ། 《ལེགས་བཤད་མཛོད》ལྟར་ན། ཁྱུང་པོ་ལེགས་མགོན་གྱི་སྲས་ཁྱུང་པོ་གྱེར་ཟླ་མེད། དེའི་སྲས་ར་སངས་ཁྲི་ནེ་ཁོད(ཁྱུང་པོ་ར་སངས་ཁྲི་ནེ་ཁོད)དང་ར་སངས་ཁོད་རམ་གཉིས་ཡིན། 《སྐལ་བཟང་མགྲིན་རྒྱན》དུ་ཡང་དེ་ལྟར་བཀོད་ལ། ར་སངས་ཁྲི་ནེ་ཁོད་ནི་བོད་ཀྱི་རྒྱལ་པོ་སྟག་རི་གཉན་གཟིགས་ཀྱི་སྐུ་གཤེན་དུ་བཞུགས་པའི་སྐོར《བསྒྲགས་པ་གླིང་གྲགས》ལྟར་ན། བཙན་པོ་སྟག་རི་གཉན་གཟིགས་དེ་ཉིད་ལྷོ་བྲག་རྒྱལ་པོས་བཙོན་དུ་བཟུང་བ་ན། སྐུ་གཤེན་ར་སངས་ཁྲི་ནེ་ཁོད་ཀྱིས་དབང་ཐང་ལ་བརྟེན་ནས་རྒྱལ་པོ་བཙོན་ལས་གྲོལ་ཟེར་ལ། ཁྱུང་པོ་ར་སངས་ཁྲི་ནེ་ཁོད་ཀྱིས《སྲིད་པ་སྤྱི་སྐོང་སྣང་སྲིད་སྤྱི་མདོས》སོགས་མཛད་པ་དེང་ཆར་ཡང་བཞུགས། ཞང་ཞུང་གི་རྒྱལ་པོ་ལིག་མི་ཧྱ་བོད་ཀྱི་རྒྱལ་པོས་བཀྲོངས་རྗེས་སུ་ཞང་ཞུང་གི་རྒྱལ་ས་ཁྱུང་པོ་སྟག་སྒྲ་དུན་གཙུག་གིས་བཟུང་བར་བཤད་ལ། ཁྱུང་འཕགས་ཁྲ་མོ་ནི་གཡུ་འབྲུག་ལ་བཅིབས་ཏེ་ཤར་ཕྱོགས་རྒྱལ་རོང་ཡུལ་དུ་ཕེབས་པས་དེ་ལས་བུ་འབོར་གཡུང་དྲུང་བུ་བཞི་སོགས་ཆད་དེ་ཤར་ཕྱོགས་རྒྱལ་རོང་ཡུལ་གྱི་མི་རྒྱུད་དེ་དག་རིམ་པར་ཆད་ཟེར།
     ༦ གསེར་བསྒྲུབས་པ་ལས་བྱུང་བའི་ཛྭ་ལ་གོ་བའི་སྐོར་འདི་གྱེར་ཆེན་སྣང་བཞེར་ལོད་པོས་མཛད་པའི《རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་བོན་མ་ནུབ་པའི་གཏན་ཚིགས》དང་། 《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ》སོགས་སུ་སྒྲུང་གི་ཟོལ་གྱིས་དྲངས་པ་སྟེ། དར་རྒྱས་གསལ་སྒྲོན་ལས་ཁྱུང་ཞེས་བྱ་བ་སྲང་ཕྱེད་ཟླ་གསུམ་བསྒྲུབ་ན། ཡར་ལུང་གི་ས་བརླག་པར་ནུས{16}ཞེས་པ་ལྟ་བུ་ཡིན།
     ༧ ཡ་ཐོག་སྲིད་པའི་ལྷ་རབས་ཀྱི་མཆེད་ཁུངས་སྐོར་ལ་མཁས་དབང་ནམ་མཁའི་ནོར་བུའི་འགྲེལ་བརྗོད་ཞིབ་ཕྲ་མཛད་ཡོད་པ་ཁོང་གི་གསུང་རྩོམ་ལས། “ཁྱུང་ནི་བོན་ལུགས་སུ་ཡ་ཐོག་སྲིད་པའི་ལྷ་རབས་ཀྱི་མཆེད་ཁུངས་ཤིན་ཏུ་གལ་ཆེན་པོ་ཞིག་ཏུའང་ངོས་འཛིན་སྲོལ་བྱུང་འདུག”{17}ཞེས་དང་། “ཡེ་སྲིད་འཕྲུལ་གྱི་སྒྲ་བླ་ནི་སྒྲ་བླ་ཁྱུང་ཆེན་རལ་ཆེན་ཞེས་བྱ་བ་དེ་ཉིད་ཡིན་ཞིང་དེ་ལས་ཡེ་མཁྱེན་སྒྲ་བླའི་དམག་ཚོགས་རྣམས་གྲོལ་བ་སྟེ། དེ་ཡང་སྤྱི་གཙུག་གི་ནོར་བུ་རིན་ཆེན་དེ་ལས་སྒྲ་བླ་ཡིད་བཞིན་ལྷ་དབང་གྲོལ་བ་དང་། ཁྱུང་རྒྱུ་གསས་གཡོན་ལས་སྒྲ་བླ་ལྷ་གསས་དར་མ་གྲོལ་བ་དང་།རྣ་བ་གཡས་གཡོན་ལས་སྒྲ་བླ་དར་ཆེན་གཡུ་འབྲུག་གྲོལ་བ་དང་། སྤྱན་མིག་གཡས་གཡོན་ལས་སྒྲ་བླ་ཡོད་ཁམས་ཀུན་གསལ་གྲོལ་བ་དང་། ཁྱུང་མཆུ་བར་དུ་བགྲད་པ་ལས་སྒྲ་བླ་ཁྱུང་ནག་ཤ་ཟན་གྲོལ་བ་དང་། སྒྲོ་ཆེན་སུམ་བརྒྱ་དྲུག་ཅུ་ལས་སྒྲ་བླ་སུམ་བརྒྱ་དྲུག་ཅུར་གྲོལ་བ་དང་། ཐེལ་གཤོག་གསེར་གྱི་འདབ་མ་ལས་སྒྲ་བླ་ཉི་ཁྲི་དགུ་འབུམ་དུ་གྲོལ་བ་དང་། ཁྱུང་སྡེར་ས་ལ་འཛུགས་པ་ལས་སྒྲ་བླ་ཀླུ་འདུལ་ཁྱུང་ཆེན་སྲིད་པ་སྟེ་དེ་ནི་སྲིད་པ་ཆགས་པའི་དུས་ནས་སྲིད་པས་ན་ཡེ་ནས་སྲིད་པའི་སྒྲ་བླ་ཞེས་བྱ་བ་ཡིན།”{18}ཞེས་པ་སོགས་ལས་ཤིན་ཏུ་གསལ་ལ། དེ་བཞིན་དུ《དབུ་ནག་མིའུ་འདྲ་ཆགས》སུ་བཀོད་པ་ལྟར་ན།“དང་པོ་ཡེ་མེད་སྟོང་པ་ལ།།དེ་ལ་ཡེ་ཡོད་ཅུང་ཙམ་སྲིད།།དེ་ལ་འོད་དང་ཟེར་དུ་སྲིད། འོད་ནི་ཕ་ལ་ཟེར་ནི་མ། །དེ་ལ་སྨག་དང་སྨུག་ཏུ་སྲིད། །དེ་ལ་སེར་བུ་ངད་ཙམ་སྲིད།།དེ་ལ་བ་མོ་སྤུ་ཙམ་སྲིད།།དེ་ལ་ཟིལ་པ་ཁྲོམ་ཙམ་སྲིད།།བ་མོ་དང་ཟིལ་པ་བསྡེབས་པ་ལས།།མཚོ་མེ་ལོང་ཙམ་ཅིག་དེ་ལ་སྲིད།།དེ་ལ་ཞགས་སུ་ཆགས། སྒོང་དུ་འདྲིལ། སྒོང་ང་རྡོལ་བའི་ནང་ཤེད་ནས། བྱ་གླག་དཀར་ནག་གཉིས་སྲིད་པ་ལ། སྣང་བ་འོད་ལྡན་དང་། མུན་པ་ཟེར་ལྡན་དང་གཉིས་སྲིད། སྣང་མུན་གཉིས་པོ་བསྡེབས་པ་ལས། སྒོང་ང་དཀར་ནག་ཁྲ་གསུམ་སྲིད། སྒོང་ང་དཀར་པོ་རྡོལ་བ་ལས། ཕྱིའི་ཤུན་པ་ལ་ལྷ་བྲག་དཀར་པོ་སྲིད། བར་གྱི་གདར་ཤ་ལ་འོད་ཀྱི་ཁྲི་སྡེ་སྲིད། ནང་གི་སྒོང་ཆུ་ལ། དུང་གི་མཛོ་མོ་དཀར་མོ་སྲིད།”{19}ཞེས་སོགས་སྒོང་ང་ལས་ལྷ་རབས་ཀྱི་རྒྱུད་བྱུང་བའི་གནས་ཚུལ་བསྟན་ཡོད་ཅིང་། འདི་ལས་བྱུང་བའི་བྱ་གླག་དཀར་ནག་གཉིས་ཞེས་པ་ནི་ཁྱུང་ངམ་ཁྱུང་གི་རིགས་སུ་གཏོགས་པའི་བྱ་རིགས་སུ་གོ་རུང་སྟེ། གླག་ནི་སྡེར་མོ་རྣོ་ཞིང་གུག་པ་དང་། མཆུ་གུག་པོ་ལྕགས་ཀྱུ་ལྟ་བུ་ཡིན་པས་བེའུ་དང་ལུག་སོགས་མཁའ་ལ་འདྲེན་པའི་རྩལ་ཤུགས་ཆེ་བ་མ་ཟད། དེང་ཆར་མཐོང་དུ་ཡོད་པའི་ལྡེབས་རིས་དང་། བྲག་བརྐོས