སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་ཀྱི་ཡིག་ཐོག་གི་སྟོང་འཇལ་ཚུལ་དང་ལག་ལེན་གྱི་སྟོང་འཇལ་ཚུལ་བསྡུར་ནས་རགས་ཙམ་དཔྱད་པ།
རྩོམ་པ་པོ། ཁྱུང་ཚ་པད་མ་ཚེ་བརྟན། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-5-11 9:41:00 རྩོམ་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། ཀློག་གྲངས།
བོད་ཀྱི་ཡིག་ཐོག་གི་སྟོང་འཇལ་ཚུལ་དང་ལག་ལེན་གྱི་སྟོང་འཇལ་ཚུལ་བསྡུར་ནས་རགས་ཙམ་དཔྱད་པ།
 ཁྱུང་ཚ་པད་མ་ཚེ་བརྟན།
ནང་དོན་གནད་བསྡུས། བོད་ཀྱི་སྲོལ་རྒྱུན་ཁྲིམས་ལུགས་ལས་སྟོང་འཇལ་ཞེས་པ་འདིའི་ལོ་རྒྱུས་རིང་ཞིང་བསམ་བློའི་རྫོང་མཐུག་པའི་ཁྲིམས་ལུགས་དང་ཆོས་ལུགས་ཀྱི་ངོ་བོ་གཅིག་ཏུ་འདྲེས་པའི་རིག་གནས་སྣང་ཚུལ་ཞིག་རེད། དེ་ལ་རྣམ་པ་མང་ལ་ནང་དོན་ཕུན་སུམ་ཚོགས་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཡོད། སྲོལ་རྒྱུན་ཁྲིམས་ལུགས་དང་དེང་རབས་བསམ་བློ་ཟུང་དུ་འབྲེལ་ནས་ཚད་གཞི་གཅིག་ཐོག་ཏུ་འཇོག་རྒྱུ་ཤིན་ཏུ་གལ་ཆེན་ཞིག་རེད།
གནད་འགག་མིང་བརྡ། སྟོང་། སྲོང་བཙན་སྒམ་པོ། སྤྱི་ཚོགས། བཅོས་བསྒྱུར།
     བོད་ཀྱི་ཁྲིམས་ལུགས་འདི་ཡང་སྔོན་ཐོན་མི་རིགས་གཞན་དག་དང་འདྲ་བར་ཁྲིམས་ལུགས་རིག་གནས་གནའ་ནས་དར་བའི་མི་ཚད་སྣ་མང་འཐུས་སྒོ་ཚང་བའི་ལམ་ལུགས་རིག་གནས་མ་ལག་དང་ལྡན་པ་ཞིག་རེད། རིག་གནས་དེ་ལ་བརྟེན་ནས་ཕྱི་སྤྱི་ཚོགས་བདེ་ལ་བཀོད་ཅིང་ནང་སྒྲིག་ལམ་ལ་གོ་རིམ་བཞག་སྟེ་བོད་སྤྱི་ཚོགས་ཀྱི་བདེ་འཇགས་ལ་ཕན་ནུས་རབ་དང་རིམ་པ་ཐེབས་སོ།། བོད་མི་རིགས་རང་གི་ཁྲིམས་ལུགས་འདི་མི་རིགས་གཞན་དག་གི་ཁྲིམས་དང་བསྡུར་ན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མང་བོ་ཞིག་ཡོད། འདིར་བོད་ཀྱི་ཁྲིམས་ལུགས་ཆེན་མོ་ལས་བསད་པ་སྟོང་གི་ཞལ་ལྕེ་ཞེས་པ་དམིགས་སུ་བཀར་ནས་དཔྱད་པར་བྱའོ།།
དང་པོ། སྟོང་འཇལ་བ་ཞེས་པའི་བྱུང་འཕེལ་བཤད་པ།
     སྟོང་འཇལ་བ་ནི་གནའ་བོའི་བོད་རིགས་ཀྱི་སྤྱི་ཚོགས་འཚོ་བའི་ཁྲོད་བྱུང་བའི་ཉེས་དོན་དང་དམངས་དོན་གྱོད་གཞི་སོགས་འདུམ་འགྲིག་བྱེད་པའི་ཁྲིམས་ལུགས་ལོ་རྒྱུས་ཀྱི་རྒྱུན་ཤིག་ཡིན། ལུགས་སྲོལ་འདི་ནི་གནའ་ནས་ད་ལྟའི་བར་བོད་ཁུལ་གྱི་དམངས་ཁྲོད་དང་། ལྷག་པར་དུ་འབྲོག་ཁུལ་དུ་ལག་ལེན་བྱེད་པ་ཞིག་ཡིན། སྟོང་འཇལ་བའི་ཁྲིམས་ཀྱི་བྱུང་ཚུལ་འདི་ལ་ལོ་རྒྱུས་ཀྱི་འབྱུང་རྐྱེན་ངེས་ཅན་ཞིག་ཡོད་ལ་གོ་རིམ་ཀྱང་ངེས་ཅན་ཞིག་ཡོད་པ་ཡིན། དེའི་ཡོང་ཁུངས་མདོར་བསྡུས་ཙམ་ཞུ་ན། སྟོང་འཇལ་བའི་ཁྲིམས་འདི་བོད་ཀྱི་ལོ་རྒྱུས་སྟེང་ནས་དུས་རབས་བདུན་པའི་སྟོད་ཙམ་ནས་དར་ཡོད་ཤས་ཆེ་སྟེ། དུས་རབས་བདུན་པའི་དུས་དཀྱིལ་ནས་བོད་རྒྱལ་སྲོང་བཙན་སྒམ་པོས་སྲིད་བཟུང་སྟེ་ཡིག་ངོར་གཏན་ལ་ཕབ་པ་ནས་བཟུང་བོད་དམངས་ཁྲོད་དུ་སྤེལ་ནས་རིམ་གྱིས་ཡིག་ཐོག་ནས་དར་བ་ཡིན་སྟེ། བོད་རྒྱལ་སྲོང་བཙན་སྒམ་པོས་བཅས་པའི་ཁོད་སོ་དྲུག་ནང་ཁྲིམས་ཆེན་པོ་བདུན་ཟེར་བ་ཞིག་ཡོད། དེའི་ནང་གི་དང་བོ་ནི་སྲོག་མི་གཅོད་པའི་ཁྲིམས་ལ་གཤིན་སྟོང་དང་གསོན་སྟོང་བཞག་ཡོད། དེ་ནས་བཟུང་སྟེ་བོད་ཀྱི་རྒྱལ་རབས་རིམ་བྱུང་གི་ཁྲིམས་གཏན་ལ་འབེབས་དུས་སྟོང་འཇལ་བའི་ཁྲིམས་འདི་མ་ཉམས་པར་རྒྱུན་མཐུད་ནས་གཏན་ལ་ཕབ་པ་རེད། སྟོང་འཇལ་ཙུལ་འདི་ལ་བོད་པའི་གནའ་རབས་མཁས་པ་ཚོས་ཀྱང་རྒྱབ་སྐྱོར་གནང་གི་ཡོད་པ་འདྲ། རྒྱལ་བོ་ཁྲི་སྲོང་ལྡེ་བཙན་སྐབས་གཏན་ལ་ཕབ་པའི་རི་དྭགས་བརྔོན་པའི་སྐོར་གྱི་ཁྲིམས་ཡིག་དང་ཁྱི་རྦོད་ནས་མི་བསད་པའི་སྐོར་གྱི་ཁྲིམས་ཡིག ཕག་གྲུ་སྡེ་སྲིད་སྐབས་སུ་གཏན་ལ་ཕབ་པའི་ཁྲིམས་ཡིག་ཞལ་ལྕེ་བཅོ་ལྔ་དང་གཡུ་འབྲུག་སྒྲོག་པའི་ཞལ་ལྕེ་བཅོ་ལྔ། གཙང་བ་སྡེ་སྲིད་དང་ཀརྨ་བསྟན་སྐྱོང་དབང་པོའི་དུས་སུ་གཏན་ལ་ཕབ་པའི་ཁྲིམས་ཡིག་ཞལ་ལྕེ་བཅུ་དྲུག  དགའ་ལྡན་ཕོ་བྲང་གི་སྐབས་སུ་བྱུང་བའི་ཁྲིམས་ཡིག་སོགས་སུ་རིམ་པར་སྟོང་འཇལ་ཚུལ་གཏན་ལ་ཕབ་ནས་ད་བར་དུ་བོད་པའི་སྤྱི་ཚོགས་ཀྱིས་ལག་ལེན་དང་རྒྱུན་མཐུད་ནས་གོམས་སྲོལ་དུ་གྱུར་བ་རེད། འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཆོའི་རྒྱལ་བོ་ལུགས་ཀྱི་བསྟན་བཅོས་སུ། གཞན་གྱི་ནོར་ལ་རྐུ་བ་རྣམས། །འཇལ་དང་སྟོང་གི་བསབ་བྱ་ཞིང་།།ཆུང་མ་བྲན་སོགས་འཕྲོག་པ་ཡང་།། དེ་དེའི་ཚུལ་གྱིས་དགག་པར་བྱ། ①ཞེས་སྟོང་ལ་བརྟེན་ནས་བོད་པའི་གྱོད་གཞི་འདུམ་དགོས་པ་བསྟན་ཡོད།  
གཉིས་པ། སྟོང་འཇལ་བ་ཞེས་པའི་གོ་དོན་དང་ཁྱད་ཆོས།
གཅིག། སྟོང་འཇལ་བ་ཞེས་པའི་གོ་དོན།

     སྟོང་འཇལ་བའི་དགོས་པ་དང་དོན་སྙིང་ནི་མི་བསད་ལ་ལན་འཇལ་གྱི་གཉིས་ཕུང་སྡིག་ལས་བྱེད་དུ་མི་འཇུག་པ་དང་མི་བསད་ན་སྲོག་ཚབ་དུ་སྲོག་གཏོང་བས་མཚོན་པའི་ཁྲིམས་རྣམས་སྡིག་ལས་ཤས་ཆེ་བར་བརྟེན། བོད་ཆོས་རྒྱལ་གོང་མའི་ལུགས་སྲོལ་བཟང་བོ་དགེ་བ་བཅུའི་ཁྲིམས་གཞིར་བཟུང་བ་ཡིན་གསུངས། ཕག་གྲུ་སྡེ་སྲིད་སྐབས་སུ་གཏན་ལ་ཕབ་པའི་ཁྲིམས་ཡིག་ཞལ་ལྕེ་བཅོ་ལྔ་དང་གཡུ་འབྲུག་སྒྲོག་པའི་ཞལ་ལྕེ་བཅོ་ལྔར་མི་བསད་ན་སྲོག་ཚབ་དུ་སྲོག་གཏོང་བས་མཚོན་པའི་ཁྲིམས་རྣམས་སྡིག་ལས་ཤས་ཆེ་བར་བརྟེན། བོད་ཆོས་རྒྱལ་གོང་མའི་ལུགས་སྲོལ་བཟང་བོ་དགེ་བ་བཅུའི་ཁྲིམས་གཞིར་བཟུང་བ་འདི་ཉིད་ནི་ཏཱའི་སི་ཏུས་མཛད་པར་བཞེད།①ཡང་། མི་བསད་ལ་ལན་འཇལ་གྱི་གཉིས་ཕུང་སྡིག་ལས་བྱེད་དུ་མི་འཇུག་པར་སྟོང་སྤྲོད་ལེན་སོགས་ཕྲ་ཞིབ་མཛངས་པའི་བློས་ཁྲིམས་ཀྱི་འཇམ་དར་ཡུག་གཅིག་ཏུ་བརྐྱངས། ② དེའི་དོན་ནི་ཕག་གྲུ་སྡེ་སྲིད་སྐབས་སུ་གཏན་ལ་ཕབ་པའི་ཁྲིམས་ཡིག་ཞལ་ལྕེ་བཅོ་ལྔ་དང་གཡུ་འབྲུག་སྒྲོག་པའི་ཞལ་ལྕེ་བཅོ་ལྔ་ན། ཧོར་ལུགས་དང་བོད་ལུགས་གཉིས་ལས་ཧོར་སྲོག་ཚབ་ཏུ་གཏོང་བས་མི་ཤ་ལེན། བོད་ཆོས་དར་ཞིང་ཆོས་ལ་དཀར་བས་སྲོག་ཚབ་ཏུ་སྲོག་བཏང་ན་གཉིས་ཕུང་སྡིག་པའི་རྩ་བར་འགྲོ་བས་སྟོང་འཇལ་ལེན་བྱེད་པ་ལེགས་ཟེར་③ནས་སྟོང་འཇལ་ལེན་ཐག་བཅད། དེས་ན་སྐལ་བ་སྟོང་བས་སྟོང་ཞེས་བྱ་བ་བྱུང་། སྔོན་གྱི་དུས་ན་མི་དྲག་པ་ལ་འཇལ་སྲང་སྟོང་དང་ཞོ་སྟོང་དུ་སྤྲོད་པས་ན་སྟོང་ཞེས་བྱའོ།། ཁག་ཁུར་གྱི་ངོ་ཆེན་དང་ཟུར་པའི་ངོ་ཆེན་ལ་ཞུ་ཆག་གཏོང་དགོས་པ་ཡོང་པས་ན་སྟོང་ཞེས་ཟེར། དེས་ན་སྟོང་ཞེས་བྱ་བ་སྟོང་བ་ཡིན་པས་ན་སྟོང་དང་། སྟོང་ལེན་ཕྱུག་པོར་སོང་བའང་མེད། སྟོང་འཇལ་སྤྲང་བོར་སོང་བའང་མེད།།④  བྱ་བ་འདུག་པས་སྟོང་འཇལ་ཚུལ་སོགས་བྱུང་བར་མངོན་ནོ།།
