སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རྒྱ་བོད་ཡིག་སྒྱུར་ལས་བྱ་ཚིག་གི་སྒྱུར་སྟངས་སྐོར་ལ་རགས་ཙམ་དཔྱད་པ།
རྩོམ་པ་པོ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-6-26 9:45:00 རྩོམ་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། ཀློག་གྲངས།
རྒྱ་བོད་ཡིག་སྒྱུར་ལས་བྱ་ཚིག་གི་སྒྱུར་སྟངས་སྐོར་ལ་རགས་ཙམ་དཔྱད་པ།
སྒྲོལ་མ་མཚོ།
ནང་དོན་གནད་བསྡུས། རྒྱ་བོད་ཡིག་སྒྱུར་གྱི་གོ་རིམ་ཁྲོད་དུ་རྒྱ་བོད་སྐད་ཡིག་གི་བརྡ་སྤྲོད་ཀྱི་ཁྱད་པར་གྱི་རྐྱེན་གྱིས་བྱ་ཚིག་གི་བརྡ་སྤྲོད་སྟངས་དང་། བྱ་ཚིག་གིས་ཚིག་ཅིག་གི་ཁྲོད་ཐོན་པའི་ནུས་པ་སོགས་ལ་མངོན་གསལ་གྱི་ཁྱད་པར་ཡོད་པས་རྒྱ་བོད་ཡིག་སྒྱུར་གྱི་ལག་ལེན་ཁྲོད་དུ་བྱ་ཚིག་གི་སྒྱུར་སྟངས་ནི་དཀའ་གནད་ཅིག་ཡིན། བྱ་ཚིག་གིས་ཚིག་གཅིག་གི་ཁྲོད་དུ་གཙོ་ཁྲིད་ཀྱི་ནུས་པ་ཐོན་ཡོད་ལ། གོ་རིམ་ལྡན་པ་དང་ཆ་ཚང་བའི་སྐད་ཆའམ་བརྗོད་པ་ཞིག་སྟོན་དུས་བྱ་ཚིག་གིས་དེའི་ནང་དོན་ཧྲིལ་བོར་བཀོད་སྒྲིག་བྱེད་ཀྱིན་ཡོད་ཅིང་། བྱ་ཚིག་བསྒྱུར་བ་ལེགས་མིན་གྱིས་ཚིག་གམ་བརྗོད་པ་ཧྲིལ་པོར་ཤུགས་རྐྱེན་ཐེབས་སྲིད་པས། རྩོམ་འདིའི་ནང་དུ་རྒྱ་བོད་བྱ་ཚིག་གི་ཁྱད་ཆོས་དང་བརྡ་སྤྲོད་ཀྱི་ཁྱད་པར་སོགས་གཤིབ་བསྡུར་རགས་ཙམ་བྱས་རྗེས། རྒྱ་བོད་ཡིག་སྒྱུར་གྱི་གོ་རིམ་ཁྲོད་དུ་བྱ་ཚིག་ཇི་ལྟར་བསྒྱུར་བའི་སྒྱུར་སྟངས་འགའ་བཤད་པ་དང་། བྱ་ཚིག་སྒྱུར་སྐབས་དོ་སྣང་བྱ་དགོས་ས་གང་ཞིག་ཡོད་པ་བཅས་ཕྱོགས་གསུམ་གྱི་སྒོ་ནས་བྲིས་ཡོད་དོ།
བརྡ་ཆད་གཙོ་བོ། རྒྱ་བོད་ཡིག་སྒྱུར། བྱ་ཚིག་སྒྱུར་སྟངས།
གླེང་གཞི།
     འཛམ་བུ་གླིང་འདིར་འགྲོ་བ་མིའི་རིགས་བྱུང་བ་ནས་སོ་སོའི་འཚོ་རྟེན་གྱི་རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་ཁོར་ཡུག་སོགས་མི་འདྲ་བའི་རྐྱེན་གྱིས་སྐད་དང་འཚོ་བའི་གོམས་གཤིས་ཀྱང་མི་འདྲ་བའི་མི་རིགས་མང་པོ་ཆགས་ཡོད་ལ། མི་རིགས་ཕན་ཚུན་བར་གྱི་འགྲོ་འོང་འབྲེལ་འདྲིས་ནི་ལོ་ཙཱའམ་ཡིག་སྒྱུར་གྱི་བྱེད་ཐབས་ལ་བརྟེན་དགོས་པ་ཡིན། ལྷག་པར་དུ་ཡིག་སྒྱུར་ནི་མི་རིགས་ཕན་ཚུན་བར་རིག་གནས་སྤེལ་རེས་དང་བསམ་བློ་བརྗེ་རེས་བྱེད་པ་སོགས་ཀྱི་འབྲེལ་ཟམ་ལྟ་བུར་ཆགས་ཡོད་པས་ན། མི་རིགས་ཀྱི་རིག་གནས་དང་། དཔལ་འབྱོར་སོགས་འཕེལ་རྒྱས་སུ་འགྲོ་བར་ཡིག་སྒྱུར་ནི་མེད་དུ་མི་རུང་ཞིང་། མི་རིགས་ཤིག་གི་རིག་གནས་འཕེལ་རྒྱས་སུ་གཏོང་བར་མི་རིགས་དེའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་ཐོག མི་རིགས་གཞན་དག་གི་སྔོན་ཐོན་རིག་གནས་དང་སྙིང་བཅུད་སོགས་བསྡུ་ལེན་བྱས་ནས་མི་རིགས་ཀྱི་རིག་གནས་དང་དཔལ་འབྱོར། ཚན་རྩལ་སོགས་དར་རྒྱས་སུ་གཏོང་བར་ཡིག་སྒྱུར་གྱི་བྱེད་ཐབས་འདི་ཧ་ཅང་གལ་ཆེ་བ་ཡིན་ནོ། །  
     དེ་ཡང་ཡིག་སྒྱུར་ཞེས་པ་ནི“སྐད་ཁོངས་མི་འདྲ་བའི་རྒྱལ་ཁབ་བམ་མི་རིགས་ཤིག་གི་སྐད་ཡིག་གིས་མཚོན་པའི་ནང་དོན་དང་། རྩོམ་གཤིས་སོགས་བརྡ་འཕྲིན་རྣམས་ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་སྐད་ཡིག་གཞན་ཞིག་གིས་མཚོན་པར་བྱེད་པའི་སྐད་དང་ཡི་གེའི་འགུལ་སྐྱོད་ལ་གོ”①ཞེས་པ་ལྟར་སྒྱུར་པ་པོས་བསྒྱུར་བའི་མ་ཡིག་གི་ནང་དོན་གསལ་བོར་རྟོགས་པ་དང་། རྩོམ་པ་པོའི་བསམ་བློའི་འཁྱེར་སོ་གང་ཡིན་ཤེས་པར་བྱས་ནས་མ་ཡིག་གི་བརྗོད་བྱའི་དོན་སྙིང་དང་རྩོམ་གཤིས་ཇི་བཞིན་མཚོན་པ་དང་། འགྱུར་ཡིག་གི་ཚིག་སྔ་ཕྱིར་འབྲེལ་ཆགས་པ་དང་རང་སྐད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་བརྡ་སྤྲོད་ལུགས་དང་མཐུན་པར་བྱེད་དགོས་པ་དེ་ལ་ཟེར། མི་རིགས་ཤིག་གི་སྐད་ཡིག་ནི་མི་རིགས་དེའི་བློ་གྲོས་ཀྱི་རྟེན་གཞི་དང་། ལོ་རྒྱུས་དང་རིག་གནས་གསོག་ཉར་གྱི་བང་མཛོད་ཡིན་པས་སྐད་ཡིག་ལ་བརྟེན་ནས་རྒྱལ་ཁབ་དང་མི་རིགས་སོ་སོར་འབྲེལ་འདྲིས་དང་རྒྱུས་ལོན་བྱེད་དགོས་ལ། མི་རིགས་གཞན་པའི་སྔོན་ཐོན་གྱི་རིག་གནས་བསྡུ་ལེན་བྱས་ནས་རང་མི་རིགས་ཀྱི་རིག་གནས་དང་དཔལ་འབྱོར་སྔར་ལས་འཕེལ་རྒྱས་སུ་གཏོང་ཐུབ། རང་རེའི་བོད་མི་རིགས་ལ་མཚོན་ན།  “རང་རེ་བོད་ཀྱི་ཡིག་སྒྱུར་ལོ་རྒྱུས་ནི་དུས་ཚོད་རིང་དུ་རྩིས་ན་གནའ་བོའི་ཞང་བོད་ཡིག་སྒྱུར་གྱི་ལོ་ངོ་བཞི་སྟོང་ཙམ་གྱི་ལོ་རྒྱུས་འདེད་ཆོག་པ་ཡིན་ལ། དུས་ཐུང་ཙམ་ཞིག་རྩིས་ནའང་བོད་ལ་བོད་ཡིག་དངོས་སུ་བྱུང་བའི་བཙན་པོའི་དུས་སྐབས་ཀྱི་ལོ་ངོ་ཉིས་སྟོང་ལ་ཉེ་བའི་ལོ་རྒྱུས་ཀྱང་བགྲང་ཆོག་པ་ཡིན”②ཞེས་འཁོད་པ་ལྟར། བོད་ཀྱི་ཡིག་སྒྱུར་གྱི་ལོ་རྒྱུས་རིང་ལ། ལོ་སྟོང་ཕྲག་གཅིག་ལྷག་གི་སྔོན་ནས་བཟུང་བོད་མི་རིགས་ཀྱི་སྔོན་བྱོན་ལོ་པཎ་དང་མཁས་པ་རྣམས་ཀྱིས་རྒྱ་གར་དང་། རྒྱ་ནག ལི་ཡུལ། ཁ་ཆེ་སོགས་ནས་ནང་པའི་ཆོས་གཞུང་དང་། གསོ་རིག སྐར་རྩིས་སོགས་ནང་འདྲེན་བྱས་ནས་བོད་མི་རིགས་ཀྱི་རིག་གནས་ཡར་རྒྱས་གོང་འཕེལ་དུ་བཏང་ཡོད་པ་དང་། ལྷག་པར་དུ་དུས་རབས་བདུན་པར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་རིང་། སློབ་དཔོན་ཐོན་མི་སམ་བྷོ་ཊས་བོད་ཡིག་གསར་གཏོད་མཛད་པའི་རྗེས་ནས་འགོ་བརྩམས་ཤིང་། 《ཆོས་འབྱུང་མཁས་པའི་དགའ་སྟོན》ལས། “རྒྱ་བལ་མཁས་པ་དུ་མ་སྤྱན་དྲངས་ཏེ། ། གསུང་རབ་དུ་མ་བསྒྱུར་ཅིང་དར་བར་མཛད། ། རྒྱ་གར་གྱི་སློབ་དཔོན་ཀུ་ས་ར་དང་བྲམ་ཟེ་ཤང་ཀ་ར་དང་། ཁ་ཆེ་ཏ་ནུ་དང་། བལ་བོ་ཤི་ལ་མཉྫུདང་། རྒྱ་ནག་ཧ་ཤང་དེ་ལྦ་ཚེ་རྣམས་བྱོན། བོད་ཀྱི་ལོ་ཙཱ་བ་ཐོན་མི་སམ་བྷོ་ཊ་དང་། དེའི་མཆན་བུ་ངརྨྷ་ཀོ་ཤ་དང་ལྷ་ལུང་རྡོ་རྗེ་དཔལ་སོགས་ཀྱིས་འདུས་པ་རིན་པོ་ཆེའི་ཏོག་གི་གཟུངས། ཟླ་བ་སྒྲོན་མ། དཀོན་མཆོག་སྤྲིན་སོགས་བསྒྱུར་ཅིང་ཤེར་ཕྱིན་སྟོང་ཕྲག་བརྒྱ་བ་ཡང་བསྒྱུར་བར་གྲགས། གཙོ་བོ་ཐུགས་རྗེ་ཆེན་པོའི་མདོ་རྒྱུད་ཉི་ཤུ་རྩ་གཅིག་བསྒྱུར། ”①ཅེས་གསུངས་པ་ལྟར་ན། རང་རེའི་ལོ་ཙཱ་བ་རྣམས་ཀྱིས་རྒྱ་དཀར་ནག་གི་ཆོས་གཞུང་མང་པོ་བོད་ཡིག་ཏུ་བསྒྱུར་ཡོད་ལ། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་སྲིད་བསྐྱངས་པའི་རིང་ལ་སང་ཤི་སོགས་ཀྱིས་རྒྱ་ནག་གི་ཆོས་གཞུང་མང་པོ་བོད་དུ་གདན་དྲངས་ནས་བོད་སྐད་དུ་བསྒྱུར་བ་དང་། དེ་ནས་མཁན་སློབ་ཆོས་གསུམ་གདན་འཛོམས་ནས་བསམ་ཡས་སྒྲ་བསྒྱུར་གླིང་བཙུགས་ཏེ། ཡིག་སྒྱུར་མི་སྣ་མང་པོ་སྐྱེད་སྲིང་བྱས་ཡོད་ལ། སྐབས་དེར་རྒྱ་བོད་ལོ་ཙཱ་བ་རྣམས་ཀྱི་སྐུ་དྲིན་ལས་རྒྱ་གར་ནས་སངས་རྒྱས་ཆོས་ལུགས་དང་རིག་གནས་བོད་དུ་བསྒྱུར་བའི་ལོ་ཙཱའི་བྱ་གཞག་གི་རྦ་རླབས་འཕྱུར་བར་མཛད། བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་སུ་བོད་ཀྱི་ལོ་ཙཱའི་བྱ་གཞག་སྔར་ལས་འཕེལ་རྒྱས་ཆེན་པོ་བྱུང་ཡོད་དེ། ལོ་ཙཱ་བ་གྲགས་ཆེན་དག་གིས་འགྱུར་ཡིག་མཐའ་དག་ཕྱོགས་བསྡུས་དང་ཞུས་དག་གཏན་འབེབས། དག་སྒྲིག་བཅས་བྱས་པ་དང་། འགྱུར་མིང་མཐའ་དག་ཚད་ལྡན་དུ་བཏང་ཞིང་། དེ་དང་མཉམ་དུ་ཐེག་པ་ཆེ་ཆུང་གི་མདོ་ལ་སོགས་པའི་ཆོས་ཚན་སོ་སོར་བཀར་ནས་དཀར་ཆག་བསྒྲིགས། སྐད་གསར་བཅད་ཐེངས་གཉིས་པ་མཛད་དེ་ཡིག་སྒྱུར་གྱི་གཞུང་ལུགས་ཐོག་མ《སྒྲ་སྦྱོར་བམ་གཉིས》མཛད་པ་དང་། ཡིག་སྒྱུར་ཐད་རྩ་དོན་གསུམ་དང་སྒྱུར་ཐབས་བཞི་གཏན་ལ་ཕབ་ནས་བོད་ཀྱི་ལོ་ཙཱའི་བྱ་གཞག་ལ་གཞུང་ལུགས་ཀྱི་རྒྱབ་རྟེན་ཡོད་པར་གྱུར། དེ་འདྲའི་ལོ་པཎ་རིམ་བྱོན་རྣམས་ཀྱི་མཛད་རྗེས་ལས་སངས་རྒྱས་ཀྱི་ཆོས་གཞུང་གཙོས་ཐུན་མོང་དང་ཐུན་མོང་མིན་པའི་བཅུ་ཕྲག་རིག་གནས་རི་བོའི་གཏོས་དང་མཉམ་པ་གངས་རིའི་ཁྱོན་ཡོངས་སུ་དར་བས་ན་དེང་གི་དུས་སུའང་རང་རེའི་བོད་མི་རིགས་འདི་འཛམ་གླིང་གི་མི་རིགས་ཁྲོད་དུ་ཀྲོང་ངེར་ལངས་ཆོག་པ་དང་མི་རིགས་གཞན་གྱིས་ཡིད་སྨོན་བྱེད་ཆོག་པའི་གནས་སུ་སླེབས་ཡོད་པ་དང་། གྲུབ་འབྲས་འདི་དག་ཀྱང་རང་རེའི་སྔོན་བྱོན་ལོ་པཎ་དང་མཁས་པ་རྣམས་ཀྱིས་དཀའ་སྤྱད་སྡུག་རུས་སྒོས་རྒྱལ་ཁབ་གཞན་དང་མི་རིགས་གཞན་གྱི་སྐད་ཡིག་རིག་གནས་སོགས་སྦྱངས་པ་དཔྱིས་ཕྱིན་མཛད་དེ་གཞུང་གལ་ཆེན་རྣམས་བོད་སྐད་དུ་བསྒྱུར་ནས་བོད་ཀྱི་ལོ་ཙཱའི་བྱ་བར་གཙིགས་ཆེན་དང་རྒྱུན་འཁྱོངས་བྱས་པས་ཡིན། ཡིག་སྒྱུར་གྱིས་བོད་མི་རིགས་ཀྱི་རིག་གནས་འཕེལ་རྒྱས་ཁྲོད་སྲོག་ཤིང་ལྟ་བུའི་ནུས་པ་ཞིག་བཏོན་དང་འདོན་བཞིན་ཡོད་ལ། ང་ཚོས་ཡིག་སྒྱུར་གྱི་གལ་ཆེན་རང་བཞིན་དང་ནུས་པ་དེ་ཤེས་དགོས། རིག་གནས་དང་དཔལ་འབྱོར་ཡར་ངོའི་ཟླ་ལྟར་འཕེལ་བའི་སྔོན་ཐོན་རྒྱལ་ཁབ་དང་མི་རིགས་དག་གིས་ཀྱང་གཞན་མི་རིགས་ཀྱི་སྙིང་ནོར་ལྟ་བུའི་རིག་གནས་བསྡུ་ལེན་བྱས་ཏེ་རང་མི་རིགས་ཀྱི་རིག་གནས་དང་དཔལ་འབྱོར་སོགས་འཕེལ་རྒྱས་གཏོང་བར་ཡང་ཡིག་སྒྱུར་གྱི་བྱ་ཐབས་འདི་ལ་བརྟེན་ཡོད་པས། རང་རེའི་བོད་མི་རིགས་ལ་མཚོན་ནས་བཤད་ན་ཡང་དེ་བཞིན་ནོ། །  
     ཕྱོགས་གཅིག་ནས་རང་རེའི་མེས་པོ་རྣམས་ཀྱིས་བཞག་པའི་ཕྱག་རྒྱུན་དང་རིག་གནས་བང་མཛོད་དེར་རྒྱུད་འཛིན་དང་། དར་སྤེལ་གཏོང་དགོས་ལ། ཕྱོགས་གཞན་ཞིག་ནས་ཡིག་སྒྱུར་གྱི་བྱེད་ཐབས་ལ་བརྟེན་ནས་རྒྱལ་ཁབ་དང་མི་རིགས་གཞན་གྱི་སྔོན་ཐོན་རིག་གནས་ཀྱི་སྙིང་བཅུད་དང་ཕུན་སུམ་ཚོགས་པའི་ཉམས་མྱོང་། ཚན་རིག་ལག་རྩལ་སོགས་ཀྱི་ལེགས་ཆ་བསྡུ་ལེན་གང་ཐུབ་བྱས་ཏེ་རང་མི་རིགས་ཀྱི་རིག་གནས་དང་། དཔལ་འབྱོར། སློབ་གསོ་སོགས་སྔར་ལས་འཕེལ་རྒྱས་དང་དར་རྒྱས་སུ་གཏོང་དགོས། དགོས་པ་དེའི་ཕྱིར་མི་རིགས་གཞན་གང་ལ་རིག་གནས་དང་དཔལ་འབྱོར་སོགས་ཀྱིས་ཕྱུག་པ་མཐོང་ཚེ་མི་རིགས་དེའི་སྐད་ཡིག་དང་རིག་གནས་སོགས་ལ་བྱང་བའི་ལོ་ཙཱ་བ་སྐྱེད་སྲིང་བྱེད་དགོས་སོ། །  
     ལོ་ཙཱ་བ་ཞིག་ལ་མཚོན་ན། ཐོག་མར་བསྒྱུར་བྱ་དང་སྒྱུར་བྱེད་ཀྱི་སྐད་རིགས་གཉིས་ལ་བྱང་ཆུབ་དགོས་པ་དང་། དེའི་རིག་གནས་ཀྱི་རྒྱབ་ལྗོངས་དང་འབྲེལ་ཡོད་ཀྱི་རིག་གནས་ཤེས་བྱ་སོགས་ལ་རྒྱུས་མངའ་ཞིབ་ཚགས་དགོས། ད་དུང་ཡིག་སྒྱུར་གྱི་འཇུག་སྒོར་གཟབ་ནན་ཏན་ཏིག་དང་ཧུར་སྐྱེད་ཁུར་ལེན་གྱི་རྣམ་འགྱུར་ལྡན་དགོས། དེ་ཡང་ཡིག་སྒྱུར་གྱི་ལས་ལ་དངོས་སུ་འཇུག་སྐབས་ཐོག་མའི་ལས་རིམ་ནི་མ་ཡིག་གི་ནང་དོན་ལ་གོ་བ་དཔྱིས་ཕྱིན་པ་ཞིག་ཡོད་པའི་རྨང་གཞིའི་སྟེང་སྒྱུར་བྱེད་སྐད་ཀྱི་ཡིག་རིགས་ཀྱིས་མ་ཡིག་གི་བརྗོད་བྱའི་སྙིང་བོ་བསྐྱར་དུ་མཚོན་དགོས་པ་ཞིག་ཡིན། རྒྱ་བོད་ཡིག་སྒྱུར་ལ་མཚོན་ན་ཡང་ཐོག་མར་རྒྱ་ཡིག་གི་དོན་ལ་གོ་བ་ལེགས་པོ་ལོན་པའི་རྨང་གཞིའི་ཐོག་བོད་ཡིག་གིས་རང་མི་