སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ལས་ཚིག་མིང་དུ་གྲུབ་པའི་སྐབས་ཀྱི་དུས་གསུམ་འཇུག་ཚུལ་ལ་དཔྱད་པ།
རྩོམ་པ་པོ། དཔལ་ཆེན་སྐྱབས། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-6-11 10:56:00 རྩོམ་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། ཀློག་གྲངས།
ལས་ཚིག་མིང་དུ་གྲུབ་པའི་སྐབས་ཀྱི་དུས་གསུམ་འཇུག་ཚུལ་ལ་དཔྱད་པ།
དཔལ་ཆེན་སྐྱབས།
ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་ལས་ཚིག་གི་བདག་གཞན་དུས་གསུམ་དང་བྱ་བྱེད་ལས་གསུམ་སོགས་ཀྱི་རིག་པ་སྤྱད་དེ། ལས་ཚིག་མིང་དུ་གྲུབ་ཚུལ་ལ་བྱ་བའི་ངོ་བོ་གཙོར་སྟོན་གྱི་མིང་དུ་གྲུབ་པ་དང་། བྱེད་དངོས་གཙོར་སྟོན་གྱི་མིང་དུ་གྲུབ་པ། ལས་ཀྱི་དངོས་པོ་གཙོར་སྟོན་གྱི་མིང་དུ་གྲུབ་པ། བྱས་འབྲས་ཀྱི་དངོས་པོ་གཙོར་སྟོན་གྱི་མིང་དུ་གྲུབ་པ། བྱེད་པའི་ཐབས་ཚུལ་གཙོར་སྟོན་གྱི་མིང་དུ་གྲུབ་པ་བཅས་རིགས་ལྔར་ཕྱེས་ཤིང་། སོ་སོའི་སྐབས་ཀྱི་དུས་གསུམ་འཇུག་ཚུལ་དང་དེ་ལྟར་འཇུག་དགོས་པའི་རྒྱུ་མཚན་དང་བཅས་ལ་དཔྱད་པ་བགྱིས་ཡོད་དོ།
མིང་བརྡ་གཙོ་བོ།   ལས་ཚིག    མིང་།    དུས་གསུམ་འཇུག་ཚུལ།               
གླེང་གཞི།
     ལས་ཚིག་ཅེས་པ་ནི“ཕྱི་རོལ་དོན་གྱི་གཟུགས་དང་། ནང་སེམས་ཀྱི་ཤེས་པས་བསྡུས་བའི་འཇིག་རྟེན་གྱི་དངོས་པོའི་ཕྱི་ནང་གི་རྒྱུ་རྐྱེན་རྟེན་འབྲེལ་ལས་བྱུང་བའི་འཕོ་འགྱུར་དང་འགུལ་བསྐྱོད། སེམས་ཅན་གྱི་ལུས་ཀྱི་བྱ་སྤྱོད་དང་སེམས་ཀྱི་འཕྲོ་འདུ་སོགས་མིའི་བློ་ངོར་ཇི་ལྟར་སྣང་བའི་རྣམ་པ་དང་། རྟོག་བཏགས་བྱས་པའི་བྱ་བ་ཇི་སྙེད”①སྟོན་པའི་ཐ་སྙད་ཅིག་ཡིན་ལ། ཐ་སྙད་འདིའི་རིགས་ནི་ཐ་སྙད་གཞན་དག་དང་མི་འདྲ་བར། བརྟན་གཡོའི་ཆོས་སོ་ཅོག་གི་འདུས་བྱས་འགྱུར་བའི་རང་བཞིན་དང་གཡོ་བའི་ཆ་མཚོན་སླད་ཐ་སྙད་རང་སྟེང་དུའང་དུས་གསུམ་སྐབས་སོ་སོར་སྒྲ་གཟུགས་ཀྱི་འགྱུར་བ་མངོན་པར་གསལ་བས། ལས་ཚིག་ནི་སྤྱོད་ཤེས་ན་བརྗོད་བྱའི་དོན་གྱི་གནད་འབིགས་ཞིང་རྗོད་བྱེད་ཚིག་གི་ཉམས་སྐྱེད་པའི་གསོས་སུ་འགྱུར་ལ། དེ་ལས་ལྡོག་ན་ནི་བརྗོད་དོན་གྱི་གཏན་ཚིགས་འཆོར་ཞིང་ཡིག་ནོར་གྱི་ཕུང་བོ་འདྲེན་པའི་གཞི་རུའང་འགྱུར་སྲིད་ན། འདིར་ཡང་ལས་ཚིག་གི་བྱ་བྱེད་ལས་གསུམ་དང་བདག་གཞན་དུས་གསུམ་གྱི་རྣམ་བཞག་ལ་གཞི་བཅོལ་ཞིང་བརྡ་སྤྲོད་སྨྲ་བ་རྣམས་ཀྱི་བཞེད་པ་དག་དཔྱད་བསྡུར་བགྱིས་ཏེ། ལས་ཚིག་གི་རྣམ་བཞག་ལས་ལས་ཚིག་མིང་དུ་གྲུབ་པའི་སྐབས་ཀྱི་དུས་གསུམ་གྱི་འཇུག་ཚུལ་ལ་ཅུང་ཙམ་དཔྱད་ཁུལ་བྱའོ།། དེ་བཤད་པའང་དྲུག་སྟེ། ལས་ཚིག་བྱ་བའི་ངོ་བོ་གཙོར་སྟོན་གྱི་མིང་དུ་གྲུབ་པའི་སྐབས་ཀྱི་དུས་གསུམ་འཇུག་ཚུལ་དང་། བྱེད་དངོས་གཙོར་སྟོན་གྱི་མིང་དུ་གྲུབ་པའི་སྐབས་ཀྱི་དུས་གསུམ་འཇུག་ཚུལ། ལས་ཀྱི་དངོས་པོ་གཙོར་སྟོན་གྱི་མིང་དུ་གྲུབ་པའི་སྐབས་ཀྱི་དུས་གསུམ་འཇུག་ཚུལ། བྱས་འབྲས་ཀྱི་དངོས་པོ་གཙོར་སྟོན་གྱི་མིང་དུ་གྲུབ་པའི་སྐབས་ཀྱི་དུས་གསུམ་འཇུག་ཚུལ། བྱེད་པའི་ཐབས་ཚུལ་གཙོར་སྟོན་གྱི་མིང་དུ་གྲུབ་པའི་སྐབས་ཀྱི་དུས་གསུམ་འཇུག་ཚུལ་བཅས་མིང་དུ་གྲུབ་ཚུལ་རིགས་ལྔའི་སྐབས་ཀྱི་དུས་གསུམ་འཇུག་ཚུལ་དང་མཇུག་བསྡོམས་བཅས་དྲུག་གོ།    
གཅིག ལས་ཚིག་བྱ་བའི་ངོ་བོ་གཙོར་སྟོན་གྱི་མིང་དུ་གྲུབ་པའི་སྐབས་ཀྱི་དུས་གསུམ་འཇུག་ཚུལ།