     མདོར་ན། ཉེས་ཁྲིམས་དང་དམངས་ཁྲིམས་གང་ལ་འགལ་ཡང་དེ་འབྲེལ་དངོས་པོའི་འཇལ་སྤྲོད་དང་ལུས་ཀྱི་ཆད་ལས་མྱོང་བའི་ཁྲིམས་ཀྱི་གཏན་འབེབས་ཞིག་ལ་སྟོང་ཞེས་པར་ངོས་འཛིན་གནང་གི་ཡོད།
གཉིས། སྟོང་འཇལ་བ་ཞེས་པའི་ཁྱད་ཆོས།
l.ཡ་གྲུ་མང་པོར་ཁྱབ་པ།

     སྟོང་འཇལ་བའི་ཁྲིམས་འདི་དེང་དུས་ཀྱི་མཚོ་སྔོན་དང་དབུས་གཙང་། སི་ཁྲོན། ཡཱོན་ནན། ཀན་སུའུ་སོགས་སུ་ཁྱབ་ཡོད་པར་མ་ཟད། ལ་དྭགས་དང་འབྲུག་ཡུལ། འབྲས་ལྗོངས། པཱ་ཀེ་སི་ཐན་གྱི་སྦལ་ཏི་སོགས་ཡུལ་གྲུ་མང་བོ་ཞིག་ལ་ཁྱབ་ཡོད། མདོར་ན་བོད་ཀྱི་རིག་གནས་ཀྱི་ས་ཤུགས་རྐྱེན་ཐེབས་པའི་ཡུལ་གྲུ་རྒྱ་ཆེན་པོ་ཞིག་ལ་སྟོང་འཇལ་ཚུལ་གྱི་ཚད་གཞི་མི་འདྲ་བ་ལས་སྟོང་འཇལ་ཚུལ་དར་ཡོད།
2.ཚད་གཞི་མི་མཐུན་པ་དང་དེའི་འགྱུར་ལྡོག་ཆེ་བ།
     ཁྲིམས་ལུགས་ནི་དུས་སྐབས་མི་འདྲ་བ་དང་རྒྱལ་རབས་མི་འདྲ་བ།  ཡུལ་དུས་མི་འདྲ་བ་ལ་གཞིགས་ནས་བསྒྱུར་བཅོས་བྱེད་པ་ཞིག་ཡིན།  དེ་ནི་གཏན་ནས་མི་འགྱུར་བའི་རྣམ་པ་ཞིག་ཡིན། དཔེར་ན་ཀྲུང་གོའི་རྩ་ཁྲིམས་དང་དམངས་ཁྲིམས། གཉེན་སྒྲིག་གི་ཁྲིམས་སོགས་ལོ་རེ་རེ་དང་སྐབས་རེ་རེར་བཅོས་བསྒྱུར་གནང་བཞིན་པ་དང་འདྲ། དེ་ནི་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་ལྟོས་ནས་འགྱུར་ལྡོག་ཆེན་པོ་འབྱུང་གིན་འདུག  ཡིན་ནའང་ཁྲིམས་ཀྱི་གཞུང་ལུགས་དང་ཁྲིམས་ཀྱི་རིག་གནས་སྣང་ཚུལ་ལ་འགྱུར་ལྡོག་ཆེན་པོ་མེད་པར་བཞེད།
     བོད་ཀྱི་སྟོང་འཇལ་བའི་ལུགས་འདི་ལ་དང་ཐོག་ཚད་གཞི་གཅིག་ཐོག་ན་ཡོད། ཕྱིས་སུ་རྒྱལ་རབས་མི་འདྲ་བ་དང་ས་གནས་མི་འདྲ་བའི་དབང་གིས་སྟོང་འཇལ་བའི་ལུགས་ཀྱང་མི་འདྲ་བ་ཡིན། ལྷག་ཏུ་ད་སྐབས་འཚོ་བའི་ཆུ་ཚད་དང་བསམ་བློའི་འགྱུར་ལྡོག་མི་འདྲ་བས་སྟོང་འཇལ་ཚུལ་ཡང་གནའ་རབས་ཀྱི་ཚད་གཞིའི་སྟེང་ན་ག་ལ་ཡོད། དེ་ཡང་དུས་རབས་དང་སྤྱི་ཚོགས་ཀྱི་འགྱུར་བ་དང་བསྟུན་ནས་འགྱུར་བ་ཡིན།  
     རྒྱལ་བོ་སྲོང་བཙན་སྒམ་པོའི་ཁོད་སོ་དྲུག་ནང་བསད་པ་སྟོང་གི་ཞལ་ལྕེ་ཞེས་བཀོད་འདུག་པ་ལས་དེ་འདྲའི་ཁ་གསལ་བོ་ཞིག་ད་རུང་དཔྱད་མ་ཐུབ། དེའི་རྗེས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་བློན་པོ་འགོས་ཁྲི་བཟང་ཡབ་ལྷག་གིས་སྔར་བས་ཞིབ་ཚགས་དང་ཆ་ཚང་བའི་གཏན་འབེབས་གནང་བ《ལྡོང་སྨུག་པོའི་ཁོག་གི་གཏེར་ཡིག》་ནང་གི་སྟོང་འཇལ་ཚུལ་བཞིན་ཡིན། དེའི་རྗེས་སུ་ཕག་གྲུ་སྡེ་སྲིད་སྐབས་སུ་གཏན་ལ་ཕབ་པའི་ཁྲིམས་ཡིག་ཞལ་ལྕེ་བཅོ་ལྔ་དང་གཡུ་འབྲུག་སྒྲོག་པའི་ཞལ་ལྕེ་བཅོ་ལྔའི་སྐབས་སྟོང་འཇལ་ཚུལ་ལ་འགྱུར་ལྡོག་བྱུང་ནས་འགོས་ཁྲི་བཟང་ཡབ་ལྷག་གི་སྐབས་སྟོང་འཇལ་ཚུལ་དང་མི་མཐུན་པ་བྱུང་། དེའི་རྗེས་སུ་གཙང་བ་རྒྱལ་བོའི་སྐབས་སུ་གཏན་ལ་ཕབ་པའི་ཁྲིམས་ཡིག་ཞལ་ལྕེ་བཅུ་དྲུག་གི་སྟོང་འཇལ་ཚུལ་ཕག་གྲུ་སྡེ་སྲིད་སྐབས་ཀྱི་སྟོང་འཇལ་ཚུལ་དང་མཐུན་པ་ཡིན། རྒྱལ་དབང་ལྔ་བས་གཏན་ལ་ཕབ་པའི་ཁྲིམས་ཡིག་ཞལ་ལྕེ་བཅུ་གསུམ་སྐབས་སྟོང་འཇལ་ཚུལ་བོད་བཙན་པོའི་སྐབས་དང་རྒྱལ་རབས་རིམ་བྱོན་གྱི་སྟོང་འཇལ་ཚུལ་ལ་ལྟོས་ནས་གཅིག་གྱུར་ཙམ་བྱས་ཡོད་མོད། ཚད་གཞི་དེ་བོད་ཁམས་སོ་སོའི་ཡུལ་དང་ཆ་རྐྱེན་མི་འདྲ་བ་ལ་གཞིགས་ནས་ཡུལ་གྱི་སྟོང་འཇལ་ལེན་ཀྱང་རིམ་གྱིས་ཆགས། ད་སྐབས་བོད་ཀྱི་སྟོང་འཇལ་ཚུལ་དེའི་ཆེས་ཆེ་བའི་འགྱུར་ལྡོག་ནི་གང་ཡིན་ཟེར་ན། གྱོད་པ་དེས་བོད་ཀྱི་སྟོང་འཁུར་དགོས་པའི་མི་ཚད་རྒྱལ་ཁྲིམས་ཀྱང་འཁུར་དགོས། མདོར་ན་ཉེས་ཅན་གཅིག་གིས་ཁྲིམས་གཉིས་འཁུར་དགོས་པའི་དུས་སྐབས་ཞིག་ལ་སླེབས་ཡོད། དེའི་འབྲེལ་བ་ནི་སྟོང་མ་འཇལ་ན་རྒྱལ་ཁབ་ཀྱིས་ཅི་ཡང་མི་ཟེར་ལ་གྱོང་གུད་ཚང་གིས་སྟོང་བསྙེགས་ངེས་རེད། སྟོང་འཇལ་བའི་རྗེས་སུ་རྒྱལ་ཁབ་ཀྱིས་བཅོན་ཁང་དུ་བསྡུས་ན་གྱོང་གུད་ཚང་དང་གྱོད་བཟོ་ཚང་མཉམ་དུ་ཁ་འཆམ་ནས་ཉེས་ཅན་བཙན་གྲོལ་ཞུ་བ་སོགས་རྒྱལ་ཁྲིམས་ལ་སྔོན་འགོག་བཟོ་བའི་སྣང་ཚུལ་བྱུང་དང་འབྱུང་མུས་རེད། དེ་ནི་སྟོང་འཇལ་བ་དང་རྒྱལ་ཁྲིམས་གཉིས་ཀྱི་འགལ་བ་ཆེ་ཤོས་ཤིག་ཀྱང་ཡིན་ལ་བཅོས་བསྒྱུར་གྱི་གནད་དོན་གལ་ཆེ་བ་ཞིག་ཀྱང་རེད།
3.ནང་ཆོས་བསམ་བློའི་ཤུགས་རྐྱེན་ཆེ་བ།
     སྤྱིར་མི་གསོད་པ་ནི་རྒྱལ་ཁབ་སོ་སོ་དང་མི་རིགས་སོ་སོའི་ཁྲིམས་ལ་འགལ་བ་ཡིན་ལ། ཆོས་ལུགས་སོ་སོའི་ཁྲིམས་ལའང་འགལ་བ་ཡང་ཡིན། ཡིན་ནའང་ཉེས་དོན་དང་འགལ་རྗེས་ཆད་པ་གཅོད་པའམ་ཁྲིམསགཅོད་པའི་ཚེ་ན་མི་རིགས་སོ་སོ་དང་རྒྱལ་ཁབ་སོ་སོ། ཆོས་ལུགས་སོ་སོ་མི་འདྲ་བ་ཡིན། མི་བསད་ལ་ལན་འཇལ་གྱི་གཉིས་ཕུང་སྡིག་ལས་བྱེད་དུ་མི་འཇུག་པ་དང་མི་བསད་ན་སྲོག་ཚབ་དུ་སྲོག་གཏོང་བས་མཚོན་པའི་ཁྲིམས་རྣམས་སྡིག་ལས་ཤས་ཆེ་བར་བརྟེན། བོད་ཆོས་རྒྱལ་གོང་མའི་ལུགས་སྲོལ་བཟང་བོ་དགེ་བ་བཅུས་གཞི་བཟུང་བ་ཡིན་①གསུངས། ཕག་གྲུ་སྡེ་སྲིད་སྐབས་སུ་གཏན་ལ་ཕབ་པའི་ཁྲིམས་ཡིག་ཞལ་ལྕེ་བཅོ་ལྔ་དང་གཡུ་འབྲུག་སྒྲོག་པའི་ཞལ་ལྕེ་བཅོ་ལྔར་མི་བསད་ན་སྲོག་ཚབ་དུ་སྲོག་གཏོང་བས་མཚོན་པའི་ཁྲིམས་རྣམས་སྡིག་ལས་ཤས་ཆེ་བར་བརྟེན། བོད་ཆོས་རྒྱལ་གོང་མའི་ལུགས་སྲོལ་བཟང་བོ་དགེ་བ་བཅུས་གཞི་བཟུང་བ་འདི་ཉིད །ཏཱའི་སི་ཏུས་མཛད་པར་བཞེད། ཡང་། མི་བསད་ལ་ལན་འཇལ་གྱི་གཉིས་ཕུང་སྡིག་ལས་བྱེད་དུ་མི་འཇུག་པར་སྟོང་སྤྲོད་ལེན་སོགས་ཕྲ་ཞིབ་མཛངས་པའི་བློས་ཁྲིམས་ཀྱི་འཇམ་དར་ཡུག་གཅིག་ཏུ་བརྐྱངས།②  དེའི་དོན་ནི་ཕག་གྲུ་སྡེ་སྲིད་སྐབས་སུ་གཏན་ལ་ཕབ་པའི་ཁྲིམས་ཡིག་ཞལ་ལྕེ་བཅོ་ལྔ་དང་གཡུ་འབྲུག་སྒྲོག་པའི་ཞལ་ལྕེ་བཅོ་ལྔ་ན། ཧོར་ལུགས་དང་བོད་ལུགས་གཉིས་ལས། ཧོར་སྲོག་ཚབ་ཏུ་གཏོང་བས་མི་ཤ་ལེན། བོད་ཆོས་དར་ཞིང་ཆོས་ལ་དཀར་བས་སྲོག་ཚབ་ཏུ་སྲོགབཏང་ན་གཉིས་ཕུང་སྡིག་པའི་རྩ་བར་འགྲོ་བས་སྟོང་འཇལ་ལེན་བྱེད་པ་ལེགས་ཟེར་ནས་སྟོང་འཇལ་ལེན་ཐག་བཅད། རྫོགས་ཆེན་པ་ནམ་མཁའ་ནོར་བུས་གསུངས་བར། གང་བསད་པའི་མི་དེའི་ཁྱིམ་མི་ལ་སེམས་གསོའི་ཆེད་དུ་རྟ་ཕྱུགས་ཀྱི་སྐྱེས་དང་། གཤིན་པོའི་དགེ་རྩར་ཞག་བཞི་བཅུ་ཞེ་དགུའི་རིང་ལ་བླ་མཆོད་ཁ་ཤས་སྤྱན་དྲངས་ཏེ་བྱང་ཆོག་བསྒྲུབ་དགོས་པ་དང་། དེ་དག་ལ་བསྙེན་བཀུར་སོགས་འགན་ཧྲིལ་ལེན་བྱེད་དགོས་ཀྱི་ཡོད་པ་རེད་③གསུངས། ཨ་མདོ་འབྲོག་ཕྱོགས་སུ་གང་བསད་པའི་མི་དེའི་ཁྱིམ་མི་ལ་སེམས་གསོའི་ཆེད་དུ་རྟ་ཕྱུགས་ཀྱི་སྐྱེས་དང་སྒོར་མོ་སྟེར་བའི་མི་ཚད། འདས་པོའི་དོན་དུ་མ་ཎི་འཁོར་ལོ་བཞེངས་དགོས་པའང་ཡོད། དེང་སྐབས་ཀྱང་འབྲོག་ཁུལ་གྱི་ས་ཆ་ལ་ལ་ན་གྱོད་དོན་སྣ་མང་གི་ཁྲོད་དུ་མི་རྨས་པའམ་བསད་ཚེ། དེ་ལ་གྱོད་བཟོ་མཁན་ཕྱོགས་གཉིས་ཀྱི་རྩ་བའི་བླ་མ་དང་ཚོ་ཁག་དཔོན་པོ། ད་དུང་གཟུ་བ་སོགས་གདན་དྲངས་ནས་འདུམ་འགྲིག་བྱེད་པ་དང་ཉེས་སྐྱོན་བཟོ་མཁན་གྱི་ཁྱིམ་ཚང་གིས་རྒྱུ་ནོར་འབོར་ཆེན་ཞིག་ཕུད་དེ་གནོད་འཚེ་ཕོག་མཁན་ནམ་འདས་པོའི་ཁྱིམ་ཚང་ལ་རང་སྐྱོན་ངོས་ལེན་བྱེད་དུ་འཇུག་པ་ཡིན། རྨས་སྐྱོན་བཟོས་པའི་མི་ལ་རྒྱུ་ནོར་གྱིས་སྐྱིན་ཚབ་འཇལ་པ་ལ་ཁྲག་སྟོང་དང་། མི་བསད་པའི་ཁྱིམ་ཚང་ལ་རྒྱུ་ནོར་ལས་གཞན་ད་དུང་ཤི་བོར་ཆོས་ཀྱི་ལམ་སྐྱེལ་ལ་མ་ཎི་འཁོར་ལོ། 《རྗེའི་གསུང་འབུམ》དང་། ཡང་ན《བཀའ་བསྟན》སོགས་ཀྱིས་སྐྱིན་ཚབ་འཁྲལ་བ་ལ་སྲོག་སྟོང་འཇལ་བར་ངོས་འཛིན། མདོར་ན། སྲོག་སྟོང་དང་གཤིན་སྟོང་འཇལ་སྐབས་ཆོས་ཀྱི་ཆོ་ག་སྤེལ་ལ་གསུང་རབ་བླུས་ནས་འཇལ་སྲོལ་ཡོད། དེ་ནི་ནང་ཆོས་བསམ་བློའི་ཤུགས་རྐྱེན་ཐེབས་པར་འདོད།                                                  
གསུམ་པ། སྟོང་འཇལ་ཚུལ་དང་སྤྱི་ཚོགས་ཀྱི་འཕེལ་འགྲོས།
     བོད་ཀྱི་སྟོང་འཇལ་ཚུལ་ལ་གནའ་རབས་ཡིག་ཐོག་ནས་ཐག་བཅད་པའི་སྟོང་འཇལ་ཚུལ་དང་དེང་སང་འཚོ་བའི་ཁྲོད་ལག་ལེན་དུ་འདེབས་པའི་སྟོང་འཇལ་ཚུལ་གཉིས་ཡོད། དེ་གཉིས་ནོམ་པ་ཕུད་པའི་ངོ་བོ་འདྲ་མོད།  ནོམ་པ་ཕུད་ཚུལ་མི་འདྲ་ལ་ཚད་གཞི་མི་འདྲ་བས་སྤྱི་ཚོགས་ཀྱི་ཁྲིམས་ལུགས་འཕེལ་འགྲོས་དང་མི་མཐུན་པས་ངེས་པར་དུ་ས་གནས་དང་རིག་གནས་བསམ་བློ་ལ་འཚམ་པའི་བཅོས་སྒྱུར་འོས་འཚམས་བྱེད་དགོས་པ་ཡིན།  
གཅིག བོད་ཀྱི་གནའ་རབས་ཡིག་ཐོག་གི་སྟོང་འཇལ་ཚུལ།
     བོད་རྒྱལ་སྲོང་བཙན་སྒམ་པོས་བཅས་པའི་ཁོད་སོ་དྲུག་ནང་ཁྲིམས་ཆེན་པོ་བདུན་ཟེར་བ་ཞིག་ཡོད། དེའི་ནང་གི་དང་བོ་ནི་སྲོག་མི་གཅོད་པའི་ཁྲིམས་ལ་གཤིན་སྟོང་དང་གསོན་སྟོང་བཞག་ཡོད། དེ་ནས་བཟུང་སྟེ་བོད་ཀྱི་རྒྱལ་རབས་རིམ་བྱུང་གི་ཁྲིམས་གཏན་ལ་འབེབས་དུས་སྟོང་འཇལ་བའི་ཁྲིམས་འདི་མ་ཉམས་པར་རྒྱུན་མཐུད་ནས་གཏན་ལ་ཕབ་པ་རེད། རྒྱལ་བོ་ཁྲི་སྲོང་ལྡེ་བཙན་སྐབས་གཏན་ལ་ཕབ་པའི་རི་དྭགས་བརྔོན་པའི་སྐོར་གྱི་ཁྲིམས་ཡིག་དང་ཁྱི་རྦོད་ནས་མི་བསད་པའི་སྐོར་གྱི་ཁྲིམས་ཡིག ཕག་གྲུ་སྡེ་སྲིད་སྐབས་སུ་གཏན་ལ་ཕབ་པའི་ཁྲིམས་ཡིག་ཞལ་ལྕེ་བཅོ་ལྔ་དང་གཡུ་འབྲུག་སྒྲོག་པའི་ཞལ་ལྕེ་བཅོ་ལྔ། གཙང་བ་སྡེ་སྲིད་དང་ཀརྨ་བསྟན་སྐྱོང་དབང་པོའི་དུས་སུ་གཏན་ལ་ཕབ་པའི་ཁྲིམས་ཡིག་ཞལ་ལྕེ་བཅུ་དྲུག དགའ་ལྡན་ཕོ་བྲང་གི་སྐབས་སུ་བྱུང་བའི་ཁྲིམས་ཡིག་སོགས་སུ་རིམ་པར་སྟོང་འཇལ་ཚུལ་གཏན་ལ་ཕབ་ནས་ད་བར་དུ་བོད་པའི་སྤྱི་ཚོགས་ཀྱིས་ལག་ལེན་དང་རྒྱུན་མཐུད་ནས་གོམས་སྲོལ་དུ་གྱུར་བ་རེད། ཁྲིམས་ཡིག་ལག་ལེན་ཁྲོད་དུ་སྟོང་འཇལ་ཚུལ་ལ་ཆོས་འབྱུང་མཁས་པའི་དགའ་སྟོན་དུ་བྱང་བུ་དགུ་བཀྲའི་ཁྲིམས་དང《ལྡོང་སྨུག་པོའི་ཁོག་གི་གཏེར་ཡིག》ཏུ་གསོན་སྟོང་དང་རྨས་སྟོང་གི་ཁྲིམས་གཏན་ལ་ཕབ་ཡོད་པ་ཞིག་ཡིན། མ་ཡིག་དེང་སང་གི་སྐད་དང་ཅུང་མི་མཐུན་པས་བཀྲ་ཤིས་ཚེ་རིང་སོགས་ནས་བསྒྲིགས་པའི་བོད་སྤྱི་བཤད་ངོས་224ནས་2407བར་དེ་དག་སོ་སོ་གོ་བདེར་ཕབ་ཡོད་པ་ལྟར་ན།
l.ཞང་བློན་ཆེན་པོའི་སྟོང་།
     ཞང་བློན་ཆེན་པོ་བཞིའི་མེས་པོ་དང་ཕ་མའང་ཞང་བློན་ཆེན་པོ་དང་སྟོང་མཉམ་པ་ཡིན།
     (l)སྟོང་མཉམ་པ་འདི་རྣམས་ཀྱིས་ཕན་ཚུན་གཅིག་གིས་གཅིག་བསད་པའམ་གཡུའི་ཡི་གེ་བ་ཡན་ཆད་ཅིག་བསད་ན་ཤི་སྟོང་ལ་དངུལ་སྲང་ཁྲི་གཅིག  རྨས་ན་གསོན་སྟོང་ལ་སྲང་ལྔ་སྟོང་འཇལ་དགོས།
     (2)ཞང་བློན་དངུལ་གྱི་ཡི་གེ་བ་མན་ཆད་དང་ཟངས་ཀྱི་ཡི་གེ་བ་ཡན་ཆད་གཅིག་གིས་བསད་ན་མདའི་བདག་པོའི་མི་རྒྱུད་བཅད་དེ། དེའི་ཁོལ་ཡུལ་དང་ཟ་འབྲུ། ཕྱུགས་ནོར་ཐམས་ཅད་སྟོང་དུ་འཇལ་དགོས། དེའི་བུ་མོ་དང་ཆུང་མ་ནི་ཁོ་རང་ལ་ཕ་ཡོད་ན་ཕ་དང་། ཕ་མེད་ན་ཕུ་ནུ་གང་རུང་གིས་བདག་བྱེད་དགོས། རྨས་ནས་གསོན་སྟོང་ལ་དངུལ་ལྔ་སྟོང་འཇལ་དགོས།
     (3)གཙང་ཆེན་སྟེ་ཞང་བློན་གྱི་ཕྱོགས་སུ་གཏོགས་པ་ཐོབ་ཀྱི་ཡི་གེ་མེད་པ་རྣམས་ལས་ཆེས་དམའ་བའི་རིམ་པ་དང་དམངས་མཐའ་མ་རྒོད་དོ་ཅོག་ཡན་ཆད་གཅིག་གིས་བསད་ན། རབསབཅད་དེ། ཁོལ་ཡུལ་དང་ཟ་འབྲུ། ཕྱུགས་ནོར་ཐམས་ཅད་ཀྱིས་སྟོང་འཇལ་བ། དེའི་བུ་མོ་སྨད་ནི་རབས་བཅད་པ་པོའི་ཤུལ་ན་ཕ་ཡོད་ན་ཕ་དང་ཕ་མེད་ན་ཕུ་ནུ་བོ་གང་རུང་གིས་བདག་བྱེད་པའོ།།
2.ཞང་བློན་གཡུའི་ཡི་གེ་བའི་སྟོང་།
     ཞང་བློན་གཡུའི་ཡི་གེ་བ་ཆུང་ངུ་དང་དེའི་མེས་པོ་དང་ཕ། ཞང་བློན་ཆེན་པོ་བཞིའི་བུ་དང་ཚ་བོའི་སྤུན་མཆེད་དང་། དེའི་བུ་ཚུན་ཆད་ཐོབ་ཐང་གི་ཡི་གེ་མ་མཆིས་པ་རྣམས་དང་། མ་དང་མ་ཡར། མནའ་མ་དང་ཆུང་མ། བུ་དང་སྲིང་མོ་གཉེན་མ་བསྒྲིགས་པ་བཅས་ཀྱང་ཞང་བློན་གཡུའི་ཡི་གེ་བ་དང་སྟོང་མཉམ་པ་ཡིན།
     (l).ཞང་བློན་གཡུའི་ཡི་གེ་བ་དང་ཁོངས་གཏོགས་ཀྱི་མི་གཅིག་གིས་གཅིག་བསད་ན་ཤི་སྟོང་ལ་དངུལ་སྲང་དྲུག་སྟོང་དང་རྨས་ན་གསོན་སྟོང་ལ་སྲང་གསུམ་སྟོང་འཇལ་བ། ཤི་གསོན་གྱི་སྟོང་གང་འཇལ་དགོས་པར་བྱུང་རུང་སྲང་གཅིག་ཆད་ན་གསོད་པ།
     (2)ཞང་བློན་དངུལ་གྱི་ཡི་གེ་བ་དང་སྟོང་མཉམ་པ་མན་ཆད་དང་ཟངས་ཀྱི་ཡི་གེ་བ་དང་སྟོང་མཉམ་པ་ཡན་ཆད་གཅིག་གིས་བསད་ན། གསོད་པ་པོ་བཀུམ་སྟེ། དེའི་ཁོལ་ཡུལ་དང་ཟ་འབྲུ། ཕྱུགས་ནོར་བཅས་ཀྱི་ཕྱེད་སྟོང་དུ་འཇལ་ཞིང་། ཕྱེད་ལྷག་མ་ནི་བུ་ཡོད་ན་བུ་དང་བུ་མེད་ན་ཕ། དེ་དག་ཀྱང་མེད་ན་གཞན་རྣམས་དང་གསོད་པ་པོའི་བུ་མོ་དང་ཆུང་མ་བཅས་ཕུ་ནུ་བོ་གང་རུང་ལ་གཅོད་རྒྱུ་དང་། ཁོལ་ཡུལ་ཕྱེད་པོ་དེ་མདའ་ཕོག་སྟེ་གུམ་པ་པོ་དེ་སུའི་བྲན་ནམ་སུའི་འབངས་ཡིན་པ་ལ་དབང་།མདའ་ཕོག་པ་པོ་མ་གུམ་ན་གསོན་སྟོང་ལ་དངུལ་སྲང་སུམ་སྟོང་འཇལ་བ།
     (3)གཙང་ཆེན་མན་ཆད་དང་དམངས་མཐའ་མན་ཆད་ཅིག་གིས་བསད་ན། གསོད་པ་པོ་ཁོ་རང་གི་རབས་བཅད་ཅིང་ཁོལ་ཡུལ། ཟ་འབྲུ། ཕྱུགས་ནོར། བུ་སྨད་དང་བཅས་པ་སྟོང་དུ་འཇལ་ཞིང་། མདའ་ཕོག་པ་པོ་མ་གུམ་ན། མདའ་འཕེན་པ་པོ་བཀུམ་སྟེ་ཕྱུགས་ནོར་དང་ཟ་འབྲུའི་ཕྱེད་གསོད་པ་པོའི་ཤུལ་དུ་བུ་ཡོད་ན་བུ་དང་། བུ་མེད་ན་ཕ་ལ་དབང་། ཕ་ཡང་མེད་ན་ཕྱེད་དེ་དག་དང་བུ་མོ་དང་ཆུང་མ་བཅས་ཕུ་ནུ་བོ་གང་གིས་བདག་བྱེད་འདོད་པ་དེར་དབང་། ཁོལ་ཡུལ་ནི་མདའ་ཕོག་པ་པོ་སུ་དང་གང་གི་བྲན་ནམ་འབངས་ཡིན་པ་དེ་སོ་སོར་དབང་བའོ།
3.ཞང་བློན་གསེར་གྱི་ཡི་གེ་བའི་སྟོང་།
     དེ་དག་གི་མེས་པོ་དང་ཕ། ཞང་བློན་གཡུའི་ཡི་གེ་ཆུང་ངུའི་བུ་དང་ཚ་བོའམ་ཕའི་སྤུན་མཆེད། དེ་དག་གི་བུ་སྟེ་ཐོབ་ཐང་གི་ཡི་གེ་མ་མཆིས་པ་རྣམས་དང་། མ་དང་མ་ཡར། མནའ་མ་དང་ཆུང་མ། བུ་མོ་དང་སྲིང་མོ་གཉེན་མ་བསྒྲིགས་པ་བཅས་ཀྱང་།ཞང་བློན་གསེར་གྱི་ཡི་གེ་བ་དང་སྟོང་མཉམ་པ་ཡིན།