རིགས་ཀྱི་བརྡ་སྤྲོད་ལུགས་དང་མཐུན་པའི་སྒོ་ནས་མ་ཡིག་གི་ནང་དོན་བསྐྱར་དུ་མཚོན་དགོས། དེའི་གོ་རིམ་ཁྲོད་ནས་རྒྱ་བོད་གཉིས་ཀྱི་སྐད་རིགས་དང་བརྡ་སྤྲོད་སྟངས། རིག་གནས་ཀྱི་ཁྱད་པར་སོགས་ཡང་དག་པའི་སྒོ་ནས་རྒྱུས་མངའ་ལོན་དགོས། རྒྱ་བོད་སྐད་རིགས་གཉིས་ནི་སོ་སོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་སྐད་རིགས་ཐ་དད་གཉིས་ཡིན་པ་དང་། སྐད་ཆའི་བརྡ་སྤྲོད་སྟངས་ལ་མི་འདྲ་བའི་ཁྱད་པར་ཆེན་པོ་ལྡན་ཡོད། དེ་ལས་ཀྱང་རྒྱ་བོད་ཡིག་སྒྱུར་གྱི་ལག་ལེན་ཁྲོད་དུ་བྱ་ཚིག་གི་བརྡ་སྤྲོད་སྟངས་ལ་མངོན་གསལ་གྱི་ཁྱད་པར་ཡོད་པའི་རྐྱེན་གྱིས་བྱ་ཚིག་གི་སྒྱུར་སྟངས་ནི་ཅུང་དཀའ་བའི་གནས་ཤིག་ཏུ་གྱུར། བྱ་ཚིག་གིས་ཚིག་གཅིག་གི་ཁྲོད་དུ་གཙོ་ཁྲིད་ཀྱི་ནུས་བ་བཟུང་ཡོད་པ་དང་། བྱ་ཚིག་བསྒྱུར་ལེགས་མིན་གྱིས་ཚིག་གམ་བརྫོད་པར་ཤུགས་རྐྱེན་ཟབ་མོ་ཐེབས་པའི་རྐྱེན་གྱིས་བྱ་ཚིག་གི་སྒྱུར་སྟངས་ལེགས་པར་ཁོང་དུ་ཆུད་རྒྱུ་ནི་གལ་ཆེ་བར་བསམ།        
དང་པོ། རྒྱ་བོད་ཡིག་སྒྱུར་ལས་བྱ་ཚིག་གི་གཤིབ་བསྡུར།
     ཡིག་སྒྱུར་གྱི་གོ་རིམ་ཁྲོད་དུ་སྒྱུར་བ་པོས་བསྒྱུར་བའི་མ་ཡིག་གི་ནང་དོན་གསལ་བོར་རྟོ གས་པ་དང་། རྩོམ་པ་པོའི་བསམ་བློ་འཁྱེར་སོ་གང་ཡིན་ཤེས་པར་བྱས་ནས་བརྗོད་བྱའི་དོན་སྙིང་ཇི་བཞིན་མཚོན་པ་དང་། འགྱུར་ཡིག་གི་ཚིག་སྔ་ཕྱིར་འབྲེལ་ཆགས་པ་དང་རང་སྐད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་བརྡ་སྤྲོད་ལུགས་ལ་མཐུན་པར་བྱེད་དགོས། བྱ་ཚིག་ནི་སྐད་ཆ་གཅིག་གི་ཁྲོད་ཀྱི་སྙིང་པོ་ཡིན་པ་དང་། གོ་རིམ་ལྡན་པ་དང་ཆ་ཚང་བའི་སྐད་ཆ་ཞིག་གམ་བརྗོད་པ་ཞིག་སྟོན་དུས་བྱ་ཚིག་གིས་དེའི་ནང་དོན་ཧྲིལ་བོར་བཀོད་སྒྲིག་བྱེད་ཀྱིན་ཡོད་པས། ཡིག་སྒྱུར་གྱི་གོ་རིམ་ཁྲོད་དུ་བྱ་ཚིག་གི་སྒྱུར་སྟངས་ལ་བློ་ཞིབ་མོ་བཏང་ནས་སྐབས་དོན་ལ་འབྱོར་ཞིང་ཀུན་དང་མཐུན་པ་ཞིག་ཆགས་ཐུབ་པར་བྱས་ཚེ། བསྒྱུར་བྱ་མ་ཡིག་གི་བསྟན་དོན་ལ་གོ་བ་ཡང་དག་པ་ཞིག་ལོན་པ་དང་བརྗོད་སྙིང་སོགས་ཇི་མ་ཇི་བཞིན་དུ་སྟོན་ཐུབ་པ།
གཅིག རྒྱ་བོད་བྱ་ཚིག་གི་ཁྱད་པར་མདོར་བསྡུས།
     བོད་ཡིག་གི་བྱ་ཚིག་ནི་སྤྱིར་དོན་གྱི་ངོ་བོ་ཙམ་སྟོན་པའི་མིང་དང་མཚུངས་པར། འདོད་རྒྱལ་ཐོག་མའི་བྱ་བ་དང་རྗེས་གྲུབ་གཉིས་ལྡན་གྱི་བྱ་བ་ཞེས་པ་རིགས་གཉིས་སུ་དབྱེ་རྒྱུ་ཡོད་དེ། དཔེར་ན། ཟ་དང་། འཐུང་། བཤད། ཉན་སོགས་ལྟ་བུ་ནི་འདོད་རྒྱལ་ཐོག་མའི་བྱ་ཚིག་དང་། སློབ་སྦྱོང་དང་། མངོན་འགྱུར། འཛུགས་སྐྲུན་སོགས་ལྟ་བུ་ནི་རྗེས་གྲུབ་ཀྱི་བྱ་ཚིག་ཡིན། བྱ་ཚིག་ལ་བྱ་བྱེད་ཐ་དད་པ་དང་། རང་དབང་ཅན་གྱི་བྱ་ཚིག་དང་། སྐུལ་ཚིག་དང་དགག་སྒྲའི་སྐུལ་ཚིག་སྦྱོར་ཆོག་པའམ་མི་ཆོག་པ། བྱེད་པ་པོ་རྣམ་དབྱེ་གསུམ་པ་བྱེད་སྒྲ་འཇུག་རུང་བའམ་མི་རུང་བ། བྱ་བའི་ཁ་ལོ་སྒྱུར་ཐུབ་མིན། བྱ་བ་རང་འགུལ་དང་གཞན་སྐུལ་གྱི་ཁྱད་པར་སོགས་ཀྱི་དབྱེ་བ་འབྱེད་རྒྱུ་ཡོད་དོ། །
གཉིས། བྱ་ལས་ཀྱི་ཁྱད་པར།
     རྒྱ་བོད་སྐད་ཡིག་གཉིས་ཀྱི་ཁྲོད་དུ་བྱ་ལས་གཉིས་ཀྱི་སྐད་ཆའི་གོ་རིམ་སྒྲིག་སྟངས་མི་འདྲ་སྟེ། རྒྱ་ཡིག་གི་ནང་དུ་བྱ་ཚིག་སྔོན་དང་ལས་རྗེས་སུ་འབྲི་དགོས་པ་དང་། བོད་ཡིག་གི་བྱ་ཚིག་ནི་དེ་ལས་ལྡོག་སྟེ་ལས་སྔོན་དང་བྱ་ཚིག་རྗེས་སུ་འབྲི་དགོས་པ་ཡིན། དཔེར་ན། རྒྱ་ཡིག་གི་བྱ་ཚིག “ 吃 饭”ཞེས་པ་བོད་ཡིག་ཏུ་བསྒྱུར་ན་ཟ་མ་ཟ་ཞེས་བསྒྱུར་དགོས་པ་དང་། དེ་བཞིན་དུ།  “写作业”ལ་ལས་བྱ་འབྲི་བ་དང་།  “开会”ལ་ཚོགས་འདུ་འཚོགས་པ།  “学习知识”ཞེས་པ་ཡོན་ཏན་སློབ་པ་ལྟ་བུའོ། རྒྱ་སྐད་ཀྱི་ཚིག་གི་སྒྲིག་རིམ་སྤྱིའི་འགྲོ་ལུགས་ནི་རིམ་པ་བཞིན་བྱེད་པ་པོའམ་བྱེད་པ་དང་། བྱ་ཚིག་དེའི་རྗེས་སུ་ལས་སྦྱོར་དགོས་ལ། བོད་སྐད་ནི་རིམ་པ་ལྟར་དུ་བྱེད་པ་པོའམ་བྱེད་པ་དང་། ལས། དེའི་རྗེས་བྱ་ཚིག་ཡོད་དོ། །
གསུམ། དུས་གསུམ་སྟོན་པའི་ཁྱད་པར།
     རྒྱ་སྐད་ལས་བྱ་བའི་མིང་ཡོད་ཚད་རང་ངོས་ན་དུས་གསུམ་གྱི་ཁྱད་པར་སྟོན་པའི་བྱེད་ནུས་མེད་སྟབས། དུས་གསུམ་གྱི་ཚིག་གྲོགས་ཏེ། དཔེར་ན།   “在, 正在” (དུས་ད་ལྟ་བ་གསལ་བྱེད་ཀྱི་སྒྲ)“过, 已经, 了” (དུས་འདས་པ་གསལ་བྱེད་ཀྱི་སྒྲ) “要, 将要” (དུས་མ་འོངས་པ་གསལ་བྱེད་ཀྱི་སྒྲ) སོགས་སྦྱར་ན་ད་གཟོད་དུས་གསུམ་གང་ཡིན་གྱི་ཁྱད་པར་གསལ་བོར་མཚོན་ཐུབ་པ་རེད། བོད་སྐད་དེ་ལས་ལྡོག་སྟེ་བྱ་བའི་མིང་ཕལ་ཆེར་ལ་རང་ངོས་ནས་དུས་གསུམ་གསལ་བར་བྱེད་ཐུབ་པས་བྱ་བའི་མིང་ཉུང་ཤོས་ཤིག་མ་གཏོགས་དུས་གསུམ་གསལ་བྱེད་ཀྱི་སྒྲ་སྦྱོར་བའི་དགོས་པ་མེད། ཡང་བོད་སྐད་ལ་དུས་གསུམ་གསལ་བྱེད་ཀྱི་སྒྲ་ཡོད་དེ།  བཞིན།  ཀྱིན། གྱིན (“在, 正在”) ནི་དུས་ད་ལྟ་བ་གསལ་བར་བྱེད་པའི་སྒྲ་སྟེ། བྱ་བ་གང་ཞིག་བྱེད་པ་སྟོན་པ་དང་། ཟིན། བཏང་། ཚར(“过,已经,了”)སོགས་ནི་དུས་འདས་པ་གསལ་བར་བྱེད་པའི་སྒྲ་སྟེ། བྱ་བ་གང་ཞིག་བྱས་པ་སྟོན་པ་ཡིན། རྒྱུ། འགྱུར། དགོས (“要, 将要”) ནི་དུས་མ་འོངས་པ་གསལ་བར་བྱེད་པའི་སྒྲ་སྟེ། བྱ་བ་གང་ཞིག་བྱ་རྒྱུ་སྟོན་པ་ཡིན་ནོ། །
བཞི། ཡིན་མིན་དང་ཡོད་མེད་སོགས་ཤན་འབྱེད་གསལ་བྱེད་ཀྱི་སྒྲ་སྦྱོར་སྟངས།
     རྒྱ་ཡིག་གི་ཁྲོད་དུ་ཡིན་དང་ཡོད་སོགས་ཤན་འབྱེད་བྱེད་ཀྱི་སྒྲ་ཡང་བྱ་ཚིག་གི་ཁོངས་སུ་གཏོགས་ཡོད་དེ། ཤན་འབྱེད་གསལ་བྱེད་ཀྱི་སྒྲ་འདིའི་བརྡ་སྤྲོད་སྟངས་ནི་རྒྱ་བོད་སོ་སོའི་བརྡ་སྤྲོད་སྟངས་མི་འདྲ་བ་ཡིན། རྒྱ་ཡིག་གི་ཁྲོད་དུ་རང་གཞན་གྱི་དབྱེ་བ་མེད་པར་ཡིན་མིན་གྱི་དབྱེ་བ་གསལ་བྱེད་ཀྱི་སྒྲ་ལ“是”ཞེས་པའི་ཡི་གེ་འདི་འབྲི་བ་ཡིན། འདི་ལ་དགག་སྒྲ་སྦྱར་མ་སྦྱར་གྱི་ཁྱད་པར་མ་གཏོགས་མེད། བོད་ཡིག་གི་ནང་དུ་རང་ཉིད་སྟོན་པ་ལ་ཡིན་ནམ་མ་ཡིན་དང་། ཕ་རོལ་བོ་སྟོན་པ་ལ་རེད་མ་རེད་སོགས་བརྡ་སྤྲོད་སྟངས་མི་འདྲ། ཡོད་མེད་ཀྱི་ཁྱད་པར་མཚོན་སྐབས་ཀྱང་། རྒྱ་ཡིག་ཏུ“有”ཞེས་པ་སྒྲ་ལ་ཡང་རང་གཞན་གྱི་དབྱེ་བ་མེད་པར་རང་གཞན་གཉིས་ཀ་ལ་སྦྱར་ཆོག་པ་དང་། བོད་ཡིག་གི་ཁྲོད་དུ་རང་སྟོན་པའི་སྐབས་སུ་ཡོད་དང་མེད་ཅེས་པའི་ཐ་སྙད་སྦྱར་བ་དང་། ཕ་རོལ་པོ་སྟོན་པའི་སྐབས་སུ་འདུག་དང་མི་འདུག་ཅེས་འབྲི་བ་ཡིན། དཔེར་ན།  “我是个学生”ལ། བོད་སྐད་དུ་ང་ནི་སློབ་མ་ཞིག་ཡིན་ཞེས་བསྒྱུར་དགོས་པ་དང་། ཡང“她是一位老师”ལ། བོད་སྐད་དུ་ཁོ་མོ་ནི་དགེ་རྒན་ཞིག་རེད་ལྟ་བུའོ། །
གཉིས་པ། རྒྱ་བོད་ཡིག་སྒྱུར་ལས་བྱ་ཚིག་གི་སྒྱུར་སྟངས་འགའ་བཤད་པ།
     འགྲོ་བ་མིའི་རིགས་བྱུང་ནས་སོ་སོའི་འཚོ་བའི་གོམས་གཤིས་ཁྲོད་དུ་ལས་གང་ཞིག་གསལ་བར་བྱེད་པའི་སྒྲ་དེ་ལ་མིང་ངམ་བརྡ་ཐུན་མོང་མ་ཡིན་པ་ཞིག་ཆགས་ཡོད་ལ། རྒྱ་བོད་མི་རིགས་གཉིས་ལ་མཚོན་ན་ཡང་དེ་བཞིན་ཡིན། དེ་དག་གི་ཁྱད་པར་ཡང་གོང་ནས་ཅུང་ཙམ་གླེང་ཡོད། ཁྱད་པར་དེ་ཤེས་པའི་རྨང་གཞིའི་སྟེང་རྒྱ་བོད་ཡིག་སྒྱུར་ལས་བྱ་ཚིག་གི་སྒྱུར་སྟངས་ཡང་དག་པ་ཞིག་ཤེས་དགོས། སྤྱིར་རྒྱ་བོད་ཡིག་སྒྱུར་གྱི་ཁྲོད་མིང་གི་སྒྱུར་སྟངས་ལ་གཙོ་བོ་དོན་སྒྱུར་དང་ཐད་སྒྱུར། སྒྲ་སྒྱུར་ཞེས་རྩ་བའི་སྒྱུར་ཐབས་གསུམ་ཡོད་ལ། ཡིག་སྒྱུར་གྱི་ལག་ལེན་དང་ཡིག་སྒྱུར་བྱས་ཟིན་པའི་བསྒྱུར་རྩོམ་སོགས་ལ་རོལ་མྱོང་བྱེད་པའི་སྐབས་དེར་རྒྱ་ཡིག་གི་བྱ་བའི་མིང་ནི་གཙོ་བོ་དོན་སྒྱུར་བྱེད་དགོས་ཏེ། ཚིག་གཅིག་གི་ཁྲོད་དུ་བྱ་བ་ཅི་ཞིག་བྱེད་པའི་མིང་དེ་ནི་ངེས་པར་དུ་ཇི་བཞིན་དུ་དོན་སྒྱུར་དང་སྐབས་བསྟུན་སྒྱུར་བ་སོགས་ཀྱི་བྱེད་ཐབས་སྤྱོད་པ་ལས་སྒྲ་སྒྱུར་གྱི་ཐབས་སྤྱོད་མི་ཆོག་པ་ནི་ཐེ་ཚོམ་སྤུ་ཙམ་ཡང་མི་དགོས། གཤམ་ནས་རྒྱ་ཡིག་གི་བྱ་ཚིག་བོད་ཡིག་ཏུ་སྒྱུར་སྟངས་ཅུང་ཟད་གླེང་བར་བྱ་བ་ལ།
གཅིག  རྒྱ་ཡིག་གི་བསྟན་དོན་ཉེ་བའི་བྱ་ཚིག་གི་སྒྱུར་སྟངས།
     རྒྱ་ཡིག་ཁྲོད་དུ་དཔེར་ན།  “询问”དང་“讯问”གཉིས་ཀྱིས་དོན་སོ་སོར་སྟོན་གྱིན་ཡོད་ནའང་། བོད་ཡིག་ཏུ་སྒྱུར་དུས་ཞུ་བ་ལེན་པ། དྲི་བ་འདོན་པ། འདྲི་ཞིབ་བྱེད་པ། སྐད་ཆ་འདྲི་བ་སོགས་གང་ཡིན་ཡང་འདྲི་ཡུལ་གྱི་ཁ་གཏད་ས་གསལ་བོར་མི་རྟོགས་པས། གནས་ཚུལ་འདི་ལྟ་བུ་ལ་འཕྲད་ན་ཐ་སྙད་དེ་གཉིས་ལ་འོས་ཤིང་འཚམས་པའི་བརྡ་ཆད་རེ་རེ་སྦྱར་ཏེ་ཐ་སྙད་གཉིས་ཀ་ཁྱད་པར་ཕྱེས་ཏེ་བསྒྱུར་བ་ལེགས། རྒྱ་ཡིག་གི་བྱ་ཚིག་ཁྲོད་དུ་བྱ་བའི་མིང་ཁ་ཤས་ལ་སྐད་ཆའི་བརྗོད་སྟངས་ཀྱི་ཤུགས་དྲག་ཞན་གྱི་ཁྱད་པར་ཡོད་དེ།  དཔེར་ན།  “批评”དང་“批驳;’གཉིས་ནི་ནང་དོན་ཐག་ཉེ་བའི་བྱ་ཚིག་གཉིས་ཡིན་ལ།   “批评”ཞེས་པའི་བསྟན་དོན་ནི་མི་གཞན་གྱི་སྐྱོན་ཆ་དང་ནོར་འཁྲུལ་ལ་ཐེར་འདོན་དང་བསམ་འཆར་བཏོན་ཏེ་ནོར་འཁྲུལ་སྤང་དགོས་པའི་དོན་བསྟན་ལ་སྐད་ཆའི་ཤུགས་དེ་འདྲའི་དྲག་པོ་ཞིག་མིན།  སྤྱིར་བཏང་དུ་བོད་ཡིག་ཏུ་སྒྱུར་དུས་སྐྱོན་བརྗོད་བྱེད་ཞེས་བསྒྱུར་ཆོག་ལ།  “批驳”ནི“批评”ལས་སྐད་ཆའི་ཤུགས་དྲག་པ་ཡིན་པས། རྒྱུན་དུ་དགག་པ་བརྒྱབ་ཅེས་བསྒྱུར་བ་ཡིན་ནོ། །
     ཡང་བྱ་ཚིག་འགའ་ཞིག་ནང་དོན་ཐོག་ནས་ཕལ་ཆེར་འདྲ་ཡང་། ཚིག་གཅིག་གི་ཁྲོད་དུ་སྦྱར་དུས་ཁྱད་པར་ཆེ་སྟེ། ཡིག་སྒྱུར་བྱེད་སྐབས་དེའི་སྐད་ཆའི་ཁོར་ཡུག་ལ་གཞིགས་ནས་ཡིག་སྒྱུར་བྱེད་དགོས་པ། དཔེར་ན།  “爱戴”དང་ “爱护”ལྟ་བུར་མཚོན་ན།  “爱戴”ནི་གང་ཟག་ལས་དངོས་པོ་ལ་མི་འཇུག་པ་དང་། འོག་རིམ་གྱིས་གོང་རིམ་ལ་བརྩི་བཀུར་དང་དགའ་བ་སོགས་མཚོན་པས་བོད་ཡིག་ཏུ་སྒྱུར་དུས་དགའ་གུས་བྱེད་ཅེས་བསྒྱུར་ཆོག“爱护”ནི་དེ་ལས་བཀོལ་རྒྱ་ཅུང་ཟད་ཆེ་བ་ཡིན། དཔེར་ན“爱护战士、 爱护孩子、 爱护身体、 爱护公共财物”ལ་སོགས་ལ་སྦྱར་ཆོག་པས“爱戴”ལས་བཀོལ་རྒྱ་ཆེ་བ་ཡིན། དེ་དག་རིམ་བཞིན་བོད་ཡིག་ཏུ་བསྒྱུར་ན། འཐབ་འཛིང་བ་རྣམས་ལ་གཅེས་སྐྱོང་བྱེད། ཕྲུ་གུར་བྱམས་སྐྱོང་བྱེད། གཟུགས་པོར་བདག་སྐྱོང་བྱེད། སྤྱི་བའི་རྒྱུ་ནོར་ལ་གཅེས་སྤྲས་བྱེད་བཅས་སུ་བསྒྱུར་དགོས་པ་དང་།  འདིའི་སྐབས་ཀྱི“爱护”ནི་གཅེས་སྐྱོང་བྱེད་པ། བྱམས་སྐྱོང་བྱེད་པ། བདག་སྐྱོང་བྱེད་པ། གཅེས་སྤྲས་བྱེད་པ་བཅས་བྱ་བའི་ཡུལ་མི་འདྲ་བ་ལ་བརྟེན་ནས་བྱ་ཚིག་དེའི་ནང་དོན་ཡང་སྐབས་དེའི་སྦྱོར་སའི་བྱ་བའི་ཡུལ་དང་བསྟུན་ནས་མཐུན་པར་བསྒྱུར་བ་ནི་བོད་སྐད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན་ནོ། །