     བྱ་བའི་ངོ་བོ་གཙོར་སྟོན་གྱི་མིང་ཞེས་པ་ནི་ལས་ཚིག་གང་ཞིག་ཚིག་གི་སྦྱོར་བར་ཞུགས་དུས་བྱ་བ་དངོས་མི་སྟོན་པར་ལས་ཀའམ་བྱ་སྤྱོད་དམ་བྱ་འགུལ་གང་རུང་ཞིག་མིང་དུ་གྲུབ་པ་ཞིག་སྟེ། དཔེར་ན། འབྲི་དང་ཀློག་དང་བཤད་རྣམས་ཀྱི། ། མཚམས་སྦྱོར་སྒྲ་ལ་ཐོགས་པ་མེད། ། ཞེས་པ་ལས་འབྲི་དང་ཀློག་དང་བཤད་ལྟ་བུ་ཡིན་ལ། དེ་དག་སོ་སོ་རང་ངོས་ནས་ལས་ཚིག་ཡིན་པ་ཤིན་ཏུ་གསལ། ཡིན་ཡང་སྐབས་འདིར་ནི་ལས་ཚིག་ཏུ་མ་གྲུབ་སྟེ། འདིའི་སྐབས་ཀྱི་འབྲི་དང་ཀློག་དང་བཤད་གསུམ་གྱིས་ནི་བྱེད་པ་པོ་གང་ཞིག་གིས་གང་ཞིག་འབྲི་བ་དང་ཀློག་པ་བཤད་པ་སོགས་སྟོན་པ་མ་ཡིན་པར། འབྲི་བ་དང་ཀློག་པ་དང་བཤད་པའི་ལས་ཀའམ་བྱ་བའི་ངོ་བོཙམ་སྟོན་པ་ལྟ་བུའོ། ། འདི་ལྟ་བུའི་ལས་ཚིག་བྱ་བའི་ངོ་བོ་གཙོར་སྟོན་གྱི་མིང་དུ་གྲུབ་པའི་སྐབས་སུ་དུས་གསུམ་ལས་ད་ལྟ་བ་དང་མ་འོངས་གཉིས་འཇུག་པ་ཡིན་ཏེ། འདས་ཚིག་གིས་ནི་བྱ་བ་གང་ཞིག་བྱས་ཟིན་པ་སྟོན་པས་བྱས་ཟིན་ན་ནི་གང་བྱ་རྒྱུའི་བྱ་བ་ཞིག་ལྷག་མེད་པས་བྱ་བའི་ངོ་བོ་སྟོན་པའི་ནུས་པ་མེད་ཅིང་། སྐུལ་ཚིག་ནི་གཞན་སུ་ཞིག་ལ་བྱ་བ་གང་ཞིག་བྱ་བར་སྐུལ་བ་ཙམ་ལས་བྱ་བ་དངོས་ཀྱི་དོན་མེད་པས་བྱ་བའི་ངོ་བོ་སྟོན་པར་མི་འཇུག དེ་བཞིན་དུ་ལས་ཚིག་གི་དུས་གསུམ་སྐུལ་ཚིག་དང་བཅས་པར་རེ་རེར་དཔྱད་ཅིང“ཞིབ་ཏུ་བརྟགས་ན་ཚོགས་གསུམ་གྱི་ནང་ནས་བྱ་བའི་ཚིག་གམ་ལས་ཚིག་ཅེས་པ་ནི་བྱ་བའི་ལས་སམ་བྱེད་པའི་ལས་གཉིས་གང་རུང་ཞིག་གིས་སྟོན་དགོས་པ་ལས། འདས་ཚིག་དང་། སྐུལ་ཚིག དགག་སྒྲའི་སྐུལ་ཚིག་བཅས་ཀྱིས་ནི་ལས་དངོས་སྟོན་པའི་ནུས་པ་མེད”①པས་ན། འདིར་བྱ་བའི་ངོ་བོ་གཙོར་སྟོན་གྱི་མིང་དུ་གྲུབ་པ་ལའང་བྱ་བ་དངོས་ཀྱི་དོན་ཡོད་པའི་བྱ་ཚིག་མ་འོངས་པ་དང་བྱེད་ཚིག་ད་ལྟ་བ་འཇུག་པ་ལས་འོས་མེད་།།  ལས་ཚིག་བྱ་བའི་ངོ་བོ་གཙོར་སྟོན་གྱི་མིང་དུ་གྲུབ་ཚུལ་ལ་མིང་གི་གྲུབ་ཆའི་སྒོ་ནས་ཕྱེས་ན། ལས་ཚིག་རང་སྟེང་ནས་གྲུབ་པ་དང་། ལས་ཚིག་དང་མིང་གི་ཆ་ཤས་གཞན་དག་མཉམ་དུ་འདུས་ནས་གྲུབ་པ། ལས་ཚིག་མཉམ་འདུས་སྒོས་གྲུབ་པ་སོགས་ཡོད་པས་འདིར་རེ་རེ་བཞིན་དཔེ་བརྗོད་དང་བཅས་པ་བཀོད་ན། ལས་ཚིག་རང་སྟེང་ནས་བྱ་བའི་ངོ་བོ་གཙོར་སྟོན་གྱི་མིང་དུ་གྲུབ་པ་དཔེར་ན། གོང་བཀོད་ཀྱི་འབྲི་དང་ཀློག་དང་བཤད་སོགས་དང་། མཁས་པའི་བྱ་བ་རྣམ་གསུམ་ཏེ། འཆད་རྩོད་རྩོམ་གསུམ་མོ་ཞེས་པའི་འཆད་རྩོད་རྩོམ་གསུམ་དང་། ཨ་ཁུ་བཀྲ་ཤིས་བཟོ་ལ་མཁས་ཞེས་པའི་བཟོ་སོགས་ལྟ་བུའོ ། ལས་ཚིག་དང་མིང་གི་ཆ་ཤས་གཞན་དག་མཉམ་དུ་འདུས་ནས་གྲུབ་པ་དཔེར་ན། སྐྱོན་བརྗོད། ཡིག་སྒྱུར། སྒྲ་སྒྱུར། སྲོལ་འབྱེད། དཔེ་ཁྲིད། རྒྱང་སྐྱོད། གདོང་མཆོང་། གཡམ་རྒྱུག  ཕྱིར་བཙོང། དུག་སེལ། རྟ་རྒྱུག  ངག་འཁྱལ། གདོང་ཐུག སྒྲོ་འདོགས། སྐུར་འདེབས། ནང་འདྲེན། དྲན་སྐུལ། ཕྱིར་འཚོང་། ཞིབ་དཔྱོད། འཁོན་འཛིན། བདག་འཛིན། ཕྱོགས་བསྡུ། ཕྱོགས་སྒྲིག་སོགས་ལྟ་བུ་ཡིན་ལ། ཡང་ལ་ལས་ཕྱོགས་བསྡུ་དང་ཕྱོགས་སྒྲིག་ཞེས་པར་ཕྱོགས་བསྡུས་བྱས②དང་ཕྱོགས་བསྒྲིགས་བྱས་ཞེས་བྲིས་ཡོད་པ་ནི་མ་དག་པ་སྟེ། ཕྱོགས་བསྡུ་དང་ཕྱོགས་སྒྲིག་ཞེས་པ་གཉིས་ནི་བྱ་བའི་ངོ་བོ་གཙོར་སྟོན་གྱི་མིང་དུ་གྲུབ་པ་ཡིན་པས། འདས་ཚིག་འཇུག་པའི་འོས་མེད་པ་གོང་བཀོད་རྒྱུ་མཚན་ལས་ཤིན་ཏུ་གསལ་ལ། གཞན་ཡང་ཕྱོགས་བསྡུས་བྱས་དང་ཕྱོགས་བསྒྲིགས་བྱས་ཞེས་བྲིས་ན་ནི་ཕྱོགས་བསྡུས་དང་ཕྱོགས་བསྒྲིགས་གཉིས་ལས་བསྡུས་དང་བསྒྲིགས་ཞེས་པས་གང་ཞིག་བསྡུས་ཟིན་པ་དང་བསྒྲིགས་ཟིན་པའི་དོན་སྟོན་པས། གང་བསྒྲུབས་ཟིན་པའི་བྱ་བའི་རྗེས་སུ་བྱས་ཞེས་པའི་ལས་ཚིག་ཅིག་སྦྱར་ན་ནི་སྦྱར་ཀྱང་འཇུག་ཡུལ་མེད་པའི་གནས་སུ་གྱུར་ཡོད་པ་མ་ཟད། ཕྱོགས་བསྡུས་དང་ཕྱོགས་བསྒྲིགས་ཞེས་བྲིས་ན་ནི་གཤམ་ནས་འཆད་འགྱུར་གྱི་ལས་ཚིག་བྱས་འབྲས་ཀྱི་དངོས་པོ་གཙོར་སྟོན་གྱི་མིང་དུ་གྲུབ་པ་ཡིན་པས་ཕྱོགས་གཅིག་ཏུ་བསྡུ་བ་དང་སྒྲིག་པའི་དོན་མེད་ན། གཉིས་ཀ་ཕན་ཚུན་བཀོལ་ནོར་མི་འབྱུང་པར་ཞུའོ། ། ལས་ཚིག་མཉམ་འདུས་སྒོས་བྱ་བའི་ངོ་བོ་གཙོར་སྟོན་གྱི་མིང་དུ་གྲུབ་པའང་ཡོད་དེ། དཔེར་ན། བཟོད་སྒོམ། ལྟ་སྐོར། བརྟག་དཔྱད། རྟོག་དཔྱོད། རྩོམ་སྒྲིག