     (1)དེ་དག་གི་ནང་ཕན་ཚུན་གཅིག་གིས་གཅིག་བསད་པའམ། ཡང་ན་ཞང་བློན་ཆེན་པོ་མན་ཆད་དང་ཟངས་ཀྱི་ཡི་གེ་བ་ཡན་ཆད་གཅིག་གིས་ཞང་བློན་གསེར་གྱི་ཡི་གེ་བ་ཞིག་བསད་ན། ཤི་སྟོང་དུ་དངུལ་སྲང་ལྔ་སྟོང་འཇལ་ཞིང་། མ་གུམ་ན་གསོན་སྙིང་དུ་སྲང་ཉིས་སྟོང་ལྔ་བརྒྱ་འཇལ་བ།
     (2)གཙང་ཆེན་མན་ཆད་དང་འབངས་མཐའ་མ་ཡན་ཆད་ཅིག་གིས་བསད་ན། གསོད་པ་པོ་བཀུམ་སྟེ་དེའི་ཆུང་མ་དང་བུ་མོ་ས་སྟོང་ཞིག་ཏུ་སྤྱུགས་པ་དང་ཁོལ་ཡུལ་དང་ཟ་འབྲུ། ཕྱུགས་ནོར་ཐམས་ཅད་སྟོང་དུ་འཇལ་བ། མདའ་ཕོག་པ་པོ་མ་གུམ་ན་མདའི་བདག་པོ་གསོད་པར་འགྱུར་ཞིང་། ཕྱུགས་ནོར་དང་ཟ་འབྲུ་ཐམས་ཅད་སྟོང་དུ་འཇལ་དགོས།
4.ཞང་བློན་ཕྲ་མེན་གྱི་ཡི་གེ་བའི་སྟོང་།
     ཞང་བློན་གསེར་གྱི་ཡི་གེ་བའི་བུ་དང་ཚ་བོའམ་ཕའི་སྤུན་མཆེད་དང་། དེ་དག་གི་བུ་ཐོབ་ཐང་མ་མཆིས་པ་རྣམས་དང་། མ་དང་མ་ཡར། མནའ་མ་དང་ཆུང་མ། བུ་མོ་ཆུང་མ་གཉེན་མ་བསྒྲིགས་པ་བཅས་དང་། ཕྲ་མེན་གྱི་ཡི་གེ་བའི་མེས་པོ་དང་ཕ་མ་ཡང་། ཞང་བློན་ཕྲ་མེན་གྱི་ཡི་གེ་བ་དང་སྟོང་མཉམ་པ་ཡིན།
     (l) དེ་དག་ནང་ཕན་ཚུན་གཅིག་གིས་གཅིག་བསད་པའམ། ཡང་ན་ཞང་བློན་ཆེན་པོ་མན་ཆད་དང་ཟངས་ཀྱི་ཡི་གེ་བ་ཡན་ཆད་ཅིག་གིས་བསད་ན། ཤི་སྟོང་ལ་དངུལ་སྲང་བཞི་སྟོང་དང་མདའ་ཕོག་པ་པོ་མ་གུམ་ན་གསོན་སྟོང་དུ་སྲང་ཆིག་སྟོང་འཇལ་བ།
     (2)གཙང་ཆེན་མན་ཆད་དང་དམངས་མཐའ་མ་ཡན་ཆད་ཅིག་གིས་བསད་ན། གསོད་པ་བོ་བཀུམ་སྟེ་དེའི་བུ་མོ་དང་ཆུང་མ་གཞན་དུ་སྤྱུགས་ཤིང་། ཁོལ་ཡུལ་དང་ཟ་འབྲུ། ཕྱུགས་ནོར་ཐམས་ཅད་སྟོང་དུ་འཇལ་བ། མདའ་ཕོག་པ་པོ་མ་གུམ་ན། མདའི་བདག་པོ་བསད་སྟེ་ཟ་འབྲུ་དང་ཕྱུགས་ནོར་ཐམས་ཅད་སྟོང་དུ་འཇལ་དགོས། ཁོལ་ཡུལ་བུ་མོ་དང་ཆུང་མར་བྱིན་ནས་སྔར་གྱི་གནས་སུ་བཀོད་དེ་གསོད་པ་པོའི་ཤུལ་ན་བུ་ཡོད་ན་བུ་དང་བུ་མེད་ན་ཕ་ལ་དབང་། ཕ་ཡང་མ་མཆིས་ན། ཁོལ་ཡུལ་ནི་གསོད་པ་པོ་ཕུ་ནུ་གང་མཆིས་ཀྱང་དེ་དག་ལ་མི་དབང་བར་བུ་མོ་དང་ཆུང་མ་སུས་བདག་བྱེད་འདོད་པ་དེར་དབང་།
5.ཞང་བློན་དངུལ་གྱི་ཡི་གེ་བའི་སྟོང་།
     ཞང་བློན་ཕྲ་མེན་གྱི་ཡི་གེ་བའི་བུ་དང་ཚ་བོའམ་ཕའི་སྤུན་མཆེད་དང་། དེ་དག་གི་བུ་ཐོབ་ཐང་མ་མཆིས་པ་རྣམས་དང་། མ་དང་མ་ཡར། མནའ་མ་དང་ཆུང་མ། བུ་མོ་ཆུང་མ་གཉེན་མ་བསྒྲིགས་པ་བཅས་དང་། ཕྲ་མེན་གྱི་ཡི་གེ་བའི་མེས་པོ་དང་ཕ་མ་ཡང་། ཞང་བློན་དངུལ་གྱི་ཡི་གེ་བ་དང་སྟོང་མཉམ་པ་ཡིན།
     (l) དེ་དག་གི་ནང་ཕན་ཚུན་དང་ཞང་བློན་ཆེན་པོ་མན་ཆད་དང་ཟངས་ཀྱི་ཡི་གེ་བ་ཡན་ཆད་ཅིག་གིས་བསད་ན། ཤི་སྟོང་དུ་དངུལ་སྲང་སུམ་སྟོང་འཇལ་ཞིང་། མདའ་ཕོག་པ་པོ་མ་གུམ་ན། གསོན་སྟོང་དུ་སྲང་ཆིག་སྟོང་ལྔ་བརྒྱ་འཇལ་བ་ཡིན། ཤི་གསོན་གྱི་སྟོང་གང་འཇལ་རུང་སྲང་གཅིག་ཆད་ན་མི་ཡ་རབས་ཤིག་ཡིན་ཀྱང་གསོད་པར་འགྱུར་བ་ཡིན།  
     (2)གཙང་ཆེན་མན་ཆད་དང་དམངས་མཐའ་མ་ཡན་ཆད་ཙིགྭ་གིས་བསད་ན། གསོད་པ་པོ་བསད་དེ་དེའི་ཁོལ་ཡུལ་དང་ཟ་འབྲུ། ཕྱུགས་ནོར་བཅས་ཀྱི་ཕྱེད་ཤི་སྟོང་དུ་འཇལ་དགོས་ཤིང་། ཕྱེད་ལྷག་མ་ནི་གསོད་པ་པོའི་བུ་མོ་དང་ཆུང་མར་བྱིན་ནས་སྔ་སོར་བཀོད་དེ་གསོད་པ་པོར་བུ་ཡོད་ན་བུ་དང་བུ་མེད་ན་ཕ་ལ་དབང་གི  ཕ་ཡང་མེད་ན་ཁོལ་ཡུལ་གྱི་ཕྱེད་པོ་དེ་གསོད་པ་པོའི་ཤུལ་དུ་ཕུ་ནུ་བོ་མཆིས་ཀྱང་མི་དབང་བར་གསོད་པ་པོ་སུ་དང་གང་གི་འབངས་སམ་བྲན་ལ་དབང་ཞིང་། བུ་མོ་དང་ཆུང་མ། ཕྱུགས་ནོར་དང་ཟ་འབྲུ་བཅས་ཀྱི་ཕྱེད་དེ་ཕུ་ནུ་བོ་སུས་བདག་བྱེད་འདོད་པ་དེར་དབང་།
6.ཞང་བློན་ར་གན་གྱི་ཡི་གེ་བའི་སྟོང་།
     ཞང་བློན་དངུལ་གྱི་ཡི་གེ་བའི་བུ་དང་ཚ་བོའམ་ཕའི་སྤུན་མཆེད་དང་། དེ་དག་གི་བུ་ཐོབ་ཐང་མ་མཆིས་པ་རྣམས་དང་། མ་དང་མ་ཡར། མནའ་མ་དང་ཆུང་མ། བུ་མོ་ཆུང་མ་གཉེན་མ་བསྒྲིགས་པ་བཅས་དང་། ཕྲ་མེན་གྱི་ཡི་གེ་བའི་མེས་པོ་དང་ཕ་མ་ཡང་། ཞང་བློན་ར་གན་གྱི་ཡི་གེ་བ་དང་སྟོང་མཉམ་པ་ཡིན།
     (1) དེ་དག་གི་ནང་ཕན་ཚུན་གཅིག་གིས་གཅིག་བསད་ན། ཞང་བློན་ཆེན་པོ་མན་ཆད་དང་ཟངས་ཀྱི་ཡི་གེ་བ་ཡན་ཆད་ཅིག་གིས་བསད་ན། ཤི་སྟོང་དུ་དངུལ་སྲང་ཉིས་སྟོང་འཇལ་ཞིང་། མདའ་ཕོག་པ་པོ་མ་གུམ་ན། གསོན་སྟོང་དུ་སྲང་ཆིག་སྟོང་འཇལ་བ་ཡིན།  
     (2)གཙང་ཆེན་མན་ཆད་དང་དམངས་མཐའ་མ་ཡན་ཆད་ཅིག་གིས་བསད་ན། གསོད་པ་པོ་བསད་དེ་དེའི་ཁོལ་ཡུལ་དང་ཟ་འབྲུ། ཕྱུགས་ནོར་བཅས་ཀྱི་ཕྱེད་ཤི་སྟོང་དུ་འཇལ་དགོས་ཤིང་། ཁོལ་ཡུལ་དང་ཟ་འབྲུ་ཕྱུགས་ནོར་ཕྱེད་ལྷག་མ་ནི་གསོད་པ་པོའི་བུ་མོ་དང་ཆུང་མར་བྱིན་ནས་སྔ་སོར་བཀོད་དེ་གསོད་པ་པོར་བུ་ཡོད་ན་བུ་དང་བུ་མེད་ན་ཕ་ལ་དབང་གི  ཕ་ཡང་མེད་ན་ཁོལ་ཡུལ་གྱི་ཕྱེད་པོ་དེ་གསོད་པ་པོའི་ཤུལ་དུ་ཕུ་ནུ་བོ་མཆིས་ཀྱང་མི་དབང་བར་གསོད་པ་པོ་སུ་དང་གང་གི་འབངས་སམ་བྲན་ལ་དབང་ཞིང་། བུ་མོ་དང་ཆུང་མ། གསོད་པ་པོའི་ཕུ་ནུ་བོར་དབང་བ་ནི་བུ་མོ་དང་ཆུང་མ། ཕྱུགས་ནོར་ཙམ་ཡིན།
7.ཞང་བློན་ཟངས་ཀྱི་ཡི་གེ་བའི་སྟོང་།
     ཞང་བློན་ར་གན་གྱི་ཡི་གེ་བའི་བུ་དང་ཚ་བོའམ་ཕའི་སྤུན་མཆེད་དང་། དེ་དག་གི་བུ་ཐོབ་ཐང་མ་མཆིས་པ་རྣམས་དང་། མ་དང་མ་ཡར།  མནའ་མ་དང་ཆུང་མ། བུ་མོ་ཆུང་མ་གཉེན་མ་བསྒྲིགས་པ་བཅས་དང་། ཞང་བློན་ཟངས་གྱི་ཡི་གེ་བའི་མེས་པོ་དང་ཕ་མ་ཡང་། ཞང་བློན་ཟངས་གྱི་ཡི་གེ་བ་དང་སྟོང་མཉམ་པ་ཡིན།
     (l) སྟོང་མཉམ་པ་གཅིག་གིས་གཅིག་ཕན་ཚུན་བསད་ན། ཞང་བློན་ཆེན་པོ་སྟོང་མཉམ་པ་མན་ཆད་དང་ཟངས་ཀྱི་ཡི་གེ་བ་ཡན་ཆད་ཅིག་གིས་བསད་ན། ཤི་སྟོང་དུ་དངུལ་སྲང་ཆིག་སྟོང་འཇལ་ཞིང་། མདའ་ཕོག་པ་པོ་མ་ཤི་ན། གསོན་སྟོང་དུ་སྲང་ལྔ་བརྒྱ་འཇལ་བ་ཡིན།
     (2)གཙང་ཆེན་མན་ཆད་དང་དམངས་མཐའ་མ་ཡན་ཆད་ཅིག་གིས་བསད་ན།  གསོད་པ་པོ་བསད་དེ་དེའི་ཁོལ་ཡུལ་དང་ཟ་འབྲུ། ཕྱུགས་ནོར་བཅས་ཀྱི་ཕྱེད་ཤི་སྟོང་དུ་འཇལ་དགོས་ཤིང་། ཁོལ་ཡུལ་དང་ཟ་འབྲུ་ཕྱུགས་ནོར་བཅས་ཀྱི་སྟོང་དུ་འཇལ་དགོས་ཤིང་། ལྷག་མ་ནི་གསོད་པ་པོའི་བུ་མོ་དང་ཆུང་མར་བྱིན་ནས་སྔ་སོར་བཀོད་དེ་གསོད་པ་པོར་བུ་ཡོད་ན་བུ་དང་བུ་མེད་ན་ཕ་ལ་དབང་གི ཕ་ཡང་མེད་ན་ཁོལ་ཡུལ་གྱི་ཕྱེད་པོ་དེ་གསོད་པ་པོའི་ཤུལ་དུ་ཕུ་ནུ་བོ་མཆིས་ཀྱང་མི་དབང་བར་གསོད་པ་པོ་སུ་དང་གང་གི་འབངས་སམ་བྲན་ལ་དབང་ཞིང་།བུ་མོ་དང་ཆུང་མ།གསོད་པ་པོའི་ཕུ་ནུ་བོར་དབང་བ་ནི་བུ་མོ་དང་ཆུང་མ། ཕྱུགས་ནོར་ཙམ་ཡིན།
     (3).མདའ་ཕོག་པ་པོ་མ་ཤི་ན། ཁོལ་ཡུལ་དང་ཟ་འབྲུ། ཕྱུགས་ནོར་གྱི་ཕྱེད་གསོན་སྟོང་དུ་འཇལ་དགོས་ཀྱང་།  ཕྱེད་ལྷག་མ་རྣམས་མདའི་བདག་པོར་དབང་ལ་ཁོ་རང་ཡང་གསོད་པར་མི་འགྱུར།
8.གཙང་ཆེན།
     ཞང་བློན་ཟངས་གྱི་ཡི་གེ་བའི་བུ་དང་ཚ་བོའམ་ཕའི་སྤུན་མཆེད་དང་། དེ་དག་གི་བུ་ཐོབ་ཐང་མ་མཆིས་པ་རྣམས་དང་། མ་དང་མ་ཡར།  མནའ་མ་དང་ཆུང་མ། བུ་དང་སྲིང་མོ་ཆུང་མ་གཉེན་མ་བསྒྲིགས་པ་བཅས་དང་། རྒྱལ་འབངས་རྒོད་དོ་ཅོག  ཕྲ་མེན་གྱི་ཡི་གེ་བའི་མེས་པོ་དང་ཕ་མ་ཡང་། ཞང་བློན་དང་དམངས་གྱི་བྲན་རྒྱ་ལ་གཏོགས་པ། མངན་དཔོན་གྱི་ལག་རོགས་པ་རྣམས་ཀྱང་གཙང་ཆེན་ཉིད་དང་སྟོང་མཉམ་པ་ཡིན།               
     (l)ཞང་བློན་ཆེན་པོ་མན་ཆད་དང་ཟངས་ཀྱི་ཡི་གེ་བ་ཡན་ཆད་ཅིག་གིས་ཕན་ཚུན་བསད་ན། ཤི་སྟོང་དུ་དངུལ་སྲང་སུམ་བརྒྱ་འཇལ་ཞིང་།མདའ་ཕོག་པ་པོ་མ་ཤི་ན། གསོན་སྟོང་དུ་སྲང་བརྒྱ་དང་ལྔ་བཅུ་འཇལ་བ་ཡིན། ཤི་གསོན་གྱི་སྟོང་གང་ཡིན་རུང་སྲང་གཅིག་ཆད་ན་མི་ཡ་རབས་ཤིག་ཡིན་ཡང་གསོད་པར་འགྱུར་བ་ཡིན།
     (2)སྟོང་མཉམ་པ་གཅིག་གིས་གཅིག་བསད་ན། ཤི་སྟོང་དུ་དངུལ་བརྒྱ་དང་ལྔ་བཅུ་འཇལ་དགོས་ཤིང་། མདའ་ཕོག་པ་པོ་རྨས་པ་ཙམ་ལས་མ་ཤི་ན་དངུལ་སྲང་སུམ་ཅུ་སྨན་ཡོན་ཙམ་དུ་འཇལ་དགོས། ཤི་གསོན་གྱི་སྟོང་དང་སྨན་ཡོན་གང་ཡིན་རུང་སྲང་གཅིག་ཆད་ན་མི་ཡ་རབས་སུ་ཞིག་ཡིན་ཡང་གསོད་པར་འགྱུར་བ་ཡིན།    
     (3)རྒྱལ་འབངས་གཡུང་ངོ་ཅོག་དང་ལྷོ་བལ་གྱི་བཙོན་ཡན་ཆད་གཅིག་གིས་བསད་ན། ཤི་སྟོང་དུ་དངུལ་སྲང་སུམ་བརྒྱ་དང་ལྔ་བཅུ་འཇལ་ཞིང་། མདའ་ཕོག་པ་པོ་མ་ཤི་ན། གསོན་སྟོང་དུ་སྨན་ཡོན་དུ་སྲང་སུམ་ཅུ་འཇལ་བ་ཡིན། ཤི་གསོན་གྱི་སྟོང་དང་སྨན་ཡོན་གང་ཡིན་རུང་སྲང་གཅིག་ཆད་ན་མི་ཡ་རབས་སུ་ཞིག་ཡིན་ཡང་གསོད་པར་འགྱུར་བ་ཡིན།       
9.རྒྱལ་འབངས་གཡུང་ངོ་ཅོག་གི་སྟོང་།
     ཞང་བློན་དང་དམངས་ཀྱི་བྲན་རྒྱ་ལ་མ་གཏོགས་པ།  ལྷོ་བལ་གྱི་བཙོན་མ་བཅས་ཀྱང་རྒྱལ་འབངས་གཡུང་ངོ་ཅོག་དང་སྟོང་མཉམ་པ་ཡིན།
     (1) ཞང་བློན་ཟངས་ཀྱི་ཡི་གེ་བ་ཡན་ཆད་ཅིག་གིས་བསད་ན། ཤི་སྟོང་དུ་དངུལ་སྲང་ཉིས་བརྒྱ་འཇལ་ཞིང་། མདའ་ཕོག་པ་པོ་མ་ཤི་ན། སྨན་ཡོན་ཙམ་ལ་དངུལ་སྲང་བརྒྱ་འཇལ་དགོས། ཤི་གསོན་གྱི་སྟོང་གང་ཡིན་རུང་སྲང་གཅིག་ཆད་ན་ཞང་བློན་ཡིན་སུ་ཞིག་ཡིན་ཡང་གསོད་པར་འགྱུར་བ་ཡིན།
     (2)གཙང་ཆེན་དང་སྟོང་མཉམ་པ་གཅིག་གིས་གཅིག་བསད་ན། ཤི་སྟོང་དུ་དངུལ་སྲང་བརྒྱ་འཇལ་དགོས་ཤིང་། མདའ་ཕོག་པ་པོ་རྨས་པ་ཙམ་ལས་མ་ཤི་ན་དངུལ་སྲང་ཉི་ཤུ་སྨན་ཡོན་ཙམ་དུ་འཇལ་དགོས། ཤི་གསོན་གྱི་སྟོང་དང་སྨན་ཡོན་གང་ཡིན་རུང་སྲང་གཅིག་ཆད་ན་མི་ཡ་རབས་སུ་ཞིག་ཡིན་ཡང་གསོད་པར་འགྱུར་བ་ཡིན།
     (3)སྟོང་མཉམ་པ་གཅིག་གིས་གཅིག་བསད་ན།ཤི་སྟོང་དུ་དངུལ་སྲང་ལྔ་བཅུ་འཇལ་དགོས་ཤིང་།མདའ་ཕོག་པ་པོ་རྨས་པ་ཙམ་ལས་མ་ཤི་ན་དངུལ་སྲང་བཅུ་སྨན་ཡོན་ཙམ་དུ་འཇལ་དགོས། ཤི་གསྲོན་གྱི་སྟོང་དང་སྨན་ཡོན་གང་ཡིན་རུང་སྲང་གཅིག་ཆད་ན་མི་ཡ་རབས་སུ་ཞིག་ཡིན་ཡང་གསོད་པར་འགྱུར་བ་ཡིན།
གཉིས། ད་ལྟའི་བོད་དམངས་ཁྲོད་ཀྱི་སྟོང་འཇལ་ཚུལ།
I.སྟོང་འཇལ་ཚུལ་སྤྱི།

     གནའ་རབས་བོད་བཙན་པོའི་སྐབས་ཀྱི་ཁྲིམས་ལུགས་ཡི་གེས་བོད་སྤྱི་ཆོགས་ལ་མི་རབས་ནས་མི་རབས་བར་ཤུགས་རྐྱེན་ཐེབས་ཏེ་ད་ལྟའི་བར་བརྒྱུད་ནས་ཡོང་།  གནའ་རབས་བོད་བཙན་པོའི་སྐབས་ཤི་གསོན་ཁྲག་སྟོང་དེ་རྣམ་པ་མི་འདྲ་བའི་སྒོ་ནས་ཐག་བཅད་ཡོད་ལ་དེ་ཡང་ཁྲིམས་དཔོན་སོ་སོས་ཐག་གཅོད་ཀྱང་ནན་མོ་བྱས་ཡོད་ཚོད་རེད། བཙན་པོའི་རྒྱལ་རབས་ནས་དགའ་ལྡན་ཕོ་བྲང་བའི་བར་སྟོང་འཇལ་བའི་ཚད་གཞི་ལ་འགྱུར་བ་མང་ཙམ་བྱུང་ཡོད་ལ་འབྱུང་ཀྱང་ངེས། སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་ཁྲིམས་ལུགས་ཀྱང་འཕེལ་རྒྱས་སུ་གཏོང་དགོས་པ་རེད། སྔོན་གྱི་ཚད་གཞི་དེ་ནི་ད་ལྟའི་སྤྱི་ཚོགས་ལ་མི་འཚམ་ཕྱིར་ད་ལྟའི་དུས་རབས་དང་བསྟུན་པའི་སྒོ་ནས་ཚད་གཞི་ཡང་དག་པ་དང་རྒྱུ་འབྲས་དང་མཐུན་པའི་ལེགས་བཅོས་བྱེད་ཞོར་འཛམ་གླིང་གི་ཁྲིམས་དང་བསྟུན་ཅི་ཐུབ་བྱེད་དགོས། སྔོན་གྱི་སྟོང་འཇལ་ཚུལ་དང་ད་ལྟའི་སྟོང་འཇལ་ཚུལ་ལ་ཧེ་བག་ཆེན་པོ་དོད་ཡོད།
     བོད་ཀྱི་ཡུལ་གྲུ་མི་འདྲ་བར་ཤི་སྟོང་དང་གསོན་སྟོང་།རྨས་སྐྱོན་བཟོས་པའི་མི་ལ་རྒྱུ་ནོར་གྱིས་སྐྱིན་ཚབ་འཇལ་པས་སྟོང་འཇལ་ལག་ལེན་བྱས་ནས་གྱོད་གཞི་འདུམ་སྲིད་ཀྱང་།དེ་ལ་ཚད་གཞི་ངེས་ཅནཞིག་བཅའ་དགོས་ཤ་སྟག་རེད།
     དེང་སང་མི་བསད་པའི་ཁྱིམ་ཚང་ལ་རྒྱུ་ནོར་ལས་གཞན་ད་དུང་ཤི་བོར་ཆོས་ཀྱི་ལམ་བསྐྱེལ་ལ་མ་ཎི་འཁོར་ལོ་བཞེངས་པ་དང་གསུངས་འབུམ་བླུ་བ་སོགས་ཀྱིས་སྐྱིན་ཚབ་འཇལ་བ་ལ་སྲོག་སྟོང་འཇལ་བར་ངོས་འཛིན་མོད། ཡིན་ནའང་སྟོང་འཇལ་ཚུལ་ལ་ངོ་བོའི་སྟེང་ནས་མ་འགྱུར་རུང་རྣམ་པའི་སྟེང་ནས་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ལ་ཚད་གཞི་ཡང་གཅིག་མཐུན་དུ་སོང་མེད་དོ།།
2.མགོ་ལོག་ཡུལ་ཁྲིམས་ཡིག་ངོར་བཀོད་པའི་སྟོང་འཇལ་ཚུལ།
     དེ་ལ་འདིར་བོད་ཁམས་སུ་སྟོང་འཇལ་ཚུལ་དུས་རབས་དང་ཡུལ་མི་འདྲ་བར་ལྟོས་ནས་འགྱུར་བའི་རང་བཞིན་ཅན་ཡིན། ཨ་མདོ་མགོ་ལོག་ཏུ་དར་བའི་ཡུལ་ཁྲིམས་ལ་དགྲ་ཇུས་འདུལ་ཐབས། ཟིན་ཇུས་སྐྱོང་ཐབས། རུ་ཇུས་མཚེར་ཐབས། ཞིང་སྐྱེས་སྐྱ་སྔོན་སོགས་ཡོད། དེའི་ནང་གི་ཟིན་ཇུས་སྐྱོང་ཐབས་འདི་ལ་བྱེ་བྲག་ཏུ་ཁྲིམས་བཞི་དང་འགུག་བརྒྱད་ཟེར་བ་ཞིག་ཡོད། ཁྲིམས་བཞི་ཞེས་པའི་ནང་ན་སྟོང་འཇལ་ཚུལ་ལ་མི་བསད་ན་སྟོང་ཞེས་པ་སྟེ། རབ་འབྲིང་ཐ་གསུམ་བྱས་ནས་མི་རབ་ལ་དངུལ་རྡོ་ཚད་གཅིག་དང་། སྡིག་རྟ་ཐོད་ནག་སྡིག་བོའུ་ར་དམར། གཉག་གི་རྟ་བོའུ་ལྔ། མ་གཉག་གི་རྟ་བོའུ་སོགས་ཀྱི་འགོ་བཀུག དཔོན་གཤགས་ལ་རྡོ་ཚད་གཅིག་དང་ཐིག་རྟ་བོའུ་ལྔ། ཐིག་རྟ་ཞེས་པ་ནི་རྟ་ཡིན་ལ་རྟ་དེར་དངུལ་སྲང་ཉེར་ལྔ་དང་། བོའུ་རེར་དངུལ་སྲང་བཅུ་གཉིས་དང་ཕྱེད་ཀ)། །སྟོང་གཞུང་ལ་འབྲི་ནག་བརྒྱ། ཕུ་ནུའི་ཟུར་ཤ་རྡོ་ཚད་གཅིག་དང་རྟ་བོའུ་ལྔ། ཉེ་བའི་ཐོང་ཤ་དེའི་ཕྱེད་ཀ་ཡུག་མོའི་མིག་ཕྱེས་གོས་བཟོ་འདང་གཅིག་རོ་འགེབ་རས་བུབ། རོ་གཡག་སྒ་གདན་ཐག་གསུམ་འཛོམ་པ། སྟོང་རྔ་ཆོས་གཞུང་ལ་མ་ཎི་རྡོའབུམ་ལྟ་བུ་སོགས་རབ་འབྲིང་ཐ་གསུམ་བྱས་ནས་འཇལ་རྒྱུ་ཡིན་①ཞེས་གསལ་བོར་བཀོད་ཡོད།
3.བོད་ཁམས་དམངས་ཁྲོད་དུ་ལག་ལེན་ལ་འདེབས་པའི་སྟོང་འཇལ་ཚུལ།