     གཞན་ཡང་“消除”དང“消灭”ལྟ་བུ་ནི་བསྟན་དོན་ཉེ་བའི་བྱ་ཚིག་གཉིས་ཡིན་ལ། སྤྱིའི་དོན་ནི་མེད་པར་བཟོ་བའམ་ཤུལ་མེད་དུ་བཏང་བར་འཇུག་ཀྱང་དོན་གྱི་འཇུག་ཡུལ་མི་འདྲ་སྟེ།  “་消除”ནི་སྐྱོན་ནམ་གནོད་པ་སོགས་མེད་པར་བཏང་བའམ་སེལ་བའི་དོན་དུ་འཇུག་པ་དང་། བསལ་ཏེ་མེད་པར་བྱས་ནའང་ཕྱིར་མི་བྱུང་བའི་ངེས་པ་མེད་ཅིང་། “消灭”ནི་གནོད་ཕྱོགས་ཀྱི་ཡུལ་དེ་རྩ་བ་ནས་ཤུལ་མེད་དུ་བཏང་བར་འཇུག་པ་དང་། རྩ་བ་ནས་མེད་པར་བྱས་པའི་དོན་ཡིན་པས་ཕྱིར་མི་འབྱུང་བའི་དོན་ཡིན། དེ་དག་སོ་སོ་བོད་ཡིག་ཏུ་སྒྱུར་དུས“消除”ལ་སེལ་བ་དང་།  “消灭”ལ་རྩ་མེད་དུ་འགྲོ་བའམ་ཤུལ་མེད་དུ་གཏོང་བ་སོགས་སུ་བསྒྱུར་ན་ཅུང་ལེགས་པར་སྙམ་སྟེ། དཔེར་ན།  “你应该消除顾虑,勇敢地做决定 ”ཞེས་པར་ཁྱེད་ཀྱིས་དོགས་པ་བསལ་ཏེ་སྙིང་སྟོབས་ཆེན་པོའི་སྒོ་ནས་ཐག་གཅད་དགོས། ཞེས་བསྒྱུར་བ་ལྟ་བུ་དང་། ཡང་།  “坚决地消灭敌人。 ”ཞེས་པ་བོད་ཡིག་ཏུ་བསྒྱུར་ན། བློ་ཐག་རྦད་ཆོད་ཀྱིས་དགྲ་བོ་ཚར་གཅོད་དགོས་ཞེས་པ་ལྟ་བུའོ། །
     ཡང་རྒྱ་ཡིག་གི་བྱ་ཚིག་ཁྲོད་དུ་བྱ་ཚིག་ཁ་ཤས་ཤིག་ནི་བཟང་ངན་གཉིས་ཀ་དང་བར་མའི་དོན་བསྟན་པའི་བྱ་ཚིག་ཡིན་ལ། དེ་ནི་སྐབས་དེའི་བརྫོད་པ་ཧྲིལ་བོའི་ནང་དོན་དང་། ཚིག་གོང་འོག་གི་བསྟན་དོན་ལ་གཞིགས་ནས་བྱ་བའི་མིང་དེའི་བསྟན་དོན་བརྡར་ཤ་གཅད་དགོས་ཏེ། དཔེར་ན། རྒྱ་ཡིག་གི་བྱ་ཚིག“影响”ལྟ་བུར་མཚོན་ན། སྤྱིར་བཏང་དུ་ཤུགས་རྐྱེན་ཞེས་བསྒྱུར་ཡོད་ལ། དེ་ནི་བྱ་ཚིག་ཡིན་པའི་སྐབས་སུ་ཤུགས་རྐྱེན་བཟང་པོའི་ཕྱོགས་དང་ངན་པའི་ཕྱོགས་གཉིས་ཀ ད་དུང་བཟང་ངན་གྱི་དབྱེ་བ་གང་ཡང་མེད་པར་ཤུགས་རྐྱེན་རྐྱང་རྐྱང་སོགས་བསྟན་གྱིན་ཡོད་པས། སྐབས་དེའི་བརྗོད་བྱའི་ནང་དོན་ལ་གཞིགས་ནས་བོད་ཡིག་ཏུ་བསྒྱུར་དགོས་ཚུལ་ཐད་དཔེར་བརྗོད་ཅིག་དྲངས་ནས་བཤད་ན།  “这场改革不仅影响中国, 而且会影响世界”ཞེས་པ་ལྟ་བུ་ནི་ཤུགས་རྐྱེན་གྱི་བཟང་ངན་གང་ཡང་བསྟན་མེད་པས་བོད་ཡིག་ཏུ་བསྒྱུར་ན། བསྒྱུར་བཅོས་འདིས་ཀྲུང་གོར་ཤུགས་རྐྱེན་གཏོང་ངེས་ཡིན་པར་མ་ཟད། འཛམ་གླིང་ལའང་ཤུགས་རྐྱེན་གཏོང་ངེས་ཡིན། ལྟ་བུ།  “不要影响卓玛学习”ལྟ་བུར་མཚོན་ན། སྐབས་འདིའི“影响”ནི་ཤུགས་རྐྱེན་ངན་པའི་དོན་བསྟན་གྱིན་ཡོད་པས། བོད་ཡིག་ཏུ་བསྒྱུར་དུས་སྒྲོལ་མའི་སློབ་སྦྱོང་ལ་གནོད་རྐྱེན་མ་བཟོ་ཞེས་བསྒྱུར་དགོས་པ་ལྟ་བུའོ། །
གཉིས། དོན་དུ་མ་ཅན་གྱི་བྱ་ཚིག་སྒྱུར་སྟངས།
    1.རྒྱ་ཡིག་གི་བྱ་ཚིག་དོན་དུ་མ་ཅན་ལ་འཇུག་ཚུལ།
     རྒྱའི་བརྡ་སྤྲོད་དུ་བྱ་བའི་མིང་གང་ཞིག་ཕན་ཚུན་འབྲེལ་བ་ཡོད་པའི་དོན་མི་འདྲ་བ་གཉིས་སམ་གཉིས་ཡན་ཆད་སྟོན་པའི་རིགས་མང་། རྒྱ་བོད་སྐད་གཉིས་ལ་མཚོན་ན། དོན་རྐྱང་མའི་མིང་ནི་ཉུང་ཤས་དང་དོན་དུ་མར་འཇུག་པའི་མིང་ནི་མང་ཤོས་ཡིན་ལ། ལོ་ཙཱའི་སྐབས་སུ་དོན་དུ་མ་ཅན་གྱི་མིང་ཡིག་སྒྱུར་བྱེད་པ་ནི་ཅུང་དཀའོ།། དེ་ཡང་གཙོ་བོ་དོན་རྟོགས་དཀའ་སླའི་དབང་གིས་ཡིན་ཏེ། དོན་རྐྱང་མའི་མིང་ལ་རྒྱུན་པར་གོ་ཚུལ་གཅིག་ལས་མེད་པས། དོན་དེ་ཉིད་རྟོགས་རྗེས་སྤྱིར་བཏང་ཐད་སྒྱུར་བྱས་ཆོག་མོད། དོན་དུ་མའི་མིང་ནི་ཚིག་བབ་དང་བསྟུན་ནས་གོ་ཚུལ་སྣ་ཚོགས་ཤིག་ཡོད་པས། དོན་དེ་དག་རེ་རེ་བཞིན་ཤེས་རྗེས་ད་གཟོད་སྐབས་བསྟུན་མཐུན་སྒྱུར་བྱེད་དགོས་པ་ཡིན། ལྷག་པར་དུ་རྒྱ་བོད་སྐད་གཉིས་ཀྱི་དོན་དུ་མའི་མིང་གི་གྲུབ་ཚུལ་ལ་ཁྱད་ཆེ་བ་དང་། རྒྱའི་དོན་དུ་མ་ཅན་གྱི་མིང་གི་འཇུག་ཡུལ་ནི་སྤྱིར་བཏང་ཤིན་ཏུ་རྒྱ་ཆེ་བས་ཕལ་ཆེར་བློར་ཤོང་དཀའ་བ་ཞིག་སྟེ། དེ་ལས་མང་ཆེ་བར་སྒྲ་ཚིག་རྐྱང་སྦྲགས་གཉིས་ཀྱི་སྐབས་སུ་ཉུང་ན་དོན་བཅུ་ཙམ་དང་། མང་ན་དོན་བརྒྱ་ཕྲག་ལྷག་ཡོད། དཔེར་ན།  “打”ཞེས་པའི་བྱ་ཚིག་འདི་ལ་མཚོན་ན་རྒྱ་ཡིག་ཚིག་མཛོད་ནང་དུ་ནང་དོན416ལྷག་འདུས་ཡོད། ལོ་ཙཱའི་གོ་རིམ་ཁྲོད་དུ་ཐོག་མར་མ་ཡིག་གི་ནང་དོན་ལ་གོ་བ་ལེན་དགོས་པ་དང་། མ་ཡིག་གི་བསྟན་དོན་ལ་གོ་བ་ཡང་དག་པ་ཞིག་ཡོད་པའི་རྨང་གཞིའི་སྟེང་ནས་སྒྱུར་བྱེད་ཡིག་རིགས་ཀྱིས་དེའི་བསྟན་དོན་ཡང་དག་པ་དང་ཇི་བཞིན་དུ་ཕབ་སྒྱུར་བྱས་པ་ཡིན་པས། མ་ཡིག་གི་ནང་དོན་ལ་གོ་བ་ནོར་ཚེ་འགྱུར་ཡིག་ལའང་ནོར་འཁྲུལ་འབྱུང་བ་ནི་སྨྲོས་མ་དགོས་པ་ཞིག་ཡིན། དེའི་རྐྱེན་གྱིས་བསྒྱུར་བའི་ཁྲོད་ཀྱི་དོན་དུ་མ་ལ་འཇུག་པའི་བྱ་ཚིག་གི་དོན་གསལ་པོ་ཞིག་ཤེས་རྒྱུ་གལ་ཆེ་བ་ཡིན། སྤྱིར་རྒྱ་ཡིག་གི་བྱ་ཚིག་གཅིག་དོན་དུ་མར་འཇུག་པའི་གནས་ཚུལ་མང་བ་དང་དེའི་ཤོང་ཚད་ཀྱང་མང་བའི་རྐྱེན་གྱིས་ཡིག་སྒྱུར་གྱི་ཀོ་རིམ་ཁྲོད་ཐད་ཀར་རྒྱ་ཡིག་གི་བྱ་ཚིག་དེའི་དོན་དང་ཁ་གཏད་པའི་བོད་ཡིག་གི་བྱ་བའི་མིང་ངམ་བྱ་ཚིག་གཅིག་ཏུ་རྟོགས་པ་ནི་ཤིན་ཏུ་དཀའོ། །
     སྤྱིར་གོང་དུ་བཤད་པ་བཞིན་རྒྱའི་དོན་དུ་མ་ལ་འཇུག་པའི་བྱ་ཚིག་གི་རིགས་འདིར་གཅིག་ནས་དོན་གྱི་འཇུག་ཡུལ་ཤིན་ཏུ་རྒྱ་ཆེ་བ་དང་། གཉིས་ནས་བོད་ཡིག་དང་བསྡུར་ན་གྲངས་འབོར་ཧ་ཅང་མང་བས། དེའི་སྒྱུར་ཚུལ་ནི་ཆོས་ཉིད་གཅིག་ཏུ་ཕྱོགས་སྡོམ་བྱེད་བསམས་ན་དཀའ་མོད། ང་ཚོས་རྒྱའི་དེང་རབས་བརྡ་སྤྲོད་པའི་གཞུང་ལ་ཁུངས་བྱས། རྒྱ་བོད་ལོ་ཙཱ་བའི་ད་ཡོད་ཀྱི་དཔྱད་འབྲས་རྣམས་གཞིར་བཟུང་ནས་སྨྲས་ན་རྒྱ་ཡིག་གི་དོན་དུ་མའི་བྱ་ཚིག་དེ་བོད་ཡིག་ཏུ་སྒྱུར་དུས་རྒྱ་ཡིག་ཏུ་རྩ་བའི་དོན་ཁོ་ནར་འཇུག་པ་དེ་བོད་ཡིག་ཏུ་དོན་སྣ་ཚོགས་སུ་བསྒྱུར་དགོས་པ་ཡིན་ནོ། །
    2.རྒྱ་ཡིག་གི་བྱ་ཚིག་དོན་རྐྱང་བ་ཅན་བོད་ཡིག་ཏུ་དོན་དུ་མར་བསྒྱུར་བ།
     རྒྱ་བོད་བརྡ་སྤྲོད་དང་སྐད་ཆ་བཤད་སྟངས་ཀྱི་ཁྱད་པར་གྱི་དབང་གིས་རྒྱ་ཡིག་གི་བྱ་ཚིག་འགའ་རེ་བོད་ཡིག་ཏུ་བསྒྱུར་དུས་སྐབས་དེའི་ཚིག་གོང་འོག་གི་སྐད་ཆའི་བཤད་སྟངས་དང་བརྫོད་བྱའི་བསྟན་དོན། བྱ་ཚིག་གི་བྱ་བའི་ཡུལ་སོགས་མི་འདྲ་བའི་དབང་གིས་བོད་ཡིག་ཏུ་དོན་དུ་མར་བསྒྱུར་དགོས་པ་ཡོད་དེ། དཔེར་ན།  “提高技能”དང“提高质量” “提高产量” “提高水平”ལྟ་བུར་མཚོན་ན། སྤྱིར“提高”ཞེས་པ་ནི་བོད་ཡིག་ཏུ་མཐོ་རུ་གཏོང་བའི་དོན་ལ་འཇུག་པ་དང་།  “提高”ཞེས་པ་ལས་འདི་ནི་སྦྱར་བའི་ཡུལ་མི་འདྲ་བའི་དབང་གིས་སྒྱུར་དུས་ཀྱང་དོན་མི་འདྲ་བ་སྟོན་གྱིན་ཡོད། གོང་གི་དཔེར་བརྗོད་དེ་དག་རིམ་པ་བཞིན་བོད་ཡིག་ཏུ་བསྒྱུར་ན། ནུས་རྩལ་ཇེ་ཆེར་གཏོང་བ་དང་སྤུས་ཀ་ཇེ་ལེགས་སུ་གཏོང་བ། ཐོན་ཚད་ཇེ་མང་དུ་གཏོང་བ། ཆུ་ཚད་ཇེ་མཐོར་གཏོང་བ་ཞེས་རྒྱ་ཡིག་གི་བྱ་ཚིག་དེ་བོད་ཡིག་ཏུ་བསྒྱུར་སྐབས་གང་ལ་གང་འཚམ་གྱིས་བསྒྱུར་དགོས། སྐབས་དེའི་བརྗོད་བྱའི་བསྟན་དོན་དང་བྱ་བའི་ཡུལ། མིང་གི་སྔ་ཕྱི་དང་ཚིག་བབ་ལ་བསྟུན་ཏེ་སྒྲ་སྦྱོར་བམ་གཉིས་ལས་དོན་དང་མི་འགལ་ལ་བོད་སྐད་དང་གར་བདེ་བར་གྱིས་ཤིག་ཅེས་པ་ལྟར་བསྒྱུར་བ་ལས། སྤུས་ཚད་མཐོར་འདེགས་གཏོང་བ་དང་ཐོན་ཚད་མཐོར་འདེགས་གཏོང་བ། ནུས་རྩལ་མཐོར་འདེགས་གཏོང་བ་ཞེས་བསྒྱུར་ན་བཙན་བསྒྱུར་ཏུ་སོང་བར་སྙམ་མོ། །
གསུམ། ཚིག་གི་སྡེབ་སྟངས་ལ་གཞིགས་ནས་བྱ་ཚིག་གི་སྒྱུར་སྟངས།
     སྐད་རིགས་ཤིག་གི་བརྡ་སྤྲོད་ལས་མིང་གི་སྦྱོར་སྟངས་དང་ཚིག་གི་སྡེབ་སྟངས་ནི་མི་རིགས་དེའི་ཡུན་རིང་གི་འཚོ་བའི་གོམས་གཤིས་དང་སྐད་ཆ་བཤད་སྟངས་ལས་གཏན་འཇགས་སུ་སོང་ཡོད་ལ། སྐད་རིགས་སོ་སོར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཡོད། རྒྱ་ཡིག་གི་ཚིག་གི་སྡེབ་སྟངས་འགའ་ནི་བོད་སྐད་དུ་ཇི་བཞིན་དུ་བསྒྱུར་མི་འཚམ་པའམ་སྡེབ་སྟངས་དེ་རིགས་ལ་མི་འོས་པ་ཡོད་པས། ཡིག་སྒྱུར་གྱི་གོ་རིམ་ཁྲོད་ཚིག་གི་སྡེབ་སྟངས་ལ་གཞིགས་ནས་བྱ་ཚིག་གི་བསྟན་དོན་མཚོན་པའམ་ཡིག་སྒྱུར་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེའོ།  རྒྱ་ཡིག་གི་བྱ་ཚིག“开”ནི་བོད་ཡིག་གི་བྱ་ཚིག་འབྱེད་དང་བསྟན་དོན་འདྲ་བས། སྐབས་འགར་དོན་མཚུངས་པར་སྟོན་པ།  དཔེར་ན།   “开门”ལ་སྒོ་འབྱེད་པ།  “开幕”ལ་ཡོལ་བ་འབྱེད་པ།  “开窍”ལ་བློ་སྒོ་འབྱེད་པ།  “开矿”ལ་གཏེར་ཁ་འབྱེད་པ། ཞེས“开”ཞེས་པའི་བྱ་ཚིག་ལ་འབྱེད་ལྟར་དུ་བསྒྱུར་ཆོག་ལ། ཡང་བོད་སྐད་ཀྱི་སྐད་ཆའི་བརྗོད་སྟངས་ཀྱིས་སྐབས་འགར“开”ཞེས་པའི་བྱ་ཚིག་ལ་འབྱེད་ལྟར་དུ་བསྒྱུར་མི་ཆོག་སྟེ། དཔེར་ན།  “开国”ལ་རྒྱལ་ཁབ་དབུ་བཪྙེས་པ།  “开工”ལ་ལས་འགོ་འཛུགས་པ།  “开荒”ལ་ས་རྒོད་སློག་པ།   “开山”ལ་རི་གཤག་པ།  “开春”ལ་དཔྱིད་ཚེས་པ།  “开渠”ལ་ཡུར་བུ་བཟོ་བ་ལྟ་བུ་བཅས་སུ་བསྒྱུར་པ་ལས“开”ཞེས་པའི་བྱ་ཚིག་ཡོད་ཚད་འབྱེད་ལྟར་བསྒྱུར་མི་ཆོག་པས། ཚིག་གི་སྡེབ་སྟངས་ལ་གཞིགས་ནས་ཡིག་སྒྱུར་བྱེད་དགོས། ཡང་དཔེར་ན།  “放箭”ལ་མདའ་འཕེན་པ།  “放毒”ལ་དུག་འདེབས་པ།  “放牧”ལ་ཕྱུག་འཚོ་བ།  “放学”ལ་སློབ་གྲྭ་གྲོལ་བ།   “放光”ལ་འོད་འཕྲོ་བ་ཞེས་རྒྱ་ཡིག་གི་བྱ་ཚིག “放”ཞེས་པར་དེའི་ཚིག་གྲོགས་མ་གཅིག་པ་ལས་དོན་ཡང་འགྱུར་ལྡོག་བྱུང་བ་ནི་སྨྲོས་མ་དགོས། དེའི་རྐྱེན་གྱིས་བོད་ཡིག་ཏུ་སྒྱུར་བའི་སྐབས“放”ཞེས་པའི་བྱ་ཚིག་འདི་ནི་བསྟན་བྱ་མ་འདྲ་བ་དང་བསྟུན་ནས་བོད་ཡིག་ཏུ་སྒྱུར་སྲོལ་ཡང་མི་འདྲ་བས་ང་ཚོས་ཡིག་སྒྱུར་བྱེད་པའི་གོ་རིམ་ཁྲོད་དུ་ངེས་པར་དུ་སྐབས་བབ་ཀྱི་དོན་དང་བསྟུན་ནས་ཡང་དག་པར་བསྒྱུར་དགོས་གོ།
     རྒྱ་སྐད་ལ་མཚོན་ན་མིང་བརྡ་ཕན་ཚུན་སྡེབ་སྟངས་ཀྱི་ཆ་ནས་ལ་ལར་ཅུང་གཏན་ཆགས་ཀྱི་རང་བཞིན་ལྡན་པ་དང་ལ་ལར་ངེས་གཏན་ཆེར་མེད་སྟབས། སྡེབ་ཡུལ་མི་འདྲ་བའི་སྐབས་སུ་དོན་ཡང་ཤ་དད་དུ་སྟོན་པ་ཡིན། དཔེར་ན། རྒྱ་ཡིག་གི་བྱ་ཚིག“讲”ལྟ་བུར་མཚོན་ན།  “我讲过” “讲大局” “讲效益”  “讲课文”སོགས་སྡེབ་བའི་བྱ་བའི་ཡུལ་མི་འདྲ་བའི་དབང་གིས་དོན་ཡང་མི་འདྲ་ཐ་དད་དུ་སྣང་ཡོད་པ་ལྟ་བུ། རྒྱ་བོད་གཉིས་ཀྱི་ཡི་གེའི་ངོ་བོ་དང་སྐད་བརྡ་སྤྲོད་ལུགས་མི་འདྲ་བའི་དབང་གིས་རྒྱ་ཡིག་གི་སྐད་བརྡའི་ཁོར་ཡུག་ནང་མིང་བརྡ་གཉིས་ཕན་ཚུན་བསྡེབས་ན་ཚིག་སྔ་ཕྱི་འབྲེལ་ཆགས་ཤིང་དོན་ལ་འབྱོར་ཡང་བོད་སྐད་དུ་མི་འབྱོར་བའི་གནས་ཚུལ་ཤིན་ཏུ་མང་། གོང་གི་རྒྱ་ཡིག་དེ་དག་སྒྱུར་བ་ལ་རིམ་པ་བཞིན་བསྒྱུར་ན་ངས་བཤད་མྱོང་། ཁྱོན་ཡོངས་ལ་བསམས་གཞིགས་བྱེད་པ། སྤུས་ཚད་ལ་དང་དོད། སློབ་ཚན་འཁྲིད་པ་ཞེས་རྒྱ་ཡིག་གི་བྱ་ཚིག“ 讲”དེ་བོད་ཡིག་ཏུ་སྒྱུར་སྐབས་གང་ལ་གང་འཚམ་གྱིས་བསྒྱུར་དགོས། བསྒྱུར་བའི་བྱ་ཚིག་གང་དེའི་སྡེབ་ཡུལ་བྱེ་བྲག་པར་བལྟས་ནས་བསྟན་དོན་མ་འཁྲུལ་བར་བརྡར་ཤ་བཅད་པའི་སྔོན་འགྲོའི་འོག   བོད་ཀྱི་སྐད་བརྡའི་ཁོར་ཡུག་ནང་ཚིག་གི་སྡེབ་འགྲིག་མིན་དང་ཚིག་དོན་གསལ་མིན། གཏན་ཚིགས་དང་མཐུན་མིན་སོགས་གང་ཅིའི་ཐད་ལ་གཞིགས་ནས། བོད་རང་ལ་སྔར་ནས་གོམས་ཤིང་སྲོལ་དུ་ཆགས་ཡོད་པའི་ཚིག་གི་སྡེབ་སྟངས་ལྟར་མིང་བརྡ་གང་ལ་གང། འཚམ་དུ་སྦྱར་ནས་མ་ཡིག་གི་དོན་དེ་མཚོན་དགོས་པ་ལས། ངས་བཤད་མྱོང་། ཁྱོན་ཡོངས་ལ་བཤད་པ། སྤུས་ཚད་ལ་བཤད་པ། སློབ་ཚན་བཤད་པ་ཞེས་པ་ལྟར་དུ་རྒྱ་སྐད་ལ་ཨུ་ཚུགས་ཀྱིས་བསྟུན་ནས་ཞྭ་དཔེ་ལྷམ་འགེབས་བྱེད་མི་རུང་སྙམ་མོ། །