བསྡུ་སྒྲིག དཔྱད་བརྗོད། སྲུང་སྐྱོབ། སློབ་སྦྱོང་། འཆད་འཁྲིད། འཁྲབ་སྟོན། གསོ་སྐྱོང། དཔྱད་བསྡུར། སློབ་སྟོན། སྒྲིག་འཛུགས། འདྲུད་འཐེན། དར་རྒུད། འདེམས་སྒྲིག འདེམས་སྒྱུར། བཤད་སྒྲུབ། སྒྲུབ་སྦྱོང་སོགས་ལྟ་བུའོ། མདོར་ན། ལས་ཚིག་བྱ་བའི་ངོ་བོ་གཙོར་སྟོན་གྱི་མིང་དུ་གྲུབ་པའི་སྐབས་སུ་དུས་གསུམ་ལས་ད་ལྟ་བ་དང་མ་འོངས་པ་གཉིས་ཀ་འཇུག་ཅིང་། དེ་གཉིས་ལས་ཀྱང་ད་ལྟ་བ་འཇུག་པ་ཤས་ཆེ་སྟེ། དེ་ཡང་གོང་བཀོད་དཔེ་བརྗོད་ལས་བཤད་སྒྲུབ་དང་བརྟག་དཔྱད་སོགས་རེ་འགའ་མ་གཏོགས་གཞན་མང་ཆེ་བར་ད་ལྟ་བའི་ལས་ཚིག་འཇུག་པས་ཀྱང་ངེས་ཤེས་འདྲོངས་ནུས་སོ།།    
གཉིས། ལས་ཚིག་བྱེད་དངོས་གཙོར་སྟོན་གྱི་མིང་དུ་གྲུབ་པའི་སྐབས་ཀྱི་དུས་གསུམ་འཇུག་ཚུལ།
     བྱེད་དངོས་གཙོར་སྟོན་གྱི་མིང་ཞེས་པ་ནི་ལས་ཚིག་གི་བདག་གཞན་གྱི་རྣམ་བཞག་ལས་བདག་གི་ཆར་གཏོགས་པའི་བྱེད་པ་པོ་དང་བྱེད་པའི་དངོས་པོ་གཙོར་སྟོན་མིང་ཞིག་ལ་བརྗོད་ཅིང་། དེ་ཡང་དཔེར་ན། གཅོད་མཁན་གྱིས་གཅོད་བྱེད་ཀྱིས་བཅད་ལྟ་བུར་མཚོན་ན། གཅོད་མཁན་དང་གཅོད་བྱེད་གཉིས་ནི་བྱེད་དངོས་སྟོན་པ་ཡིན་ཏེ། གཅོད་མཁན་ནི་བྱ་བ་གཅོད་ཅེས་པའི་བྱེད་པ་པོ་དང་གཅོད་བྱེད་ནི་བྱ་བ་བཅད་ཀྱི་བྱེད་པ་ཡིན་པའི་ཕྱིར། དེ་གཉིས་མིང་དུ་གྲུབ་པའང་ཡིན་ཏེ། གཅོད་མཁན་དང་གཅོད་བྱེད་ཅེས་པའི་གཅོད་ནི་བཅད་དང་མི་འདྲ་བར་སོ་སོས་གཅོད་པའི་བྱ་བ་དངོས་མི་སྟོན་པར་མཁན་དང་བྱེད་དང་འདུས་ནས་བྱེད་དངོས་གཙོར་སྟོན་གྱི་མིང་དུ་གྲུབ་ཡོད་པ་ལྟར་ཡིན་ལ། གཞན་ཡང་གཅོད་མཁན་དང་གཅོད་བྱེད་ཅེས་པ་མིང་རྐྱང་བའི་ངོས་ནས་བལྟས་ནའང་དེ་གྲུབ་སྟེ། གཅོད་མཁན་ཞེས་པའི་མིང་གི་བསྟན་དོན་ནི་གཅོད་ཅེས་པའི་བྱ་བའི་བྱེད་པོ་ཡིན་པ་དང་། གཅོད་བྱེད་ཅེས་པའི་མིང་གི་བསྟན་དོན་ནི་གཅོད་ཅེས་པའི་བྱ་བའི་བྱེད་པ་ཡིན་པ་ལྟ་བུའོ། མིང་དུ་གྲུབ་ཚུལ་འདིའི་རིགས་ལ་ལས་ཚིག་གི་དུས་གསུམ་ལས་ད་ལྟ་བ་ཁོ་ན་འཇུག་པ་ཡིན་ཏེ། ད་ལྟ་བ་ནི་བདག་གཞན་གཉིས་ལས་བདག་དང་བྱ་བྱེད་ལས་གསུམ་ལས་བྱེད་ཀྱི་ཆར་གཞོལ་ཆེ་ཞིང་། མ་འོངས་བ་ནི་བདག་གཞན་གཉིས་ལས་གཞན་དང་བྱ་བྱེད་ལས་གསུམ་ལས་ལས་ལ་གཞོལ་ཆེ་བ་དང་། བྱ་བྱེད་ཀྱི་ཚིག་སྦྱོར་ཚུལ་ཡང་སྦྱར་གཞི་གཙོ་ཆེ་ཆུང་གི་སྟེང་ནས་ཕྱེ་བས་ན། སྐབས་བབས་ཀྱི་བྱེད་དངོས་གཙོ་བོར་སྟོན་པའི་མིང་དུ་གྲུབ་པ་ལ་བྱེད་ཚིག་ད་ལྟ་བ་འཇུག་པ་ལས་འོས་མེད་དོ། ། དེའང་དེ་ལྟར་དུ་གྲུབ་སྟེ། ལས་གང་ཞིག་སྒྲུབ་མཁན་ལ་སྒྲུབ་པོ་པོ་དང་སྒྲུབ་བྱེད་ཀྱི་ཆོས་དངོས་གང་རུང་ལ་སྒྲུབ་བྱེད་ཅེས་པ་ལས་བསྒྲུབ་པ་པོ་དང་བསྒྲུབ་བྱེད་ཅེས་མི་འབྲི་བ་དང་། འབྲི་བྱེད་ཀྱི་སྨྱུ་གུ་ལ་བྲི་བྱེད་དང་བྲིས་བྱེད་ཅེས་དང་། ཡི་གེ་འབྲི་མཁན་ལ་བྲི་མཁན་དང་བྲིས་མཁན་ཞེས་སོགས་བརྗོད་དུ་མེད་པས་ཀྱང་ཤེས་སླ་ཞིང་། གཞན་ཡང་སི་ཏུའི་འགྲེལ་ཆེན་ལས།“བྱེད་པ་པོ་བདག་གི་དངོས་པོའི་སྒྲ་ནི། སྒྲུབ་པ་པོ། སྟོན་པ་པོ། གཅོད་པ་པོ། འབྱིན་པ་པོ།  སྒྲུབ་བྱེད། སྟོན་བྱེད། གཅོད་བྱེད། འབྱེད་ལྟ་བུ”①ཞེས་ད་ལྟ་བའི་ལས་ཚིག་ཁོ་ན་འབྱུང་བ་ལས་ཀྱང་ངེས་ཤེས་ཪྙེད་སླའོ། ། མིང་དུ་གྲུབ་ཚུལ་འདིའི་རིགས་ལ་ནང་གསེས་སུ་ལས་ཚིག་དང་མིང་གི་ཆ་ཤས་གཞན་མཉམ་དུ་འདུས་ནས་གྲུབ་པ་དང་ལས་ཚིག་མཉམ་འདུས་སྒོས་གྲུབ་པ་རིགས་གཉིས་ཡོད་པ་རེ་རེ་དཔེར་བརྗོད་དང་བཅས་པ་བཀོད་ན། དང་པོ་ལས་ཚིག་དང་མིང་གི་ཆ་ཤས་གཞན་འདུས་ནས་བྱེད་དངོས་གཙོར་སྟོན་གྱི་མིང་དུ་གྲུབ་པ་ནི་དཔེར་ན། སྟོན་པ། སློབ་མ། སྲུང་མ། རྩོམ་པ་པོ།   