     སྤྱིར་ཡིག་ངོ་སོགས་ན་དེ་ལྟར་སྟོང་འཇལ་ཚུལ་ཐག་བཅད་ཡོད་མོད། དངོས་ཡོད་འཚོ་བའི་ནང་ཡིག་ངོ་བཞིན་སྟོང་ལག་བསྟར་བྱེད་བཞིན་མེད། གཤམ་དུ་ངས་དགེན་ཀྲང་ཅི་མེན་ལགས་ཀྱིས་ཕྱོགས་བསྡུས་མཛད་པའི་《མཚོ་སྔོན་བོད་ཀྱི་ཚོ་བའི་ཡུལ་ཁྲིམས་ཡིག་ཆ་ཕྱོགས་བསྒྲིགས》པོད་གསུམ་ཡོད ། དེ་ལས་སྟོང་འཇལ་ཚུལ་འགའ་ཟུར་དུ་ཁོལ་ཏེ་བོད་མིའི་ད་ལྟ་ལག་ལེན་བགྱིད་བཞིན་པའི་སྟོང་འཇལ་ཚུལ་འགའ་བསྡུར་ནས་བོད་ཀྱི་ད་ལྟའི་དངོས་ཡོད་འཚོ་བའི་ནང་གི་སྟོང་འཇལ་ཚུལ་འགའ་ཞིག་གཤིབ་བསྡུར་བྱས་ནས་འཚོ་བའི་ཁྲོད་ཀྱི་སྟོང་འཇལ་ཚུལ་ལ་ལྟ།
     (l)མཚོ་སྔོན་མགོ་ལོག་དར་ལག་རྫོང་གི་བློ་བྷོ་ཟེར་བ་ཞིག་གིས་ཐག་པས་བསྒགས་ནས་མི་ཞིག་བསད། རྗེས་ནས་རྗོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་ཐག་ལོ་གསུམ་བཅད་ཅིང་དམངས་དོན་འཇལ་ཡོན་སྒོར་517.43སྤྲོད་དགོས་པའི་ཆད་པ་བཅད། ཁྲིམས་ཐག་མ་བཅད་གོང་རྗོང་ཁྲིམས་ཁང་དང་རྫོང་ཨུའི་འབྲེལ་ཡོད་མི་སྣས་རི་ཁུལ་གསུམ་པའི་ཏང་ཀྲི་པུའུ་ཧྲུའུ་ཅི་བཙལ་ཏེ་མི་སྟོང་འཇལ་དགོས་པའི་རེ་བ་ཞུས། རྗེས་ནས་ཏང་ཀྲི་པུའུ་ཧྲུའུ་ཅིས་འགན་ཁུར་ཏེ་ས་ཆའི་དཔོན་པོ་དང་གྱོད་པ་། ཨ་ལགས་བཅས་མི་8འདུས་ཏེ་གྱོད་དོན་ལ་གྲོས་མགོ་བཏོན། གྲོས་བསྡུར་བྱས་མཐར་བློ་བྷོ་དང་ཁོང་གི་ཡུལ་ནས་ཤི་བོ་ཚང་ལ་མི་སྟོང་སྒོར་5000སྤྲོད་རྒྱུ་བྱས། ལག་དམར་བློ་བྷོ་ཚང་གིས་ཁས་བླངས་ཤིང་ལག་བསྟར་བྱས། དེ་ལྟར་གྱོད་གཞི་འདུམ་ཞིང་ཁྱིམ་ཚང་གཉིས་མཐུན་པོར་བཟོས།①  
     (2)མགོ་ལོག་ཁུལ་གྱི་སྐྱ་བྷོ་ཟེར་བ་ཞིག་གིས་མི་བསད་དེ་ཁྲིམས་ཁང་གིས་ལོ་ཐག་བཅད་མོད། མི་བདག་ཚང་གིས་ལག་དམར་ཚང་ལ་སྟོང་འཇལ་དགོས་ཟེར་བས་སྟོང་དུས་ཐོག་ལྟར་འཇལ་བ་རེད། སྟོང་ལ་སྒོར་ཁྲི་གསུམ་བཏང་ཏེ་མ་ཎི་འཁོར་ལོ་ཞིག་དང་འཁོར་ཁང་ཞིག་བཞེངས་བས་མི་བདག་ཚང་དང་ལག་དམར་ཚང་གི་མི་དུས་མཉམ་དུ་ཁྲིམས་ཁང་ལ་སོང་ནས་ལག་དམར་དེ་གཏོང་དགོས་པའི་རེ་བ་བཏོན། ཡིན་ནའང་རྒྱལ་ཁབ་ཀྱིས་ལག་དམར་དེ་ཉེས་ཁྲིམས་ལ་འགལ་སོང་བས་མ་བཏོན། ཁྱིམ་ཚང་གཉིས་པོས་ཟླ་དང་ལོ་བྱས་ནས་ཁྲིམས་ཁང་ལ་རེ་འདུན་བཏོན།།② 
     (3)མཚོ་སྔོན་མགོ་ལོག་ཁུལ་དར་ལག་རྫོང་བདེ་ཡངས་ཞང་གི་འབྲོག་པ་དོན་གྲུབ་ཚེ་རིང་ཟེར་བ་ཞིག་གིས་པདྨ་རྫོང་རྒྱས་ཁ་ཞང་གི་རྟ་རྫི་ཚུལ་ཁྲིམས་ཟེར་བ་ལ་བསད་པས་ཀྱོད་དོན་བཟོས། དེའི་ཁར་སྟོང་འཇལ་རྒྱུའི་ཐད་གྲོས་མ་མཐུན་སྟབས་རྟ་རྫི་དོན་ཚེའི་སྤུན་ཡ་ཚེ་བྷོས་བོའུ་ཐུང་བཟུང་ནས་རོ་སྐྱིན་ལེན་དུ་སོང་། ཡིན་ནའང་ལག་དམར་ཚང་གིས་གནས་ཚུལ་དེ་ཤེས་རྗེས་ཡང་བསྐྱར་བོའུ་གྲ་སྒྲིག་བྱས་ཏེ་ཚེ་བྷོ་ཡང་བསད་པས་གྱོད་དོན་ཐེངས་གཉིས་པ་བསླངས། གལ་ཏེ་མི་སྟོང་འཇལ་ཡོད་ན་གྱོད་དོན་དེ་འདྲ་འབྱུང་མི་སྲིད་པ་རེད།③ 
     (4)མགོ་ལོག་དགའ་བདེ་རྗོང་གི་དོན་གྲུབ་ཟེར་བ་ཞིག་གིས་སངས་མགོན་ཟེར་བ་ཞིག་བསད། དོན་གྲུབ་ལ་རྫོང་ཁྲིམས་ཁང་གིས་ཁྲིམས་ཐག་བཅད་རྗེས་ཤི་ཆད་ཚང་གིས་སྟོང་འཇལ་དགོས་ཟེར། དོན་གྲུབ་ཚང་བཟའ་མི6ཡོད་ལ་ལས་ཀ་ལས་མཁན་དོན་གྲུབ་ཀྱི་སྤུན་ཡ་དང་དེའི་ཆུང་མ་ལས་མེད། གཞན་བཞི་བོ་ནི་བགྲེས་པོ་དང་བྱིས་པ་རེད། མི་སྟོང་ལ་སྒོར་ཁྲི་6འཇལ་རྒྱུའི་ཐག་བཅད། དེ་ལ་བླ་མ་དང་དཔོན་པོ་ཚོས་གྱོད་འདུམ་ཏེ་སྒོར་ཁྲི་5འཇལ་རྒྱུའི་གྲོས་མགོ་བྱུང་། རྗེས་ནས་སྒོ་ཟོག་ཐམས་ཅད་བཙོངས་ཀྱང་ཁྲི་ལྔ་མ་འདང་བར་ཁྲི་གཅིག་པོ་ལོ་རྗེས་མའི་ནང་ནས་འཇལ་རྒྱུ་བྱས། ཁྱིམ་ཚང་གི་འཚོ་བའི་ཐོག་དཀའ་ངལ་བསྐྱལ་ཏེ་དོན་གྲུབ་ཀྱི་ཕ་རྒན་སེམས་སྡུག་དང་ནད་ཀྱིས་མནར་ཏེ་ཚེ་ལས་འདས།④ 
     (5)མཚོ་སྔོན་རྨ་ལྷོ་རེབ་གོང་རྗོང་མགར་རྩེ་ཞང་གི་འཕྲིན་ལས་དང་ལྷ་བརྟན་ཟེར་བ་བ།ཉིས་ཀྱིས་མི་བསད་དེ་གྱོད་གཞི་བཟོས། དེའི་རྗེས་ནས་ལག་དམར་ཚང་དང་ཤི་ཆད་ཚང་གི་འབྲེལ་ཡོད་མི་སྣ་ལ་བླ་མ་དཔོན་པོས་གྲོས་མགོ་འདུམ་ཏེ་མི་སྟོང་ལ་སྒོར་ཁྲི་རེ་འཇལ་རྒྱུ་དང་ལག་དམར་གཉིས་ཀྱི་རུ་སྡེ་དེ་ནས་འབུད་དགོས་པའི་གྲོས་འཆམ་བྱུང་། དུས་ལྟར་འཇལ་བས་གྱོད་གཞི་འདུམ་པས་ཕྱིས་སུ་གྱོད་དོན་ཅི་ཡང་མ་བྱུང་།①      
     (6) སི་ཁྲོན་ཞིང་ཆེན་སེར་ཤུལ་རྫོང་གི་འབྲོག་པ་དཔལ་ལྡན་གྱིས་མགོ་ལོག་རྨ་སྟོད་དུ་ཚེམ་བཟོ་བྱེད་སྐབས་སྐྱབས་བློ་དཔལ་ཟེར་བ་ཞིག་བསད་པས་རྗོང་ཁྲིམས་ཁང་གིས་ཁྲིམས་ཐག་བཅད་རྗེས་ཤི་ཆད་ཚང་གིས་ཡང་དང་ཡང་དུ་ཁྲིམས་ཁང་དུ་ཡོང་སྟེ་དཔལ་ལྡན་གསོད་མི་ཆོག་པ་དང་ཁོང་ལ་མི་སྟོང་འཇལ་དགོས་ཚུལ་གླེང་ནས་ཁྲིམས་ཁང་བྱ་བར་ཐེ་གཏོགས་བྱས།②
     གོང་གི་སྟོང་འཇལ་ལུགས་ལྔ་བོ་ལས་ཤེས་གསལ་ལྟར་ན་སྟོང་འཇལ་བའི་ཡུལ་ཁྲིམས་ལག་བསྟར་བྱེད་བཞིན་ཡོད་མོད། ཡིག་ཐོག་དང་རྩ་བ་ནས་མི་མཚུངས་ལ་དེ་དག་འཇལ་ཚུལ་ཡང་ཕན་ཚུན་མི་མཚུངས། དེ་ལ་ཚད་གཞི་ཡང་གཅིག་ཐོག་ན་མེད་པ་ཤེས་ཡོང་། ཚད་གཞི་གཅིག་ཐོག་ན་མེད་ན་སྐྱོན་ཆ་ཡང་ཡིན་པ་ལྷང་ལ་བུད་འདུག འདི་ལྟར་ཡུན་རིང་ལ་སོང་ན་རྒྱལ་ཁྲིམས་དང་མི་མཐུན་ལ་སྤྱི་རྨེ་ཚོགས་བདེ་འཇགས་དང་ལའང་གནོད་དོ། ། 
བཞི་བ། སྟོང་འཇལ་བའི་རྣམ་གྲངས།
     སྟོང་འཇལ་བའི་རྣམ་གྲངས་ལ་རྣམ་པ་མི་འདྲ་ལ་ངོ་བོ་མི་འདྲ་བ་སྣ་ཆོགས་འབྱུང་ཞིང་། དུས་རབས་མི་འདྲ་བ་དང་ས་ཆ་མི་འདྲ་བར་འཇལ་སྟངས་ཀྱང་མི་འདྲ། ཡུལ་གཅིག་ཡིན་ཀྱང་དེའི་སྟོང་འཇལ་ཚུལ་ཡང་མི་འདྲ། གཙོ་བོ་སྤྱི་ཚོགས་དེ་ལ་ཚད་གཞི་འཇོག་མ་ཐུབ་པས་ཡིན། ད་ཕན་མཐོང་ཆོས་སུ་གྱུར་བའི་སྟོང་འཇལ་ཚུལ་གྱི་རྣམ་གྲངས་ལ་མི་སྟོང་དང་ཁྲག་སྟོང། རྟ་སྟོང་། བྱི་སྟོང་། གཉེན་སྟོང་། དེར་བག་སྟོང་མག་སྟོང་། རྐུན་སྟོང་སོགས་ཡོད་ལ། ས་ཆ་ལ་ལར་དེ་མ་ཡིན་པའི་སྟོངའཇལ་ཚུལ་གྱི་ཡུལ་ཁྲིམས་ཀྱང་ཡོད་ངེས་པས་འདིར་མཐོང་ཐོས་སུ་མ་གྱུར་བ་ཡིན། མཐོང་ཆོས་སུ་གྱུར་བའི་སྟོང་དེ་དག་གི་ཁྱད་ཆོས་ནི་འདི་ལྟར་ཡིན།
གཅིག མི་སྟོང་།
     མི་སྟོང་འཇལ་ཚུལ་ལ་རྒྱལ་བོ་སྲོང་བཙན་སྒམ་པོ་ནས་རིམ་བྱོན་སྲིད་དབང་འཛིན་མཁན་རྣམས་ཀྱི་ས་ཡིག་ངོ་ན་གཏན་ལ་ཕབ་ཡོད་ཀྱང་དུས་རིམ་མི་འདྲ་བའི་ནང་ཡུལ་མི་འདྲ་བས་རང་གི་འདོད་མོས་དང་དཔལ་འབྱོར་ཆ་རྐྱེན་ལ་གཞིགས་ནས་སྟོང་སློང་ཚུལ་དང་འཇལ་ཚུལ་ཀྱང་མི་འདྲ་བ་ཡིན། དེ་ལ་དུས་རབས་དང་མཐུན་པའི་ཚད་གཞི་ངེས་ཅན་བཅའ་མ་ཐུབ་པ་ནི་སྤྱི་ཚོགས་འདིའི་གྱོང་རྒུད་ཡིན་ལ་མི་དམངས་ཀྱི་སྡུག་ཡུས་ཞིག་ཀྱང་ཡིན། མི་བསད་པའི་ཁྱིམ་ཚང་ལ་རྒྱུ་ནོར་ལས་གཞན་ད་བུང་ཤི་བོར་ཆོས་ཀྱི་ལམ་སྐྱེལ་ལ་རྗེའི་གསུང་འབུམ་དང་། ཡང་ན་བཀའ་བསྟན་སོགས་ཀྱི་ས་སྐྱིན་ཚབ་འཇལ་བ་ལ་སྲོག་སྟོང་འཇལ་བ་ཟེར། མི་སྟོང་འཇལ་བ་ཡང་ཟེར།  
