སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཞིབ་འཇུག་པའི་མིང་གིས་འབོད་པའི་དུས་དེ་ཙ་ནས།
རྩོམ་པ་པོ། ལྕགས་ཐར་རྒྱལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-6-13 9:57:00 རྩོམ་ཁུངས། བོད་ཀྱི་སློབ་གསོ། ཀློག་གྲངས།
ཞིབ་འཇུག་པའི་མིང་གིས་འབོད་པའི་དུས་དེ་ཙ་ནས།
ལྕགས་ཐར་རྒྱལ།
གནད་བཏུས། རྩོམ་ཡིག་འདིའི་ནང་དུ་ཞིབ་འཇུག་པའི་མིང་དོན་དང་སྦྲེལ་ཏེ། ཞིབ་འཇུག་པ་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་དང་། སྤྱི་ཚོགས་ཀྱི་འགན་འཁྲི། བསྒྲུབ་འོས་པའི་བྱ་བ་གནད་བསྡུས་ཀྱི་སྒོ་ནས་བརྗོད་ཡོད་དོ། །
གནད་ཚིག ཞིབ་འཇུག་པ། ཆ་རྐྱེན། འགན་འཁྲི།
     ཞིབ་འཇུག་པ་ཞེས་པ་ནི་རིག་གཞུང་གི་ལམ་ལ་འཇུག་པའི་ལས་ཀ་བྱེད་མཁན་གྱི་མི་དག་ལ་ཆེད་བཏགས་ཀྱི་མིང་ཞིག་ཏུ་སྣང་ཞིང་། དེ་ཡང་མི་སུ་དང་གང་ཞིག་ལ་གང་འདོད་ལྟར་གདགས་སུ་རུང་བ་ཞིག་མ་ཡིན་པར། རིག་གནས་ཀྱི་རྨང་གཞི་བརྟན་པོ་ལྡན་ཞིང་རང་ཚུགས་ཀྱིས་རིག་པའི་གནས་སྤྱི་དང་བྱེ་བྲག་གང་རུང་ལ་རིགས་པ་གནད་དུ་ཁེལ་བའི་དཔྱད་པ་གཏོང་བའི་ནུས་པ་ལྡན་པའམ། དེ་ལྟའི་ནུས་པ་བསྐྱེད་དུ་རུང་བའི་རིག་གནས་ཀྱི་ཡོན་ཏན་ཅུང་བཟང་པོ་མངའ་བའི་ཤེས་ལྡན་པ་མཐོ་གྲས་དག་ལ་གདགས་བྱའི་མིང་ཞིག་ཏུ་འཁུམས་ཤིང་། ལྷག་པར་ཞིབ་འཇུག་པའི་མིང་གིས་འབོད་པའི་དུས་དེ་ནི་མི་དེ་ཉིད་ལ་ཆེད་ལས་གཏན་དུ་འཁེལ་བ་དང་ཞིབ་འཇུག་གི་ཁ་ཕྱོགས་གསལ་པོ་ཡོད་པའམ། ཁ་ཕྱོགས་གསལ་པོ་ཞིག་འཛུགས་མགོ་རྩོམ་པའི་དུས་ཡིན་པས། དེང་རབས་སུ་ནུབ་ཕྱོགས་པའི་རྒྱལ་ཁབ་དག་གི་སྤྱི་ལུགས་ལ་དངོས་གཞིའི་སློབ་གྲྭ་ཆེན་མོ་འགྲིམ་པའི་སྐབས་ནི་ཕྱོགས་ཡོངས་ཀྱི་རིག་པའི་རྨང་གཞི་འདིང་བ་དང་། སློབ་མ་དག་གི་དགའ་ཕྱོགས་སྐྱེད་སྲིང་བྱེད་པའི་དུས་སུ་བྱེད་ཅིང་། སློབ་གྲྭ་ཆེན་མོའི་སྦྱང་བྱ་མཐར་ཐོན་ཏེ་ཞིབ་འཇུག་སློབ་མར་གྱུར་པ་ནས་ད་གཟོད་ཆེད་ལས་ཀྱི་ཁ་ཕྱོགས་གཏན་ཁེལ་ཡོད་པའི་གྲས་སུ་ཚུད་པར་བྱེད་པས། ཞིབ་འཇུག་པ་ཞེས་པའི་ཐ་སྙད་འདི་ལ་སྟ་གོན་དང་། དངོས་གཞིའི་རིམ་པ་གཉིས་སུ་དབྱེར་རུང་བ་ལས། ཤེས་རམས་པའི་ཞིབ་འཇུག་སློབ་མ་ནི་སྟ་གོན་གྱི་རིམ་པ་དམའ་གྲས་དང་། འབུམ་རམས་པའི་ཞིབ་འཇུག་སློབ་མ་ནི་སྟ་གོན་གྱི་རིམ་པ་མཐོ་གྲས་སུ་བྱར་ཆོག་ཅིང་། ཞིབ་འཇུག་སློབ་མ་མཐར་ཐོན་ཏེ་ཞིབ་འཇུག་གི་འབྲས་བུ་ཡི་གེའི་ལམ་ནས་སྤེལ་ཞིང་དེ་ལ་ཚད་གཞི་ལོངས་པའི་ངོས་ལེན་ཐོབ་པ་ནས་ཞིབ་འཇུག་པ་དངོས་གཞིའི་གྲས་སུ་ཞུགས་པ་ཡིན་པས། དེ་ལའང་ཞིབ་འཇུག་གི་ཉམས་མྱོང་དང་། དཔྱད་འབྲས། འཇོན་ནུས་སོགས་ཀྱི་ཆ་ནས་ཞིབ་འཇུག་ལག་རོགས་པ་དང། ཞིབ་འཇུག་པ་གཞོན་པ། ཞིབ་འཇུག་པ་ཆེན་མོ་སོགས་སུ་དབྱེ་རུ་ཡོད་པ་ད་ལྟར་ལས་གནས་ཐོབ་ཐང་གིས་མཚོན་པར་བྱེད་པ་དེ་བཞིན་རེད་ལ། ཞིབ་འཇུག་སློབ་མ་མཐར་ཐོན་མ་ཐག་ཏུ་དགེ་རྒན་ཆེན་མོ་དང་། ཞིབ་འཇུག་པའི་ལས་ཐོབ་སྤྲོད་ཀྱིན་མེད་པའང་ད་དུང་སྤྱི་ཚོགས་དང་རིག་གཞུང་གི་ཉམས་མྱོང་མང་པོ་གསག་དགོས་པའི་གནད་དང་འབྲེལ་བ་དང་། དེ་ལས་གཞན་དུ་ན་ཞིབ་འཇུག་སློབ་མའི་རིམ་པ་མ་བརྒྱུད་ཀྱང། རིག་གནས་ཀྱི་རྨང་གཞི་བརྟན་པོ་ཡོད་པ་གཞིར་བྱས་ཏེ། ལོ་མང་པོའི་དཀའ་སྡུག་རུས་པར་གཏུགས་པའི་བརྩོན་པའི་རྒྱུན་བསྲིངས་ཤིང་། ཞིབ་འཇུག་ལ་དགོས་ངེས་ཀྱི་ཤེས་བྱ་དག་ལ་ངེས་པ་བརྟན་པོ་ཐོབ་སྟེ། གང་ལ་དཔྱད་པའི་གནས་དག་ལ་རིགས་པ་ཞིབ་མོས་འཚོལ་ཞིབ་ཡང་ཡང་བྱས་པ་ལས། རང་སྟོབས་ཀྱིས་རིགས་པའི་དཔྱད་འབྲས་ཡི་གེར་སྤེལ་པའི་ནུས་པ་ལྡན་ཞིང་། དཔྱད་འབྲས་ཡི་གེར་བསྐྲུན་པའི་སྐུ་ཡོན་རྒྱས་པ་ནི་ཞིབ་འཇུག་པའི་གྲས་ཀྱི་སྐུ་ངལ་ཆེན་པོ་བསྟེན་པའི་རིགས་ཡིན་པས། ཞིབ་འཇུག་སློབ་མའི་རིམ་པ་འགྲིམ་པ་ནི་ཞིབ་འཇུག་པའི་མྱུར་ལམ་དང་། རིམ་པ་དེ་མ་འགྲིམ་ཡང་རང་སྟོབས་ཀྱིས་རིག་པ་འཚོལ་ཞིབ་ཀྱི་ལས་ཀར་ཞུགས་ཤིང་། རང་ཚུགས་ཀྱིས་ཡིག་ཆ་དང་གནད་དོན་མང་པོར་ཁ་ལོ་སྒྱུར་བའི་རང་སངས་རྒྱས་ལྟ་བུའི་ཞིབ་འཇུག་པ་ནི། རིག་པ་འཚོལ་སྙེག་གི་བཤུལ་ལམ་རིང་མོ་བརྒྱུད་པའི་ཞིབ་འཇུག་དལ་ལམ་པ་ཡིན་པས། ཕྱི་མ་འདི་རིགས་ཀྱི་དཔྱད་འབྲས་ཀྱང་སྐབས་མང་པོ་རུ་ཞིབ་འཇུག་མྱུར་ལམ་པ་དག་ལས་འབུར་དུ་ཐོན་འདུག་པས། ཞིབ་འཇུག་པ་དག་ལ་རིག་གནས་ཀྱི་རྨང་གཞི་བརྟན་པོ་དང་། དེ་བས་ཀྱང་རིག་པ་འཚོལ་ཞིབ་ཀྱི་མྱོང་བ་ཟབ་མོ་ཡོད་དགོས་པས། རིག་གནས་ཀྱི་ལས་ཀ་བྱེད་མཁན་ཐམས་ཅད་ཞིབ་འཇུག་པ་མ་ཡིན་ལ། ཡི་གེ་འབྲི་ཀློག་ཤེས་པ་ཙམ་གྱིས་ཞིབ་འཇུག་པ་ཞིག་ཏུ་འགྱུར་བ་དེ་བས་ཀྱང་མ་ཡིན་ནོ། །
     དེ་ཡང་ཇི་སྐད་དུ་འཇམ་དབྱངས་ས་སྐྱ་པཎ་ཆེན་མཆོག་གི་ཞལ་ནས། སྔོན་ཆད་གཞན་གྱི་ཡིད་ལ་མ་ཤར་བ། ། འདི་འདྲ་གང་གིས་ཤེས་དེ་བློ་གྲོས་ལྡན། ། རྒན་པོ་རྣམས་ཀྱིས་ཡང་ཡང་རྣམ་དཔྱད་པའི། ། དོན་དེ་རྟོགས་ཀྱང་དེ་ལ་ངོ་མཚར་མེད། །② ཅེས་གསུངས་པ་ལྟར། ཞིབ་འཇུག་ཅེེས་པ་ནི་དེ་སྔར་མི་སུས་ཀྱང་མ་བཏོན་པའི་གནད་དོན་གསར་པ་ཞིག་རིགས་པས་འཚོལ་བའམ། དེ་སྔར་མི་གཞན་གྱིས་བཏོན་ཟིན་པའི་གནད་དོན་གང་ཞིག་ལ་རིགས་ལམ་གསར་པས་བསྐྱར་དུ་དཔྱད་པ་གཏིང་ཁེལ་པ་བགྱིས་ཏེ། མ་དག་པ་རིགས་པས་སེལ་ཞིང་དག་པ་ཕྱོགས་སུ་སྡོམ་པ་གང་ལའང་གསར་དཔྱད་ཀྱི་ཆ་དག་ངེས་པར་དགོས་ལ། དེ་ལ་འཇུག་པའི་ཐབས་ནི་ཞིབ་ཚགས་ཆེ་བ་དང་། བསྟེན་པའི་རིགས་ལམ་ནི་ཡིད་རྟོན་རུང་བ། སྒྲུབ་བྱེད་ཀྱི་རིགས་པ་ནི་ཁུངས་དང་ལྡན་པ། དཔྱད་པའི་འབྲས་བུ་ནི་གནས་ལུགས་དང་མཐུན་པ་དང་བཅས་པར་བློ་གྲོས་ཞིབ་མོས་གང་ལ་དཔྱད་པའི་གནས་དེ་ལ་རང་གི་དགའ་ཞེན་དང་ལྟ་འཁྱེར། གཞན་ཤུགས་དང་ཕྱོགས་འཐེན་སོགས་ཀྱི་དབང་དུ་ཡང་མ་སོང་བར། བློ་གཟུ་བོ་དང་རིགས་ལམ་ཡང་དག་གིས་ཞིབ་ཏུ་འཇུག་པའི་རིགས་པ་འཚོལ་ཞིབ་ཀྱི་ལས་ཀ་ཞིག་ཡིན་པས། ཞིབ་འཇུག་ཅེས་པའི་དོན་ཡང་བློ་ཞིབ་མོས་འཇུག་པ་དང་། རིགས་པ་ཡང་དག་གིས་འཇུག་པ་དེ་ལས་མི་འདའ་བས། ཞིབ་འཇུག་བྱེད་པ་ནི་ཞིབ་ཚགས་ཆེ་ཞིང་འཇུག་ཡུལ་གསལ་བའི་རིག་གནས་ཀྱི་ལས་ཀ་ཁྱད་པར་བ་ཞིག་ཡིན་ན། ལས་ཀ་དེ་ལ་འཇུག་པའི་སློབ་མ་དང་ཞིབ་འཇུག་པ་གང་ཡིན་ཡང། གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་དུ། ཐོས་བསམ་ཕྱོགས་སུ་མ་སོང་ཞིང་། ། གཞུང་ལུགས་གདམས་པར་ཤར་བ་ཡིས། ། མཉན་འོས་རིགས་པའི་ལམ་སྨྲ་བ། །
     དེ་ཉིད་ལ་ནི་མཁས་པ་ཟེར།③ཞེས་པ་བཞིན་དུ། རིག་པ་དཔེ་ཀློག་ཙམ་དུ་མ་ལུས་ཤིང་། ། དཔྱད་པ་སྦམ་ལ་བཞག་པ་ཙམ་མིན་པར། ། གང་ཞིག་དཔྱད་བྱ་བྱེ་བྲག་པ་ཡི་དོན། ། རིགས་པས་བརྡར་ཤ་གཅོད་ལ་ཞིབ་འཇུག་ཟེར། ། དཔྱད་འབྲས་ཡི་གེར་འབེབས་པ་ལ། ། ཚིག་བདེ་དོན་གསལ་གཏན་ཚིགས་ལྡན། ། བསྒྲུབ་བྱར་སྒྲུབ་བྱེད་གནད་ཐིངས་པའི། ། སྔོན་མེད་དཔྱད་ཡིག་དཔྱད་རྩོམ་ཡིན། ། དེ་བས་ཞིབ་འཇུག་པའི་མིང་གིས་འབོད་པའི་མི་སུ་ཞིག་ཡིན་རུང་། རང་ཉིད་ཀྱིས་གང་ཞིག་དཔྱད་པའི་འབྲས་བུ་དེ་ཉིད་ཡི་གེར་འགོད་པ་ལ། ཡི་གེ་དེ་ལྡན་གྱི་སྐད་ཆའི་བརྡ་སྤྲོད་དང་། ཚིག་རྒྱན་གྱི་སྦྱོར་ལུགས། གཏན་ཚིགས་ཀྱི་སྦྱོར་འགོད། རིག་གནས་ཀྱི་འདུ་ཤེས། ལོ་རྒྱུས་ཀྱི་འཕེལ་འགྱུར་དང་བཅས་པའི་རིག་པའི་གཞུང་ལུགས་དག་ལ་སྦྱངས་པ་མཐིལ་ཕྱིན་པ་དང། དེང་རབས་ཀྱི་ཞིབ་འཇུག་ཐབས་ལམ་དང་། ཡིག་ཆ་འཚོལ་བཤེར། གནད་དོན་དབྱེ་ཞིབ། སྔར་འབྲས་རྒྱུས་ལོན། ཡུལ་དངོས་རྟོག་དཔྱོད་བཅས་ཀྱི་གཞུང་ལུགས་དང་ལག་ལེན་ལའང་འདྲིས་པ་ཟབ་མོ་རྙེད་པར་བྱས་ཏེ། གང་ལ་དཔྱད་པའི་གནས་དེར་ཇི་ལྟར་དཔྱད་པའི་རིགས་ལམ་འཚོལ་ཞིང་། དེ་ལ་དངོས་བརྒྱུད་ཅི་རིགས་སུ་མཁོ་བའི་ཡིག་ཆ་སྣ་ཚོགས་འཚོལ་ཞིང་ཀློག་པ་དང་། འབྲེལ་ཡོད་ཀྱི་མི་སྣ་མང་པོར་བཀའ་དྲི་བརྡར་ཤ་གཅོད་པ་དང་། ཇི་ལྟར་གྲངས་ཀས་མཚོན་དུ་རུང་བ་དེ་རིགས་ལ་རྩིས་གྲངས་ཞིབ་མོ་ལེན་བཞིན། རིགས་པའི་སྒྲུབ་བྱེད་ལ་ལུང་ཚིག་ཁུངས་ལྡན་འགོད་ཅིང་དཔེར་བརྗོད་ཡང་དག་བསྟེན་པར་བྱ་དགོས་ཕྱིར། ཞིབ་འཇུག་པ་ཞིག་བྱེད་པ་ལ་དཔེ་ཆ་ཀློག་པའི་གོམས་སྲོལ་ཡག་པོ་ཡོད་པ་ཙམ་གྱིས་མི་ཆོག་པར། དཔེ་ཆ་ལ་བརྟེན་ཏེ་དཔེ་ཆ་ལས་བརྒལ་བའི་དོན་ལ་བསམ་བློ་གཏོང་ཞིང་། རང་གི་བསམ་ཚུལ་རགས་པ་དེ་རིགས་རང་གིས་ཡང་ཡང་ཟློག་པའི་སྤོབས་པ་དང་། སྤོབས་པ་དེའི་ཆེད་དུ་དཀའ་བ་ཆེན་པོ་བསྐྱེད་པའི་བརྩོན་པ་དང་བཅས་པར། ཉིན་ལ་ཟླ་བརྩེག ཟླ་ལ་ལོ་གསག ལོ་ལ་ཚོད་མེད་པར་གདན་ཐོག་གཅིག་ཏུ་དཔེ་ཆའི་གཏེར་ཁ་སྔོག་པའི་བརྩོན་པ་བརྟན་པོ་དང་། གནས་གཅིག་ཏུ་གསེར་མ་འཐོན་པར་འདུན་པ་མི་ཟློག་པའི་དམིགས་པ་རྩེ་གཅིག་གིས་གང་ལ་དཔྱད་བྱའི་དོན་དེ་ལ་དཔྱད་པ་ཡང་ཡང་བགྱིས་ན། ནམ་ཞིག་གི་དུས་ལ་དཔྱད་འབྲས་ལེགས་པོ་ཞིག་ངེས་པར་འཐོན་པ་གདོན་མི་ཟ་བས། ཞིབ་འཇུག་པ་ནི་བརྩོན་པ་རུས་ལ་སྐྱེད་པའི་དཀའ་སྡུག་འདེགས་ཐུབ་པ་དང་། དཔེ་ཀློག་ལ་དགའ་ཞིང་བསམ་བློ་གཏོང་མཁས་པ་དང་། གཞན་གྱིས་མ་བཤད་ཅིང་ད་ཕན་མི་ཤེས་པའི་དོན་ལ་འཚོལ་ཞིབ་བྱེད་སྤྲོ་བའི་རིག་གནས་ཀྱི་ལས་ཀ་ཞིབ་ཚགས་ཆེ་བ་བྱེད་པའི་མི་དག་རེད་དོ། །
     དེ་བས། ཞིབ་འཇུག་གི་དཔྱད་རྩོམ་ཞེས་པ་ནི་ཞིབ་འཇུག་བྱས་པ་ལས་བྱུང་ཞིང་།④ཞིབ་འཇུག་ཅེས་པ་ནི་ངེས་པར་གཟབ་ནན་ཆེ་བའི་འཚོལ་ཞིབ་ཀྱི་གོ་རིམ་ཞིག་ལ་ཟེར་བས།⑤ཞིབ་འཇུག་སློབ་མ་ཞེས་པ་ནི། མ་འོངས་པར་ཞིབ་འཇུག་པའི་ལས་ཀར་ཞུགས་པ་ལ་དགོས་ངེས་ཀྱི་རིག་གཞུང་གི་རྨང་གཞི་བརྟན་པོར་འཆག་ཅིང་། དེ་སྔར་སྦྱངས་ཟིན་པའི་གཞུང་ལུགས་རྣམས་གཅིག་གྲོགས་གཅིག་གིས་ཇི་ལྟར་བྱེད་པའི་ཚུལ་ལ་བློ་སྦྱོང་བ་དང། སྔར་མི་ཤེས་པའི་ཞིབ་འཇུག་གི་ལས་ཀ་ཇི་ལྟར་བྱེད་པའི་ཐབས་ལམ་ཅི་དང་གང་ཡོད་པ་ལ་ངེས་པ་བསྐྱེད་པ་དང། མཇུག་མཐར་དེ་ལྟའི་སྦྱངས་འབྲས་ལ་དཔྱད་རྩོམ་ཅུང་ཟད་ལེགས་པོ་ཞིག་འཐོན་ཐབས་ལ་འབད་པའི་སློབ་པ་ལམ་ན་རྒྱུ་བའི་རིམ་པ་ཞིག་ཡིན་པས། ཞིབ་འཇུག་སློབ་མ་ཞིག་ཡིན་ན་རིགས་གཞུང་ཞིབ་འཇུག་གི་ཀུན་སྤྱོད་ཡག་པོ་དང་། དཔྱད་རྩོམ་འབྲི་ཚུལ་གྱི་དཔེ་སྲོལ་ཡག་པོ་དང་། སྤྱི་ཚོགས་ལ་ཕན་པའི་མི་གཞི་ཡག་པོ་དང་། དཔེ་ཀློག་ཞིབ་འཇུག་ལ་དགའ་བའི་རིག་གནས་པ་ཡག་པོ་ཞིག་འབྱུང་བ་ལ། རིག་གནས་དང་ཡོན་ཏན་ཅན་ལ་དགའ་བའི་གུས་སྦྱོར་གྱི་བརྩོན་པ་དང་། རང་གི་ཆེད་ལས་དང་དགའ་མོས་དེ་ལ་མི་ཚེ་གཏོང་བའི་རྟག་སྦྱོར་གྱི་བརྩོན་པ་ཡོད་དགོས་པར་མ་ཟད། དཔྱད་རྩོམ་འབྲི་སྦྱོང་གི་དུས་ལ་ཅི་བཤད་ཚིག་གི་སྡེབ་འགྲིག་ཅིང་། བསྟན་བྱའི་དོན་ལ་ཁུངས་ལྡན་པར། མི་ཤེས་པ་དག་ཤེས་པར་མི་རློམ། མ་རྟོགས་པ་དག་རྟོགས་པའི་ཚུལ་འཆོས་མི་སྟོན་པར། ཐ་ན་དཔྱད་རྩོམ་གྱི་མཇུག་ཏུ་རང་གིས་མ་བལྟས་ཤིང་དཔྱད་རྩོམ་དུ་མ་ཐོན་པའི་དཔེ་ཆ་དག་གི་མཚན་བྱང་མང་དུ་འགོད་པའང་ཞིབ་འཇུག་པ་ཞིག་ལ་མི་རུང་བའི་རིག་པའི་ཆམ་པ་དག་གི་ལས་སུ་ཤེས་པར་བྱས་ཏེ། མི་ཚེ་དཔེ་ཆར་བཅོལ། དཔེ་ཆ་གྲོགས་སུ་བསྟེན་ཏེ། དཔེ་ཆ་དག་ན་ཇི་ལྟར་འབྱུང་བ་དེ་བཞིན་བཤུ་ཞིང་འབྲི་བའི་ལས་ཀ་བསྐྱར་བའི་ངལ་བ་མི་བསྟེན་ལ། ཡི་གེ་གཞན་དུ་བཀོད་པའི་རྒྱུ་ཆ་དག་སྒྱུར་འབྲི་བྱེད་པ་ལ་མཆན་འགྲེལ་གང་ཡང་མེད་པར་རང་ཉིད་ཀྱི་གསར་གཏོད་ཡིན་རློམ་དང། རང་གི་དཔྱད་འབྲས་ཡིན་མདོག་ཁ་བོ་སོགས་ཀྱི་ལས་ཀ་ངན་པ་རྒྱང་དུ་དོར་ཏེ། ཞིབ་འཇུག་པ་ནི་ལོ་ཙཱ་པ་མ་ཡིན་ལ། རིག་གཞུང་ཞིབ་འཇུག་ནི་ཡིག་ཆ་སྣ་ཚོགས་གུང་སྒྲིག་པ་ཙམ་དེ་བས་ཀྱང་མ་ཡིན་པར། ཞིབ་འཇུག་གི་བྱེད་ཐབས་གསར་པ་དང་། ལྟ་བ་གསར་པ། དཔྱད་འབྲས་གསར་པ་ཅི་འཐོན་ལ་འབད་པའི་སྒོ་ནས་སྔར་མེད་གསར་བཤད་དང་། མེད་པ་ཁ་སྐོང། ཡོད་པ་སྔ་བརྒལ་བྱ་བའི་ཐད་ལ་འབད་དགོས་པའི་ཕྱིར། རིག་གཞུང་ཞིབ་འཇུག་གི་ཚེ་སྲོག་ནི་གསར་པ་དང་། རིག་གཞུང་ཞིབ་འཇུག་གི་སྒུལ་ཤུགས་ནི་དཔྱད་པ་དང་། རིག་གཞུང་ཞིབ་འཇུག་གི་རིན་ཐང་ནི་ཕན་པ་ཡིན་པས། རིག་གཞུང་ཞིབ་འཇུག་པའི་གྲས་སུ་འཛུད་པ་ལ། ཐོག་མར་རང་རྒྱུས་རང་གིས་བླངས་ཏེ། དགེ་རྒན་གྱིས་མཛུབ་ཁྲིད་དང་། དཔེ་ཆར་ལྟ་ཀློག་ཟུང་སྦྲེལ་གྱི་སྒོ་ནས་མེད་པ་ཁ་སྐོང་དང་། ཆད་པ་ཁ་གསབ། ཡོད་པ་མཐོར་འདེགས་བྱེད་བཞིན། རང་གི་ད་ལྟའི་ཆེད་ལས་སམ་རིག་ཚན་དེ་ཉིད་ཀྱི་ཐད་དུ་ངེས་པར་ཐག་གཅད་དགོས་ཀྱང་ད་ལྟའི་བར་ད་དུང་ཐག་མ་ཆོད་པར་ལུས་འདུག་པའི་གནད་དོན་འགངས་ཆེན་དང་། གནད་དོན་གསར་པ་ལ་དཔྱད་པ་ནི་རབ་དང་ཕུལ་ཡིན་ལ། དེ་ལྟ་མི་ནུས་ཀྱང་མ་མཐའ་ཡང་ད་ལྟའི་བར་དོ་ཁུར་མ་བྱས་པར་ལུས་ཤིང་དཔྱད་རིན་གདའ་བའི་དཔྱད་གཞི་གསར་པའི་རིགས་ཡིག་ཆ་ཁུངས་ལྡན་ལ་རྐང་འཛུགས། དོན་དངོས་དང་སྒོ་བསྟུན། རིགས་པས་ཡང་ཡང་དཔྱད། ཡི་གེར་དག་ཆ་བཏོན་ཏེ། དཔྱད་རྩོམ་མགོ་རྔ་ཚང་ཞིང་དཔེ་སྲོལ་དང་མཐུན་པ་ཞིག་བྲི་བར་བརྩོན་པ་ནི། ཞིབ་འཇུག་སློབ་མར་འབོད་པ་རྣམས་ཀྱིས་ངེས་པར་བརྒྱུད་དགོས་པའི་ཐོག་མའི་འཇུག་སྒོ་དང་། མཐར་ཐུག་གི་དབབ་སའང་ཡིན་ནོ། །
     ཡོན་ཏན་ཞེས་པ་ནི་རིག་གནས་མ་ཡིན་ལ། ཡི་གེའང་མ་ཡིན་པར། རིག་གནས་བསླབ་པའི་ནུས་པ་ལ་བྱ་བ་སྟེ། ཡི་གེ་ལ་བཀོད་པ་དང་མ་བཀོད་པའི་དཔྱད་གཞི་སྣ་ཚོགས་རང་དབང་དུ་བསྒྱུར་ཏེ། དམངས་ལ་ཕན་ཞིང་སྤྱི་ཚོགས་ལ་མཁོ་བའི་ལས་ཀ་སྒྲུབ་པའི་ནུས་པ་དང། རིག་པ་གསར་པ་འདོན་སྤེལ་དང་། རྙིང་པ་མ་ཉམས་གོང་དུ་སྤེལ་བའི་འཕྲལ་དགེ་ཡུན་ཕན་གྱི་གཞན་ཕན་གྱི་བྱ་བ་སྒྲུབ་པའི་འཇོན་ནུས་ཤིག་ལ་བྱ་བས། རིག་གཞུང་ཞིབ་འཇུག་གི་དཔྱད་འབྲས་ཀྱང་ངེས་པར་ཡི་གེར་བཀོད་པའི་རྩོམ་ཡིག་གི་རྣམ་པ་ཅན་དུ་བསྒྲུབས་ཏེ། ཡུལ་གྱིས་བསྐལ་པའི་ཆ་ལ་བསྐྱལ་ཞིང། དུས་ཀྱིས་བསྐལ་པའི་ཆ་ལ་ཉར་དུ་ཡོད་པའི་ཡི་གེ་འབྲི་ཀློག་བཀོལ་གསུམ་ལ་བྱང་བའི་རིག་གནས་པ་མཐོ་གྲས་ཀྱི་ལས་ཀ་ཞིག་ཏུ་འཁུམས་ཕྱིར། ཡིག་རྩོམ་གཞན་དག་དང་གཏན་ནས་མི་མཚུངས་པར། གཟབ་ནན་དང་། ཞིབ་ཚགས། དཔྱད་བཟོད་དུ་གྲུབ་པ་ཞིག་ཅིས་ཀྱང་ཡིན་དགོས་ན།⑥ཞིབ་འཇུག་པ་ནི་མི་གཞིའི་ཐད་ནས་བློ་རིག་གསལ་ཞིང་རང་ཚུགས་ཀྱི་ལྟ་བ་གྲུབ་པ་དང་། ལས་ཀའི་ཆ་ནས་ཆེད་ལས་སྣ་གཅིག་གམ་ཁ་ཕྱོགས་གཅིག་ལ་ཡུན་རིང་དུ་འབད་པའི་མྱོང་བ་ཅན་དང་། ནུས་པའི་ཕྱོགས་ནས་ཡི་གེའི་སྒྲ་དོན་གྱི་སྦྱོར་བ་ལ་མཁས་པའི་ཡོན་ཏན་ཅན་དང་། དཔྱད་འབྲས་ཀྱི་ངོས་ནས་རིགས་པ་གཏིང་ཚུགས་ཤིང་དཔྱད་བཟོད་དུ་གྲུབ་པའི་གསར་བཤད་ཀྱི་འབྲས་བུ་ཅན་ཞིག་ཡིན་དགོས་ན། དཔྱད་རྩོམ་གྱི་རིན་ཐང་ནི་ཡིག་ཚོགས་ཀྱི་མང་ཉུང་ལ་མི་བལྟ་བར། དེ་ཡིས་རིག་པ་གསར་སྐྲུན་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་ཐོན་པའི་ཕན་ནུས་དང། དཔྱད་རྩོམ་གཞན་དང་གཞན་དུ་འདྲེན་འགོད་བྱས་པའི་མང་ཉུང་དང་། དཔེ་དེབ་ཅིག་ཡིན་ན་པར་སྐྲུན་བྱས་པའི་གྲངས་འབོར་བཅས་ཀྱི་ཆ་ལས་མངོན་པ་ཡིན་ཕྱིར། དཔྱད་རྩོམ་མང་བས་མང་གོ་མི་ཆོད་ཀྱང། དཔྱད་རྩོམ་ལེགས་པས་ལེགས་གོ་ཆོད་དེ། ལུང་གསུམ་མདོ་ཡི་སྟག་མོ་དང། ནད་བརྒྱ་འཇོམས་པའི་སྨན་ཐུན། རིག་པའི་དཀའ་གནད་སེལ་བའི་སྒྲོན་མེ་ལྟ་བུར་གྱུར་པའི་དཔྱད་རྩོམ་གཅིག་གིས་ཀྱང་། རྩོམ་པ་པོའི་སྙན་པ་དགུང་དུ་སྤུར་ཞིང་། མི་ཚེའི་རིན་ཐང་ཡང་ཆེས་ཆེར་བྲིན་པར་འགྱུར་ཡང་། གལ་ཏེ་དེ་ལས་ལྡོག་སྟེ། གཞན་ནས་བླངས་ཏེ་རང་གིར་ཡིན་བྱེད་པ། ། སེང་གེའི་ལྷག་མ་ཟ་བའི་ཝ་དང་མཚུངས། ། ཞེས་པ་བཞིན་གསར་དཔྱད་ཀྱི་རིན་ཐང་མི་ལྡན་ཞིང་། ཡིག་ཚང་དང་རྒྱུ་ཆའི་ཁུངས་ལུང་མི་ལྡན་པ། རིགས་པས་དཔྱད་བཟོད་དུ་མ་གྲུབ་ཅིང་དོན་ལ་མི་གནས་པའི་རྩོམ་ཡིག་གཅིག་གིས་ཀྱང་། ཇི་སྐད་དུ་སྙན་ངག་མེ་ལོང་ལས། མཁས་པས་ཡང་དག་རབ་སྦྱར་བའི། ། ངག་ནི་ངག་གི་འདོད་འཇོར་བཤད། །
     དེ་ཉིད་ཉེས་པར་སྦྱར་ན་སླར། ། སྦྱོར་བོ་བ་ལང་ཉིད་རྗོད་བྱེད། ། ⑦ ཅེས་པའི་ངང་ཚུལ་ལྷུར་ལེན་པས། ཞིབ་འཇུག་པའི་མིང་གིས་འབོད་པའི་དུས་ཐོག་མ་ནས། དུས་ཚོད་ཆུད་ཟར་མི་འགྲོ་བར་རིག་པའི་གནས་ལ་འབད་ཅིང་། རིག་པ་གློད་ཡངས་མི་གཏོང་བར་གང་དཔྱད་དོན་ལ་གཟས་ཏེ། དཔེ་ཆ་མང་པོ་ཉིན་རེའི་ཟས་བཞིན་བསྟེན་ཞིང་། སྐད་ཆ་ཅི་བཤད་ཁུངས་ལུང་བརྟན་པོར་བཅོལ་བཞིན། མ་འོངས་པའི་འདུན་མ་མི་རིགས་ཀྱི་དར་རྒུད་དང་རིག་པའི་གནས་ལ་བཅངས་ཏེ། མི་གཞི་ལེགས་པོ་དང་། རིག་པ་གྲུང་པོ། ཀུན་སློང་དག་པོ། དཔྱད་འབྲས་བཟང་པོ། ཕན་ནུས་ཆེན་པོ་ཅི་འཐོན་ལ་འབད་ཅིང་རང་གི་ཆེད་ལས་དང་ཁ་ཕྱོགས་དེའི་ཆེད་དུ་འབད་པ་ལྷོད་མེད་བསྐྱེད་པར་བྱའོ། །
     ཞིབ་འཇུག་པའི་མིང་གིས་འབོད་ཅིང་ཞིབ་འཇུག་པའི་གྲས་སུ་ཚུད་པ་ནི། ཞིབ་འཇུག་པའི་ལས་སྐལ་ཡོངས་རྫོགས་མ་ཡིན་པར། མི་ནི་རང་དང་གཞན་གྱི་དོན་བསྒྲུབས་ན་སྒྲུབ་པའི་ནུས་པ་ལྡན་པའི་སྤྱི་ཚོགས་ཀྱི་རིག་གནས་གོམས་སྲོལ་དུ་འཚོ་བའི་སྲོག་ཆགས་ཁྱད་དུ་འཕགས་པ་ཞིག་ཡིན་ལ། ཡོན་ཏན་པ་ནི་དེ་དག་གི་ནང་གི་མཐོ་གྲས་དང་། ཞིབ་འཇུག་སློབ་མ་ནི་རང་ལ་ཞིབ་འཇུག་བྱེད་པའི་ནུས་པ་བསྐྱེད་དེ་མ་འོངས་པར་མི་རིགས་ཀྱི་འདུན་མ་སྐྱོང་མཁན་དང། རིག་གནས་གསར་སྤེལ་གྱི་གདུང་མ་འདེགས་མཁན་དུ་ཨེ་འགྱུར་ལ་འབད་པའི་ཐོག་མའི་རིམ་པ་དེ་ལས་མི་འདའ་བས། ཞིབ་འཇུག་པའི་མིང་ཅན་རྣམས་ནི་ངེས་པར་རིག་པའི་གདོང་སྐྱོད་མཁན་དང་། རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་མཁན། མི་རིགས་ཀྱི་སྐྱིེད་སྡུག་འདེགས་མཁན་ཞིག་ཡིན་དགོས་པས། སྔོན་མེད་གསར་གཏོད་ཀྱི་རིགས་ཐམས་ཅད་ནི་ཞིབ་འཇུག་མཛད་པའི་འབྲས་བུ་ཡིན་ལ། ཞིབ་འཇུག་མེད་ན་གསར་གཏོད་མེད་པ་དང། གསར་གཏོད་མཛད་མཁན་ཐམས་ཅད་ཞིབ་འཇུག་པ་ཡིན་པས། ཞིབ་འཇུག་པའི་མིང་གིས་འབོད་པ་ཡོད་ཚད་ཞིབ་འཇུག་པ་དངོས་སུ་འགྱུར་བའི་ངེས་པ་མེད་ལ། མི་རིགས་ཀྱི་སྐྱིད་སྡུག་གི་ཁྲེས་པོ་འཁུར་མཁན་ཐམས་ཅད་ཞིབ་འཇུག་སློབ་མ་ནས་ཐོན་པར་ཡང་མ་ངེས་པས། ཞིབ་འཇུག་སློབ་མ་ནི་ཏག་ཏག་དེ་ལྟའི་ནུས་པ་སྐྱེད་བསྲིང་བའི་རིམ་པ་ཐོག་མ་ཙམ་དུ་ཟད་ཕྱིར། རྒྱལ་ཁབ་ཀྱི་ཁེ་ཕན་ནི་ཕུགས་འདུན་ཀུན་གྱི་ཐོག་མ་དང་། མི་རིགས་ཀྱི་བདེ་སྡུག་ནི་ལས་འགན་ཀུན་གྱི་དང་པོ། ཞིབ་འཇུག་གི་ལས་ཀ་ནི་བསྒྲུབ་བྱ་ཀུན་གྱི་གཙོ་བོར་བྱེད་པ་ནི་ཞིབ་འཇུག་པ་རྣམས་ཀྱི་ལས་སྐལ་ངོ་མ་དེ་ཡིན་པ། ཆེ་བ་འཛམ་གླིང་གི་དབང་དུ་བྱས་ན། ཆོས་ལུགས་ཀྱི་གྲུབ་མཐའ་སོ་སོ་དང་། ཚན་རིག་གི་གསར་གཏོད་ཡོད་ཚད། རིག་གནས་ཀྱི་རྣམ་གཞག་མཐའ་དག ཐ་ན་སྤྱི་ཚོགས་དོ་དམ་གྱི་ལམ་ལུགས་ཡོད་ཚད་ཀྱང་མི་དང་མིའི་ཚོགས་པ་ཞིག་གི་འདུན་མ་ལ་དོ་ཁུར་མཛད་མཁན་གྱི་སྐྱེ་བོ་དག་གིས་ཞིབ་འཇུག་མཛད་པའི་འབྲས་བུ་ལས་མ་འདས་པ་བཞིན་དུ། རང་རེའི་བོད་པའི་ཡུལ་འདིར་ཡང་སློབ་དཔོན་ཐོན་མི་སམབྷོཊས་རྒྱ་གར་སྐད་ཆ་དང་ཡི་གེའི་ཁྱད་ཆོས་ཕྱོགས་བསྡུས་དང་། བོད་པའི་སྐད་ཆའི་ཆོས་ཉིད་ལ་ཞིབ་འཇུག་ནན་ཞིབ་ཆེ་བ་མཛད་པ་མ་ཡིན་ན། བོད་པའི་མི་རིགས་འདི་ལ་ཡི་གེ་ཁྱད་པར་བ་འདི་འདྲ་བ་ཡོད་མི་སྲིད་ལ། ཡི་གེའི་སྐྱེད་འབྲས་རིག་གནས་ཕུན་སུམ་ཚོགས་པ་འདི་འདྲ་བའང་ཡོད་པར་མི་འགྱུར་བ་དང་། གལ་ཏེ་འཇམ་དབྱངས་ས་སྐྱ་པཎ་ཆེན་གྱིས་གཞན་བཟང་རང་སྤྱོད་ཀྱི་ཞིབ་འཇུག་ཆེན་པོ་དེ་འདྲ་མཛད་པ་མ་ཡིན་ན། བོད་པའི་ཡི་གེ་ལ་བརྟེན་པའི་རིག་གནས་ཆེ་ཆུང་བཅུའི་མིང་ཙམ་ཡང་བགྲང་དུ་མེད་པ་དང་། རྗེ་ཙོང་ཁ་པ་ཆེན་མོས་སྐུ་ཚེ་ཧྲིལ་པོའི་ཞིབ་འཇུག་ཟབ་མོ་དང། སྤོབས་པ་ཆེན་པོའི་གསར་གཏོད་བླ་ན་མེད་པ་མེད་ན། མདོ་སྔགས་ལུགས་གཉིས་ཟུང་དུ་འབྲེལ་བའི་དགེ་ལྡན་པའི་ལམ་བཟང་དེ་ཡང་འབྱུང་མི་སྲིད་པས་མཚོན་ཏེ། འཛམ་གླིང་སྤྱི་དང་གངས་རིའི་ལྗོངས་འདིར་བྱོན་པའི་མཁས་དབང་གསེར་རིའི་ཕྲེང་བར་བརྒྱུད་པ་རྣམས་ནི་ཞིབ་འཇུག་སློབ་མའི་མིང་གིས་མ་བོས་པའི་ཞིབ་འཇུག་པ་ཆེན་མོ་དག་ཡིན་པར་མ་ཟད། མི་རིགས་ཤིག་དང་ཐ་ན་ཁྱིམ་ཚང་ཞིག་གི་འཚོ་བའི་ཐོན་ཁུངས་དང་སྤུས་ཀ་མཐོར་འདེགས་ལ་སྨན་པའི་གསར་གཏོད་ཆེ་ཆུང་གང་རིགས་ཀྱང་ཞིབ་འཇུག་གི་འབྲས་བུ་རུ་ཟད་ཀྱང་། ཇི་སྲིད་ཡི་གེར་མ་བཀོད་པ་དང་། ཡི་གེར་བཀོད་ཀྱང་རིག་གཞུང་དཔྱད་རྩོམ་གྱི་དཔེ་སྲོལ་དང་རིན་ཐང་དང་མི་མཐུན་པ་དེ་སྲིད་དུ་དཔྱད་རྩོམ་དུ་བརྩི་མི་རུང་བ་ཙམ་ལས། དེ་དག་གི་མཛད་པ་ནི་རིག་གནས་ཀྱི་བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད་ཀྱི་ཆེད་དུ་རང་ཉིད་ཀྱི་ཡོད་ཚད་བློས་བཏང་བའི་ཞིབ་འཇུག་གི་འབྲས་བུ་ཁྱད་དུ་འཕགས་པ་ཞིག་ངེས་པར་ཡིན་པས། ཞིབ་འཇུག་སློབ་མའི་དུས་སྐབས་སུ་སྦྱངས་འབྲས་དཔྱད་རྩོམ་གྱིས་འཇལ་ཡང་། ཞིབ་འཇུག་སློབ་མ་མཐར་ཐོན་རྗེས་ཀྱི་སྦྱངས་འབྲས་ནི་རྒྱལ་ཁབ་དང་མི་རིགས། རིག་གནས་དང་སློབ་གསོ་སོགས་ཀྱིས་མཚོན་པའི་ལས་རིགས་སོ་སོར་འཕྲལ་དགེ་ཡུན་ཕན་གྱི་བགྱི་བ་ཆེ་ཆུང་ཅི་རིགས་བསྐྲུན་ཨེ་ཐུབ་ལ་བལྟ་བའི་ཆ་ནས་མངོན་དགོས་ན། ཞིབ་འཇུག་སློབ་མའི་དུས་སྐབས་ལ་མ་འོངས་པར་རྒྱལ་ཕན་དམངས་སྐྱིད་ཀྱི་ལས་ཀ་ཞིག་སྒྲུབ་པའི་ནུས་པ་སྐྱེད་པར་འབད་པ་དང་། ཞིབ་འཇུག་སློབ་མ་མཐར་ཕྱིན་རྗེས་རིག་པ་ཤོག་ངོས་སུ་མི་འཇོག་པར། སྤྱི་ཚོགས་ཀྱི་སློབ་གྲྭ་ཆེ་མོ་འདི་རུ་ནངས་པར་འཆི་བར་འགྱུར་ཡང་རིག་པ་སྦྱོང་ཞིང་། ཕོགས་རྔན་མེད་ཀྱང་དམངས་ལ་ཕན་པའི་ལས་ཀ་ཞིག་སྒྲུབ་པ་དང་། གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱི་སྒོ་ནས་སློབ་སྦྱོང་གི་ཁྲོད་དུ་ཞིབ་འཇུག་དང་། ཞིབ་འཇུག་གི་ནང་དུ་སློབ་སྦྱོང་། སློབ་པ་དང་འཇུག་པ་ཡ་བྲལ་དུ་མི་གཟུང་བར་མི་རིགས་དང་རིག་གནས་དར་རྒྱས་ཀྱི་གདུང་མ་འདེགས་པའི་ཀ་བ་བརྟན་པོ་ཞིག་ཏུ་ཨེ་འགྱུར་ལ་འབད་ཅིང་། སྤྱོད་པ་ལེགས་ཤིང་ཡོན་ཏན་ལྡན་པ། ཁྲེལ་ཡོད་ཅིང་དགེ་སེམས་ཆེ་བའི་མི་བཟང་པོ་ཞིག་བྱ་རྒྱུ་ནི་མཐར་ཐུག་གི་དམིགས་འབེན་དུ་གཟུང་ངོ་། །
     ཞེས་པ་འདི་ནི་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་དགེ་མིང་ཙམ་འཛིན་པ་ལྕགས་ཐར་རྒྱལ་དུ་འབོད་པས་སློབ་གྲྭའི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཆེད་ལས་ཀྱི་ཤེས་རམས་པའི་ཞིབ་འཇུག་སློབ་མའི་ལྟེ་གནས་ཚུགས་ནས་བགྲང་བྱ་བཅུ་ལོན་པའི་རྗེས་དྲན་གྱི་རིག་གཞུང་བགྲོ་གླེང་གི་ཚོགས་འདུར་སྤེལ་རྒྱུའི་གཏམ་བཤད་དུ2017ལོའི་སྤྱི་ཟླ9བའི་ཚེས9ཉིན་རང་ཤག་ཏུ་སྦྱར་པ་འདིས་ཀྱང་བོད་ཀྱི་སྐད་ཡིག་དང་རིག་གནས་གོང་འཕེལ་ལ་སྨན་པར་སྨོན་ནོ། །
① མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་དུ་ཕྱག་ལས་གནང་བཞིན་ཡོད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...