སྒྲིག་པ་པོ། རྩོམ་སྒྲིག་པ། རྒྱལ་བ། རྒྱལ་བོ། རྐོ་མ། གཏེར་སྲུང་། ཆོས་སྐྱོང། ཡོངས་འཛིན། རྗེས་འཇུག  ལྟོ་འགྲོ དུད་འགྲོ། ཆོས་སྐྱོང་། གཟུགས་འཛིན། སྒྲ་འཛིན། ཉོན་སྒྲིབ། སྒོ་སྲུང་སོགས་ལྟ་བུ་ཡིན་ཞིང་། འདི་དག་ནི་ལས་ཚིག་མིང་དུ་གྲུབ་པ་ཡིན་ཏེ། སྟོན་དང་སློབ་སོགས་རང་ངོས་ནས་ལས་ཚིག་ཡིན་པ་ཤིན་ཏུ་གསལ། འདི་དག་སོ་སོ་མིང་གི་ཆ་ཤས་པ་མ་དང་ཆོས་གཟུགས་སོགས་དང་མཉམ་དུ་འདུས་ནས་མིང་དུ་གྲུབ་ཡོད་དེ། དེ་དག་རིམ་བཞིན་དུ་ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་སྟོན་མཁན་ཡིན་པས་སྟོན་པ་དང་སློབ་པའི་བྱ་བ་དོན་དུ་གཉེར་མཁན་ཡིན་པས་སློབ་མ་སོགས་བྱེད་དངོས་གཙོར་སྟོན་གྱི་མིང་དུ་གྲུབ་ཡོད་པ་ལྟར་ཡིན་ལ། གཞན་རྣམས་ཀྱང་དེ་བཞིན་རིགས་བསྒྲེས་ན་ཤེས་སླའོ། གཉིས་པ་ལས་ཚིག་མཉམ་འདུས་སྒོས་མིང་དུ་གྲུབ་པ་ནི་དཔེར་ན། བསྟན་འཛིན། འདུལ་འཛིན། ཐོས་འཛིན། ཤེས་སྒྲིབ་སོགས་ཡིན་ཞིང་། བསྟན་དང་འདུལ་དང་འཛིན་སོགས་ནི་རང་ངོས་ནས་ལས་ཚིག་ཡིན་པ་ཤིན་ཏུ་གསལ། ཡིན་ཡང་བསྟན་དང་འཛིན་སོགས་སྔ་ཕྱིའི་ལས་ཚིག་གཉིས་ཀ་འདུས་ཏེ་མིང་དུ་གྲུབ་ཡོད་དེ། བསྟན་དང་འཛིན་འདུས་པའི་བསྟན་པ་འཛིན་པ་པ་པོ་སྟེ་བསྟན་འཛིན་སྐྱེས་བུ་སྟོན་པའི་མིང་དུ་གྲུབ་ཡོད་པ་དང་། རྗེས་མ་རྣམས་ཀྱང་དེ་བཞིན་དུ་རིགས་བསྒྲེས་ན་ཤེས་སླ་བ་ལྟར་རོ། ། འདིར་ཆེད་དམིགས་སྒོས་གསལ་བཤད་བགྱི་དགོས་པ་ཞིག་ནི། ལས་ཚིག་མཉམ་འདུས་སྒོས་མིང་དུ་གྲུབ་ཚུལ་འདིའི་ལས་ཚིག་གི་དུས་གསུམ་འཇུག་ཚུལ་ནི་མིང་གི་ཆ་ཤས་རྗེས་མར་གྱུར་བའི་ལས་ཚིག་འཛིན་དང་སྒྲིབ་སོགས་ཁོ་ནའི་སྟེང་ནས་འཇོག་པ་ལས་མིང་གི་ཆ་ཤས་སྔ་མར་གྱུར་བའི་ལས་ཚིག་བསྟན་དང་འདུལ་སོགས་ཀྱི་སྟེང་ནས་གཞག་ཏུ་མེད་དེ། དེ་ཡང་བསྟན་འཛིན་དང་འདུལ་འཛིན་སོགས་ཀྱི་མིང་གི་ཆ་ཤས་སྔ་མ་བསྟན་དང་འདུལ་སོགས་རྣམ་པ་ལས་ཚིག་ཏུ་གནས་ཀྱང་དོན་ནི་བསྟན་པ་དང་འདུལ་བ་སོགས་ཀྱི་ཚིག་བསྡུས་ཙམ་དུ་སོང་ཡོད་པ་མ་ཟད། མིང་ཧྲིལ་གྱིས་པའི་ངོས་ན་བལྟས་ནའང་བྱེད་དངོས་གཙོ་བོར་སྟོན་བྱེད་ཀྱི་ནུས་པ་དེ་མིང་གི་ཤ་ཆས་རྗེས་མའི་སྟེང་ན་ཡོད་པའི་གནད་ཀྱང་ཞོར་དུ་རྟོགས་པར་ཞུའོ། །  
གསུམ། ལས་ཚིག་ལས་ཀྱི་དངོས་པོ་གཙོར་སྟོན་གྱི་མིང①དུ་གྲུབ་པའི་སྐབས་ཀྱི་དུས་འཇུག་ཚུལ།
     ལས་ཀྱི་དངོས་པོ་གཙོར་སྟོན་གྱི་མིང་ཞེས་པའང་གོང་དང་མཚུངས་པར་ལས་ཚིག་གི་བྱ་བྱེད་ལས་གསུམ་ལས་ལས་ཀྱི་ཆ་སྟེ་ལས་ཀྱི་དངོས་པོ་གཙོར་སྟོན་པའི་མིང་ཞིག་ལ་བྱ་སྟེ། དཔེར་ན་སློབ་མས་སྦྱང་ཚན་སྦྱངས་ཞེས་པ་ལྟ་བུར་མཚོན། སྦྱང་ཚན་ཞེས་པ་ནི་སློབ་མའི་སྦྱང་བྱ་སྟེ་ལས་ཀྱི་དངོས་བོར་གྱུར་ཡོད་པ་དང་། ཡང་སྦྱང་ཚན་ཞེས་པའི་མིང་རང་སྟེང་ནས་བལྟས་ནའང་སྦྱང་ཚན་ཞེས་པའི་བསྟན་དོན་ནི་སྦྱང་ཞེས་པའི་བྱ་བ་འདིའི་བྱ་རྒྱུའི་ལས་ཀྱི་དངོས་བོར་གྱུར་ཡོད་པ་ལྟ་བུའོ། མིང་དུ་གྲུབ་ཚུལ་འདིའི་རིགས་ཀྱི་དུས་གསུམ་འཇུག་ཚུལ་ནི་བྱ་ཚིག་མ་འོངས་པ་ཁོ་ན་འཇུག་པ་ཡིན་ཏེ། དེ་ཡང“བྱེད་པ་ལ་ད་ལྟ་བ་དང་། ལས་ལ་མ་འོངས་པ②”ཞེས་པ་བཞིན་དུ། དུས་གསུམ་ལས་མ་འོངས་པ་ནི་བྱ་ཡུལ་དང་ལས་ཀྱི་དངོས་པོར་གཞོལ་ཆེ་བས། ལས་ཀྱི་ཆར་གཏོགས་པའི་ཆོས་དངོས་ཀྱི་མིང་དུ་གྲུབ་པར་ཡང་བྱ་ཚིག་མ་འོངས་པ་འཇུག་པ་ལས་འོས་མེད་དེ། ལས་ཀྱི་དངོས་པོ་ཡིན་ན་གང་ཞིག་བསྒྲུབ་པར་བྱ་བའི་ཆོས་ཡིན་པས། གང་བསྒྲུབ་པར་བྱ་བ་དེ་བསྒྲུབ་བྱ་ཞེས་འབྲི་བ་ལས་སྒྲུབ་བ་དང་བསྒྲུབས་བྱ་ཞེས་མི་འབྲི་བ་དང་། ཇ་ཆང་སོགས་བཏུང་བྱ་ལས་འཐུང་བྱ་དང་འཐུངས་བྱ་སོགས་སུ་བརྫོད་དུ་མེད་པས་ཤེས་སླ་ཤིང་། གཞན་ཡང་སི་ཏུའི་འགྲེལ་ཆེན་ལས། "བྱ་བའི་ཡུལ་གཞན་གྱི་དངོས་པོའི་སྒྲ་ནི། བསྒྲུབ་པར་བྱ་བ། བསྟན་པར་བྱ་བ། གཅད་པར་བྱ་བ། དབྱུང་བར་བྱ་བ། བསྒྲུབ་བྱ། བསྟན་བྱ། གཅད་བྱ། དབྱུང་བྱ། ②”ཞེས་བྱ་བའི་ཡུལ་ལམ་ལས་ཀྱི་དངོས་པོ་སྟོན་པའི་སྒྲ་ལ་བྱ་ཚིག་མ་འོངས་པ་ཁོ་ན་འབྱུང་བར་བསམ་པས་ཀྱང་ངེས་པ་ཪྙེད་སླའོ། ། མིང་དུ་གྲུབ་ཚུལ་འདིའི་རིགས་ལའང་བྱེ་བྲག་ཏུ་ཕྱེས་ན་ལས་ཚིག་དང་མིང་གི་ཆ་ཤས་གཞན་དག་འདུས་ནས་གྲུབ་པ་དང་ལས་ཚིག་མཉམ་འདུས་་སྒོས་གྲུབ་པ་གཉིས་ཡོད་དེ། དང་པོ་ནི་དཔེར་ན། བསླབ་པ་ཀུན་གྱི་གཞི་འཛིན་ཅིང་། ཞེས་པའི་བསླབ་པ་དང་། བཏུང་ཆུ་སོགས་བཏུང་བའི་རིགས་ལ་བཏུང་བར་འབོད་པ། གང་འཁྲབ་བྱའི་གཞུང་ལ་འཁྲབ་གཞུང་། གང་བསླབ་པར་བྱ་བའི་གཞི་ལ་བསླབ་གཞི། སྦྱང་བྱའི་ཚན་པ་ལ་སྦྱང་ཚན། བསླབ་པར་བྱ་བའི་གནས་ལ་བསླབ་གནས། བསླབ་བྱའི་ཚན་པ་ལ་བསླབ་ཚན། གཟུང་བར་བྱ་བའི་དོན་ལ་གཟུང་དོན། གཟུང་བྱའི་ཡུལ་ལ་གཟུང་ཡུལ་། བཅིབ་བྱའི་རྟ་བཅིབ་པ་ཞེས་འབོད་པ་ལྟ་བུ་ཡིན་ལ། ཡང་འགའ་ཤས་ཀྱིས་བསླབ་གཞི་ལ་སློབ་གཞི། སྦྱང་ཚན་ལ་སྦྱོང་ཚན། བསླབ་གནས་ལ་སློབ་གནས། གཟུང་ཡུལ་ལ་བཟུང་ཡུལ་སོགས་འབྲི་བ་ནི་ཧ་ཅང་འཁྲུལ་བའི་གནས་ཏེ། སློབ་གཞི་སོགས་ལྟར་ད་ལྟ་བའི་བྱེད་ཚིག་བྲིས་ན། གང་སློབ་བྱེད་ཀྱི་གཞི་ཡིན་ནམ་ཡང་ན་གང་སློབ་བཞིན་པའི་གཞི་ཞེས་དགྲོལ་རྒྱུ་ཡིན། དེ་ལྟར་བཀྲལ་ན་ནི་དོན་གོ་རྒྱུ་མེད་པར་འགྱུར་བར་ཐལ་ལོ། ། རྗེས་མ་རྣམས་ཀྱང་དེ་ལྟར་དཔྱད་ན་ཤེས་སླ་ཤིང་། མཐའ་མ་གཟུང་ཡུལ་ལ་བཟུང་ཡུལ་ཞེས་བྲིས་ན་ནི་བཟུང་ཟིན་པའི་ཡུལ་ཞེས་དགྲོལ་རྒྱུ་ཡིན་ནམ། དེ་ལྟར་ན་ནི་གཟུང་ཡུལ་ཞེས་པའི་བསྟན་དོན་དངོས་དང་འགལ་ཡོད་པས། བཟུང་ཡུལ་སོགས་ཀྱི་འབྲི་ཚུལ་ནི་ནོར་བ་ཡིན་པ་ཤེས་པར་ཞུའོ། གཉིས་པ་ལས་ཚིག་མཉམ་འདུས་སྒོས་གྲུབ་པ་ནི་དཔེར་ན།“ཟ་རྒྱུ་འཐུང་རྒྱུ་ལ་བཟའ་བཏུང་། ”①“བལྟ་རྒྱུ་བོ་ལ་བལྟ་བྱ། ”②དེ་བཞིན་དུ་བསླབ་བྱ། བསྟན་བྱ། གཞལ་བྱ། འཁྲིད་བྱ། བཤད་བྱ་སོགས་ལྟ་བུ་ཡིན་ལ། འདི་དག་ནི་ལས་ཚིག་ལས་ཀྱི་དངོས་པོ་གཙོར་སྟོན་གྱི་མིང་དུ་གྲུབ་པ་ནི་གོ་སླ་བས་འགྲེལ་བཤད་ཀྱི་དགོས་པ་མ་མཆིས་ཤིང་། སོར་ཞོགས་བྱེད་འབྲེལ་ལས་ཚིག་ཅིག་ཡིན་ཕྱིན། ལས་ཚིག་གང་དེའི་མ་འོངས་བྱ་ཚིག་གི་རྗེས་སུ་བྱ་ཞེས་པའི་ལས་ཚིག་ཅིག་སྦྱར་ན་ལས་ཚིག་གང་དེའི་བསྟན་བྱའི་བྱ་བའི་གཞིར་གྱུར་བའི་ལས་ཀྱི་དངོས་པོ་སྟོན་པའི་མིང་དུ་གྲུབ་ཐུབ་པའི་གནད་ཀྱང་ཞོར་དུ་ཞུའོ། །     
བཞི། ལས་ཚིག་བྱས་འབྲས་གཙོར་སྟོན་གྱི་མིང་དུ་གྲུབ་པའི་སྐབས་ཀྱི་དུས་གསུམ་འཇུག་ཚུལ།
     བྱས་འབྲས་གཙོར་སྟོན་གྱི་མིང་ཞེས་པ་ནི། ལས་ཚིག་གིས་གྲུབ་པའི་མིང་དེའི་བསྟན་དོན་ནི་མིང་དུ་གྲུབ་བྱེད་ཀྱི་ལས་ཚིག་གང་དེའི་བསྟན་བའི་བྱ་བའི་འབྲས་བུར་གྱུར་ཡོད་པ་ཞིག་ལ་ཟེར་བ་ཡིན་ཏེ། དེ་ཡང་དཔེར་ན་བརྩམས་ཆོས་ལྟ་བུར་མཚོན་ན། བརྩམས་ཆོས་ཞེས་པའི་བསྟན་དོན་ནི་བརྩམས་ཞེས་པའི་བྱ་བའི་འབྲས་བུ་ཡིན་ཏེ། རྩོམ་པ་པོ་གང་ཞིག་གིས་རྩོམ་པའི་བགྱི་བ་ཧུར་བླངས་པའི་འབྲས་བུར་བརྩམས་ཆོས་གང་དེ་གྲུབ་པ་ཡིན་པ་ལྟ་བུའོ། ། མིང་དུ་གྲུབ་ཚུལ་འདིའི་རིགས་ཀྱི་དུས་གསུམ་འཇུག་ཚུལ་ནི་བྱེད་འབྲེལ་ལས་ཚིག་འདས་པ་དང་བྱེད་མེད་ལས་ཚིག་ད་ལྟ་བ་འཇུག་པ་ཡིན་ཏེ། བསྐྱེད་བའི་འབྲས་བུ་གང་ཞིག་འབྱུང་བར་སྐྱེད་བྱེད་ཀྱི་རྒྱུ་གང་ཞིག་སྔོན་ལ་འགྲོ་དགོས་པ་ལྟར། བྱས་འབྲས་གང་ཞིག་འབྱུང་བར་ཡང་བྱ་བ་ཞིག་སྔོན་དུ་འགྲོ་དགོས་ཤིང་། ལས་ཚིག་གི་དུས་གསུམ་གྱི་ངོས་ནས་བལྟས་ན། འདས་ཚིག་མ་གཏོགས་བྱ་ཚིག་མ་འོངས་པ་དང་བྱེད་ཚིག་ད་ལྟ་བ་གཉིས་ལ་བྱ་བ་གང་ཞིག་སྔོན་དུ་སོང་ཟིན་པ་སྟོན་པའི་ནུས་པ་མེད་པས། བྱས་འབྲས་གཙོར་སྟོན་གྱི་མིང་དུ་གྲུབ་པ་ལ་འདས་ཚིག་འཇུག་པ་ལས་འོས་མེད་ཅིང་། གཞན་ཡང་བོད་སྐད་ལས་ཚིག་གི་རྣམ་བཞག་ལྟར་ན། བྱེད་འབྲེལ་ལས་ཚིག་ཕལ་ཆེར་གྱི་ཁ་གཏད་དུ་བྱེད་མེད་ལས་ཚིག་རེ་ཡོད་ཅིང་། བྱེད་མེད་ལས་ཚིག་གང་དེའི་དུས་ད་ལྟ་བས་དེའི་ཁ་གཏད་དུ་ཡོད་པའི་བྱེད་འབྲེལ་ལས་ཚིག་གང་དེའི་བྱས་འབྲས་སྟོན་ཐུབ་པས། སྐབས་ལ་ལར་ལས་ཚིག་བྱས་འབྲས་གཙོར་སྟོན་གྱི་མིང་དུ་གྲུབ་དུས་བྱེད་མེད་ལས་ཚིག་གི་ད་ལྟ་བའང་འཇུག་སྟེ། དཔེར་ན། རྒྱལ་བའི་བཀའ་བོད་དུ་བསྒྱུར་བའི་འབྲས་བུར་བཀའ་འགྱུར་དང་ཡིག་གེ་གེ་མོར་བསྒྱུར་བའི་འབྲས་བུར་འགྱུར་ཡིག་ཟེར་བ་ལྟ་བུའོ། ། མིང་དུ་གྲུབ་ཚུལ་འདི་རིགས་ཀྱི་གྲུབ་ཆའི་ངོས་ནས་ཕྱེས་ན་ནང་གསེས་སུ་དབྱེ་ན་གཉིས་ཡོད་དེ། དང་པོ་ནི་ལས་ཚིག་དང་མིང་གི་ཆ་ཤས་གཞན་འདུས་ནས་བྱས་འབྲས་གཙོར་སྟོན་གྱི་མིང་དུ་གྲུབ་པ་སྟེ། དཔེར་ན། བསྟན་པ། བྲིས་མ། དཔར་མ། བཟོས་མ། བཅོས་མ། གནད་བསྡུས། བསྡུས་གྲྭ   ཟིན་བྲིས། བསགས་ནོར། བསྒྱུར་རྩོམ། སྔ་འགྱུར། བཀའ་འགྱུར། བསྟན་འགྱུར། ཁང་བརྩེགས། རྡུལ་བརྩེགས། ཞག་བྲིས། གསེར་བྲིས། ལྡེབས་བྲིས། གླུ་གཞས་ཆེད་བསྒྲིགས་ཞེས་པའི་ཆེད་བསྒྲིགས་དང་། གསུང་རྩོམ་གཅེས་བསྡུས་ཞེས་པའི་གཅེས་བསྡུས། དཔྱད་རྩོམ་ཕྱོགས་བསྒྲིགས་ཞེས་པའི་ཕྱོགས་བསྒྲིགས་སོགས་ལྟ་བུ་ཡིན་ལ། ཡང་ལ་ལས་གོང་དུ་སོང་ཟིན་པའི་བྱ་བའི་ངོ་བོ་གཙོར་སྟོན་གྱི་མིང་དུ་གྲུབ་པའི་ཕྱོགས་སྒྲིག་དང་ཕྱོགས་བསྒྲིགས་གཉིས་ཀྱི་དབྱེ་བ་མ་ངེས་པར་དཔྱད་རྩོམ་ཕྱོགས་སྒྲིག①ཞེས་དང་ག་གེ་མོས་ཕྱོགས་བསྒྲིགས་བྱས་སོགས་སུ་འབྲི་བཞིན་པ་ནི་ནོར་འཁྲུལ་ཁོ་ན་སྟེ། སྔ་མ་ཕྱོགས་སྒྲིག་ཞེས་ན་ནི་བྱ་བའི་ངོ་བོ་གཙོར་སྟོན་གྱི་མིང་དུ་གྲུབ་པ་ཡིན་ལ། ཕྱི་མ་ཕྱོགས་བསྒྲིགས་ཞེས་ན་ནི་བྱས་འབྲས་གཙོར་སྟོན་གྱི་མིང་དུ་གྲུབ་པ་ཡིན་པས། སྔ་མས་ནི་གསུང་རྩོམ་སོགས་ཐོར་བུར་གནས་པ་ཕྱོགས་གཅིག་ཏུ་སྒྲིག་པའི་བྱ་བའམ་ལས་ཀའི་དོན་སྟོན་ཞིང་། ཕྱི་མས་ནི་ཐོར་བུ་གནས་པ་དག་ཕྱོགས་གཅིག་ཏུ་བསྒྲིགས་ཟིན་པའི་འབྲས་བུར་གྱུར་བའི་ཆོས་གང་ཞིག་སྟོན་པ་ཡིན་ན། དེ་གཉིས་ཀའི་བསྟན་དོན་གྱི་ཁྱད་ནི་ཤིན་ཏུ་ཆེ་བས། ཕན་ཚུན་ནོར་འཛོལ་མི་འབྱུང་རྒྱུ་ནི་ཤིན་ཏུ་གལ་ཆེའོ། ། གཉིས་པ་ནི། ལས་ཚིག་མཉམ་འདུས་སྒོས་གྲུབ་པ་སྟེ། དཔེར་ན། སངས་རྒྱས། བསྟན་བཅོས། བཅད་ཤེས་སོགས་དང་། གྲགས་རྩོམ་བདམས་བསྒྱུར་ཞེས་པའི་བདམས་བསྒྱུར། རྒྱུ་ཆ་བདམས་བསྒྲིགས་ཞེས་པའི་བདམས་བསྒྲིགས། བརྩམས་ཆོས་བདམས་བཀོད་ཅེས་པའི་བདམས་བཀོད་ཅེས་པ་ལྟ་བུ་སོགས་སོ། །   
ལྔ། ལས་ཚིག་བྱེད་པའི་ཐབས་ཚུལ①གཙོར་སྟོན་གྱི་མིང་དུ་གྲུབ་པའི་སྐབས་ཀྱི་དུས་གསུམ་འཇུག་ཚུལ།
     བྱེད་པའི་ཐབས་ཚུལ་གཙོར་སྟོན་པའི་མིང་དུ་གྲུབ་པ་ཞེས་པ་ནི། ལས་ཚིག་གང་ཞིག་མིང་དུ་གྲུབ་རྗེས་ཀྱི་མིང་དེའི་བསྟན་དོན་ནི་ལས་ཚིག་གང་དེའི་བསྟན་བའི་བྱ་བ་དེ་ཇི་ལྟར་སྒྲུབ་པའི་ཐབས་དང་ཚུལ་ཙམ་གྱི་དོན་དུ་གྲུབ་པ་ཞིག་ལ་བྱ་སྟེ། དེ་ཡང་དཔེར་ན། འཆད་ཐབས་ཞེས་པ་ལྟ་བུར་མཚོན་ན། འཆད་ཐབས་ཞེས་པའི་བསྟན་དོན་ནི་ཇི་ལྟར་འཆད་པའི་ཐབས་སྟེ་འཆད་ཞེས་པའི་བྱ་བ་གང་དེ་ཇི་ལྟར་སྒྲུབ་པའི་ཐབས་ཀྱི་དོན་ཙམ་སྟོན་པའི་མིང་དུ་གྲུབ་པ་ལྟར་རོ།། ལས་ཚིག་མིང་འདིའི་རིགས་སུ་གྲུབ་པའི་སྐབས་སུ་དུས་གསུམ་ལས་ད་ལྟ་བ་ཁོ་ན་འཇུག་པ་ཡིན་ཏེ། བྱེད་པའི་ཐབས་ཚུལ་གཙོར་སྟོན་གྱི་མིང་ཡིན་ན་བྱེད་པ་པོ་དང་བྱ་ཡུལ་ལམ་ལས་ཀྱི་དངོས་པོ་གཉིས་ལས་བྱེད་པ་པོར་གཞོལ་ཆེ་བ་དང་། དངོས་པོ་བདག་བཞན་གཉིས་ལས་བདག་གི་ཆར་