གཉིས། ཁྲག་སྟོང་།
     རྨས་སྐྱོན་བཟོས་པའི་མི་ལ་རྒྱུ་ནོར་གྱིས་སྐྱིན་ཚབ་འཇལ་པ་ལ་ཁྲག་སྟོང་དུ་འདོད་།
     རྨས་ཆེ་ཆུང་ལ་གཞིགས་ནས་སྟོང་འཇལ་ཚུལ་ཡུལ་དུས་མི་འདྲ་བར་ཕན་ཚུན་ཐ་དད་ཡིན། བོད་ཡུལ་ས་ཆ་ལ་ལར་ཁྱིམ་ཚང་གི་སྟོབས་ཤུགས་ལ་བརྟེན་ནས་རྨས་ཡུལ་ཁྱིམ་ཚང་ལ་སྟོང་མི་འཇལ་བའང་ཡོད། ཡང་ན་འཇལ་ཀྱང་ཁ་བཏགས་ཅིག་དང་དངུལ་ལྔ་བཅུ་མ་ཞིག་སྟེར་སྲོལ་ཡོད། དངུལ་ལྔ་བཅུ་མ་དེ་དེང་སང་སྒོར་ལྔ་བཅུའི་ཚད་རེད། དཔེར་ན། 1993ལོར་ཀན་སུའུ་ཞིང་ཆེན་ཀན་ལྷོའི་རྨ་ཆུ་རྫོང་མཚན་སྒྲོག་དགོན་པའི་ཐུག་ཇ་བའི་གྲྭ་བ་གཅིག་གིས་གྲྭ་བ་གཉོམ་ཆུང་གཞན་ཞིག་གི་མགོ་ལ་ཇ་དེམ་འོག་ཟུར་གྱིས་བརྒྱབ་དེ་མགོ་ལ་རྨ་ཁ་མཐོ་གང་ཙམ་བྱས་པར་སྟོང་ལ་ཁ་བཏགས་ཅིག་གིས་བྱས་པ་རེད། དེ་བཞིན་སྟོང་ཟེར་བ་ཙམ་ཟེར་ཀྱང་ཁྲག་སྟོང་ལ་ཚད་གཞི་མེད་དོ། །
གསུམ། རྟ་སྟོང་།
     བོད་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་ཁྱི་རྦོད་ནས་མི་བསད་པའི་ཁྲིམས་ཞེས་པ་བཞིན་དེའི་ནང་ན་བོད་ཀྱི་སྒོ་ཕྱུགས་སོགས་ཀྱིས་བསྐྱེད་པའི་གྱོང་གུད་འཇལ་ཚུལ་ཐག་བཅད་པ་ལྟར་ཕྱིས་ཀྱི་འབྲོག་ས་ལ་ལ་ཞིག་ལ་སྒོ་ཕྱུགས་ཕྱོགས་ཀྱི་ཁྲིམས་ཡང་ཐག་བཅད་ཡོད།  དེ་ནི་བོད་ཀྱི་འབྲོག་ས་ཉུངཤས་ཞིག་ལས་མང་ཕྱོགས་ལ་དེ་ལྟ་བུའི་ཁྲིམས་མེད། མཁས་དབང་ནམ་མཁའ་ནོར་བའི་བྱང་འབྲོག་ལམ་ཡིག་ཏུ་འབྲོག་ཡུལ་དུ་རྒྱུན་པར་གཡག་གིས་རྟ་དྲེལ་བརྡུངས་ནས་བསད་པའི་རྩོད་གཞི་མང་དུ་འབྱུང་ཞིང་། དེ་ཡང་གཡག་གཙིག་གིས་རྟ་དྲེལ་གང་རུང་བརྡུངས་ནས་བསད་པ་ན། རྡུང་གི་རྭ་དམར་ཞེས་བྱ་བ་རྡུང་མཁན་གྱི་གཡག་བཟང་ངན་གང་ཡོད་པ་དེ་རྟ་བདག་ལ་འཕྲལ་དུ་སྤྲད་དགོས་པ་དང་། གལ་ཏེ་གསད་བྱ་དེ་དྲེའུ་ཞིག་ཡིན་ན་གསོད་མཁན་གྱི་རྭ་དམར་དེ་དང་གཡག་སོ་དྲུག་གཅིག་བཅས་སྤྲད་དགོས་པ་རེད། གལ་ཏེ་རྟ་དྲེལ་གང་རུང་ཞིག་བསད་དེ་གསོད་མཁན་གང་ཡིན་ཕན་ཚུན་གཉིས་ཕྱོགས་ནས་དངོས་མཐོང་མ་བྱུང་ཞིང་། ཞིབ་འཇུག་བྱེད་པའི་ཚེ་གཡག་གང་རུང་གི་རྭ་ལ་ཁྲག་གམ་ཞག་རྩི་ཡོད་པ་ཞིག་ཪྙེད་ན་འབྲོག་མིའི་ཁ་དཔེར་འབྲོང་རྟ་བརྡུངས་རྭ་ཅོ་དམར་གྱིས་ཤན་ཞེས་པ་ལྟར་རྟ་གསོད་མཁན་དུ་ངོས་འཛིན་ཞིང་། འོན་ཀྱང་དངོས་སུ་མ་མཐོང་བར་བརྟེན་རྟ་དྲེལ་གང་ཡིན་རུང་སྟོང་ལ་གཡག་ཤད་གཅིག་གིས་འཐུས་ཀྱི་ཡོད་པ་རེད་① གསུངས། 
བཞི། བྱི་སྟོང་།
     སྤྱིར་བྱི་སྟོང་འཇལ་བའི་ལུགས་བོད་ཁམས་ན་ཡོད་ཀྱང་དེ་ཡང་ཁྱིམ་ཚང་སོ་སོ་དང་མི་སྡེ་སོ་སོའི་སྟོབས་འབྱོར་དང་ཆ་རྐྱེན་ལ་ལྟོས་ནས་ཕན་ཚུན་ལ་བྱི་སྟོང་སློང་སྟེར་བྱེད་པ་ཡིན། བྱི་ཕྲུག་ཅིག་བཙས་ན་སྟོང་ལོན་དུས་དང་མི་ལོན་དུས་སྣ་ཚོགས་ཡོད།  འབྲོག་ཕྱོགས་ལ་ལར་ཁ་གསོ་སྤྱད་ཅེས་ཀྱང་ཟེར། ཡང་འབྲོག་ཕྱོགས་ལ་ལར་དེ་ལྟ་མིན་པར་སྟོང་འཇལ་ཚུལ་གཞན་ཀྱང་ཡོད། མཁས་དབང་ནམ་མཁའ་ནོར་བུའི་བྱང་འབྲོག་ལམ་ཡིག་ཏུ། འབྲོག་པའི་ཡུལ་གྱི་བུ་མོ་ཞིག་ལ་གཉེན་འདུན་མ་བྱས་པའི་་གོང་དུ་བྱི་ཕྲུག་གཅིག་བྱུང་བ་ཡིན་ན་ནང་གི་ཕ་མ་ཚོས་འཕྲལ་དུ་ཕ་སུ་ཡིན་འདྲི་རྩད་བྱེད་ཅིང་། ཕྱོགས་ཕན་ཚུན་གཉིས་ཀའི་ཕ་མ་རྣམས་གཉེན་འདུན་བྱ་བར་བློ་མཐུན་ན་འཕྲལ་དུ་བག་ཆོག་སྤྱི་ལྟར་བྱེད་པ་དང་། དེ་ལྟར་མ་མཐུན་ན་བྱི་ཕོ་དེས་བུ་མོ་དེ་ལ་ཕོ་རྟ་འོ་ལྤགས་ཞེས་པའི་བྱི་སྟོང་འཇལ་དགོས་ཀྱི་ཡོད་པ་རེད། དེའི་དོན་ནི་ཕ་ཡི་ཚབ་ཏུ་ཕ་ཡི་ཚེ་ན་རྟ་བཟང་ཤོས་དང་། འོ་མའི་དོན་དུ་འབྲི་སོ་དྲུག་གཅིག་དང་། གོས་རྟེན་དུ་ལུག་འཚེ་རུ་བདུན་བཅས་སྟེར་དགོས་ཀྱི་ཡོད་པ་རེད། གལ་ཏེ་བྱི་ཕོ་འཁོས་ཞན་ཞོན་རྟ་མེད་མཁན་ཞིག་ཡིན་ན་ཞོན་རྟའི་ཚབ་ཏུ་གཡག་སོ་དྲུག་གཅིག་གིས་འཐུས་ཀྱི་ཡོད་འདུག་པ་འདི་ནི་འབྲོག་ཡུལ་དུ་གནའ་སྲོལ་ཡོངས་གྲགས་ཤིག་ཡིན་པར་བརྟེན་གཟུ་བ་སོགས་ལ་མ་ལྟོས་པར་འཕྲལ་དུ་སྤྲོད་ལེན་བྱེད་པ་ཙམ་ལས་རྩོད་གླེང་བྱེད་དགོས་ཀྱི་མེད་པ་རེད་②ཅེས་ཀྱང་གསུངས། 
ལྔ། གཉེན་སྟོང་།
     སྤྱིར་གཉེན་སྟོང་ལ་བག་སྟོང་ངམ་མག་སྟོང་སོགས་མིང་གི་རྣམ་གྲངས་ཡུལ་ལ་ལྟོས་ནས་སྦྱོར་སྲོལ་ཡོད། འབྲོག་ཕྱོགས་ཕལ་ཆེར་བས་གཉེན་སྟོང་གི་མིང་ལ་མོ་ཤ་ཟེར་བཞིན་ཡོད། མོ་ཤ་ཟེར་བ་ནི་མོ་ཁོ་ནར་བལྟས་ནས་བཤད་པ་མིན། སྐྱེས་པ་ལའང་མོ་ཤ་སྟེར་དགོས་དུས་གང་མང་ཡིན། མོ་ཤ་སྟེར་ཟེར་དུས་གཉེན་སྟོང་འཇལ་བ་ཞེས་པའི་དོན་ཡིན། ཀན་ལྷོ་རྨ་ཆུ་རྗོང་ནི་འབྲོག་ལས་ཁོ་ན་གཉེར་བའི་ཡུལ་ཡིན། བག་མ་བསུ་བ་དང་མག་པ་འཇོག་པའི་ཚེ་ཡུལ་དེའི་མང་ཕྱོགས་ལ་རིན་སོགས་ཅི་ཡང་སྟེར་མི་དགོས། གཙོ་བོ་མིའི་རྒྱུ་སྤུས་བཟང་ངན་དང་གཤིས་རྒྱུད་བཟང་མིན་ལ་བལྟ། བག་མ་དང་མག་པའི་རྫོང་བ་ལ་རང་ཡུལ་ནས་འཛོམས་ཚོད་ཅིག་ཕར་སྟེར་བཞིན་ཡོད།  བག་མ་དང་མག་པ་གང་ཞིག་ཡིན་ཀྱང་གལ་ཏེ་གཉེན་གྱི་དམ་བཅའ་ལས་འགལ་སོང་ན་འགལ་མཁན་དེས་དམ་བཅའ་བསྲུང་བ་ཚང་ལ་སྟོང་ངམ་མོ་ཤ་སྟེར་དགོས་པ་ཡིན། མོཤའི་ཚད་ཀྱང་སྒོར་ཁྲི་ནས་སྒོར་200བར་ནི་རྒྱུགས་ཆེ་ཤོས་ཡིན། ཡང་གཉེན་སྟོང་དེ་ལ་མོ་རྐྱང་རྐྱང་ལ་གཟས་ནས་བཤད་པའང་ཡོད་པས་བག་སྟོང་ཟེར་སྲོལ་ཀྱང་ཡོད།  མཁས་དབང་ནམ་མཁའ་ནོར་བུས་འབྲོག་ཡུལ་གྱི་བུ་མོ་མང་དག་ཞག་གསུམ་བག་མར་ཕྱིན་ཏེ་སླར་ཁྱིམ་དུ་ལོག་རྗེས་ཡང་བསྐྱར་བག་ས་རུ་མི་ལོག་པར་མི་བྱེད་ཅིང་། དེ་ལ་བརྟེན་ནས་མོ་ཤ་ཞེས་བྱ་བའི་རྩོད་གཞི་དྲག་པོ་ཡོང་གི་ཡོད་པ་རེད། དེའི་འབྱུང་རྐྱེན་ནི་ཁོ་བོས་བསམ་པར་ནམ་རྒྱུན་དུ་འབྲོག་མིའི་གཉེན་སྒྲིག་གི་འདུན་མ་མཐའ་དག་སོ་སོའི་ནང་གི་ཕ་མ་ཚོས་བྱེད་ཀྱི་ཡོད་འདུག་པར་བརྟེན་བུ་མོ་མང་ཤོས་ཀྱི་ས་བག་སར་སླེབས་ཟིན་པའི་བར་དུ་རང་གི་ཁྱོ་ག་མཐོང་མྱོང་བར་དཀའ་ཞིང་། དེ་ལྟ་ན་བུ་མོ་རང་རང་གི་འདོད་པ་དང་མཐུན་པའི་ཁྱོ་ག་ནི་ཧ་ཅང་ཉུང་ངུ་ལས་ཡོང་མི་སྲིད་པ་གཞིར་བཅས་མོ་ཤའི་རྩོད་གཞི་དེ་རིགས་འབྱུང་གི་ཡོད་པར་མངོན་ནོ། མོ་ཤའི་སྟོང་ནི་ཁྱོ་ག་དེར་ཞོན་རྟ་བཟང་བོ་ཞིག་གིས་གཅོས་སྔོན་དུ་བུ་མོའི་སློང་རྟེན་གང་སྤྲད་པ་དེ་དག་དགུ་ལོག་གི་སྟོང་འཇལ་དགོས་སྲོལ་འདུག་ཅིང་།འོན་ཀྱང་དེ་འདྲའི་རྩོད་གཞི་བྱུང་ནས་རྗེས་སུ་བུ་མོ་དེ་མི་ཚང་གཞན་དུ་བག་མར་བཏང་ན། སྔོན་གྱི་མོ་ཤའི་བདག་པོ་ཆོས་མི་བདེ་བའི་རྩོད་གཞི་མང་དུ་བྱེད་ཅིང་། དེ་ཉིད་འཕེལ་རྒྱས་སུ་ཕྱིན་ཏེ་མོ་ཤའི་ཅོད་གཞིར་འགྱུར་བའི་ཉེན་ཁ་ཤིན་ཏུ་ཆེ་བར་སྣང་ངོ་།།①
དྲུག རྐུན་སྟོང་།
