སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་ཀྱི་ཚེ་ཐར་རིག་གནས་ཀྱི་བྱུང་འཕེལ་དང་ཤུགས་རྐྱེན་སྐོར་རགས་ཙམ་གླེང་བ།
རྩོམ་པ་པོ། བཀྲ་ཤིས་རྒྱལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-6-22 9:57:00 རྩོམ་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། ཀློག་གྲངས།
ནང་དོན་གནད་བསྡུས། ཚེ་ཐར་གཏོང་བ་ནི་བོད་ཀྱི་ས་ཆ་སོ་སོར་དུས་རྒྱུན་མཐོང་ཐུབ་པའི་དམངས་ཁྲོད་ཀྱི་ཆོས་ལུགས་ཆོ་ག་ཞིག་ཡིན། བོད་ཀྱི་ཚེ་ཐར་ཞེས་པའི་རིག་གནས་སྣང་ཚུལ་དེ་ནི་མི་དང་སྲོག་ཆགས། ད་དུང་རང་བྱུང་ཁམས་བཅས་བར་ལ་མཐུན་སྦྱོར་ཡོང་བྱེད་ཀྱི་གཞི་མ་ཞིག་ཀྱང་ཡིན་པར་སེམས། དཔྱད་རྩོམ་འདིའི་ནང་དུ་དམངས་ཁྲོད་ཀྱི་ཚེ་ཐར་གཏོང་བའི་ཆོས་ལུགས་ཆོ་ག་གཞིར་བཟུང་སྟེ། ཚེ་ཐར་ཞེས་པའི་གོ་དོན་དང་། དབྱེ་བ་དང་ཚེ་ཐར་གྱི་ཆོ་གའི་གོ་རིམ། དགེ་མཚན་སོགས་བརྗོད་ཡོད་ལ། དེ་མིན་མཐའ་དཔྱོད་ཀྱི་ཚུལ་གྱིས་ཚེ་ཐར་དང་ཚེ་བླུའི་རིག་གནས་སྣང་ཚུལ་དེ་ནི་རྒྱབ་ལྗོངས་མི་འདྲ་བའི་རིག་གནས་གཉིས་ཀྱི་འོག་ཏུ་བྱུང་བ་ཡིན་པས། དེ་གཉིས་ནི་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པའི་རིག་གནས་སྣང་ཚུལ་ཞིག་ཡིན་པའི་སྐོར་ཡང་བརྗོད་ཡོད།
བརྡ་ཆད་གཙོ་བོ། ཚེ་ཐར་རིག་གནས། བྱུང་འཕེལ། དགེ་མཚན།
གླེང་གཞི།
     སྤྱིར་ན་རིག་གནས་གང་དང་གང་ཞིག་ཡིན་རུང་། དེ་ནི་རང་བྱུང་ཁོར་ཡུག་དང་། ཐོན་སྐྱེད་ཁོར་ཡུག འཚོ་གནས་ཀྱི་ཁོར་ཡུག་བཅས་མི་འདྲ་བའི་དབང་གིས་རིག་གནས་ཀྱི་རྣམ་པ་ཡང་མི་འདྲ་བ་ཡོང་གིན་ཡོད་པ་རེད། བོད་ལ་མཚོན་ན་ཡང་གནའ་བོའི་ཞང་ཞུང་ཤེས་རིག་གམ་གངས་ཏི་སེ་ཡིས་ལྟེ་བ་བྱས་པའི་ཧི་མ་ལ་ཡའི་རིག་གནས་ཀྱི་མུ་ཁྱུད་ཅིག་ཆགས་ཡོད་པ་རེད།
     ཡང་གཅིག་བཤད་ན། ཚེ་ཐར་ནི་བོད་རང་གི་ཐུན་མོང་མ་ཡིན་པའི་འཚོ་གནས་ཀྱི་ཁོར་ཡུག་གིས་བསྐྲུན་པའི་རིག་གནས་ཀྱི་རྣམ་པ་ཞིག་ཀྱང་ཡིན་པར་སེམས་ཏེ། རི་རྒྱལ་མང་པོས་མཐའ་བཞི་བསྐོར་བ་དང་གནའ་བོའི་བོད་མི་རྣམས་ཀྱིས་སྐྱེ་དངོས་ཡོད་ཚད་ལ་བླ①ཡོད་པར་སེམས་པས། རིམ་གྱིས་རི་ལྷ་སོགས་ལ་དད་པ་བྱེད་པའི་སྲོལ་ཞིག་ཀྱང་ཆགས་ཡོད་པ་རེད། དེ་དང་བསྟུན་ནས་རི་ལྷ་ལ་སྒོ་ཟོག་འབུལ་བའམ་རི་ལྷ་ལ་ཡང་ནོར་སྐལ་ལམ། གཡང་ར་སྒོ་བཞི་ལས་སྣ་རེ་རེ་ཡུལ་ལྷ་ལ་འབུལ་བའི་རིག་གནས་སྣང་ཚུལ་ཤིག་ཆགས་ཡོད་པ་རེད། དེ་ཡང་དུས་རབས་བརྒྱད་པའི་སྐབས་ཙམ་ལ་ཐུབ་བསྟན་རིག་གནས་དེ་བོད་ཀྱི་རིག་གནས་ཀྱི་མ་ལག་ཏུ་ཞུགས་རྗེས། སྔོན་གྱི་ཚེ་བླུའི་རིག་གནས་ཀྱི་ནང་དོན་ལ་ཡང་འགྱུར་ལྡོག་ཅུང་ཟད་ཅིག་བྱུང་ཡོད་པར་ངེས། དེ་བས། བོད་ཀྱི་ཚེ་ཐར་རིག་གནས་ཀྱི་ནང་དོན་དང་། དབྱེ་བ། དགེ་མཚན་སོགས་ལ་དཔྱད་པ་བྱས་ཚེ་བོད་ཀྱི་གནའ་པོའི་རིག་གནས་སྣང་ཚུལ་ཞིག་གི་འགྱུར་བ་རྟོགས་ཐུབ་པ་དང་། དེས་དེང་གི་སྤྱི་ཚོགས་ལ་ཐེབས་པའི་ཤུགས་རྐྱེན་དང་དགེ་མཚན་ཡང་རྟོགས་ཐུབ་པར་སེམས་ནས་རང་བློས་དཔོགས་ཚད་ཀྱིས་དཔྱད་རྩོམ་ཐུང་ངུ་འདི་བྲི་བའི་སྟ་གོན་བགྱིས་པ་ལགས་ན། མ་རྟོག་ལོག་རྟོག་དང་འགྲེལ་བ་ནོར་བ་སོགས་སྐྱོན་ཅི་རིགས་ཤིག་འབྱུང་སྲིད་པས་ཀུན་གྱིས་སྐྱོན་བརྗོད་དང་དགོངས་འཆར་ལྷུག་སྩོལ་གནང་བར་མཁྱེན།
དང་པོ། ཚེ་ཐར་རིག་གནས་སྤྱིར་བཤད་པ།
     ཨ་རུའི་པུན་ནེ་ཏེས་ཁི་ཐིའི《རིག་གནས་ཀྱི་རྣམ་བཤད》ཞེས་པའི་ནང་དུ། “ཁོར་ཡུག་ག་འདྲ་ཞིག་ཡིན་ན་དེ་དང་མཐུན་པའི་རིག་གནས་ཀྱི་རྣམ་པ་ཡང་དེ་འདྲ་ཞིག་ཆགས་ཡོང་གི་རེད”ཅེས་པ་ལྟར། བོད་ཀྱི་ཚེ་ཐར་རིག་གནས་དེ་ཡང་བོད་རང་གི་ཐུན་མོང་མ་ཡིན་པའི་འཚོ་གནས་ཀྱི་ཁོར་ཡུག་གིས་བསྐྲུན་པའི་རིག་གནས་ཀྱི་སྣང་ཚུལ་ཞིག་ཡིན་ལ། དེས་བོད་ཀྱི་ཤེས་རིག་དང་བོད་ཀྱི་མི་རིགས་འདི་ད་ལྟའི་བར་མདོ་དབུས་མཐོ་སྒང་དུ་འཚོ་གནས་ཡོང་བ་ལ་ཚད་ངེས་ཅན་ཞིག་གི་ཆ་ནས་རམ་འདེགས་ཐུབ་འདུག་པར་སེམས་ཏེ། དེས་མི་དང་སྲོག་ཆགས། མི་དང་རང་བྱུང་ཁམས་མཐུན་སྦྱོར་ཡོང་བར་རིག་གནས་ཀྱི་ངོས་ནས་དང་ལེན་དང་རྩ་དོན་བརྩི་སྲུང་བྱེད་པའི་འདུ་ཤེས་ཤིག་བོད་མིའི་རུས་རྐང་གི་གསེང་དུ་ཡིབ་པར་བྱས་ཡོད་པས། ཁོར་ཡུག་ནི་སྲུང་སྐྱོབ་བྱ་ཡུལ་ཞིག་ལས་འཐབ་རྩོད་བྱ་ཡུལ་ཞིག་ཏུ་གྱུར་ཡོད་པ་མ་རེད། དེའི་ངོས་ནས་བཤད་ན། ཚེ་ཐར་དེ་གཅིག་ན་བོད་ཀྱི་གདོད་མའི་རིག་གནས་ཀྱི་སྣང་ཚུལ་ཞིག་རེད་ལ། གཉིས་ན་ཆོས་ལུགས་ཆོ་ག་ཞིག་ཀྱང་ཡིན་པར་མ་ཟད། གསུམ་ན་དེ་ནི་བོད་མིས་རང་བྱུང་ཁམས་ཀྱི་སྐྱེ་དངོས་དང་སྲོག་ཆགས་ལ་བཟུང་བའི་རྣམ་འགྱུར་ཞིག་ཀྱང་ཡིན་ནོ། །
     གཅིག ཚེ་ཐར་གྱི་གོ་དོན།
     ཚེ་ཐར་ཞེས་པའི་གོ་དོན་ཅི་ཡིན་ཞེ་ན། དེ་ལ་ཐོག་མར་ཚེ་དང་། སྲོག བླ་ཞེས་པ་སོགས་ལ་འགྲེལ་བཤད་གསལ་བོ་ཞིག་དགོས་པར་སེམས་ཏེ། དུང་དཀར་རིན་པོ་ཆེས“མར་མེའི་ཁུ་དང་འདྲ་བའི་ཚེ། སྡོང་པོ་དང་འདྲ་བའི་སྲོག  མེ་ལྕེ་དང་འདྲ་བའི་བླ་སྟེ་དེ་གསུམ་ནི་སེམས་ཅན་རྣམས་ཀྱི་དབང་པོ་འཚོ་བར་བྱེད་པའི་རྐྱེན་གསུམ་ཡིན། ཚེ་སྲོག་བླ་མའི་དཔེ་གསུམ་ཡང་ཟེར”①ཞེས་དང་། ད་དུང་ཁོང་གིས“སྲོག་དང་སྙིང་”ཞེས་པའི་“མིང་འདྲ་ཡང་དོན་མི་འདྲ”②ཞེས་གསུངས་པའི་ལྟ་བ་དེར་འཐད་ཀྱང་ཁོང་གི་འགྲེལ་སྟངས་ལ་འཐད་པ་མ་བྱུང་ངོ་། ། སྲོག་ཅེས་པའི་དོན་ལ། 《མངོན་པ་མཛོད》དང་《འདུལ་བ》མ་ཟད་མདོ་དང་བསྟན་བཅོས་གཞན་དག་ལས་ཀྱང་སེམས་ཅན་གསོན་པོར་འཚོ་ཞིང་གནས་ཐུབ་པའི་ནུས་པ་དབུགས་བཅས་པ་ལ་སྲོག་ཅེས་བྱ་ཞེས་ཟེར། ཚེ③དང་སྲོག④བླ⑤གསུམ་ནི་གཅིག་ལ་གཅིག་བརྟེན་གྱི་ཕུང་པོའི་གཞི་རྟེན་གཙོ་བོ་ཞིག་ཡིན་པར་བཤད་ལ་དེ་གསུམ་ག་ལས་གཅིག་ཆད་ཚེ།  ཚེ་སྲོག་ཀྱང་མཇུག་རྫོགས་པར་བཤད་འདུག་གོ། དེ་མིན་བླ་ཞེས་པའི་གོ་དོན་ལ། 《བརྡ་གསར་རྙིང་གི་རྣམ་བཞག་ལི་ཤིའི་གུར་ཁང་》ཞེས་པའི་ནང་དུ་བླ་ནི་རུང་བའམ་ཆོག་པ། བཟོད་པའི་དོན་ལ་འཇུག་པར་བཤད་ལ། མཁས་དབང་མཁར་རྨེའུ་བསམ་གཏན་ལགས་ཀྱིས་བླ་ཞེས་པ་འགྲོ་བ་མིའི་ནང་སེམས་དང་ཤེས་པ་གནས་ས་ཞིག་ཏུ་ངོས་འཛིན་བྱེད་པ་ཡིན་ཏེ། བླ་ནི་བླ་དབུགས་སྲོག་གསུམ་ཞེས་པ་ལས་གལ་ཆེ་ཤོས་དེ་ཡིན①ཞེས་དང་། བོན་གྱི་བསྟན་འབྱུང་《དྲི་མེད་གཟི་བརྗིད》དུ“བླ་ནི་བླ་ཡིད་སེམས་ཞེས་པའི་ནས་གསེས་ཤིག་ཡིན་པར་འདོད”②ཅེས་བརྗོད་ཡོད། བོད་ཀྱི་དམངས་ཁྲོད་དུ་བླ་ཞེས་པ་དེ་མི་རང་ཉིད་དང་འགྲོགས་ནས་ཡོད་པ་དང་། སྐབས་འགར་སྟབས་མ་ལེགས་པར་བླ་དེ་ལུས་དང་བྲལ་ཚེ་བླ་འཁྱམས་པ་ཞེས་བརྗོད། དེར་མ་ཟད་བོན་གྱི་གནའ་བོའི་ཡིག་རྙིང་འགའ་ཞིག་ཏུ་བླ་འཁྱམས་པའི་སྐོར་བརྗོད་པ་མང་དུ་སྣང་ངོ་། །
     དེ་མིན་བླ་ཞེས་པའི་སྐོར་ལ་སྤྱིར་བཏང་མིའི་བླ་སྲོག་གམ“བླ་སྲོག་རྣམ་ཤེས་གསུམ” ཞེས་པའི་སྦྱོར་སྲོལ་མང་ལ། བླ་ཞེས་པ་དི་མིའི་སྲོག་གི་རྟེན③དུ་གོ་བ་སྟེ། བོད་ཀྱི་ལོ་རྒྱུས་དེབ་ཐེར་དང་ལྷག་པར་དུ་ཏུན་ཧོང་ཡིག་རྙིང་དུ་དྲི་གུམ་བཙན་པོའི་མཚན་ཇིར་གདགས་ཞེས་པའི་སྐབས་ཀྱི་གཏམ་རྒྱུད་དེའི་ས་བོན་དང་། བོད་མི་རྣམས་ཀྱི་ཁ་རྒྱུན་ལ་བླ་སྤང་དང་། བླ་རི། བླ་བྲག   བླ་རྡོ། ④བླ་མཚོ། བླ་ཤིང་⑤ཞེས་པའི་སྐབས། བླ་ཞེས་པ་དེ་རང་ཉིད་ཀྱི་སྲོག་རྟེན་གནས་ས་ཡིན་པར་ཁས་འཆེས་པའི་རི་དང་མཚེའུ། རྡོ་བྲག  ཤིང་སོགས་ལ་གོ་བའི་གནས་སྐབས་ཀྱང་ཡོད་ལ། མིའི་སྲུང་མ་ལྟ་བུ་ཞིག་ཏུ་གོ་བའི་སྐབས་ཀྱང་ཡོད་དེ། དྲི་གུམ་བཙན་པོ་དང་ལོ་ངམ་འཐབ་པའི་གཏམ་རྒྱུད་དེ།  “འུང་ནས་ལོ་ངམ་གྱྀས་གླང་པོ་བརྒྱའ་ལ། གསེར་གྱྀ་མདུང་རྩེ་ཉིས་བརྒྱའ་རྭ་ལ་བཏགས་ཏེ། རྒྱབ་ཏུ་ཐལ་བཀལ་ནས། གླང་ནང་འཐབ་སྟེ། ཐལ་བ་གཐོར་ནས། དེ་འྀ་ནང་དུ་ལོ་ངམ་གྱིས་བརྒལ་ཏོ། བཙན་པོ་དྲི་གུམ་ལྡེ་བླ་གུང་རྒྱལ་གྱིས་གནམ་དུ་དྲངས་ན། ལོ་ངམ་གྱྀས་མཆན་ནས་སྤྲེ་འུ་པྱུང་བས། ལྡེ་བླ་གུང་རྒྱལ①ནི་ཏི་ཙེ་གངས་རུམ་དུ་འཕང་སྟེ་གཤེགས་སོ།།” ②བླ་ཞེས་པ་དེ་མིའི་སྲོག་རྟེན་ཡིན་པའི་ཕྱིར་ན་དེ་ལ་བླ་འཁྱམས་པ་ཞེས་དབང་པོ་གནད་དུ་མི་གནས་པར་བླ་བོར་བའི་དོན་ཀྱང་འབྱུང་། དེ་བས་བླ་དེ་ཕྱིར་འགུགས་པ་དང་དེ་ཟློག་པའི་ཕྱིར་དུ་བླ་འགུགས་དང་བླ་བསླུ་སོགས་སྲོག་གླུད③ཅེས་པའི་ཆོ་ག་སྣ་ཚོགས་གཏོང་བ་དེ་ནི་བོད་ཀྱི་ཚེ་ཐར་རིག་གནས་ཀྱི་ཐོག་མའི་རྣམ་པ་ཞིག་མིན་ནམ་སྙམ།
     དེ་མིན་ད་དུང་བླ④ཞེས་པ་གཙོ་བོའི་དོན་དུ་གོ་བའི་སྐབས་ཀྱང་ཡོད་པར་སེམས། དེའི་ཕྱིར། གདོད་མའི་དུས་ཀྱི་ཚེ་བླུ་དང་ད་ལྟའི་ཚེ་ཐར་གང་ཡིན་ཀྱང་བོད་རང་གི་རིག་གནས་ཀྱིས་གཞི་རྐང་བྱས་ཐོག ཕྱིའི་རིག་གནས་ཀྱི་ལེགས་ཆ་བསྣན་པའི་རིག་གནས་ཀྱི་རྣམ་པ་ཞིག་ཡིན་པར་སེམས་ལ། དེ་ཡང་སྲོག་ཆགས་དང་སྐྱེ་དངོས་གང་རུང་ཞིག་གི་ཚེ་ཐར་བར་བྱེད་པའི་རིག་གནས་ཀྱི་རྣམ་པ་ཞིག་ཏུ་གོ་བ་བླངས་ཆོག་པར་སེམས་སོ། ། སྲོག་བླུ་ཡིན་ན་ཚེ་ཐར་ཡིན་པས་ཁྱབ་ཀྱང་ཚེ་ཐར་ཡོད་ཚད་སྲོག་བླུ་ཡིན་པས་མ་ཁྱབ་པས་དེ་གཉིས་ལ་ཁྱད་པར་ཅུང་ཟད་ཡོད། འོན་ཏེ་དེ་གཉིས་ཀ་ཚེ་ཐར་བར་བྱེད་པའི་རིག་གནས་ཀྱི་རྣམ་པ་ཞིག་ཡིན་པས། འཚེ་སྤོང་དགེ་སྒྲུབ་ཀྱི་ལས་ཤིག་ཏུ་ངོས་བཟུང་ཆོག་ལ། ཡང་གཅིག་བཤད་ན། དེ་གཉིས་ནི་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པའི་དམངས་སྲོལ་ཆོ་གའི་རིགས་ཤིག་ཏུ་གོ་ཆོག་པར་སྙམ།
     གཉིས། ཚེ་ཐར་གྱི་བྱུང་འཕེལ།
     བོད་ཀྱི་དམངས་སྲོལ་རིག་གནས་ལས་ཚེ་ཐར་གཏོང་བའི་ཆོ་ག་འདི་ནི་སྲོལ་བཟང་བོ་ཞིག་དང་། སྲོག་ཆགས་དང་རང་བྱུང་ཁམས་ཆེན་པོར་བཅངས་པའི་ཡ་རབས་ཀྱི་འདུ་ཤེས་འཛིན་སྟངས་ཤིག་ཡིན། སྤྱིར་ཚེ་ཐར་ཞེས་པ་ནི་ཚེ་ཐར་བར་བྱེད་པ་དང་ཚེ་ཡི་རྒྱུན་བསྲིངས་པའི་ཆོ་ག་ཞིག་ཡིན་ལ། དེ་ནི་སྒོ་ཕྱུགས་ཚེ་ཐར་གཏོང་བ་ལས་གཞན། ད་དུང་དམངས་ཁྲོད་དུ་འགའ་ཞིག་གིས་ལྗོན་ཤིང་ནགས་ཚལ་དང་རི་ཆུ་སོགས་རང་བྱུང་གི་བཀོད་པར་གནོད་སྐྱོན་ཐེབས་སུ་མི་འཇུག་པར། ཡུལ་གྱི་མཛེས་སྡུག་རང་སོར་འཇོག་པ་དང་སྲུང་བའི་ལས་སོགས་ལའང་ཚེ་ཐར་དུ་བཏང་ཞེས་བརྗོད་དོ། །
     བོད་ལ་ཚེ་ཐར་གྱི་ཆོ་ག་བྱུང་བ་དེ་སངས་རྒྱས་ཆོས་ལུགས་བོད་དུ་དར་ཁྱབ་བྱུང་བ་དང་འབྲེལ་བ་ཆེན་པོ་ཡོད་པར་སེམས་ཤིང་། དེ་མིན་ཚེ་བླུ་ནི་བོད་མིའི་ཡ་ཐོག་གི་བླ་ཡི་བསམ་བློ་ལས་བྱུང་བར་སེམས་ཏེ། བོད་ཀྱི་གདོད་མའི་རིག་གནས་ཀྱི་ནང་དུ། བླའི་བསམ་བློའི་ཤུགས་རྐྱེན་ཅུང་ཆེ་སྟེ། སྤྱི་སྒེར་གང་ཞིག་ཡིན་ཀྱང་བླ་རི། བླ་མཚོ། བླ་བྲག་སོགས་རང་ཉིད་ཀྱི་དར་རྒུད་ཅི་ལྟ་ཇི་ལྟར་ཡིན་པའི་རྣམ་པ་དེ་རི་དང་མཚེའུ་གང་རང་ལས་མངོན་ཐུབ་པར་སེམས་པས། དེ་ལ་བླ་གནས་པའི་རི་དང་མཚོ་ཞེས་བརྗོད་ལ། དེའི་ཚེ་ཐག་རིང་བའི་ཆེད་དམ་རང་གིས་དེ་ལ་སྐྱབས་བཅོལ་བ་དང་། རང་གི་དགོས་འདོད་གང་རུང་སྐོང་བའི་ཆེད་དུ་སྲོག་ཆགས་གང་རུང་དང་། སྐྱེ་དངོས་གང་རུང་ཚེ་བླུར་གཏོང་བའི་རིག་གནས་ཀྱི་རྣམ་པ་འདི་ཆགས་པར་སེམས། དེ་མིན་མིའི་ནད་གདོན་བར་ཆད་སོགས་སེལ་བའི་ཆེད་དུ་སྲོག་ཆགས་ཚེ་ཐར་དུ་བཏང་ནས་ཡུལ་ལྷར་འབུལ་བའམ་སྲོག་ཐར་བར་བྱེད་པའི་སྲོལ་ཞིག་ཀྱང་ཡོད་པ་རེད།