གཞོལ་ཆེ་ན། བྱེད་པའི་ཐབས་ཚུལ་གཙོར་སྟོན་གྱི་མིང་དུ་གྲུབ་པ་ལ་བྱེད་ཚིག་ད་ལྟ་བ་ཁོ་ན་འཇུག་པ་ལས་འོས་མེད་དེ། དུས་གསུམ་ལས་མ་འོངས་པ་ནི་བྱ་ཡུལ་ལམ་ལས་ཀྱི་དངོས་པོ་དང་དངོས་པོ་གཞན་གྱི་སྒྲ་ཡིན་པ་དང་། འདས་ཚིག་ནི་དུས་ཀྱི་ཆ་ནས་འདས་པ་ཙམ་སྟོན་པ་ལས་བདག་གཞན་དང་བྱ་ཡུལ་དང་བྱེད་པོ་སོགས་ཀྱི་སྒྲ་ལ་མི་འཇུག་ཅིང་། སྐུལ་ཚིག་ནི་གཞན་གང་རུང་བའི་ངོར་གང་ཞིག་བྱ་བར་སྐུལ་བ་ཙམ་སྟོན་པ་ལས་བྱ་བ་སོགས་ཀྱི་དོན་གང་ཡང་མེད་པའི་ཕྱིར། དེའང་གོང་བཀོད་དཔེར་བརྗོད་ཀྱི་སྟེང་ནས་དབྱེ་ཞིབ་བྱས་ན་ལྷག་ཏུ་གསལ་བར་འོངས་ཏེ། འཆད་ཐབས་ལྟ་བུར་མཚོན་ན། འཆད་ཐབས་ནི་བཤད་བྱ་གང་ཇི་ལྟར་འཆད་པའི་ཐབས་ཀྱི་དོན་ཡིན་པས། འཆད་ཐབས་ཞེས་ད་ལྟ་བ་ལས་གཞན་འཇུག་ཏུ་མེད་དེ། གལ་ཏེ་མ་འོངས་པ་སྦྱར་ནས་བཤད་ཐབས་ཞེས་བརྗོད་ན་ནི་མ་དག་པའི་སྐྱོན་ཡོད་དེ། བཤད་ཐབས་ཞེས་ན་དེ་ནི་བཤད་བྱའི་ཐབས་ཡིན་ནམ་ཡང་ན་བཤད་ཟིན་པའི་ཐབས་སུ་དགྲོལ་དགོས། དེ་གཉིས་གང་དུ་བཀྲལ་ཡང་དོན་གྱིས་དབེན་པར་འགྱུར་ན། འཆད་ཐབས་སྟེ་འཆད་པ་པོ་གང་ཞིག་གིས་བཤད་བྱ་གང་ཞིག་ཇི་ལྟར་འཆད་པའི་ཐབས་ཡིན་པས་ན་འཆད་ཐབས་ཞེས་བྲིས་ན་དོན་ལ་འབྱོར་ཞིང་དག་ཆ་ཐོན་པར་འགྱུར་རོ། ། བོད་སྐད་ཀྱི་བྱེད་འབྲེལ་ལས་ཚིག་ཕལ་ཆེར་གྱི་རྗེས་སུ་ཐབས་དང་ཚུལ་སོགས་ཀྱི་མིང་གི་ཆ་ཤས་སྦྱར་ན་བྱེད་པའི་ཐབས་ཚུལ་སྟོན་པའི་མིང་གི་རིགས་སུ་འགྱུར་ཐུབ་སྟེ། དཔེར་ན། ཀློག་ཐབས། འཛིན་སྟངས། ཀློག་སྟངས། འབྲི་སྟངས། རྩོམ་སྟངས། འཆད་ཐབས། སྦྱོར་ཚུལ། སྦྱོར་སྟངས། འཁྲིད་ཐབས། འཁྲིད་སྟངས་། སློབ་ཚུལ། འབྲི་ཚུལ་སོགས་ཀྱིས་མཚོན་ཞིང་། ཡང་འགའ་ཤས་ཀྱིས་ཀློག་ཐབས་ལ་བཀླག་ཐབས་ཞེས་འབྲི་བ་གང་སར་མཐོང་ཡང་དེ་ཡང་དག་ཆ་མ་ཐོན་པའི་སྐྱོན་ཡོད་པར་འདོད་དེ། གོང་དང་མཚུངས་པར་བཀླག་ཐབས་ཞེས་ན་ནི་བཀླག་བའི་ཐབས་ཞེས་དགྲོལ་རྒྱུ་ཡིན་ནམ། དེ་ལྟར་བཀྲལ་ན་ནི་གོ་རྒྱུ་མེད་པར་འགྱུར་ཏེ། ཐབས་ནི་ཇི་ལྟར་ཀློག་པའི་ཐབས་ཡིན་པ་ལས་བཀླག་བྱ་མ་ཡིན་པའི་ཕྱིར་རོ། ཡང་ལ་ལས་སྣར་ཐང་ལོ་ཙཱ་བ་སོགས་ཀྱིས་ཀྱང་སྔགས་བཀླག་ཐབས་ཞེས་བཀོད་ཡོད་པས་ཟེར་ན། དེ་ཡང་མཐའ་གཅིག་ཏུ་མ་ངེས་ཏེ། ས་པཎ་སོགས་ཀྱིས་ཀློག་ཐབས་སུ་འབྲི་བའང་ཡོད་ན①། དེ་གཉིས་ལས་གང་ཞིག་བརྡ་སྤྲོད་པའི་ལུགས་དང་མཐུན་པ་ནི་རང་བློས་དཔྱད་ན་རྟོགས་པར་འགྱུར་རོ།།
སྡོམ་བྱང་།
     མཐར་གོང་བཀོད་མཐའ་དག་མདོར་དྲིལ་ན། བོད་སྐད་ལས་ཚིག་མིང་དུ་གྲུབ་སྐབས་བསྟན་དོན་གྱི་ཆ་ནས་ཕྱེས་ན། བྱ་བའི་ངོ་བོ་གཙོར་་སྟོན་གྱི་མིང་དུ་གྲུབ་པ་དང་། བྱེད་དངོས་གཙོར་སྟོན་གྱི་མིང་དུ་གྲུབ་པ། ལས་ཀྱི་དངོས་པོ་གཙོར་སྟོན་གྱི་མིང་དུ་གྲུབ་པ། བྱས་འབྲས་གཙོར་སྟོན་གྱི་མིང་དུ་གྲུབ་པ། བྱེད་པའི་ཐབས་ཚུལ་གཙོར་སྟོན་གྱི་མིང་དུ་གྲུབ་པ་ཞེས་རིགས་ལྔ་རུ་འདུ་ཞིང་། སོ་སོའི་སྐབས་ཀྱི་དུས་གསུམ་འཇུག་ཚུལ་ཡང་བརྗོད་བདེའམ་སྟབས་བདེ་ཙམ་གྱིས་ཞུགས་པ་མ་ཡིན་པར། མིང་གང་དེ་འགྲུབ་བྱེད་ཀྱི་ལས་ཚིག་གི་བདག་གཞན་དུས་གསུམ་དང་བྱ་བྱེད་ལས་གསུམ་གྱི་རྣམ་བཞག་གི་རྗེས་སུ་འགྲོ་ལྡོག་བྱེད་པས་ན། ལས་ཚིག་གང་ཞིག་མིང་དུ་གྲུབ་དུས་མིང་དེའི་བསྟན་དོན་དང་མིང་དེ་འགྲུབ་བྱེད་ཀྱི་ལས་ཚིག་གི་བདག་གཞན་དུས་གསུམ་དང་བྱ་བྱེད་ལས་གསུམ་བར་གྱི་འབྲེལ་བར་ལེགས་པར་བརྟགས་ཏེ། གང་ལ་གང་འཚམས་ཀྱིས་བྲི་རྒྱུ་ཤིན་ཏུ་གལ་ཆེ་ཞིང་། གཞན་ཡང་བསྟོད་བསྔགས་དང་འཕྲོག་བཅོམ་སོགས་རྒྱུན་འབྱམས་སུ་སོང་ཤིང་གཏན་ཆགས་སུ་གྲུབ་ཚར་བ་རྣམས་ནི་དཔྱད་པའི་དགོས་པ་མ་མཆིས་པས་རེ་ཞིག་བཏང་སྙོམས་སུ་བསྐྱུར་ཞིང་། བཀག་འགོག་དང་དར་སྤེལ་སོགས་ནི་བོད་ཀྱི་མིང་གི་སྦྱོར་ཚུལ་དང་མཐུན་མིན་ད་དུང་དཔྱད་རྒྱུར་ལྷག་ན་རེ་ཞིག་འབྲི་མ་སྤོབས་པས་ཟུར་དུ་བཞག་པ་ཡིན་ཞེས་པའི་གསལ་བཤད་ཀྱང་ཞོར་དུ་ཞུ་རྒྱུའོ། ། 