     བོད་ཀྱི་ཡུལ་གྲུ་ཕལ་མོ་ཆེར་འབྲོག་ལས་ཡིན་སྟབས། སྒོ་ཟོག་སོགས་མང་སོང་ན་གཞན་གྱི་རྐུ་ལ་ཤོར་ཉེན་ཆེན་པོ་ཡོད། སྒོ་ཟོག་གཏན་ནས་མེད་ན་ཕར་རྐུ་བའི་གནས་ཚུལ་མང་སྟབས་བརྐུས་པ་སོགས་བྱུང་ཚེ་གྱོད་གཞི་ཞིག་གི་མགོ་བརྩམས་པ་རེད། དེའི་སྟོང་འཇལ་ཚུལ་སོགས་ཀྱང་ཡུལ་མི་འདྲ་བ་དང་ཁྱིམ་ཚང་མི་འདྲ་བས་ཕན་ཚུན་འཇལ་ཚུལ་ཀྱང་མི་གཅིག་པ་རེད། ལ་ལར་བརྐུས་རྫས་དེ་ཕྱིར་སྤྲད་པས་ཆོག  ལ་ལར་ཕྱིར་སྤྲད་པའི་མི་ཚད་བཤགས་པ་སྟེར་དགོས་ཞེས་རང་དངོས་ནས་འཛོམས་ཚོད་དང་སློང་བ་ལྟར་སྟེར་ཚུལ་གཉིས་ཡོད། ཡང་ཡུལ་ལ་ལར་དེ་འདྲ་མ་ཡིན་པར་གསུམ་ལོག་བཞི་ལོག་ལྔ་ལོག་ཞིག་ཀྱང་སྟེར་དགོས་ཚོད་ཡོད། མཁས་དབང་ནམ་མཁའ་ནོར་བུའི་བྱང་འབྲོག་ལམ་ཡིག་ཏུ། འབྲོག་མི་ཁ་ཤས་ཀྱི་ཡུལ་ཕན་ཚུན་ནས་འཕྲོག་བཅོམ་བྱས་པའི་སྐོར་ནས་གྱོད་གཞི་མང་དུའབྱུང་གི་ཡོད་པ་རེད། དེ་དག་ནི་འབྲོག་མི་རང་ཉིད་ཀྱི་ཁ་དཔེར་ལྷ་ཡི་ནོར་ལ་དགུ་འཇལ། འདུ་པའི་ནོར་ལ་ལྔ་འཇལ། ཕུ་ནུའི་ནོར་ལ་སུམ་འཇལ་ཞེས་པ་ལྟར་དགོན་པ་དང་བླ་བྲང་སོགས་ཀྱི་ནོར་ལ་དགུ་ལོག་དང་། སྤྱི་ཁག་དང་རུ་སྐོར་སྤྱིའི་ནོར་ལ་ལྔ་ལོག་དང་། ཡུལ་ནང་ཁོངས་ཀྱི་ནོར་ལ་སུམ་ལོག་གི་སྟོང་འཇལ་དགོས་ཀྱི་ཡོད་པ་རེད་ཅེས་གསུངས།    
མཇུག་བསྡུ་བ།
     བོད་ཀྱི་སྟོང་འཇལ་ལུགས་འདིས་དེང་རབས་སྤྱི་ཚོགས་སུ་རྒྱལ་ཁབ་ཀྱི་ཁྲིམས་འཛིན་ལས་ཁུངས་ཀྱི་རྒྱུན་ལྡན་གྱི་བྱ་བ་དང་འགལ་ཟླར་དུ་གྱུར་བ་དང་མི་མཐུན་ས་མང་བོ་ཡོད། ཁྲིམས་གཉེར་ལས་ཁུངས་དག་གིས་ས་གནས་དང་རྒྱལ་ཁྲིམས་བསྡེབས་ནས་ཁྲིམས་གཉེར་ཚུལ་གྱི་སྣང་ཚུལ་ཀྱང་བྱུང་མྱོང་།ཉེས་དོན་ལ་ལ་རྒྱལ་ཁབ་ཀྱི་ཉེས་ཁྲིམས་ལྟར་ཐག་གཅོད་པར་དཀའ་ཁག་ཆེ། ཉེས་དོན་དེའི་རིགས་ལ་བོད་ཀྱི་དམངས་ཁྲོད་དུ་བྱུང་བའི་མི་སྟོང་ངམ་ཁྲག་སྟོང་འཇལ་བའི་དམངས་སྲོལ་གྱི་འདུམ་འགྲིག་བྱེད་སྟངས་འདིས་ནུས་པ་ཆེན་པོ་འདོན་ཐུབ། དམངས་སྲོལ་འདིས་འདུམ་འགྲིག་བྱེད་སྐབས་འདུམ་འགྲིག་པས་གྱོད་གཞི་བཟོ་མཁན་ལ་ཉེས་ཆད་ཚད་ལྡན་དང་དཔལ་འབྱོར་ཕྱོགས་ནས་སྐྱིན་ཚབ་ལྕི་མོ་འཇལ་དུ་བཅུག་ན་ཆོག་པ་ལས་སྲོག་ཁྲིམས་མི་གཅོད་པ་ཡིན།འདུམ་འགྲིག་པས་འདུམ་འགྲིག་པའི་སྐབས་ལྐོག་ངན་ལེན་པ་དང་གྱོད་རིན་ལེན་པ་སོགས་གཏན་ནས་བྱེད་མི་ཆོག །སྟོང་འཇལ་བའི་དམིགས་ཡུལ་ནི་ཚོ་བ་དང་ཚོ་བའི་བར་དང་།  ཁྱིམ་རྒྱུད་དང་ཁྱིམ་རྒྱུད་བར་གྱི་རྩོད་གླེང་མྱུར་མོས་ཞི་འཇགས་ཡོང་པའི་ཆེད་ཡིན་ལ་གོ་ཡང་ཆོད་ཡོད། སྟོང་འཇལ་ཚུལ་དེ་ལ་དགེ་མཚན་གང་ཡོད་དང་ལོ་རྒྱུས་ཇི་ལྟར་རིང་ཡང་དུས་རབས་ཀྱི་འཕེལ་འགྲོས་དང་མི་མཐུན་ལ་ཚད་གཞི་གཅིག་ཐོག་ན་མེད་པས་གྱོད་གཞི་སྣ་གཅིག་གམ་གྱོད་གཞི་འདྲ་བ་གཉིས་ལ་སྟོང་འཇལ་ཚུལ་ཐད་ལ་གནམ་སའི་ཁྱད་པར་རྒྱུགས་ལ། ཚད་གཞི་གཅིག་ཐོག་ན་མེད་པར་མུ་མཐུད་དུ་སོང་ན་མ་འོངས་པར་གྱོད་གཞི་འདུམ་པ་ལས་ལོག་སྟེ་ལོག་ལམ་དུ་འགྲོ་བའི་ཉེན་ཁ་ཡང་ཡོད་དོ་སྙམ། 
     དེ་བས་བོད་ཀྱི་སྟོང་འཇལ་ཚུལ་ཐད་ལ་རྒྱལ་ཁབ་ཀྱིས་དུས་རབས་དང་མཐུན་ཞིང་རིག་གནས་བསམ་བློ་ལ་འཚམ་པའི་ཚད་གཞི་ཞིག་འཇོག་པའམ་བོད་ཀྱི་ནང་ཆོས་ཀྱི་བསམ་བློ་དང་མཐུན་པའི་བོད་ཀྱི་ས་གནས་ཁྲིམས་ལུགས་ཤིག་བཟོ་རྒྱུ་ནི་བོད་མིའི་སྤྱི་ཆོགས་བདེ་འཇགས་ཡོང་བར་ཁ་ཚ་དགོས་གཏུག་དང་ཤིན་ཏུ་ནས་གལ་ཆེ་བའི་བྱ་བ་ཆེན་པོ་ཞིག་ཡིན་ནོ།།
     རྩོམ་པ་བོ་ངོ་སྤྲོད།  ཁྱུང་ཚ་པད་མ་ཚེ་བརྟན། སྐྱེས་ཡུལ་ཀན་ལྷོའི་རྨ་ཆུ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་2007ལོའི་ཤེས་རམས་པའི་ཞིབ་འཇུག་སློབ་མ་ཡིན། ད་ལྟ་ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོར་དགེ་རྒན་གྱི་ཕྱག་ལས་གནང་བཞིན་ཡོད།
     ①འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོས་བརྩམས། 《རྒྱལ་བོ་ལུགས་ཀྱི་བསྟན་བཅོས།》 མི་རིགས་དཔེ་སྐྲུན་ཁང་གིས་2004ལོར་པར་དུ་བསྐྲུན། ཤོག་ངོས210ན་གསལ།
     ① བསོད་ནམས་ཚེ་རིང་གིས་བསྒྲིགས། 《སྔ་རབས་བོད་ཀྱི་སྲིད་ཁྲིམས་ཕྱོགས་བསྒྲིགས།》 མི་རིགས་དཔེ་སྐྲུན་ཁང་གིས2004ལོར་ཤོག་ངོསl30ན་གསལ།
     ② བསོད་ནམས་ཚེ་རིང་གིས་བསྒྲིགས། 《སྔ་རབས་བོད་ཀྱི་སྲིད་ཁྲིམས་ཕྱོགས་བསྒྲིགས།》  མི་རིགས་དཔེ་སྐྲུན་ཁང་གིས་2004ལོར་པར་དུ་བསྐྲུན། ཤོག་ངོས་131ན་གསལ།
     ③ བསོད་ནམས་ཚེ་རིང་གིས་བསྒྲིགས། 《སྔ་རབས་བོད་ཀྱི་སྲིད་ཁྲིམས་ཕྱོགས་བསྒྲིགས།》 མི་རིགས་དཔེ་སྐྲུན་ཁང་གིས་2004ལོར་པར་དུ་བསྐྲུན། ཤོག་ངོས་l47ན་གསལ།
     ④བསོད་ནམས་ཚེ་རིང་གིས་བསྒྲིགས། 《སྔ་རབས་བོད་ཀྱི་སྲིད་ཁྲིམས་ཕྱོགས་བསྒྲིགས།》 མི་རིགས་དཔེ་སྐྲུན་ཁང་གིས་2004ལོར་པར་དུ་བསྐྲུན། ཤོག་ངོས་l47ན་གསལ།
     ①བསོད་ནམས་ཚེ་རིང་གིས་བསྒྲིགས། 《སྔ་རབས་བོད་ཀྱི་སྲིད་ཁྲིམས་ཕྱོགས་བསྒྲིགས།》  མི་རིགས་དཔེ་སྐྲུན་ཁང་གིས་2004ལོར་པར་དུ་བསྐྲུན། ཤོག་ངོས་l3lན་གསལ།
     ②བསོད་ནམས་ཚེ་རིང་གིས་བསྒྲིགས། 《སྔ་རབས་བོད་ཀྱི་སྲིད་ཁྲིམས་ཕྱོགས་བསྒྲིགས།》   མི་རིགས་དཔེ་སྐྲུན་ཁང་གིས་2004ལོར་པར་དུ་བསྒྲུན། ཤོག་ངོས147ན་གསལ།
     ③བསོད་ནམས་ཚེ་རིང་གིས་བསྒྲིགས། 《སྔ་རབས་བོད་ཀྱི་སྲིད་ཁྲིམས་ཕྱོགས་བསྒྲིགས།》  མི་རིགས་དཔེ་སྐྲུན་ཁང་གིས་2004ལོར་པར་དུ་སྐྲུན། ཤོག་ངོས220ན་གསལ།
     ① 《བོད་སྤྱི་བཤད།》བཀྲ་ཤིས་ཚེ་རིང་སོགས་ནས་བསྒྲིགས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་2008ལོར་པར་དུ་བསྐྲུན། ཤོག་ངོས224ནས240ན་གསལ།།
     ①张济民编: 《渊源流近》 青海人民出版社出版,  2002年8月,   p15.
     ②张济民编: 《渊源流近》 青海人民出版社出版,  2002年8月, p10.
     ③张济民编: 《渊源流近》 青海人民出版社出版,  2002年8月, p23.
     ④张济民编: 《渊源流近》 青海人民出版社出版,  2002年8月,  p10.
     ①张济民编: (渊源流近》 青海人民出版社出版, 2002年8月,   p5.
     ②张济民编: 《渊源流近》 青海人民出版社出版, 2002年8月, p128.
      ①《མཁས་དབང་ནམ་མཁའ་ནོར་བུའི་གསུང་འབུམ།》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་2008ལོར་པར་དུ་བསྐྲུན། ཤོག་ངོས194ནས197ན་གསལ། ②《མཁས་དབང་ནམ་མཁའ་ནོར་བུའི་གསུང་འབུམ།》  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་2005ལོར་པར་དུ་བསྐྲུན། ཤོག་ངོས་194ནསl97ན་གསལ།
     ①《མཁས་དབང་ནམ་མཁའ་ནོར་བུའི་གསུང་འབུམ།》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་2005ལོར་པར་དུ་བསྐྲུན། ཤོག་ངོས་194ནས་l97ན་གསལ།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...