     གང་ལྟར། བོད་མིའི་བླ་ཡི་བསམ་བློ་ལས་བོད་དུ་སྲོག་ཆགས་ཀྱི་ཚེ་བླུ་བའི་རིག་གནས་སྣང་ཚུལ་ཞིག་བྱུང་ལ། སངས་རྒྱས་ཆོས་ལུགས་བོད་དུ་རྒྱ་ཆེར་དར་བ་དང་བསྟུན་ནས། ཚེ་བླུའི་རིག་གནས་ཀྱི་རྣམ་པ་དེ་ཡང་རིམ་གྱིས་ཚེ་སྲོག་ལ་འདྲ་མཉམ་དུ་ལྟ་བ་དང་། ཚེ་སྲོག་གཅེས་སྤྲས་དེ་བརྫོད་གཞིར་གྱུར་བའི་སངས་རྒྱས་ཆོས་ལུགས་ཀྱི་གཙོ་རྒྱུགས་བསམ་བློའི་ཕྱོགས་སུ་འགྱུར་ལྡོག་བྱུང་སྟེ་ཚེ་ཐར་གྱི་རྣམ་པར་འཕོས་པ་ལོས་ཡིན་སྙམ་པའི་དོགས་པ་ཞིག་ལས། དེའི་འབྲེལ་ཡོད་ཀྱི་འཕེལ་འགྱུར་སྐོར་གྱི་རྒྱུ་ཆ་ཞིག་ད་སྔ་གུས་པོའི་ལག་ཏུ་མ་སོན་པས་དཔྱད་གཞིར་ལྷག་གོ།
     གསུམ། ཚེ་ཐར་གྱི་རིགས།
     ཚེ་ཐར་དེ་ཡང་ཚེ་ཐར་གཏོང་ཡུལ་སྲོག་ཆགས་དང་སྐྱེ་དངོས་ཀྱི་ངོས་ནས་དབྱེ་བ་དང་དགོས་ཆེད་སྟེ་མིའི་དགོས་པ་གང་གི་ཆེད་དུ་ཚེ་ཐར་གཏོང་བའི་ངོས་ནས་དབྱེ་བ་སྟེ་རིགས་གཉིས་དགར་ཆོག་པར་སྙམ།  
     1 ཚེ་ཐར་གཏོང་ཡུལ་གྱི་ངོས་ནས་དབྱེ་ན།
     (1) སྲོག་ཆགས་ཀྱི་རིགས་ལ་སྒོ་ཟོག་རྟ་དང་ནོར། ལུག  ར་མ་དང་། བྱ་བྱེའུ རི་དྭགས་ཆུང་ངུའི་རིགས། ①ཆུ་ནང་གི་ཉ་མོ་སོགས་སོ།། སྲོག་ཆགས་དེ་རྣམས་ཀྱི་སྲོག་ཐར་བར་བྱས་རྗེས་སྲོག་ཆགས་དེ་རྣམས་མང་ཤོས་ལ་རྣ་ཚར་རེ་བཏགས་ནས་ཁོ་རང་ལ་འཚམ་པའི་ཁོར་ཡུག་ཅིག་ཏུ་གཏོང་བ་རེད།
     (2)སྐྱེ་དངོས་ཀྱི་རིགས་ལ་ཤུག་པ། སྡོང་པོ། སྤེན་མ་སོགས་ཡོད་དོ། ། དེ་རྣམས་མང་ཆེ་བར་ཁ་བཏགས་དང་ཚེ་དར་རེ་བཏགས་ནས་ཚེ་བླུར་བཏང་བའི་རྟགས་མཚོན་པར་བྱེད་པ་ཡིན། གནའ་བོའི་ཤིང་སྡོང་ཆེན་པོ་ལ་དར་ལྕོག་གམ་ཇོ་དར་བཏགས་ནས་མཆོད་པ་བྱ་སྲོལ་ཡོད་ལ།  “དེ་མིན་ཚོང་བ་ག་གེ་མོ་དང་རླབས་ཆེན་གྱི་སྐྱེས་བུ་སུ་དང་སུའི་བླ་ཤིང་ཡིན་པའི་བཤད་སྲོལ་ཡོད་པས་དེ་ལ་གཅེས་སྤྲས་བྱེད། ཡང་ཤིང་སྡོང་ལ་ལའི་ཡལ་ག་ཐམས་ཅད་བལ་སྐུད་སོགས་ཀྱིས་གཡོགས་ནས་ཤིང་ལ་ཚེ་ཐར་བྱ་སྲོལ་ཡོད།  ”② 
     2 ཚེ་ཐར་གཏོང་བའི་དགོས་པའི་ངོས་ནས་དབྱེ་ན།
     (1) སྲོག་བླུ། སྲོག་བླུའམ་སྲོག་བསླུ། སྲོག་གླུད། ཚེ་བླུ་ཞེས་པ་མདོར་ན་དོན་གཅིག་མིང་གི་རྣམ་གྲངས་ཏེ་སྲོག་ཆགས་གང་རུང་ཞིག་གི་སྲོག་གམ་ཚེ་ཐར་བར་བྱས་པའམ་ཉོས་པའི་དོན་ཏེ། སྲོག་ཐར་ཞེས་པ་ནི་སྲོག་གཅད་པར་འོས་པ་ཞིག་སྲོག་མ་བཅད་པར་གློད་པའི་མིང་③ཞེས་དང་མིའི་ནད་གདོན་བར་ཆད་གང་རུང་སེལ་བའི་ཆེད་དུ་སྲོག་ཆགས་དང་སྐྱེ་དངོས་གང་རུང་ཞིག་ཚེ་ཐར་ལ་གཏོང་བའམ་སྲོག་ཉེན་ལ་ཐུག་ཡོད་པའི་སྲོག་ཆགས་གམ། མང་ཆེ་བ་ཤན་པས་ལག་ཏུ་རལ་གྲི་བཟུང་ནས་གསོད་རྒྱུའི་གྲ་སྒྲིག་བྱེད་བཞིན་པའི་ཡུལ་གང་རུང་ཞིག་ཡིན་དགོས་ལ། གལ་ཏེ་རལ་གྲིའི་ཁར་འཆོར་ལ་ཉེ་བའི་སྲོག་ཆགས་གང་ཞིག་གི་ཚེ་སྲོག་བླུས་པ་ཡིན་ཚེ།  དེའི་མིང་ལ་ཚེ་བླུ་ཞེས་ཟེར་ཞིང་། དེ་ཡི་ཚེ་བླུས་པ་ལ་བརྟེན་ནས་བདག་པོ་གང་རུང་དེའི་ནད་གདོན་བར་ཆད་སོགས་ཀྱང་སེལ་བར་བཤད། ད་དུང་མགོ་ནག་མིའི་དགོས་པ་གང་གི་ཆེད་དུ་ཡང་མ་ཡིན་པར་སྲོག་ཉེན་ལ་ཐུག་པའི་སྲོག་ཆགས་གང་རུང་གི་ཚེ་ཐར་དུ་བཅུག་ཚེ་དེ་ལ་ཡང་ཚེ་བླུ་ཞེས་འབོད་ཆོག
     གཞན་ཡང་མི་རྣམས་ཀྱིས་དུས་རྒྱུན་ཤུག་སྡོང་དང་གསོམ་སྡོང་སོགས་ཀྱང་ཚེ་བླུར་གཏོང་སྲོལ་མཆིས། གང་ཞིག་ཚེ་བླུར་བཏང་རྗེས་མཐོ་དཔོན་པོ་དང་དམན་མི་སེར་སུས་ཀྱང་དེའི་ཚེ་སྲོག་ལ་གནོད་པ་དང་བར་ཆད་གཏོང་བའི་སྲོལ་མེད་དོ། །
     (2) ཚེ་ཐར། ཚེ་ཐར་ཞེས་པ་ནི་ཚེ་བགེགས་བར་ཆད་ལས་ཐར་བར་བྱེད་པའི་དཀར་ཕྱོགས་ཀྱི་ལས་ཤིག་དང་། ཚེ་རིང་དུ་བསྲིངས་པར་སྐུལ་སྨོན་ཅན་གྱི་ཆོ་ག་ཞིག་ཡིན། དེ་དང་ཚེ་བླུ་ལ་ཁྱད་པར་ཆེན་པོ་མེད་དེ། དེ་གཉིས་ཀ་སྲོག་ཆགས་དང་སྐྱེ་དངོས་གང་རུང་གི་སྲོག་ཐར་བར་བྱས་པའི་དོན་ཡིན་པ་རེད། ཡིན་ཡང་། དེ་དང་སྲོག་ཐར་ལ་ཁྱད་པར་ཅུང་མཆིས་སྟེ། འབྲས་བུ་སྲོག་ཐར་བར་བྱས་པ་ནི་གཅིག་འདྲ་ཡིན་ན་ཡང་ཐར་བར་བྱས་པའི་གོ་རིམ་དང་ཆོ་གའི་སྟེང་ན་ཁྱད་པར་ཅུང་ཟད་ཡོད་པ་རེད། ཚེ་ཐར་ནི་སྲོག་ཆགས་དང་སྐྱེ་དངོས་གང་རུང་གི་སྲོག་ཐར་བར་བྱས་པའི་དོན་ཡིན་པ་ལས། དེ་ཉིད་སྲོག་ཉེན་ལ་ཐུག་ཡོད་མེད་མང་པོ་ཡོད་པ་རེད། སྲོག་ཐར་ནི་ངེས་པར་དུ་སྲོག་ཉེན་ལ་ཐུག་ཡོད་པའམ་སྐེ་ལ་གྲི་ཚད་ཡོད་པའི་སྲོག་ཆགས་གང་རུང་ཞིག་གི་ཚེ་ཐར་བར་བྱས་པ་ཞིག་ཡིན་དགོས་པ་རེད།
     (3) ཡུལ་ལྷར་འཐེན་པ།  
     བོད་ཀྱི་མེས་པོ་རྣམས་ལ་ནི་རི་རྒྱལ་ཆེན་པོ་རེ་ལྟེ་བ་བྱས་ཏེ་ཚོ་བ་ཆགས་པའི་གོམས་སྲོལ་ཞིག་ཆགས་ཡོད་པ་རེད། དེ་ཡང་རི་རྒྱལ་ཆེན་པོ་རེ་རེ་ནི་ཁོ་ཚོའི་བླ་སྲོག་གནས་སའམ་ཡུལ་ལྷ་གཞི་བདག་གནས་ས་ཡིན་པར་ཁས་འཆེས་པས་ན། རི་རྒྱལ་དེའི་ཡུལ་ལྷ་ལ་སྒོ་ཕྱུགས་ནང་གི་སྤུ་ཁ་ལེགས་ཤོས་དང་། གཟུགས་གཞི་སྟོབས་ཤོས། སྤུ་མདོག་སྒོ་ཕྱུགས་གཞན་ལས་ལྟོས་བཅས་ཀྱིས་ཁྱད་དུ་འཕགས་པའི་གཡང་ནོར་རེ་འབུལ་བའི་ཡུལ་སྲོལ་ཞིག་ཡོད་པ་རེད། དཔེར་ན། ཁྱིམ་ཚང་རེ་རེ་ལ་གཞི་བདག་གཙོ་བོ་ཞིག་ཡོད་པ་རེད་ལ། གཞི་བདག་དེར་ཁྱིམ་ཚང་དེའི་གཡང་ར་སྒོ་བཞི་ལས་རེ་རེ་ཕུལ་བའི་སྲོལ་ཡོད་པ་རེད། སྒོ་ཕྱུགས་དེ་རྣམས་གཞི་བདག་དེར་འཐེན་པའི་རྗེས་སུ་དེའི་མིང་ཡང་བརྗེ་དགོས་ཏེ། དེ་རྣམས་ལ་ལྷ་གཡག་དང་། ལྷ་ལུག  ལྷ་རྟ་རྐྱང་ངེ་། མགོན་རྟ། ལྷ་ར་དཀར་པོ་ཞེས་འདོགས་སྲོལ་ཡོད། གལ་ཏེ་གཡག་ཅིག་འཐེན་ཚེ། དུས་རྒྱུན་འབྲོག་མི་རྣམས་ཀྱིས་དེའི་མིང་“ལྷ་གཡག་” གམ“གཤོས”ཞེས་འབོད། དེར་མ་ཟད་ལྷ་གཡག་གམ་གཤོས་སུ་བདམས་རྗེས་ཁལ་ལྕི་མོ་མི་འགེལ་ཞིང་། མནོལ་གྲིབ་གདན་ནས་གཏོང་ཆོག་གིན་ཡོད་པ་མ་རེད། གལ་ཏེ་གཞི་བདག་གང་དེར་འཐེན་ཡོད་པའི་སྒོ་ཕྱུགས་དེ་ལ་མནོལ་གྲིབ་ཕོག་ཚེ་ཁྱིམ་ཚང་དེའི་ལྷ་འཁྲུགས་ནས་བགེགས་དང་། ནད་གདོན། བར་ཆད་སོགས་འབྱུང་བར་བཤད་སྲོལ་མཆིས་སྐད། འབྲོག་མི་རྣམས་ཀྱིས་ལྷ་གཡག་དང་ལྷ་ལུག  ལྷ་ར། ལྷ་རྟ་སོགས་སུ་བདམས་རྗེས་དེ་ལ་དུས་རྒྱུན་གཅེས་སྤྲས་ལེགས་པོ་བྱེད་དགོས་པ་མ་ཟད། ཚེ་གང་བོར་དེའི་ཚེ་ལ་གནོད་པ་བཟོས་ཆོག་པ་མ་རེད། གལ་ཏེ་ཡུལ་ལྷ་ལ་འཐེན་པའི་ཚེ་ཐར་གང་ཞིག་ལོ་ན་བགྲེས་ཏེ་ཤི་བའམ་ནད་བྱུང་སྟེ་ཤི་བ་སོགས་ཡིན་ན། སླར་ཡང་གཞན་ཞིག་དེའི་ཚབ་ཏུ་ཚེ་ཐར་གཏོང་བའི་སྲོལ་ཡོད། ད་དུང་ཚེ་གཡོག་ཅེས་ཚེ་ཐར་གྱི་རིགས་རྣམས་ལ་དམིགས་བསལ་གྱིས་རྒན་གཡོག་དང་སྲུང་སྐྱོང་བྱེད་པའི་སྲོལ་ཡང་མཆིས། དེ་བཞིན་དུ། གཡང་ར་སྒོ་བཞི་ལས་རང་གི་ཡུལ་ལྷ་སྲོག་ཆགས་སྣ་རེ་འཐེན་པའི་སྲོལ་ཞིག་ད་ལྟའི་བར་དུ་མ་ཉམས་པར་གནས་ཡོད་པ་འདི་ཡང་བོད་མིའི་གནའ་བོའི་རིག་གནས་ཤིག་གི་རྒྱུན་བསྐྱངས་པ་ཡིན་པར་སེམས་ཤིང་། དེ་ཡང་ཚེ་ཐར་གྱི་རིགས་ཤིག་ཏུ་ཡང་བགྲངས་ཆོག་པར་སྙམ།
གཉིས་པ། ཚེ་ཐར་གྱི་ཆོ་ག་སྤེལ་སྟངས།
     ལོ་རེའི་ཚེ་ཐར་གྱི་ཆོ་ག་སྤེལ་བ་ལ་རྩེ་ཁོག་ས་ཆའི་དམངས་ཁྲོད་དུ་ལྷ་ཁ་གསོ་བ་ཞེས་འབོད། ཚེཐར་གཏོང་བའི་ཆོ་ག①དེ་ནི་འབྲོག་ཕྱོགས་ལ་མཚོན་ན་ལོ་རེའི་ལོ་མགོ་ལ། ཁྱིམ་ཚང་གཅིག་གི་ཆེས་གལ་ཆེ་བའི་དོན་དག་ཅིག་ཏུ་བརྩི་བ་རེད་ལ། དེའི་ཆོ་ག་སྤེལ་བ་དེ་ཡང་གོ་རིམ་ཡོད་ཅིང་བརྩི་འཇོག་བྱ་དགོས་པའི་དོན་དག་ཀྱང་མང་པོ་ཡོད་པའི་རིག་གནས་ཀྱི་སྣང་ཚུལ་ཤིག་ཆགས་ཡོད་པ་རེད། གཤམ་དུ་དེའི་ཆོ་གའི་གོ་རིམ་རྣམས་ཅུང་ཟད་བརྗོད་ན་འདི་ལྟ་སྟེ།
གཅིག  སྟབས་བདེའི་ཚེ་ཐར་ཆོ་ག་སྤེལ་སྟངས།
     ཚེ་ཐར་གཏོང་བའི་ཆོ་ག་སྤེལ་ཚུལ་ལ། ཁྱིམ་མི་དང་གཉེན་ཉེ་སུ་ཞིག་གི་ཚེ་ལ་བར་ཆད་འབྱུང་ཉེན་ཆེ་བའི་ན་ཚ་སོགས་བྱུང་ཚེ། རྟ་ནོར་ར་ལུག་གང་རུང་ཞིག་རང་གི་བླ་མཆོད②ཀྱི་དྲུང་དུ་ཁྲིད་དེ་ཚེ་ཐར་གནང་རོགས་ཞེས་ཞུ་དགོས་ཤིང་། བླ་མཆོད་དེས་མགོན་པོ་ཚེ་དཔག་མེད་ཀྱི་མཚན་གཟུངས་དུད་འགྲོ་དེའི་རྣ་བར་བསྒྲགས་ཤིང་དུས་དེ་ནས་བཟུང་སེམས་ཅན་དེ་སྲོག་འཕྲོག་པའི་འཇིགས་པ་ལས་གྲོལ་བ་ཡིན་པ་དང་། དེའི་བདེན་མཐུ་ལ་བརྟེན་ནས་སྦྱིན་བདག་གི་ཚེ་གེགས་ཀྱི་བར་ཆད་ཞི་ཞིང་། ཚེ་བསོད་རྒྱས་པ་དང་། སྦྱིན་བདག་དང་དུད་འགྲོ་བཅས་མཐར་ཐུག་མངོན་མཐོ་དང་ངེས་ལེགས་ཀྱི་གོ་འཕང་འཐོབ་པའི་སྨོན་ལམ་དང་ཤིས་བརྗོད་མང་དུ་མཛད་པའི་མཐར། ཚེ་སྐུད་ཅེས་པ་རས་སྣའམ་བལ་སྐུད་གང་རུང་ཚོན་དམར་ཅན་གྱི་རྣ་ཚར་ཞིག་གནང་བ་དང་། སྦྱིན་བདག་དེས་རྣ་ཚར་དེ་དག་ཚེ་ཐར་གྱི་རྣ་བ་གཡས་གཡོན་དུ་འདོགས་པའི་སྲོལ་ཡོད།  
གོ་རིམ་དང་པོ། ཚེ་ཐར་གྱི་སྔོན་འགྲོའི་ཆོ་ག་སྟེ་བླ་མཆོད་གདན་འདྲེན་དང་ཚེ་དར་བཟོ་བ།  
     དེའང་སྦྱིན་བདག་གམ་ཁྱི་མ་ཚང་གིས་ཉིན་བཟང་སྐར་བཟང་ཞིག་ལ་ཚེ་སྐུད་དམ་ཚེ་དར་བཟོ་དགོས་པ་དང་། ལྷ་ལ་མཆོད་བཤམས་དང་། གཞི་བདག་འཁོར་སྲུང་ལ་ལྷ་བསང་གཏོང་བ་སོགས་ཀྱི་སྒྲུབ་མཆོད་སྣ་ཚོགས་བྱས་ཏེ། ཁྱིམ་མིའི་ནད་ཚ་དང་ཕྱུགས་ཀྱི་གོད་ཁ་བཟློག་པའི་སླད་དང་། ལྷག་པར་དུ་ཁྱིམ་མི་རེ་རེ་ཚེ་རིང་བོ་ཡོང་བ་དང་། ཚེ་གེགས་ཀྱི་བར་ཆད་ཞི་བ། ཚེ་བསོད་རྒྱས་པ། འདོད་དོན་འགྲུབ་པ་བཅས་ལ་དམིགས་ནས་ཁྱིམ་ཚང་གིས་ཚེ་ཐར་གཏོང་བ་ཡིན། ཚེ་ཐར་མ་བཏང་བའི་ཡར་སྔོན་དུ། ཁྱིམ་ཚང་དེ་རང་གི་བླ་མཆོད་ཁྱིམ་དུ་བསུས་ཏེ་ཚེ་ཐར་གྱི་སྔོན་འགྲོའི་ཆོ་ག་རྣམས་བསྒྲུབ་པར་བྱེད་པ་རེད། ཚེ་ཐར་མ་བཏང་བའི་སྔོན་ཉིན་གྱི་དགོང་མོར་ནོར་ལུག་ལྷས་ལ་བསྐྱིས་རྗེས། བླ་མཆོད་ཀྱིས་སྒོ་ཕྱུགས་ལ་གཙང་སྦྲ་བྱེད་དགོས་པ་རེད།
གཉིས། རྒྱུན་ལྡན་གྱི་ཚེ་ཐར་ཆོ་ག་སྤེལ་སྟངས།
གོ་རིམ་གཉིས་པ། ཚེ་ཐར་གཏང་བྱའི་སྒོ་ཟོག་གདམ་པ།

     སྤྱིར་བཏང་གི་ཚེ་ཐར་ལ་གཏོང་བ་དང་ལོ་རེའི་ལོ་མགོའི་ཁྱིམ་ཚང་གི་ལྷ་ཁ་གསོ་བའི་ཚེ་ཐར་དེ་གཉིས་ཀྱི་ཆོ་ག་ལ་ཁྱད་པར་ཅུང་ཟད་འདུག་སྟེ། སྤྱིར་བཏང་གི་ཚེ་ཐར་ནི་མི་གང་ཡང་རུང་བ་ཞིག་ཚེ་ལ་བགེགས་བར་ཆད་མི་འབྱུང་བའི་ཆེད་དུ་སྲོག་ཆགས་གང་རུང་ཞིག་གི་ཚེ་ཐར་བར་བྱེད་པ་དེ་ཡིན་ལ། ཁྱིམ་ཚང་གི་ལྷ་ཁ་གསོ་བའི་ཚེ་ཐར་དེ་ནི་ཁྱིམ་ཚང་དེའི་ཡུལ་ལྷ་གཞི་བདག་གི་ཆེད་དུ་ཚེ་ཐར་གཏོང་བ་ཡིན་པས། ཚེ་ཐར་གཏོང་བའི་གོ་རིམ་ཁྲོད་དུ་ཡུལ་ལྷ་ལ་འཐེན་རྒྱུའི་སྒོ་ཕྱུགས་དེ་བླ་མཆོད་ཀྱིས་མོ་རྩིས་བྱས་རྗེས། ད་གཟོད་ཐག་གཅོད་དགོས་པ་ལས་གང་འདོད་དུ་བདམས་ཆོག་པ་ཞིག་མ་ཡིན་ནོ།།  
གོ་རིམ་གསུམ་པ། ཚེ་ཐར་གཏོང་བའི་ཆོ་ག་དངོས།  
     ཚེ་ཐར་གཏོང་བའི་ཉིན་མོ་དེར་ཁྱིམ་དེའི་བླ་མཆོད་གང་དེས་མགོན་པོ་ཚེ་དཔག་མེད་ཀྱི་མཚན་གཟུངས་འདོན་ཅིང་། ཚེ་དབང་ཚེ་སྒྲུབ་བྱེད་ལ། ཚེ་ཐར་ལ་གཏོང་རྒྱུའི་སྒོ་ཕྱུགས་རྣམས་ཀྱི་སྐེ་ལ་ཐགས་པ་གཙང་མ་རེ་བཞག་ནས་སྦྲ་སྒོར་ཁྲིད་ཡོང་སྟེ། མགོན་པོ་ཚེ་དཔག་མེད་ཀྱི་མཚན་གཟུངས་འདོན་པ་དེ་ལ་ཉན་དུ་འཇུག་པ་རེད། དེ་རྗེས་ཁྲུས་ཆུ་དཀར་ནག་འདྲེས་མ་ཞིག་ཁྱེར་ཡོང་སྟེ། ཚེ་ཐར་གཏང་བྱའི་སྒོ་ཕྱུགས་རྣམས་ཁྲུས་བྱེད་པ་ཡིན་ཏེ། ཚེ་ཐར་གཏོང་དུས་སྒོ་ཕྱུགས་དེའི་སོག་པ་དང་། ཐོད་པ། ར་མགོ་བཅས་སུ་མར་རྒྱན་འབྱུག་པར་བྱེད་ཅིང་། རས་སྣའམ་བལ་སྐུད་གང་རུང་སྟེ་དར་ཚོན་སྣ་ལྔ་ཅན་གྱི་ཚེ་དར་དེ་དུད་འགྲོ་དེའི་རྣ་རྩེ་དང་སོག་པར་འདོགས་པ། ད་དུང་དུད་འགྲོ་དེའི་རྔ་རྩེ་ནས་མགོ་བར་འོ་ཆུ་འདྲེས་མའི་ཆུ་གཙང་མ་ཞིག་བླུགས་ཏེ་འཁྲུད་པའི་སྲོལ་བྱེད་ཅིང་། སླར་ཡང་མགོ་ནས་རྔ་རྩེ་བར་ཆུ་གཙང་མ་ཞིག་བླུགས་ཏེ་བཤལ་བ་ཡིན། དེས་མི་གཙང་བ་དང་བཙོག་གྲིབ་སེལ་བ་མཚོན་པ་རེད། མར་རྒྱན་བྱུག་པ་དང་ཚེ་སྐུད་འདོགས་པ་སོགས་ཀྱི་ཞོར་དུ་ཁ་ནས་དེ་རིང་ནས་བཟུང་ཁྱེད་རང་ཚེ་ཐར་དུ་བཏང་བ་ཡིན་པས“བཤས་ནས་ཤ་མི་བཟའ བཙོངས་ནས་རིན་མི་ལེན། བཀོལ་ནས་དོས་མི་འགེལ།  བལ་རྩིད་མི་འབྲེག བཀྲ་ཤིས་པ་ཤོག ཚེ་རིང་བར་སྨོན”①ཞེས་པ་སོགས་ཀྱི་སྨོན་ལམ་དང་ཤིས་བརྫོད་མང་དུ་བྱས་མཐར་ཚེ་ཐར་དུ་གཏོང་བ་ཡིན། མདོར་ན་བོད་ཀྱིས་སྒོ་ཕྱུགས་ཚེ་ཐར་གཏོང་ཚུལ་གྱི་ཕྱག་ལེན་དང་ཆོ་ག་དེ་ས་ཆ་སོ་སོ་ལ་རང་རང་གི་ས་གནས་རང་བཞིན་གྱི་ཁྱད་ཆོས་ཅུང་ཟད་རེ་མངའ་ཡང་སྤྱིའི་ཆ་ནས་ཆོ་ག་ཕྱག་ལེན་གཅིག་ཏུ་སྣང་བས་རེ་ཞིག་རྩེ་ཁོག་ས་ཁུལ་གྱི་ཚེ་ཐར་གྱི་ཆོ་ག་འདི་ཙམ་བགྲངས་ཏེ་འཐུས་པར་བྱའོ། །
གོ་རིམ་བཞི་བ། ཚེ་ཐར་གཏོང་བའི་ཆོ་གའི་མཇུག་བསྡུ་ཚུལ།
     ཁྱིམ་ཚང་དེ་དང་ཁྱིམ་མཚེས་ཀྱི་སྐྱེས་པ་རྣམས་ཀྱིས་ཚེ་ཐར་ལ་བཏང་ཟིན་པའི་སྒོ་ཕྱུགས་དེ་རྣམས་ཁྲིད་དེ་ཁྱིམ་ཚང་དེའི་སྦྲ་ལ་བསྐོར་བ་གསུམ་བྱེད་དགོས་ཤིང་། བླ་མཆོད་ཀྱིས་ལྷ་རྒྱལ་ལོ་ཞེས་བཏོན་པའི་ཚེ་སྐྱེས་པ་དེ་རྣམས་ཀྱིས་ཀྱང《ཀི་ཀི་བསོ་བསོའི》ལྷ་རྒྱལ་འཐེན་པ་དང་ལག་གི་ཞགས་པ་དེ་གནམ་ལ་སྐོར་འདེབས་བྱེད། མཇུག་མཐར་བླ་མཆོད་སྐུ་དངོས་སུ་ཚེ་ཐར་ལ་བཏང་བའི་སྒོ་ཕྱུགས་རྣམས་ཀྱི་རྩར་ཕེབས་ཏེ་ཁྲུས་ཆུ་དཀར་པོ་ཞིག་ཚེ་བླུ་དེ་རྣམས་ཀྱི་ལུས་སྟེང་དུ་གཏོར་རྗེས་ཚེ་ཐར་དུ་བཏང་བའི་སྒོ་ཕྱུགས་རྣམས་རང་རང་གི་ཟོག་ཁྱུར་གཏོང་བར་བྱེད་པ་དང་། ཁྱིམ་ཚང་དེའི་ཚེ་ཐར་གྱི་ཆོ་གའི་མཇུག་ཀྱང་ཡོངས་སུ་བསྐྱིས་པ་ཡིན་ནོ།།
གསུམ་པ། ཚེ་ཐར་རིག་གནས་ཀྱི་དགེ་མཚན།
     རིག་གནས་གང་དང་གང་ཞིག་ཡིན་རུང་། དེ་དར་བ་དང་འཕེལ་རྒྱས་ཕྱིན་པ་ལ་དགེ་སྐྱོན་གྱི་ཕྱོགས་གཉིས་རེ་མཆིས་པས་ན། བོད་ཀྱི་ཚེ་ཐར་རིག་གནས་ཀྱང་དེ་ལས་མ་འདས་ཏེ། ཤེས་རིག་གོང་འཕེལ་འགྲོ་བའི་བརྒྱུད་རིམ་ཁྲོད་དུ། བོད་ཀྱི་ཚེ་ཐར་རིག་གནས་ཀྱི་སྣང་ཚུལ་དེ་ལ་ཡང་ཅུང་མི་ལེགས་པའམ་ཚན་རིག་དང་མི་མཐུན་པ། འཐུས་སྐྱོན་ཤོར་བའི་ཆ་འགའ་རེ་མཆིས་སྟེ། དཔེར་ན། ཚེ་ཐར་ལ་བཏང་བའི་སྲོག་ཆགས་གང་ཞིག་གང་དེའི་ཁོར་ཡུག་ལ་རྒྱུས་ལོན་མེད་པར་ཚེ་ཐར་དུ་བཏང་བ་དེ་སྨན་བླ་སྐྱབས་ཀྱི་ཁ་ཤགས་ཤིག་ཏུ། “སྨད་ཀྱི་གསེར་ཉ་ཁ་སྤུ་ཅན་པོ། སྟོད་ཀྱི་མཚོ་མོ་ཚྭ་ཁུ་ཅན་གྱི་ནང་ལ་བཏང་ན། འདི་སྲོག་ཐར་རེད་དམ་སྲོག་ཐོག་རེད”①ཅེས་བཤད་པ་སོགས་དང་། ད་དུང་བོད་ཀྱི་བླ་སྤྲུལ་རེ་འགས་རང་རིགས་ཀྱི་དཔལ་འབྱོར་གནས་ཚུལ་ལ་གཞིགས་ཏེ་སློབ་གསོའི་ཕྱོགས་ལ་རྒྱབ་སྐྱོར་དང་མཐུན་རྐྱེན་མི་སྦྱོར་བར་རང་ཉིད་ཀྱི་ཁེ་གྲགས་དང་། ལྷག་པར་དུ་བོད་ཀྱི་“རྒྱ་བླ”རྣམས་ཀྱིས་ནི་རང་ལ་གཞན་གྱི་དད་གུས་དང་རྒྱུ་ནོར་འཐོབ་རྒྱུ་རྐྱང་བའི་ཕྱིར་དུ་ཉ་མོ་ཚེ་ཐར་ལ་གཏོང་བའི་སྣང་ཚུལ་ཀྱི་རིགས་ཀྱང་མ་ཤི་ན་མཐོང་རྒྱུ་མང་པོ་འདུག་པའི་ཚོད་རེད། ཡིན་ཡང་། སྣང་ཚུལ་དེ་ལྟ་བུ་ནི་མི་བྱེ་བྲག་པའི་བཟོས་པ་ཡིན་པས་དེ་སྤྱིའི་ཆ་ལ་འགེབ་པར་མི་རིགས་པར་སྙམ། ཡིན་ཡང་། དེ་ནི་བོད་ཀྱི་ཚེ་ཐར་རིག་གནས་ཀྱི་ཁྲོད་དུ་གནད་དོན་ཞིག་ཏུ་ལྷགས་འདུག་པ་རེད།
     བོད་མི་རིགས་སྤྱི་ཆ་ནས་བཤད་ན། ཚེ་ཐར་རིག་གནས་ཀྱི་སྣང་ཚུལ་དེའི་ཁྲོད་དུ་དགེ་མཚན་གྱི་ཆ་ཡང་མང་པོ་འདུག་པ་མཟད། ལྷག་པར་དུ། དེང་སང་ཀུན་གྱིས་སྐྱེ་ཁམས་ཀྱི་གནད་དོན་དང་མི་དང་རང་བྱུང་ཁམས་བར་གྱི་འཆམ་མཐུན་མཉམ་གནས་སོགས་གོ་ལ་ཧྲིལ་བོའི་རང་བཞིན་གྱི་གནད་དོན་མང་པོ་ཞིག་གླེང་ཡོང་དུས། བོད་ཀྱི་ཚེ་ཐར་རིག་གནས་འདིའི་དགེ་མཚན་ཡང་མ་གླེང་ཐུ་མེད་ཡིན་པར་སྙམ་མོ། །
གཅིག མི་དང་སྲོག་ཆོགས་འཆམ་མཐུན་ཡོང་བ།
     དེ་ཡང་རྒྱལ་སྲས་ཞི་བ་ལྷས། “རང་གི་ལུས་ལ་དཔེ་བླངས་ནས། གཞན་ལ་གནོད་པ་མ་བྱེད་ཅིག”ཙས་པ་ལྟར། བོད་མི་རིགས་ནེ་བྱམས་པ་དང་སྙིང་རྗེ་ཅན་གྱི་མི་རིགས་ཤིག་ཏུ་ཀུན་གྱིས་བགྲངས་པར་བྱེད་ལ། དོན་ལ་ཡང་དེ་ལྟར་ཡིན་ཏེ། ལྟོས་བཅས་ཀྱིས་གཞན་གྱི་ཚེ་སྲོག་ལ་གནོད་པ་བྱེད་པ་ཤིན་ཏུ་ཉུང་། མ་ཟད་བོད་ཀྱི་ཚེ་ཐར་གཏོང་བའི་རིག་གནས་ཀྱི་རྣམ་པ་དེ་གཞན་གྱི་ཚེ་སྲོག་ལ་གཅེས་སྤྲས་ཀྱི་རྨང་གཞིའི་སྟེང་ནས་བྱུང་བའི་དམངས་སྲོལ་ཁྱད་པར་བ་ཞིག་ཀྱང་ཡིན་ནོ། །
     གཞན་ལ་འཚེ་བ་མི་བྱེད་པ་དང་། རང་གཞན་གྱི་ཚེ་སྲོག་གི་རིན་ཐང་དེ་འདྲ་མཉམ་དང་བརྩི་བཀུར་གྱི་སྟེང་ནས་གཞན་ལ་འཚེ་བ་དོར་བ་དང་། གཞན་འཇིགས་སྐྲག སྡུག་བསྔལ་ལས་ཐར་བར་བྱེད་པའི་བྱ་སྤྱོད་དེ་ནི་ཀུན་གྱི་བསྔགས་བརྗོད་ཀྱི་གནས་ཤིག་ཡིན་པ་སོགས་འདིའི་སྐོར་ལ་དམ་པ་ལྷ་ཆོས་ལས་མང་པོ་གསུང་ཡོད་པས་འདིར་རྒྱས་སྤྲོས་མི་བྱའོ།།
གཉིས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ།