     རྩོམ་པ་པོ་ངོ་སྤྲོད། དཔལ་ཆེན་སྐྱབས། ཕ་ཡུལ། མཚོ་སྔོན་རེབ་གོང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི2014ལོའི་ཤེས་རམས་པ། 
     མཛུབ་སྟོན་དགེ་རྒན། བཀའ་མགོན། 
 ①དོར་ཞི་གདོང་དྲུག་སྙེམས་བློ། བརྡ་སྤྲོད་དོན་འགྲེལ་ཟབ་གནད་ཀུན་གསལ།  [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1999ལོའི་ཟླ7པར་པར་གཞི་གཉིས་པ་བསྒྲིགས། 1999ལོའི་ཟླ7པར་ཐེངས་དང་པོ་དཔར། ཤོག་གྲངས97
①མཁྱེན་རབ་འོད་གསལ།  མཁྱེན་རབ་འོད་གསལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས།  [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན། 2003ལོའི་ཟླ2པར་པར་གཞི་དང་པོ་བསྒྲིགས།  2003ལོའི་ཟླ2པར་དཔར་ཐེངས་པོ་བརྒྱབ། ཤོག་གྲངས262
②བོད་ཀྱི་གཏམ་དཔེ་ཕྱོགས་བསྒྲིགས་ཞེས་པའི་མདུན་ཤོག་ཏུ་ཧོར་ཁང་བསོད་ནམས་དཔལ་འབར་སོགས་ཀྱིས་ཕྱོགས་བསྡུས་བྱས་ཞེས་བཀོད་ཡོད་པ་ལྟ་བུའོ། །
①ཀརྨ་སི་ཏུ་ནས་བརྩམས།  སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཇེས།  [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2003ལོའི་ཟླ2པར་པར་གཞི་གཉིས་པ་བསྒྲིགས། 2004ལོའི་ཟླ9བར་དཔར་ཐེངས་བཞི་བ་དཔར། ཤོག་གྲངས157
①ལས་ཀྱི་དངོས་པོ་གཙོར་སྟོན་གྱི་མིང་ཞེས་པ་ནི་དཔའ་རིས་སངས་རྒྱས་ལགས་ཀྱིས་ལས་ཚིག་མིང་འདིའི་རིགས་སུ་གྲུབ་པར་ལས་ཀྱི་དངོས་པོར་འཇུག་པ་ཞེས་བཀོད་འདུག་པས་འདིར་ཡང་དེ་ལྟར་དུ་བཀོད་པ་ཡིན་ནོ། །
②དཔའ་རིས་སངས་རྒྱས་ཀྱིས་བརྩམས།  དག་ཡིག་རིག་པའི་གབ་པ་མངོན་ཕྱུང་།  [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1999ལོའི་ཟླ12པར་པར་གཞི་དང་པོ་བསྒྲིགས།  1999ལོའི་ཟླ12པར་དཔར་ཐེངས་དང་པོ་དཔར། ཤོག་གྲངས5
③ཀརྨ་སི་ཏུ་ནས་བརྩམས།  སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས།  [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2003ལོའི་ཟླ2པར་པར་གཞི་གཉིས་པ་བསྒྲིགས། 2005ལོའི་ཟླ9བར་དཔར་ཐེངས་བཞི་བ་དཔར། ཤོག་གྲངས157
①དཔའ་རིས་སངས་རྒྱས་ཀྱིས་བརྩམས། བརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལ།  [M] མི་རིགས་དཔེ་སྐྲུན་ཁང་། 2008ལོའི་ཟླ9པའི་པར་གཞི་ཐེངས་པོ་བསྒྲིགས། 2008ལོའི་ཟླ9པར་ཐེངས་དང་པོ་དཔར། ཤོག་གྲངས152
②དཔའ་རིས་སངས་རྒྱས། བརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལ།  [M] མི་རིགས་དཔེ་སྐྲུན་ཁང་། 2008ལོའི་ཟླ9པའི་པར་གཞི་ཐེངས་པོ་བསྒྲིགས། 2008ལོའི་ཟླ9པར་ཐེངས་དང་པོ་དཔར། ཤོག་གྲངས152
①དཔེར་ན།  མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་པའི་བོད་ལྗོངས་སློབ་ཆེན་གྱི211ལས་གཞིའི་སྐབས་གསུམ་པའི་འཛུགས་སྐྲུན་གྲུབ་འབྲས་ཀྱི་དེབ་ཀྱི་ཞལ་བྱང་དུ། དགའ་བ་པ་སངས་ཀྱི་གཤིབ་བསྡུར་དཔྱད་རྩོམ་ཕྱོགས་སྒྲིག་ཅེས་དང་། རྡོ་གོན་གསང་བདག་རྡོ་རྗེའི་དཔྱད་རྩོམ་ཕྱོགས་སྒྲིག་ཅེས་བཀོད་ཡོད་པ་ལྟ་བུའོ། །
①བྱེད་པའི་ཐབས་ཚུལ་ཞེས་པའི་བརྡ་ཆད་འདི་ནི་དོར་ཞི་གདོང་དྲུག་སྙེམས་བློའི་བརྡ་སྤྲོད་དོན་འགྲེལ་ཟབ་གནད་ཀུན་གསལ་ཞེས་པའི་དེབ་དུ་སྤྱད་ཡོད་པ་འདིར་བཀོལ་བ་ཡིན་ནོ །
①ས་པཎ་ཀྱི་སྔགས་ཀློག་ཐབས་ཀྱི་ཞལ་བྱང་དུ་སྔགས་ཀྱི་ཀློག་ཐབས་འབྲས་བུ་འབྱུང་བའི་མེ་ཏོག་ཞེས་བཀོད་ཡོད་པ་ལྟ་བུའོ། །

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...