་རི་མོ་སོགས་ལས་ཀྱང་ཁྱུང་གི་གཟུགས་རིས་དང་གླག་འདྲ་མཚུངས་ཀྱི་ཆ་མཐོང་བ་བཅས་ཀྱིས་འདིར་བཀོད་པའི་གླག་ཞེས་པ་ཁྱུང་གི་རིགས་སུ་གཏོགས་པར་གོ་བ་ལ་འགལ་ཟླ་མི་འདུག་སྙམ། མདོར་ན། སྔ་རབས་ཀྱི་ཡིག་ཆའི་ཁྲོད་ཁྱུང་ལས་བྱུང་བའི་སྲིད་པའི་ལྷ་རབས་ཀྱི་ལོ་རྒྱུས་ཤིན་ཏུ་རྒྱས་པ་དེ་དག་སྒྲ་བླ་ཝེར་མ་དཔའ་ཁྲོམ་གྱི་གཞུང་སོགས་ལ་གསལ་བ་དེ་བཞིན་ཡིན།
     ༨ ཁྱུང་ནི་ཀླུ་ཡི་མགོ་གནོན་ནམ་ཀླུ་ཡི་འཇིགས་པ་འཇོམས་པར་བྱེད་པའི་བྱེད་ནུས་ཅན་གྱི་དགྲ་བླ་རུ་འདོད་པའི་ཡིག་ཆ་མང་ཆེ་ཤས་དམངས་ཁྲོད་སོགས་ནས་བྱུང་བའི་ཡིག་ཆ་ཡིས་མཚོན་ཡོད་དེ། དེ་དག་གཙོ་བོ་ཀླུ་བཅོས་སོགས་ཀྱི་སྐོར་ཡིན་པ་སྔ་རབས་སུ་ཕོ་བྲང་པོ་ཏ་ལའི་ཡིག་ཚང་སུ་ཡང་ཉུང་ཙམ་བཞུགས་ཡོད་རབས་ཀྱི་གནས་ཚུལ་གསུངས་མཁན་འདུག མདོ་སྨད་མདའ་ཚང་གི་ཡིག་ཆ་ལས་བྱུང་བའི《ཁྱུང་གིས་སྤྱན་འདྲེན་དབུ་ལགསྷོ》(པོ་ཏི་གཉིས་པའི་ཤོག་ངོས180-184བར)དང་། 《ཁྲའི་སྤྱན་འདྲེན་དབུ་ལགསྷོ》(པོ་ཏི་གསུམ་པའི་ཤོག་ངོས185-200བར)།《ཁྱུང་གིས་ཆེས་གསོལ་དབུ་ལགསྷོ།》(པོ་ཏི་གསུམ་པའི་ཤོག་ངོས240-247བར)།《ཁྱུང་གི་བྱ་ཞན་དབུ་ལགསྷོ》(པོ་ཏི་ཉེར་དགུ་བའི་ཤོག་ངོས295-301བར)སོགས་དང་། དེ་མིན་དམངས་ཁྲོད་ཀྱི་ཡིག་ཚགས《བ་སྦལ་ཁྱུང་གསུམ་གྱི་དཔྱད་བཞུགས་སོ》ཞེས་པ་སོགས་སུ་གསལ། དཔེར་ན། 《ཁྱུང་གི་སྤྱན་འདྲེན》་ལས། “མགོ་ར་འབྲུ་ལ་སྐྱེས་པའི་ཁྱུང་། ཀླུ་འདུལ་ཆེན་པོ་གཤེགས་སུ་གསོལ། དུག་འདུལ་ཆེན་པོ་གཤེགས་སུ་གསོལ། བྱད་ཁྲོ་ཆེན་པོ་གཤེགས་སུ་གསོལ། སྲིད་པ་ཆེན་པོ་གཤེགས་སུ་གསོལ། བྱ་ཁྱུང་དཀར་པོ་ཆེན་པོ་གཤེགས་སུ་གསོལ། བྱ་ཁྱུང་དཀར་འོད་མདང་གསལ་གཤེགས་སུ་གསོལ། ཚངས་འཁོར་ཀླུ་འདུལ་གཤེགས་སུ་གསོལ། ཟིལ་གནོན་ཁ་འབར་གཤེགས་སུ་གསོལ། རིས་ལྟིང་ཆེན་པོ་གཤེགས་སུ་གསོལ། རུ་བཞི་སྤྲུལ་པ་ཁྱུང་ཡང་གཤེགས་སུ་གསོལ། མཛེ་འདུལ་ནད་འདུལ་ཁྱུང་ཡང་གཤེགས་སུ་གསོལ། ཞི་རྒྱས་དབང་དྲག་ཁྱུང་ཡང་གཤེགས་སུ་གསོལ། སྤྱི་འདུལ་ཁྱུང་ཡང་གཤེགས་སུ་གསོལ། ཁྲོས་པའི་བྱ་ཁྱུང་བརྒྱད་ཁྲི་བཞི་སྟོང་གཤེགས་སུ་གསོལ།”{20}ཞེས་པ་ལྟ་བུ་དང་། དེ་བཞིན་གྱི་དགྲ་བླ་ཁྱུང་ཆེན་གྱི་གཞུང་དང་། ཝེར་མའི་གཞུང་། ཤུགས་མགོན་གྱི་གཞུང་སོགས་སུ་ཡང་དེ་འབྲེལ་གྱི་ནང་དོན་བསྟན་ཡོད་པར་མཁས་དབང་ནམ་མཁའི་ནོར་བུའི་གསུང་རྩོམ་ལས་རྒྱུས་ལེན་བྱེད་ཆོག
     ༩ “ལྷ”དང“སྲུང་མ”འི་གཟུགས་སུ་འཆར་བའི་ཁྱུང་དེ་སྒྲ་བླ་ཀུན་གྱི་འབྱུང་ཁུངས་ཡིན་པར་བཤད་པའི་ཡིག་ཆ་ནི་མགོན་ཤེས་ལྷ་བོན་གྱི་ནང་དོན་སྟོན་པའི་དཔེ་གཞུང་སྒྲ་ལྷ་དཔའ་ཁྲོམ་གྱི་གཞུང་དེ་ཉིད་ཡིན་ཅིང་། དེའི་སྐོར་ལ་ད་དུང་ཁོད་པོ་བློ་གྲོས་ཐོགས་མེད་ཀྱིས་མཛད་པའི《ཁྱུང་དམར་གྱི་གཞུང》དང་། མཁན་ཆེན་བསོད་ནམས་བློ་གྲོས་ཀྱིས་བསྒྲིགས་པའི《དབལ་ཁྱུང་དམར་པོའི་སྒྲུབ་གཞུང》དང་། 《ཁྱུང་དམར་ཆ་ལག》སོགས་ཇི་སྙེད་ཡོད་པ་ལས་གསལ། དེ་མ་ཟད་པར་གླིང་གེ་སར་གྱི་སྒྲུང་ལས་བྱུང་བའི་གེ་སར་རྒྱལ་པོའི་དགྲ་བླ་བཅུ་གསུམ་ཞེས་པ་དེའི་ཐོག་མ་ཡང་ཁྱུང་ཡིན་ལ། འཁྲུངས་གླིང་ལས་བཤད་པ་ལྟར་ན། གེ་སར་རྒྱལ་པོ་སྐུ་འཁྲུངས་པའི་དུས་སུ་མི་གསེར་གྱི་གོ་ཁྲབ་ཅན་གཉན་གེར་མཛོ་དང་དགྲ་ལྷ་ཝེར་མ་རྣམས་མ་འགོག་མོའི་ལུས་ལ་ཉི་འོད་བཞིན་དུ་འབྲལ་བ་མེད་པར་སྲུང་ནས་བསྡད་ཡོད་པ་དང་། ཟླ་དགུ་ཞག་བཅུ་ན་མི་དཀར་ཁྱུང་གི་མགོ་བོ་ཅན་དར་མདུང་དཀར་པོ་བཟུང་བ་ཞིག་བྱུང་སྟེ། མ་ཁྱོད་ཀྱི་བུ་སྐལ་དང་པོ་ཡིན། གཟུགས་རགས་པའི་འགྲོ་དོན་ང་ལ་མེད། མགོ་རྨོག་དཀར་སྟེང་གི་སྲུང་མ་ཡིན། མཆོད་ན་མངར་གསུམ་ཟས་ཀྱིས་མཆོད། ཕུ་བོ་དུང་ཁྱུང་དཀར་པོ་ཡིན་ཞེས་པ་སོགས་ལས་གེ་སར་གྱི་བརྟེན་པ་གཙོ་བོ་ཡང་ཁྱུང་ཡིན་པར་བསྟན། དེ་བཞིན 《ཁྱུང་ཚ་སྤུན་ལྔ་འདུལ་བའི་དྲག་པོའི་སྒྲུང》{21}ལས“བོན་ལུགས་བསྟན་པའི་སྲུང་མ་ལ།།ཤེལ་གྱི་བྱ་ཁྱུང་གཤོག་རིང་མཁྱེན།།”ཞེས་དང་། “གནམ་རིམ་པ་བཅུ་གསུམ་ཡང་སྟེང་ནས།།ལྷ་ཆེན་དབང་ཕྱུག་ཆེན་པོ་མཁྱེན།།བར་གླིང་བཞི་རྗེ་བོ་ཉི་ཟླ་གསོལ།།ས་གཞི་རླུང་ནག་འཁྱིལ་དབུས་སུ།།སྲོག་བདག་བྱ་ཁྱུང་གཤོག་རིང་མཁྱེན།། ”ལྟ་བུ་ལས་ཀྱང་ཁྱུང་ནི་ལྷ་ཡི་གཟུགས་སུ་བཀོད་ཡོད་དོ།།