     བོད་ནི་གནའ་བོའི་ཤེས་རིག་དར་བའི་མི་རིགས་ཤིག་ཡིན་པས། དམངས་ཁྲོད་ཀྱི་ལུགས་སྲོལ་དང་གོམས་གཤིས་ཐམས་ཅད་ལ་ཡང་བོན་དང་བན་གྱི་ཆོས་གཉིས་གྱི་ཤན་ཞུགས་ཡོད་པ་ཤ་སྟག་ཡིན།  བོན་གྱིས་འཇིག་རྟེན་གྱི་ཁམས་འདི་ལྷ་ཀླུ་མི་གསུམ་གྱིས་གྲུབ་པར་སྣང་བས། གཅིག་ལ་གནོད་པ་བྱས་ཚེ་ཅིག་ཤོས་ལ་གནོད་པ་ཐེབས་འགྲོ་བའི་ལྟ་བ་བཏོན་པ་དང་། སྐྱེ་འགྲོ་ཐམས་ཅད་ལ་བླ་ཡོད་པར་སེམས་པས་བླ་བསླུ་དང་། སྲོག་བླུའི་ཆོ་ག་བྱུང་ཞིང་། དེས་མི་དང་རང་བྱུང་ཁམས་བར་གྱི་སྙོམས་སྒྲིག་དང་འཆམ་མཐུན་ལ་ནུས་པ་བླ་ལྷག་ཏུ་སྤེལ་བས། ལྷ་གསོལ་བསང་གཏོང་། མོ་དཔྱད་རྩིས་འདེད་ལུགས་སྲོལ་དང་། བན་གྱི་འཇིག་རྟེན་གྱི་ཁམས་ནི་རྟེན་ཅིང་འབྲེལ་བར་འབྱུང་བས་རྟེན་འབྲེལ་གྱི་རིག་པ་རྩལ་དུ་བཏོན་ནས་ཕྱིའི་རྒྱུ་འབྲས་དང་། ནང་གི་རྒྱུ་འབྲས། གསང་བའི་རྒྱུ་འབྲས་ཀྱི་སྟེང་ནས་འཇིག་རྟེན་གྱི་ཆགས་གནས་འཇིག་སྟོང་བརྗོད་པ་དང། མི་དང་རང་བྱུང་ཁམས། མི་དང་དུད་འགྲོ་དང་སེམས་ཅན་ཐམས་ཅད་ཀྱི་བར་དུ་རྒྱུ་འབྲས་དོ་མཉམ་གྱི་ལྟ་བ་བཏོན་ནས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་མཐར་ཐུག་ཅིག་ལ་སྙེགས་པ་ལས། སྲོག་གཅོད་པ་དང་མ་བྱིན་ལེན། མི་ཚངས་སྤྱོད་ལ་སོགས་པའི་མི་དགེ་བ་བཅུ་སྤོང་དགོས་པའི་བླང་བྱ་བཏོན་པ་ལྟར་རིག་གནས་ནི་མི་རིགས་ཤིག་གི་བསམ་བློའི་སྲོག་རྩ་ཡིན་པས་དམངས་ཁྲོད་ཀྱི་གོམས་སྲོལ་ཡང་དེ་དང་རྗེས་ཟློས་ལགས།
     སའི་གོ་ལའི་ཡུལ་གྲུ་གཞན་དག་ཏུ་དྭངས་གསལ་གྱི་གསོན་ཤུགས་ཉམས་ཤིང་ཉིན་རེར་ཁོར་ཡུག་གི་གནད་དོན་ཚབས་ཆེར་འགྲོ་བཞིན་པའི་དེང་གི་དུས་སུ། གངས་ཀྱི་ནི་ར་བ། ཆུ་བོའི་ནི་མགོ་ཁུངས། རི་མཐོ་ས་གཙང་གི་མདོ་དབུས་མཐོ་སྒང་འདིར་ང་ཚོས་གཏོར་བརླག་དང་སྦགས་བཙོག་མ་ཐེབས་པའམ་ཐེབས་པ་ཆེས་ཆུང་བའི་དྭངས་གཙང་གི་གཞིས་ཁྱིམ་མཆོག་གྱུར་ཞིག་ཏུ་ངོས་འཛིན་པར་བྱེད། འདི་ནི་བོད་མི་རིགས་ཀྱིས་སྐྱེ་ཁམས་ཁོར་ཡུག་ལ་བཟུང་བའི་འདུ་ཤེས་དང་རྣམ་འགྱུར་ལས་ཐད་ཀར་བསྐྱེད་པའི་འབྲས་བུ་ཤ་སྟག་ཡིན་ཞིང་། ཟུར་གཞན་པ་ཞིག་ནས་བལྟས་ན། འདི་ནི་བོད་མིའི་གནའ་དེང་གི་ཆོས་ལུགས་དད་མོས་དང་ཡུལ་སྲོལ་གོམས་གཤིས་ཀྱི་སྟོབས་ལས་བྱུང་བའི་འབྲས་བུའང་ཡིན་ངེས།
གསུམ། མིའི་རིགས་ཀྱི་འཚོ་གནས་ལ་དང་དོད།
     ང་ཚོ་མིའི་རིགས་འདི་བསྐལ་བ་སར་ཆགས། བ་སོའི་ཁར་ཆགས་ནས་ད་ལྟའི་བར་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་གོང་འཕེལ་དང་འཕེལ་རྒྱས་བླ་ལྷག་སོང་ཡོད་པ་དང་། ཉིན་རེ་ནས་ཉིན་རེར་གོང་འཕེལ་འགྲོ་བཞིན་འདུག་གོ། ཡིན་ཡང་། ང་ཚོས་འཕེལ་རྒྱས་ཁོ་ན་ལ་སྙེགས་པ་མང་དྲགས་པས། ཡོ་རོབ་གླིང་སོགས་སུ་བཟོ་ལས་ཤེས་རིག་ཕྱི་མའི་དུས་སུ་མི་རྣམས་ཀྱིས་རང་གི་འཚོ་གནས་ལ་ཕྱིར་རྟོག་བྱེད་པའི་དུས་ཤིག་བྱུང་ཞིང་། སྐབས་དེར་མི་རྣམས་ཀྱི་བསམ་པར་ང་ཚོའི་སྤྱི་ཚོགས་གོང་འཕེལ་དང་མདུན་སྐྱོད་བྱས་བྱས་མཐར། ཡང་སྙིང་ང་ཚོ་ལ་ཅི་ཞིག་ཐོབ་འདུག་གམ་ཞེས་མནོ་བསམ་གཏོང་དུས། མིའི་རིགས་ཀྱིས་དངོས་པོའི་དཔལ་ཡོན་སྙེགས་དྲག་པས་བསམ་པའི་དཔལ་ཡོན་ནམ།  མིའི་བདེ་སྐྱིད་དེ་ལྟོས་བཅས་ཀྱིས་ཡལ་བར་དོར་ཟིན་པའི་ངེས་ཤེས་རྙེད། ཅེས་ད་ལྟའི་ཡོ་རོབ་གླིང་གི་མཚན་ཉིད་རིག་པ་དང་། སྐྱེས་ཆེན་མང་པོའི་གསུང་སྒྲོས་སུ་མང་དུ་མཐོང་ཐུབ་བོ།།
     རྒྱུ་མཚན་དེའི་ངོས་ནས་བལྟས་ཚེ། བོད་ཀྱི་ཚེ་ཐར་གཏོང་བའི་རིག་གནས་ཀྱི་རྣམ་པ་དེ་ནི་གཅིག་ན་མི་རིགས་རང་གི་ཐུན་མོང་མ་ཡིན་པའི་ས་ཁུལ་རང་བཞིན་གྱི་རིག་གནས་རྣམ་པ་ཞིག་རེད་ལ། གཉིས་ན་བོད་ཀྱི་ཚེ་ཐར་གཏོང་བའི་ཆོ་ག་དེ་ནི་མི་དང་སྲོག་ཆགས། མི་དང་སྐྱེ་དངོས་སམ་རང་བྱུང་ཁམས་བར་གྱི་འཆམ་མཐུན་མཉམ་གནས་ལ་ཁོར་ཡུག་བཟང་པོ་ཞིག་བསྐྲུན་བྱེད་ཅིག་རེད། ཟུར་ངོས་གཞན་ཞིག་ལྟོས་ཚེ། དེས་སྐྱེ་དངོས་དང་། སྲོག་ཆགས་འབུ་གྲོག་ཡན་ཆད་ཀྱི་ཚེ་སྲོག་ཐམས་ཅད་ཀྱི་ཚེ་སྲོག་གི་རིན་ཐང་ལ་གོང་བཀུར་དང་། བརྩི་འཇོག་བྱས་པ་དང་། ཡང་གཅིག་བཤད་ན། དེ་ནི་བོད་ཀྱི་མེས་པོ་རྣམས་ཀྱིས་མིའི་རིགས་ཀྱི་འཚོ་གནས་ལ་དང་དོད་བྱས་པའི་དན་རྟགས་ཤིག་ཀྱང་མ་ཡིན་ནམ།
སྡོམ་བྱང་།
     དེ་ཡང་ཚེ་ཐར་ཞེས་པ་དེ་སངས་རྒྱས་ཆོས་ལུགས་ཀྱི་ནང་དུ་དར་ཁྱབ་ཆེ་བའི་ཆོ་ག་ཞིག་ཡིན་པ་དང་། བོད་ཀྱི་དམངས་སྲོལ་རིག་གནས་ཁྲོད་དུ་སྲོག་བླུ་བའི་རིག་གནས་ཀྱི་རྣམ་པ་དེ་ཅུང་ཁྱབ་ཆེ་བར་སེམས་ཏེ། སངས་རྒྱས་ཀྱི་མདོ་དང་སྐྱེས་རབས་གཏམ་རྒྱུད་སོགས་སུ་གཞན་། སྲོག་བཅད་པའི་ཉེས་དམིགས་དང་། ཚེ་སྲོག་ཐམས་ཅད་ལ་འདྲ་མཉམ་དུ་ལྟ་བ་སོགས་ཤིན་ཏུ་མང་པ་དང་། དགེ་སྒྲུབ་སྡིག་སྤོངས་ཀྱི་བསམ་བློ་བཤད་ཡོད་པ་སོགས་ལས་ཤེས་ཐུབ་པར་སྙམ། དེ་མིན་བོད་ཀྱི་ཁོར་ཡུག་གི་རྐྱེན་གྱིས་དམངས་ཁྲོད་དུ་ཡུལ་ལྷའམ་རི་ལྷའི་དད་མོས་དེ་ཤིན་ཏུ་ཁྱབ་རྒྱ་ཆེ་ཞིང་། ཡུལ་ལྷའི་སྒོ་ཟོག་ལ་སྲོག་ཆགས་མང་པོ་ཚེ་ཐར་གཏོང་བའི་ཆོ་ག་དེ་དེང་དུས་ཀྱང་དམངས་ཁྲོད་དུ་མ་ཉམས་པར་ཡོད་པ་རེད། གཞན་བོད་མི་རྣམས་ཀྱིས་མིའི་བླ་ལ་འཁྱམས་རྒྱུ་ཡོད་པར་བཤད་ཅིང་། བླ་འཁྱམས་པ་དེ་ཕྱིར་འགུགས་པའི་ཆེད་དུ་བླ་འགུགས་དང་བླ་བསླུ་སོགས་སྲོག་གླུད་ཀྱི་ཆོ་ག་ཞིག་ཀྱང་དམངས་ཁྲོད་ལྷག་འདུག་པ་བོན་གྱི་ཆོ་གའི་དཔེ་རྙིང་པ①དང་ཏུན་ཧོང་ཡིག་རྙིང་②སོགས་སུ་ཡང་མཐོང་རྒྱུ་འདུག་གོ།  
     དེའི་ཕྱིར། བོད་ཀྱི་ཚེ་ཐར་གྱི་ཆོ་ག་དེ་སངས་རྒྱས་ཆོས་ལུགས་ཀྱི་རྐྱེན་གྱིས་རྒྱ་གར་ནས་ཚུར་བོད་དུ་མཆེད་ཡོང་བ་རྐྱང་རྐྱང་ཞིག་མ་ཡིན་ལ། བོད་རང་གི་བླ་ཡི་དད་མོས་ཁོ་ན་ལས་བྱུང་བ་ཞིག་ཀྱང་མ་ཡིན་པར། དེ་ནི་བོད་རང་གི་དམངས་ཁྲོད་ཀྱི་དད་མོས་གཞིར་བྱས་སངས་རྒྱས་ཆོས་ལུགས་ཀྱི་དགེ་སྒྲུབ་སྡིག་སྤོངས་ཀྱི་བསམ་བློའི་ཤན་ཞུགས་པ་ཡིན་པར་སེམས།