     ༡༠ ཁྱུང་ནི་འཇིག་རྟེན་བྱེད་པོ་ཡིན་པར་འདོད་པའི་ལྟ་བ་འདི་བོད་ཀྱི་སྲིད་པ་ཆགས་པའི་སྒྲུང་ལས་བྱུང་བ་སྟེ། གོང་དུ་གླེང་ཟིན་པའི་ཁྱུང་སྒོང་ལས་མིའི་རིགས་གྲོལ་བ་ལས་གཞན། བོད་ཀྱི་དམངས་ཁྲོད་གཏམ་དཔེ་སོགས་སུ་ཐོག་མའི་དུས་སུ་ལྷ་འཕགས་པ་འཇམ་དཔལ་གྱི་བྱིན་རླབས་ལ་བརྟེན་ནས་རླུང་གིས་གནམ་ས་ཕྱེས་པ་དང་། ཁྱུང་ཆེན་གྱིས་ནམ་མཁའ་ཡར་ལ་བཏེགས་པ་དང་། རུས་སྦལ་གྱིས་ས་གཞི་མར་མནན་པ་སོགས་ཀྱི་གཏམ་རྒྱུད་རིང་མོ་ཞིག་དམངས་ཁྲོད་དུ་ཁྱབ་ཡོད་པ་དེའི་དོན་ནི་ཁྱུང་འདི་འཇིག་རྟེན་གྱི་བྱེད་པོར་གོ་བ་བླངས་པ་ཡིན་ནོ།།
     མདོར་ན། ཁྱུང་གི་གོ་དོན་སྣ་ཚོགས་པ་ལ་འཕེལ་འགྱུར་བྱུང་ཡོད་པ་དེ་དག་གིས་ཐ་སྙད་འདིའི་བྱུང་འཕེལ་གྱི་ལོ་རྒྱུས་ཧ་ཅང་རྒྱུན་རིང་བ་དང་། དེ་དང་འབྲེལ་བའི་རིག་གནས་ཀྱི་རྒྱུན་སྣ་ཚོགས་པར་ཆགས་ཡོད་པ་གསལ་བོར་བསྟན་པ་མ་ཟད། ཐ་སྙད་འདིའམ་ཤེས་རིག་གི་ངོ་བོ་མཚོན་པའི་ཁྱུང་གི་རིག་གནས་མཐའ་དག་བོད་ཀྱི་ས་སྐྱེས་རྡོ་སྐྱེས་ཀྱི་རིག་གནས་སུ་གྲུབ་པ་ཞིག་ཡིན་པའི་སྐོར་བདེན་དཔང་ཤིན་ཏུ་གསལ་བོ་བྱས་པ་ཡིན། དེ་མ་ཟད་གཉན་ཆེན་སྡེ་བཞིའམ་རླུང་རྟའི་ལྷ་བཞི་ཞེས་པ་བོད་ཀྱི་དམངས་སྲོལ་དུ་དར་ཁྱབ་ཆེ་བའི་རླུང་རྟ་དང་དར་ལྕོག་སྟེང་དུ་བཀོད་པའི་ཁྱུང་དང་འབྲུག གཡག་དང་སྟག་སོགས་ལས་བྱུང་བའི་ཁྱུང་གིས་སྲོག་མཚོན་པ་དང་། སྟག་གིས་ལུས། འབྲུག་གིས་དབང་ཐང་། གཡག་གིས་རླུང་རྟ་མཚོན་པ་ཡིན་ལ། དེ་དག་གི་དཀྱིལ་དུ་ཡོད་པའི་རྟ་ཡིས་ནི་བླ་དཔལ་མཚོན་པ་བཅས་བོད་དམངས་ཁྲོད་ཀྱི་ཡིག་ཆའི་ཁྲོད་གསལ་བ་དང་། བོད་ཀྱི་དགོན་པ་སོགས་སུ་རྒྱུན་མཐོང་གི་ཁྲི་རྒྱབ་དྲུག་འགྱོགས་ཀྱི་བཀོད་པ་ལས་རྒྱན་དྲུག་གི་ཐིག་ཁོག་ཆ་མཉམ་པར་བགོས་པའི་སྐུའི་སྤྱི་གཙུག་གི་སྟེད་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པིའ་ངོ་བོ་ཀརུ་ཊ་སྙིང་རྗེ་སྟེ་ཁྱུང་རྭ་ནོར་བུས་བརྒྱན་ཅིང་སྤྲུལ་ཟ་བ་བའི་རྣམ་པར་བཞེངས་པ། དེ་ལས་དམའ་ཙམ་གྱི་གཡས་གཡོན་དུ་སྦྱིན་པའི་ཕ་རོལ་དུ་ཕྱིན་པའི་ངོ་བོ་ཀ་རུ་ཊ་སྒྲོལ་མཛད་དེ་ཀླུ་ཕྲུག་སྦྲུལ་གྱི་མཇུག་མ་ཅན་གཉིས་བཞེངས་ཡོད། ཁ་ཤས་ཀྱིས་ད་དུང་རྒྱ་གར་གྱི་རིག་བྱེད་གཞུང་དུ་ལྷ་ཆེན་ཚངས་པའི་ཞོན་པ་ཁྱུང་ཡིན་ཚུལ་བཤད་ལ། རིག་བྱེད་ཀྱི་གཏམ་རྒྱུད་དང་སྦྱར་ཏེ་བྲམ་ཟེ་རྐང་མིག་གི་བུ་ཡིན་རབས་ཡང་བཤད། ཁྱུང་གིས་ད་དུང་འབྱུང་བ་མེ་ཡི་བྱེད་ནུས་མཚོན་པ་སོགས་གོང་དུ་གླེང་བརྗོད་བྱས་པའི་ནང་དོན་དེ་དག་ཏུ་མ་ཚུད་པའི་གོ་དོན་ཡང་ཡོད་སྲིད་པ་སོགས་ཀྱིས་ཁྱུང་གི་རིག་གནས་འདིས་བོད་ཙམ་མ་ཟད། རྒྱ་དཀར་ནག་སོགས་ཀྱི་རིག་གནས་ཁྱབ་ཁོངས་སུ་ཡང་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད་ཚོད་འདུག འདིའི་སྐོར་ལ་ཞིབ་འཇུག་བྱེད་པར་ཡིག་ཚགས་དང་གནའ་རྫས་རྟོགས་དཔྱོད་ལས་གཞན། བོད་ཀྱི་རྩོམ་རིག་གི་འཕྲེང་རྒྱུད་དེད་ནས་དེའི་མཚོན་དོན་དང་མཚོན་སྟངས་སོགས་ལ་དཔྱད་ཞིབ་བྱེད་རྒྱུ་ཤིན་ཏུ་གལ་ཆེ་བར་བསམ་ནས། ཚན་པ་འདིར་དེའི་ཕྱོགས་ལ་འབད་པ་ཅི་ཐུབ་བྱས་པ་ཡིན་ནོ།།
དཔྱད་གཞིའི་ཁུངས་ཀྱི་ཡིག་ཆ།
     {1} ཁྲའ་འགྱོག་དབུ་ལགསྷོ། ཤོག་ངོས་དྲུག་ཡོད་ཅིང་། མདའ་ཚང་གི་ཡིག་ཆ་གླེགས་བམ་ཉི་ཤུ་རྩ་བཞི་བའི p.1-6།
     {2} ཕོ་བྲང་ཤེང་ཁྲེལ་སྤྱན་འདྲེན་དབུ་ལགསྷོ། མདའ་ཚང་གི་ཡིག་ཆ་གླེགས་བམ་དྲུག་པའིp.115-131བར་ན་གསལ་ལ། ཁྱོན་ཤོག་ངོས17འདུག དེ་དང་འབྲེལ་ཡོད་ཀྱི་ཡིག་ཆ་ད་དུང་ཕོ་བྲང་ཤེང་ཁྲེལ་ས་རྐོ་ས་བླ་ང་དབུ་ལགསྷོ་ཞེས་པ་ཤོག་གྲངས12ཅན། ཕོ་བྲང་ཤེང་ཁྲེལ་བཞུང་སྤེན་དབུ་ལགསྷོ་ཞེས་ཤོག་གྲངས38ཡོད་པ་ཞིག་ཀྱང་འདུག
     {3} 《དབུ་ནག་མིའུ་འདྲ་ཆགས》། མཁར་རྨེའུ་བསམ་གཏན་དངYasuhiko Naganoགཉིས་ཀྱིས་བསྒྲིགས་པའི《ཁུ་བྱུག་སྔོན་མོའི་གསུམ་སྙན》p.98-99། 《The call of the Blue Cnckoo》,National Museum of Ethnology.
     {4} 《མདོ་འདུས》ཀྱི་མིང་ཆ་ཚང་ལ《མདོ་འདུས་པ་རིན་པོ་ཆེའི་རྒྱུད་ཐམས་ཅད་མཁྱེན་པའི་བཀའ་ཚད་མ་ཞེས་བྱ་བ་བཞུགས》ཞེས་ཟེར་ལ། རྣམ་མཁྱེན་སྟོན་པ་གཤེན་རབ་ཀྱི་བཀའ་ཡིན་པར་བཤད་ཅིང་། དེ་ནི་སྟོན་པ་གཤེན་རབ་ཀྱི་མཛད་མདོ་རྒྱས་འབྲིང་བསྡུས་གསུམ་ལས་བསྡུས་མ་དེ་ཡིན། མདོ་འདུས་ནི་དུས་རབ་བཅུ་གཅིག་པ་ཡས་མས་སུ་གཏེར་ནས་དྲངས་པའི་ཡིག་ཚགས་ཀྱི་ཁུངས་སུ་གཏོགས་ཤིང་། རིག་འཛིན་ཀུན་གྲོལ་གྲགས་པའི་གསུང་ཚུལ་ལྟར་ན། ཡིག་རྙིང་འདི་ཐོག་མར་ཆོས་པ་མི་གཉིས་ཀྱིས་བསམ་ཡས་ནས་གཏེར་དུ་དྲངས་པར་བཤད། གཏེར་ནས་དྲངས་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་སྤ་བསྟན་རྒྱལ་བཟང་པོས་མཛད་པའི་ལོ་རྒྱུས་ཡིག་ཆ་བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ་རུ་འཁོད་ཡོད་པས་འདིར་སྤྲོ་དགོས་མི་འདུག་ཅིང་། གཏེར་ནས་བཞེས་པའི་ལོ་ཁམས་ནི་ལྕགས་བྱ་སྟེ་སྤྱི་ལོ1021ལོ་ཡིན་ནོ།།
     {5} སྤ་བསྟན་རྒྱལ་བཟང་པོས་མཛད་པའི《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ》། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1992ལོའི་ཟླ12པའི་དཔར་གཞི། p.93།
     {6} 《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ》། p.128།
     {7} བྲ་བོ་སྒོམ་ཉག་ཞུ་བས་གཏེར་གནས་རྒྱུད་སྲུབ་གསང་བའི་བྲག་ནས་གཏེར་དུ་དྲངས་པའི《རྩ་རྒྱུད་ཉི་ཟེར་སྒྲོན་མ》འམ《སྲིད་པ་ལས་ཀྱི་གཏིང་ཟློག་གི་རྩ་རྒྱུད་ཉི་ཟེར་སྒྲོན་མ》། བོན་གྱི་བཀའ་བརྟེན་གླེགས་བམ63པར་བཞུགས།
     {8} མཁས་གྲུབ་ལུང་རྟོགས་རྒྱ་མཚོས་བརྩམས་པའི《བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་ཏོ་ཤལ》། གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས། མི་རིགས་དཔེ་སྐྲུན་ཁང། 2010ལོ། p.529ན་གསལ།
     {9}《བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་ཏོ་ཤལ》། p.529-505ན་གསལ།
     {10} ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི《ཁྱུང་པོའི་རྒྱལ་རབས་ལོ་རྒྱུས》སྣ་རིང་ལག་བྲིས་མ། p.2-3།
     {11} ཉང་ཉི་མ་འོད་ཟེར་གྱིས་མཛད་པའི《ཉང་རལ་ཆོས་འབྱུང》ངམ《ཆོས་འབྱུང་མེ་ཏོག་སྙིང་པོའོ་སྦྲང་རྩིའི་བཅུད》།བོད་ལྗོངས་ཡིག་རྙིང་དཔེ་སྐྲུན་ཁང་། 2012ལོ། p.160།
     {12} མཁས་གྲུབ་ལུང་རྟོགས་རྒྱ་མཚོས་བརྩམས་པའི《བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་ཏོ་ཤལ》། གངས་ཏི་སེ་དཔེ་ཚོགས། p.529།
     {13} མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི《སྲིད་པའི་མཛོད་ཕུགས་ཀྱི་འགྲེལ་བ་འཕྲུལ་གྱི་སྒྲོན་མེ་བཞུགས》། གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས། མི་རིགས་དཔེ་སྐྲུན་ཁང། 2010ལོ། པོ་ཏི12པ། p.381།
     {14} དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས་པའི《དུང་དཀར་ཚིག་མཛོད》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོའི་ཟླ4བ། p.1848།
     {15} ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི《གླེང་གཞི་བསྟན་པའི་འབྱུང་ཁུངས》། གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས། མི་རིགས་དཔེ་སྐྲུན་ཁང། 2010ལོ། པོ་ཏི1པོ། p.304།
     {16} སྤ་བསྟན་རྒྱལ་བཟང་པོས་མཛད་པའི《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ》། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1992ལོའི་ཟླ12པའི་དཔར་གཞི། p.309།
     {17} ནམ་མཁའི་ནོར་བུས་བརྩམས་པའི《ཞང་བོད་ལོ་རྒྱུས་ཏི་སེའི་འོད》། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1996ལོ། p.40།
     {18} 《ནམ་མཁའི་ནོར་བུའི་གསུང་རྩོམ་ཕྱོགས་སྒྲིག》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2009ལོའི་དཔར་ཐེངས་གཉིས་པ། p.285།
     {19} མཁར་རྨེའུ་བསམ་གཏན་དང་་ཡ་སུ་ཧི་ཀོ་ན་ག་ནོ་གཉིས་ཀྱི་བསྒྲིགས་པའི《ཁུ་བྱུག་སྔོན་མོའི་གསུང་སྙན》། (National Museum of Ethnology Osaka, 2002ལོར་ཉི་ཧོང་དུ་དཔར་བཏབ། p.98།
     {20} འབྲུག་ཐར་དང་བློ་བཟང་ཉི་འགྲུབ་རྡོ་རྗེ་གཉིས་ཀྱིས་བསྡུ་སྒྲིག་བྱས་པའི《མདོ་སྨད་མདའ་ཚང་ཡུལ་གྱི་བོན་གྱི་གནས་དཔེ་ཕྱོགས་བསྒྲིགས》།པོ་ཏི་དྲུག་པའི་ནང་དུ་བཞུགས། མ་ཡིག་ལ་ཤོག་ངོས17འདུག ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་། 2012ལོ།
     {21} གཅོད་པ་དོན་གྲུབ་ཀྱིས་བསྒྲིགས། 《ཁྱུང་ཚ་སྤུན་ལྔ་འདུལ་བའི་དྲག་པོའི་སྒྲུང》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1990ལོ། p.64།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...