     མདོར་ན། བོད་ཀྱི་ཚེ་ཐར་རིག་གནས་དེ་ནི་རྒྱབ་ལྗོངས་མི་འདྲ་བའི་རིག་གནས་གཉིས་སྟེ། བོད་ཀྱི་གདོད་མའི་ཆོས་ལུགས་སམ་བོད་མིའི་བླ་ཡི་བསམ་བློ་ལས་བོད་དུ་སྲོག་ཆགས་ཀྱི་ཚེ་བླུ་བའི་རིག་གནས་སྣང་ཚུལ་ཞིག་བྱུང་ལ། དེ་རྗེས་སངས་རྒྱས་ཆོས་ལུགས་བོད་དུ་རྒྱ་ཆེར་དར་བ་དང་བསྟུན་ནས། ཚེ་བླུའི་རིག་གནས་ཀྱི་རྣམ་པ་དེ་ཡང་རིམ་གྱིས་ཚེ་སྲོག་ལ་འདྲ་མཉམ་དུ་ལྟ་བ་དང་། ཚེ་སྲོག་གཅེས་སྤྲས་དེ་བརྗོད་གཞིར་གྱུར་བའི་སངས་རྒྱས་ཆོས་ལུགས་ཀྱི་གཙོ་རྒྱུགས་བསམ་བློའི་ཕྱོགས་སུ་འགྱུར་ལྡོག་བྱུང་བའི་དམངས་སྲོག་རིག་གནས་ཤིག་སྟེ། དེ་གཉིས་ནི་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པའི་རིག་གནས་ཀྱི་སྣང་ཚུལ་ཞིག་གམ། བོད་རང་ས་རང་ཡུལ་གྱི་ཁྱད་ཆོས་མངའ་བའི་རིག་གནས་ཀྱི་རྣམ་པ་ཞིག་ཏུ་འཕོས་པ་ཡིན་པར་སྙམ་མོ། །
     རྩོམ་པ་པོ་ངོ་སྤྲོད། བཀྲ་ཤིས་རྒྱལ། ཕོ། ཕ་ཡུལ། མཚོ་སྔོན་རྩེ་ཁོག  ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི2013ལོའི་ཤེས་རམས་པ། མཛུབ་སྟོན་དགེ་རྒན། ཝེ་ཆང་།
①དུང་དཀར་བློ་བཟང་འཕྲིན་ལས། 《དུང་དཀར་ཚིག་མཛོད་ཆེན་མོ》པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོར་པར། ཤོག་ངོས་1507
དུང་དཀར་རིན་པོ་ཆེས་ཀྱང་བླ་ཞེས་པ་དེ《བརྡ་གསར་རྙིང་གི་རྣམ་བཞག་ལི་ཤིའི་གུར་ཁང》ཞེས་པའི་ནང་དུ་བླ་ནི་རུང་བོའམ་ཆོག་པ། བཟོད་པའི་དོན་ལ་འཇུག་པར་བཤད་པ་ལྟར། 《དུང་དཀར་ཚིག་མཛོད་ཆེན་མོ》རུ་བླ་ཞེས་པ་དེ་བྱ་ཚིག་ཅིག་ཏུ་གོ་བ་བླངས་ནས་རུང་བ་དང་། ཆོག་པ། བཟོད་པ་སོགས་ལ་འཇུག་ཞེས་གསུངས་ཡོད་ན་ཡང་། དོན་ལ་བླ་ཞེས་པ་དེ་མིའི་སྲོག་རྟེན་ཞིག་ཏུ་གོ་བ་བླངས་ན་འགྲིག་པར་སྙམ།
①དུང་དཀར་བློ་བཟང་འཕྲིན་ལས། 《དུང་དཀར་ཚིག་མཛོད་ཆེན་མོ》པེ་ཅིན། ཀྲང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོར་པར། ཤོག་ངོསl5ll
②སྲོག་དང་སྙིང་ཞེས་པའི་མིང་འདྲ་ཡང་། དོན་མི་འདྲ་སྟེ། འདིའི་སྲོག་སྟིང་ནི་མི་མ་ཡིན་པ་སོ་སོའི་མིང་ཡོད་པའི་སྔགས་ལ་ཟེར་ཞིང་། དེའི་རྒྱུ་མཚན་ནི་སྔགས་དེ་འདོན་ཏེ་མི་མ་ཡིན་དེ་འབོད་ནས་མ་འོངས་པར་རང་གིས་སྨྲས་པའི་ངག་ལ་མི་ཉན་པ་སོགས་བྱུང་ན་མི་མ་ཡིན་དེ་འཆི་བར་འགྱུར་བ་ཡིན་ཞེས་ཟོར་སྲོལ་ཡོད་ཞེས་གསུངས། དུང་དཀར་བློ་བཟང་འཕྲིན་ལས།《དུང་དཀར་ཚིག་མཛོད་ཆེན་མོ》པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲན་ཁང་། 2002ལོར་པར། ཤོག་ངོས1514
③སེམས་ཅན་རིས་མཐུན་པར་སྔོན་ལས་གྱི་དབང་གིས་ཅི་ཙམ་གནས་ཐུབ་པའི་དུས་ངེས་པ་ཚེ་ཞེས་བརྗོད་པ་སྟེ། དྲོད་དང་རྣམ་ཤེས་ཀྱི་རྟེན་དུ་གྱུར་བ་གང་ཡིན་པ་དེ་ནི་སྲོག་གི་དབང་པོའོ་ཞེས་བརྗོད་དོ། ། ཀྲིང་དབྱི་སུན་གྱིས་གཙོ་སྒྲིག་བྱས་པའི《བོད་རྒྱ་ཚིག་མཛོད་ཆེན་མོ》མི་རིགས་དཔེ་སྐྲུན་ཁང་། 1985ལོར་པར། ཤོག་ངོས2988
④《མངོན་པ་མཛོད》དང་《འདུལ་བ》རུ། སྲོག་ཅེས་པ་ནི་དྲོད་དང་རྣམ་ཤེས་གཉིས་ཀྱི་རྟེན་གཞི་རུ་གྱུར་བའི་དབང་བོ་གཙོ་བོ་ཡིན་པ་དང་། དེ་གཉིས་གནང་ཐུབ་པར་བྱེད་པའི་སྲོག་འཛིན་གྱི་རླུང་དེ་ལ་སྲོག་ཟེར་བ་ཡིན། སྲོག་འཛིན་གྱི་རླུང་དེ་སྙིང་གར་གནས་པ་དང་། དེ་དང་ལྟེ་བར་གནས་པའི་མེ་རླུང་གཉིས་ཁ་སྤྲོད་བྱས་ཏེ་རླུང་བཟུང་ཐུབ་ན་མི་དེ་ཚེ་རིང་བོར་སྡོད་ཐུབ་པ་དང་། སྲོག་ཆད་ཟེར་བ་ནི་རྣམ་པར་ཤེས་པ་གཉིས་བར་གྱི་འབྲེལ་བ་ཆད་ན་རྣམ་ཤེས་དང་ལུས་པོའི་འབྲེལ་བ་ཆད་འགྲོ། ཀྲང་དཔྱི་སུན་གྱིས་གཙོ་སྒྲིག་བྱས་པའི《བོད་རྒྱ་ཚིག་མཛོད་ཆེན་མོ》མི་རིགས་དཔེ་སྐྲུན་ཁང་།1985ལོར་པར། ཤོག་ངོས་2987
⑤དུང་དཀར་རིན་པོ་ཆེས་ཡང་བླ་ཞེས་པ་དེ་བྱ་ཚིག་ཅིག་ཏུ་གོ་བ་བླངས་ནས་རུང་བ་དང་། ཆོག་པ། བཟོད་པ་སོགས་ལ་འཇུག་ཞེས་གསུངས་འདུག  དུང་དཀར་བློ་བཟང་འཕྲིན་ལས། 《དུང་དཀར་ཚིག་མཛོད་ཆེན་མོ》པེ་ཅིན། ཀྲང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོར་པར། ཤོག་ངོས་1506
①མཁར་རྨེའུ་བསམ་གཏན་རྒྱལ་མཚན། 《མདའ་དང་འཕང》སྨད་ཆ། པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007ལོར་པར། ཤོག་ངོསl30
②མཁར་རྨེའུ་བསམ་གཏན་རྒྱལ་མཚན། 《མདའ་དང་འཕང》སྨད་ཆ། པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007ལོར་པར། ཤོག་ངོས130
③ཡང་དུང་དཀར་རིན་པོ་ཆེས་བླ་ཞེས་པ་དེ་“བླ་སྲོག་རྣམ་ཤེས་གསུམ”ཞེས་སྦྱོར་བའི་སྐབས་སུ།  སྲོག་རྟེན་སྲོག་རྩ་རྣམ་ཤེས་གསུམ་ཞེས་བླ་དེ་སྲོག་གི་གཞི་རྟེན་ལ་གོ་བ་བླངས་འདུག དུང་དཀར་བློ་བཟང་འཕྲིན་ལས། 《དུང་དཀར་ཚིག་མཛོད་ཆེན་མོ》པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོར་པར། ཤོག་ངོས་1511
④བླ་རྡོ་སྲོག་འཁོར་ཞེས་སྤྱིར་སྲུང་མ་ཚོ་རང་གིས་བརྟེན་པ་ཡིན་ན་སྲུང་མ་དེའི་བླ་རྡོ་ཞེས་ལྕགས་རྡོ་ཟུར་གསུམ་པ་ལ་སྲུང་མ་དེ་ཡི་སྔགས་དང་འདོད་གསོལ་བྲིས་ནས་དུས་རྒྱུན་དུ་ལུས་ལ་བཅིངས་དགོས་པ་དང་། སྲོག་འཁོར་ཞེས་པ་ནི་རང་གིས་བསྟེན་པའི་སྲུང་མ་དེའི་སྔགས་ཡོད་པའི་འཁོར་ལོ་རས་སམ། ཤོག་བུ་ལ་བྲིས་ནས་བླ་རྡོ་དང་འཁོར་ལོ་གཉིས་པོ་སྲུང་མ་དངོས་ཡིན་པའི་འདུ་ཤེས་བཞག་ནས་འབྲལ་མེད་དུ་ལུས་ལ་བཅིངས་དགོས་པ་ཞིག་ཡིན། དུང་དཀར་བློ་བཟང་འཕྲིན་ལས། 《དུང་དཀར་ཚིག་མཛོད་ཆེན་མོ》པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོར་པར། ཤོག་ངོས་1507
⑤དུང་དཀར་ཚང་གིས། བོན་གྱི་ཆོས་སྐད་དུ། བླ་སྤང་། བླ་མཚོ། བླ་རི་སོགས་ནི་བོད་མིས་རང་ཉིད་ཀྱི་བླ་སྲོག་གནས་སའི་རི་དང་བྲག  མཚེའུ་སོགས་ལ་དར་རྒྱས་དང་ཉམས་རྒུད་ཇི་ལྟར་བྱུང་བའི་རྟགས་མཚན་ལས་རང་ལ་བདེ་སྡུག་དེ་དང་མཐུན་པར་འབྱུང་བ་ཡིན་ཞེས་པའི་བཤད་སྲོལ་མཆིས་ཞེས་བརྗོད་འདུག   དུང་དཀར་བློ་བཟང་འཕྲིན་ལས། 《དུང་དཀར་ཚིག་མཛོད་ཆེན་མོ》པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོར་པར། ཤོག་ངོས་1507-1508
①རང་ཉིད་ཀྱི་བླ་སྲོག་གནས་སའི་རི་དང་མཚོ་སོགས་ལ་དར་རྒྱས་དང་ཉམས་རྒུད་ཇི་ལྟར་བྱུང་བའི་རྟགས་མཚན་ལས་རང་ལ་བདེ་སྡུག་དེ་དང་མཐུན་པར་འབྱུང་བ་ཡིན་པར་སེམས་པ་རེད། དེ་བས་བླ་འམ་སྲུང་མ་བདའ་བ་ཡིན་ཚེ། མི་གང་དེའི་ཚེའི་འཇུག་པ་ཡང་རྫོགས་པ་ཡིན་པར་སེམས་ཀྱིན་ཡོད་པར་སྙམ་པས་དཔྱད་པར་རིགས་སོ། །
②གཉའ་གོང་དཀོན་མཆོག་ཚེ་བརྟན། 《བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2002ལོར་པར། ཤོག་ངོསl6
③དེ་ལ་བན་ཤུལ་དཔལ་མཁར་རྒྱལ་གྱི《གླུད་ཅེས་པའི་ཐ་སྙད་ཀྱི་གོ་དོན་འཇོག་ཚུལ་ལ་དཔྱད་པ》ཞེས་པའི་དཔྱད་རྩོམ་ཞིག་གི་ནང་དུ་འདི་ལྟར་བཀོད་འདུག་སྟེ། གླུད་ཀྱི་གོ་དོན་འཇོག་ཚུལ་འདི་ལྟ་སྟེ། 《བོད་རྒྱ་ཚིག་མཛོད་ཆེན་མོ》ལས་གླུད་ནི་ལུས་ཚབ་ལ་གོ་བ་དང། 《དག་ཡིག་གསར་བསྒྲིགས》ལས་ཆོས་ལུགས་རྨོངས་དད་བྱེད་མཁན་གྱིས་ནད་པའི་ཚབ་ཏུ་གསོད་རྒྱུའི་ཕྱུགས་སམ་ནད་པའི་སྲོག་ཚབ་ཏུ་བཟོས་པའི་མི་ཕྱུགས་ཀྱི་འདྲ་གཟུགས་ཀྱི་མིང་ཡིན་པར་བཤད་པ། 《དུང་དཀར་ཚིག་མཛོད》ལས་གླུད་མ་ནི་སྲོག་ཚབ་ཏུ་གཏོང་བ་སྟེ་མི་གསོན་པོའི་ཚབ་ཏུ་ནོར་ཕྱུགས་སེམས་ཅན་ངོ་མ་གསོད་མེ་དགོས་པར་ཟན་དང་མར་སོགས་ལས་སེམས་ཅན་དེའི་འདྲ་གཟུགས་བཅོས་ནས་སྔགས་དང་སྨོན་ལམ་བཏབ་དེ་གཏོང་སྲོལ་ཡོད་པ་དེ་འདྲ་ཞིག་ཡིན་ཞེས་གསུངས་པ། 《ཚིག་མཛོད་བརྡ་དག་ཀུན་གསལ་མེ་ལོང་》ལས་གླུད་ནི་ཆོས་ལུགས་ཀྱི་བྱེད་སྒོར་ནད་པ་སོགས་ཀྱི་སྲོག་བླུ་བའི་ཆེད་དུ་འགོང་བོར་ཟས་སྦྱིན་པ་དེ་ཡིན་ཞེས་བཀོད་པ།
④རྒྱལ་པོ་འབངས་ཀྱི་བླ། ཡོ་གལ་འཆོས་པ་སྲིད་ཀྱི་བླ། དགུང་བློན་དབང་གི་བླ། ནང་བློན་རྩིས་ཀྱི་བླ། ཡུལ་དཔོན་འཕྲང་བཟོའི་བླ་ཞེས་བླ་ལྔ་ཡི་བགྲངས་སྲོལ་འདུག་ལ། སྐབས་འདིར་བླ་ཞེས་པ་དེ་གཙོ་བོའི་དོན་ལ་འཇུག་པར་སེམས། དུང་དཀར་བློ་བཟང་འཕྲིན་ལས། 《དུང་དཀར་ཚིག་མཛོད་ཆེན་མོ》པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོར་པར ། ཤོག་ངོས་1507
①རི་དྭགས་ནི་གཞི་བདག་གི་བླ་བུ་ཡིན་པར་བཤད་དེ་རི་དྭགས་གསོད་མཁན་དེ་མི་གྲལ་ནས་ཕུད་སྲོལ་ཡོད། ས་ཆ་ལ་ལ་ནས་ཆོ་བའམ་གྲོང་སྡེ་ག་གེ་མོ་ནས་རི་དྭགས་བསད་པ་ཡུལ་ཕྱོགས་དེའི་དགོན་པས་ཤེས་ཚེ་གྲོང་ཚོ་དེའི་སྐུ་རིམ་བཅའ་བའམ་མི་ཤི་བའི་བསྔོས་མགོར་མི་འགྲོ་བའི་གནད་དོན་ཆེན་པོར་ཐུག་འགྲོ།  ཨ་སྐྱབས་རྒྱལ་སྲས་ཚང་དཔྱད་རྩོམ《བོད་ཀྱི་དམངས་ཁྲོད་སྲོལ་རྒྱུན་ལས་ཁོར་ཡུག་སྲུང་སྐྱོབ་གླེང་བ་མེས་པོའི་ཞལ་ལུང་》ཞེས་པ་ལས་དྲངས།
②ཨ་སྐྱབས་རྒྱལ་སྲས་ཚང་དཔྱད་རྩོམ《བོད་ཀྱི་དམངས་ཁྲོད་སྲོལ་རྒྱན་ལས་ཁོར་ཡུག་སྲུང་སྐྲོབ་གླེང་བ་མེས་པོའི་ཞལ་ལུང་》ཞེས་པ་ལས་དྲངས།
③ཀྲང་དབྱི་སུན་གྱིས་གཙོ་སྒྲིག་བྱས་པའི《བོད་རྒྱ་ཚིག་མཛོད་ཆེན་མོ》མི་རིགས་དཔེ་སྐྲུན་ཁང་། 1985ལོར་པར། ཤོག་ངོས་2988
①ཚེ་ཐར་གཏོང་བའི་ཆོ་ག དེ་ལ་རྩེ་ཁོག་སོགས་འབྲོག་ཁུལ་མང་ཆེ་བར་ལྷ་ཁ་གསོ་བ་ཞེས་ཟེར།
②བླ་མཆོད། རྒྱུན་དུ་མཆོད་གནས་སུ་བསྟེན་ཏེ་གོང་དུ་བཀུར་ཞིང་གུས་པས་མཆོད་པ་བྱ་ཡུལ་གྱི་མཆོད་གནས་ལ་ཟེར་ཞིང་། བོད་ཀྱི་བླ་མཆོད་ཕལ་ཆེ་བ་ནི་སྦྱིན་བདག་གི་སྐུ་རིམ་མཆོད་གནས་ལྟ་བུ་ལས། ཆོས་འབྲེལ་ཡོད་པའི་བླ་མའི་གྲས་སུ་མི་བརྩི་ཞེས་དུང་དཀར་རིན་པོ་ཆེས་གསུངས། དུང་དཀར་བློ་བཟང་འཕྲིན་ལས། 《དུང་དཀར་ཚིག་མཛོད་ཆེན་མོ》པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོར་པར། ཤོག་ངོས་1507
①གཅན་ཉི་གཞོན། 《བོད་ཀྱི་ཚེ་ཐར་སྲོག་བླུའི་གོམས་སྲོལ་སྐོར་ཅུང་ཙམ་གླེང་བ>《ཀྲུང་གོའི་བོད་རིག་པ》2009ལོའི་དེབ་དང་པོ།  ཤོག་ངོས110ལ་གསལ། ། ཞོར་དུ་ཁོང་གིས་བྲིས་པའི་ཚེ་ཐར་སོ་བླུའི་སྐོར་གྱི་དཔྱད་རྩོམ་དེཡང་ཅུང་ཟད་གླེང་བར་བྱ་སྟེ། རྩོམ་པ་པོས་ཚེ་ཐར་གྱི་བྱུང་བ་དང་སྲོག་གཅོད་ཀྱི་ཉེས་དམིགས། ཚེ་ཐར་སྲོག་བླུའི་ཆོ་ག་བཅས་གསུམ་གྱི་སྒོ་ནས་བཀྲམས་ཡོད་ལ། དེའི་ནང་དུ་རྩོམ་པ་པོས་མགོ་ནས་མཇུག་བར་ཆོས་ཀྱི་ནང་དོན་ཁོ་ན་ལ་སྦྱར་ཏེ། ཚེ་ཐར་ནི་སངས་རྒྱས་ཆོས་ལུགས་ཀྱི་ཤུགས་རྐྱེན་ཏེ་ཚེ་སྲོག་ཐམས་ཅད་འདྲ་མཉམ་གྱི་བསམ་བློ་ལས་བྱུང་བ་ཡིན་ཚུལ་ལབ་ཡོད་པ་དང། སྲོག་བཅད་ན་ཉེས་པ་ཡོད་པ་ལས་སྲོག་བླའི་ཚུལ་སོགས་བཤད་ཡོད་པ་ལས། བོད་མིའི་ཡ་ཐོག་གི་བླ་ཡི་བསམ་བློའི་ཤུགས་རྐྱེན་དང་། ལྷག་པར་བོད་རང་གི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་རྨང་རྐང་ལས་བྱུང་བའི་ཡུལ་ལྷའི་དད་མོས་དང་།  རང་ཉིད་ནད་གདོན་བར་ཆད་སོགས་ལས་ཐར་ཆེད་སྒོ་ཟོག་ཡུལ་ལྷར་འཐེན་པའམ་ཡུལ་ལྷའི་ཆེད་དུ་སྒོ་ཟོག་ཚེ་ཐར་ལ་གཏོང་བའི་རིག་གནས་ཀྱི་རྣམ་པ་དེ་ཕྱོགས་ཙམ་ཡང་གླེང་མི་འདུག་པ་ནི་ཅུང་ཡ་མཚན་ཞིག་རེད།
①སྨན་བླ་སྐྱབས་ཀྱིས་མཚོ་སྔོན་པོའི་ཁ་རུ་བཤད་པའི་ཁ་ཤགས་སྟེ། 《མཚོ་སྔོན་པོ》ཞེས་པའི་ནང་གི་ཚིག་ཅིག
①《ཤ་རུ་རྒྱས་མདོས》བོན་གྱི་དཔེ་རྙིང་ལག་བྲིས་མ། དེརྭ་‘“མིའུ་གླུད་ཀྱིས་བསླུའོ་ཟེར”ཞེས་པ་ལས་ཀླུད་ཅེས་པའི་ཐ་སྙད་བྱུང་འདུག་ཅེས། བན་ཤུལ་དཔལ་མཁར་རྒྱལ་གྱིས་དཔྱད་རྩོམ་《གླུད་ཅེས་པའི་ཐ་སྙད་ཀྱི་གོ་དོན་འཇོག་ཚུལ་ལ་དཔྱད་པ》ཞེས་པའི་ནང་དུ་འདི་ལྟར་བཀོད་འདུག  ཤོག་ངོས་lལ་གསལ།
②《བོད་ཀྱི་རྩོམ་རིག་དཔེ་ཆ་དང་ཤིན་ཅང་ཡུལ་འབྲེལ་གྱི་ཡིག་ཚངས》ཐོ་མ་སིས་བརྩམས། 1993ལོར་ལུང་ཏུང་ནས་པར་བསྐྲུན་བྱས།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...