བཞི། དོན་གྱི་སྙེག་སར་གཞིགས་ནས་བྱ་ཚིག་སྒྱུར་བ།
     བྱ་ལས་ཀྱི་འབྲེལ་བ་སྟོན་སྐབས་རྒྱ་ཡིག་དང་བོད་ཡིག་གི་བརྡ་སྤྲོད་ཀྱི་ཁྱད་པར་ལས་རྒྱ་ཡིག་གི་ཁྲོད་དུ་ལས་སྔོན་དང་བྱ་བ་རྗེས་སུ་ཡོད་པ་དང་། བོད་ཡིག་གི་ཁྲོད་དུ་བྱ་བ་སྔོན་དང་ལས་རྗེས་སུ་ཡོད་པའི་སྐོར་གོང་ནས་གླེང་ཡོད། བྱ་ཚིག་དང་ཚིག་ཧྲིལ་པོའི་དོན་ལ་གཞིགས་ནས་བརྫོད་པའི་ནང་དོན་དང་ཚིག་གཅོད་མཚམས་སོགས་ལ་དབྱེ་ཞིབ་དང་ངོས་འཛིན་བྱ་རྒྱུ་ནི་ཡིག་སྒྱུར་ཁྲོད་ཀྱི་གནད་དོན་གལ་ཆེན་ཞིག་ཡིན་ལ། དེ་ཡང《སྒྲ་སྦྱོར་བམ་གཉིས》ལས།  “་་་་་་་རྐྱང་པ་ལ་ནི་དོན་གང་ལ་བསྙེགས་པ་ཡན་ཆད་ཀྱི་ཚིག་དོན་གཉིས་ཀ་ལ་གར་བདེ་བསྣོལ་ཞིང་བསྒྱུར་ཅིག”①ཅེས་བཀོད་ཡོད། དེའི་རྐྱེན་གྱིས་རྒྱ་བོད་ཡིག་སྒྱུར་བྱེད་སྐབས་ཚིག་རིང་བོ་བསྒྱུར་བའི་ཁྲོད་རྒྱ་བོད་གཉིས་ཀྱི་བརྡ་སྤྲོད་ལས་བྱ་ལས་གཉིས་ཀྱི་ཁྱད་པར་དང་བརྡ་སྤྲོད་སྟངས་ལ་རྒྱུས་མངའ་ལེགས་པོ་མེད་ཚེ་ཡིག་སྒྱུར་བྱེད་སྐབས་གོ་བ་ལོག་པའམ་འགྱུར་གྱི་བསྟན་དོན་མི་གསལ་བའི་གནད་དོན་སོགས་ཡོང་སྲིད། རྒྱ་ཡིག་གི་བྱ་ཚིག་ཁྲོད་དུ། དཔེར་ན།  “说” “想” “讲”“指出” “认为”ཞེས་པ་སོགས་ཀྱིས་བྱ་ཚིག་གི་སྐབས་བྱ་བ་རྗེས་སུ་སྟོན་གྱིན་ཡོད་པས་བོད་ཡིག་ཏུ་བསྒྱུར་དུས་དོན་གྱི་སྙེག་སར་དོ་སྣང་བྱེད་དགོས།
ལྔ། བྱ་ཚིག་གཅིག་རིགས་དུ་མ་ལ་འཇུག་པ་ཅན་གྱི་སྒྱུར་སྟངས།
     རྒྱ་ཡིག་གི་བརྡ་སྤྲོད་ཁྲོད་དུ་མིང་གཅིག་ནི་བྱ་བའི་མིང་དང་དངོས་པོའི་མིང་ངམ་ཁྱད་ཆོས་བརྗོད་པའི་མིང་ལ་འཇུག་པ་ཡོད་པས། བྱ་བའི་མིང་ཡང་རྒྱུན་དུ་བྱ་བའི་མིང་དང་དངོས་པོའི་མིང་གཉིས་ཀ་དང་། བྱ་བའི་མིང་དང་ཁྱད་ཆོས་སྟོན་པའི་མིང་གཉིས་ཀར་འཇུག་པའི་གནས་ཚུལ་ཡོད། མིང་འདི་རིགས་སྒྱུར་སྐབས་ལྷག་པར་དོ་སྣང་བྱེད་དགོས་ལ། དེ་ནི་སྐབས་དེའི་མིང་གི་རང་བཞིན་ལ་བརྟེན་ནས་སྐབས་དོན་མི་འདྲ་བ་སྟོན་པ་སྟེ། དཔེར་ན།  རྒྱ་ཡིག་གི “梦”ཞེས་པ་ལ་རྨི་ལམ་དང་རྨི་ལམ་རྨི་བའི་དོན་གཉིས་ལྡན་ཡོད་ལ། དེ་བཞིན་དུ“堆”ཞེས་པར་ཕུང་བོ་དང་སྤུངས་པའི་དོན་དང། “犁”ཞེས་པར་ཐོང་གཤོལ་དང་རྨོ་བའི་དོན་གཉིས་ཀ་ལྡན་པ། “度量”ལ་ཁོག་རྒྱ་དང་འཇལ་བའི་དོན་གཉིས་ཀ་ལྡན་པ། “报告”ཞེས་པར་སྙན་ཞུ་དང་སྙན་ཞུ་འབུལ་བའི་དོན། “导演”ཞེས་པར་འཁྲབ་ཁྲིད་པ་དང་འཁྲབ་པའི་དོན་ལྡན་ཡོད་པ་ལས་སྔ་མ་ནི་དངོས་མིང་དང་པྱི་མ་ནི་བྱ་ཚིག་གམ་བྱ་བའི་མིང་ཡིན་ལ། རྒྱ་ཡིག་གི་ཁྲོད་དུ་འདི་འདྲའི་བྱ་ཚིག་མང་བས་རྒྱ་བོད་ཡིག་སྒྱུར་བྱེད་སྐབས་མིང་འདི་རིགས་ཀྱི་འཇུག་ཚུལ་གསལ་པོར་ཤེས་མིན་གྱིས་མ་ཡིག་གི་གོ་བ་ཡང་དག་པར་ལེན་ཐུབ་མིན་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱིན་ཡོད་པས་ཞིབ་ཏུ་རྟོགས་པར་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེའོ། །
     ཡང་རྒྱ་བོད་ཡིག་སྒྱུར་གྱི་གོ་རིམ་ཁྲོད་ལོ་ཙཱ་བས་ཞིབ་མོས་མ་བརྟག་པའམ་གཟབ་ནན་མ་བྱས་པའི་དབང་གིས་འགྱུར་སྐྱོན་བྱུང་ཡོད་པ་ནི་དཔེར་ན། རྒྱ་ཡིག་གི“三个代表”ཞེས་པའི“代表”ནི་རིགས་གཉིས་ལ་འཇུག་པ་སྟེ། དངོས་པོའི་མིང་ལ་འཇུག་སྐབས། དེ་ནི་འཐུས་མི་དང་། སྐུ་ཚབ། དཔེ་མཚོན་སོགས་ཀྱི་དོན་ཡིན་པ་དང་། ཡང་བྱ་བའི་མིང་ལ་འཇུག་སྐབས། དེའི་དོན་ནི་ཚབ་བྱེད་པ་དང་མཚོན་པའི་དོན་ཡིན། སྤྱིར“三个代表”ཞེས་པའི་སྐབས་འདིའི“代表”ནི་དངོས་པོའི་མིང་ཡིན་ལ། ཡོངས་ཁྱབ་ཏུ་མཚོན་བྱེད་གསུམ་ཞེས་བསྒྱུར་ཡོད། ཡང་ལ་ལས་ཚབ་བྱེད་གསུམ་ཞེས་བསྒྱུར་བའི་འགྱུར་ཡང་ཡོད་ལ།   ཚབ་བྱེད་གསུམ་ཞེས་བསྒྱུར་བ་ནི“代表”ཞེས་པ་བྱ་བའི་མིང་དུ་གོ་བ་ཡིན་ལ། དེ་ནི་མིང་འདིའི་འཇུག་ཚུལ་དང་གོ་དོན་བྱང་ཆུབ་པ་ཞིག་མ་ཤེས་པའི་སྐྱོན་ཡིན་པར་སྙམ་མོ།  
     ཡང་རྒྱ་ཡིག་གི་བྱ་བའི་མིང་ངམ་བྱ་ཚིག་གི་ཁྲོད་དུ་བྱ་བའི་མིང་དང་ཁྱད་ཆོས་སྟོན་པའི་མིང་གཉིས་ཀའི་དོན་ལྡན་པ་ཡོད་དེ། དཔེར་ན། “巩固”ལ་སྲ་བརྟན་དུ་གཏོང་བ་དང་། བརྟན་པོའམ་མཁྲེགས་པོའི་དོན་གཉིས་ཀ་ལྡན་པ། “明确”ཞེས་པར་གསལ་བོ་ཤེས་པ་དང་། གསལ་བོ་ཡི་དོན་ལྡན་པས་ཡིག་སྒྱུར་གྱི་གོ་རིམ་ཁྲོད་དུ་སྐབས་དེའི་ཚིག་སྔ་ཕྱིའི་ནང་དོན་དང་བརྗོད་བྱའི་དོན་ལ་བསྟུན་ནས་ཡང་དག་པར་བསྒྱུར་དགོས། ཡང་དཔེར་ན། “丰富文化生活”ཞེས་པའི་ཁྲོད་ཀྱི“丰富”ནི་བྱ་ཚིག་ཡིན་པས། བོད་ཡིག་ཏུ་བསྒྱུར་ན་རིག་གནས་འཚོ་བ་ཕུན་ཚོགས་སུ་གཏོང་བ་ཞེས་བསྒྱུར་བ་དང་། “文化生活丰富”ཞེས་པའི“丰富”ནི་ཁྱད་ཆོས་སྟོན་པའི་མིང་ཡིན་པས། དེར་བོད་ཡིག་ཏུ་བསྒྱུར་ན། རིག་གནས་འཚོ་བ་ཕུན་སུམ་ཚོགས་པ་ཞེས་བསྒྱུར་དགོས་པ་ལྟ་བུའོ། །
     མིང་འདི་རིགས་བསྒྱུར་དུས་ཤེས་དགོས་པ་ཞིག་ནི་མིང་དེ་རིགས་གང་གི་ཁོངས་སུ་གཏོགས་པ་དང་དེའི་ནང་དོན་གསལ་པོར་རྟོགས་ཚེ།  ད་གཟོད་ཡིག་སྒྱུར་གྱི་གོ་རིམ་ཁྲོད་མ་ཡིག་ལ་གོ་ལོག་ཏུ་མི་འགྲོ་བ་དང་འགྱུར་ཡིག་གིས་དེའི་བསྟན་དོན་ཡང་དག་པ་སྒོས་མཚོན་ཐུབ་པས། བསྒྱུར་བྱ་དང་སྒྱུར་བྱེད་ཡི་གེ་གཉིས་ཀྱི་བརྡ་སྤྲོད་དང་རྗོད་སྟངས་སོགས་བྱང་ཆུབ་དགོས་པ་དང་། ལོ་ཙཱ་བས་གལ་བོ་ཆེ་ལ་ནན་ཏན་ཞེས་པ་ལྟར་གཟབ་ནན་ཧུར་སྐྱེད་བྱ་རྒྱུ་སོགས་ནི་གལ་ཆེ་བར་སྙམ་མོ། །
གསུམ་པ། རྒྱ་བོད་ཡིག་སྒྱུར་སྐབས་དོ་སྣང་བྱེད་དགོས་ས་དང་གནད་དོན་འགའ་བཤད་པ།
     མཁས་དབང་མཁྱེན་རབ་འོད་གསལ་གྱིས།  “བོད་ཀྱི་སྐད་ཡིག་ནི་རྨང་གཞི་ཡིན་པས་ཐོག་མར་བོད་ཀྱི་སྐད་ཡིག་མཐར་ཕྱིན་པ་དང་བྱང་ཆུབ་པ་ཞིག་བྱེད་དགོས། དེ་ལྟར་ཡོང་བ་ལ་འབད་བརྩོན་ཆེན་པོས་སྔར་སྲོལ་བོད་ཀྱི་རིག་གནས་ཀུན་སློབ་དགོས་པ་ལས་བོད་སྐད་ཤོད་ཤེས་པ་དང་། བོད་ཡིག་འབྲི་ཀློག་ཤེས་པ་ཙམ་གྱིས་ཆོག་ཤེས་པར་མི་བལྟ། གལ་ཏེ་མི་རིགས་རང་ཉིད་ཀྱི་སྐད་ཡིག་བྱང་ཆུབ་པ་ཞིག་མ་ཤེས་པར་དེས་མི་རིགས་གཞན་གྱི་སྐད་ཡིག་དང་རིག་གནས་སོགས་ཅི་ཙམ་ཤེས་ཀྱང་དེ་ལ་མཁས་པ་ཡིན་པ་ཙམ་ལས། དེས་མི་རིགས་གཞན་གྱི་རིག་གནས་ཀྱི་ལེགས་ཆ་བླངས་ཏེ་མི་རིགས་རང་གི་རིག་གནས་ཡར་རྒྱས་གཏོང་བར་བྱས་རྗེས་འཇོག་རྒྱུའི་རེ་བ་བྲལ་བ་རེད། ”①ཅེས་གསུངས་པ་ལྟར། རྒྱ་བོད་ཡིག་སྒྱུར་གྱི་ལས་གཉེར་པར་བསྒྱུར་བྱ་དང་སྒྱུར་བྱེད་གཉིས་ཀྱི་སྐད་རིགས་ལ་བྱང་ཆུབ་དགོས་ལ། ལྷག་པར་དུ་སྒྱུར་བྱེད་ཀྱི་སྐད་དེ་བོད་སྐད་ཡིག་གི་རྨང་གཞི་བརྟན་པོ་ཞིག་ཡོད་དགོས། རྒྱ་བོད་ཡིག་སྒྱུར་གྱི་གོ་རིམ་ཁྲོད་བོད་ཡིག་གི་བྱ་ཚིག་ལ་བྱང་ཆུབ་པ་ཞིག་དགོས་པར་སྙམ། བྱ་ཚིག་གི་ཡིག་སྒྱུར་ཁྲོད་གཤམ་གྱི་གནད་དོན་འགའ་ལ་དོ་སྣང་བྱ་དགོས་སོ། །
གཅིག དུས་གསུམ་གྱི་ཁྱད་པར་ལ་དོ་སྣང་བྱེད་དགོས་པ།
     གོང་ནས་བཤད་པ་ལྟར། རྒྱ་བོད་གཉིས་ཀྱི་བརྡ་སྤྲོད་ཀྱི་ཁྱད་པར་ལས་དུས་གསུམ་གྱི་མཚོན་སྟངས་ལ་ཁྱད་པར་ཡོད་དེ། རྒྱ་སྐད་ལས་བྱ་བའི་མིང་ཡོད་ཚད་རང་ངོས་ན་དུས་གསུམ་གྱི་ཁྱད་པར་སྟོན་པའི་བྱེད་ནུས་མེད་སྟབས། དུས་གསུམ་གྱི་ཚིག་གྲོགས་ཤིག་སྦྱར་ནས་དུས་ཀྱི་ཁྱད་པར་སྟོན་དགོས། བོད་ཡིག་ནི་དེ་ལྟར་མིན་ཏེ། བོད་ཡིག་གི་བྱ་ཚིག་མང་ཆེ་བ་ནི་བྱ་ཚིག་རང་སྟེང་ནས་གཟུགས་འགྱུར་བ་ལ་བརྟེན་ནས་དུས་གསུམ་མཚོན་པར་བྱེད་ཐུབ་པ་ནི་བོད་ཀྱི་སྐད་ཡིག་གི་བླ་མེད་ཁྱད་ཆོས་ཤིག་ཡིན། དཔེར་ན། དཔེ་ཆར་ལྟ། དཔེ་ཆར་བལྟ། དཔེ་ཆར་བལྟས། དཔེ་ཆར་ལྟོས་ཞེས་པ་ལྟ་བུའི་བྱ་ཚིག་གི་གཟུགས་ཀྱི་འགྱུར་བའི་སྟེང་ནས་དུས་ཀྱི་ཁྱད་པར་ཕྱེ་དགོས་པས། དུས་གསུམ་གྱི་རྣམ་གཞག་ཞིབ་པར་ངེས་དགོས་པ་ནི་ཤིན་ཏུ་གལ་ཆེའོ ། དཔེར་ན། རྒྱ་ཡིག་གི་བྱ་ཚིག་ལྟ་བུ་མཚོན་ན་དུས་གསུམ་གྱི་བཀོལ་སྟངས་མི་འདྲ་བ་ལ་དང་བསྟུན་ནས་བོད་ཡིག་ཏུ་བསྒྱུར་སྐབས་ཡང་打碎、 减少གཅག་དང་གཅོག བཅག ཆོག་ཞེས་བོད་ཡིག་གི་བྱ་ཚིག་ལ་གཟུགས་མི་འདྲ་བ་ཡོད་པ་ལྟ་བུའོ།།
གཉིས། བྱ་བྱེད་ཐ་དད་མིན་གྱི་ཁྱད་པར་ལ་དོ་སྣང་བྱེད་པ།
     བྱ་བྱེད་ཐ་དད་པའི་བྱ་ཚིག་ལ། 《སི་ཏུའི་སུམ་རྟགས་འགྲེལ་ཆེན》ལས། “དངོས་པོ་གང་ཞིག་ལ་ལས་གང་ཞིག་བྱེད་པ་པོ་གཞན་གྱིས་དངོས་སུ་སྒྲུབ་པར་བྱེད་པ་དེ་ནི་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་ལས། ”①ཞེས་གསུངས། བྱ་བ་གང་ཞིག་བྱེད་པ་པོ་དང་བྱ་བའི་ལས་གཉིས་ཐ་དད་དུ་ཡོད་པ་ཞིག་ལ་གོ་དགོས་ཏེ། དཔེར་ན། སློབ་མས་ལས་བྱ་འབྲི་ཞེས་པ་ལྟ་བུ་ལ་མཚོན་ན། བྱེད་པ་པོ་ནི་སློབ་མ་དང་ལས་ནི་ལས་བྱ་ཡིན་པ། བོད་ཡིག་གི་བྱ་ཚིག་ནི་ཚིག་གྲོགས་གཞན་ལ་མ་བརྟེན་པར་བྱ་ཚིག་ཉིད་ནས་བྱེད་པོ་གཞན་འབྲེལ་ཡིན་མིན་གསལ་བར་སོ་སོར་སྟོན་ནུས་པ་ཡིན། དཔེར་ན། ཇ་བསྐོལ་ནས་ཁོལ། ཤ་བཙོས་ནས་ཚོས་དང་། འཁོར་ལོ་བསྐོར་དང་འཁོར་ལོ་འཁོར་སོགས་ལྟ་བུའོ། །
     རྒྱ་ཡིག་གི་བྱ་ཚིག་མང་ཆེ་ཤོས་ནི་རང་སྟེང་ན་བྱ་བྱེད་ཐ་དད་མིན་གྱི་ཁྱད་པར་མེད་པར་ཚིག་གྲོགས་ལ་བརྟེན་དགོས་ལ། དཔེར་ན། རྒྱ་ཡིག་གི་བྱ་ཚིག “使着火”ཞེས་པ་བོད་ཡིག་ཏུ་བསྒྱུར་ན་མེ་འབར་དུ་བཅུག་ཅེས་བསྒྱུར་མི་དགོས་པར་མེ་སྦར་ཞེས་པ་ལས་རྒྱ་ཡིག་གི་དོན་མཚོན་ཐུབ་པ་ལྟ་བུའོ།། དེ་བཞིན་དུ་རྒྱ་ཡིག་གི“让孩子睡觉”ཞེས་པ་བོད་ཡིག་ཏུ་བསྒྱུར་ན་བྱིས་པ་བསྙལ་ཞེས་བསྒྱུར་བའོ། །
གསུམ། བྱ་ཚིག་གསར་བ་སྒྲིག་སྐབས་རྒྱ་ཡིག་གི་ཤན་ཞུགས་པ།
     དེང་སྐབས་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་འགྲོས་དང་བསྟུན་ནས། ཚན་རྩལ་ཡང་ཡར་ངོའི་ཟླ་ལྟར་གོང་ནས་གོང་དུ་འཕེལ་ཏེ། དངོས་པོ་གསར་པའི་རིགས་ཀྱང་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་ཉིན་རེ་ནས་ཉིན་རེར་ཇེ་མང་དུ་འགྲོ་བ་དང་། འགྲོ་བ་མིའི་དངོས་པོའི་ལོངས་སྤྱོད་དང་བསམ་པའི་ལོངས་སྤྱོད་ལའང་སྔོན་མེད་ཀྱི་དཔྱིད་དཔལ་གསར་བ་རྒྱས་པར་བྱེད་པའི་བསྐལ་བཟང་གི་དུས་སུ་གྱུར་མོད། གཞན་མི་རིགས་ཀྱི་རིག་གནས་ནང་འདྲེན་གྱི་གོ་རིམ་ཁྲོད་དང་། ལྷག་པར་དུ་རྒྱ་བོད་ཡིག་སྒྱུར་གྱི་གོ་རིམ་ཁྲོད་ནས་རྗེས་གྲུབ་ཀྱི་མིང་འབོར་ཆེན་ཞིག་ཡིག་སྒྱུར་སོགས་ལས་བོད་མི་རིགས་ཀྱི་སྐད་དུ་བྱུང་ཡོད་ལ། ལོ་ཙཱ་བ་འགའ་རེས་ཡིག་སྒྱུར་གྱི་ལག་ལེན་ཁྲོད་དུ་གཟབ་ནན་ཏན་ཏིག་དང་ཧུར་སྐྱེད་ཁུར་ལེན་གྱིས་ལོ་ཙཱ་མ་བྱས་པའམ་སྐད་གཉིས་ཀྱི་བྱང་ཚད་དམའ་བའི་རྒྱུ་རྐྱེན་གྱིས། རྒྱ་ཡིག་ནས་རང་སྐད་དུ་བསྒྱུར་བའི་མིང་གསར་བ་མང་པོ་ཞིག་ལ་རྒྱ་སྐད་ཀྱི་ཤན་ཞུགས་པའམ། བོད་སྐད་ཡིག་གི་བརྡ་སྤྲོད་ཀྱི་ཁྱད་ཆོས་ཤོར་བ་སོགས་ཀྱི་གནད་དོན་མང་པོ་ཡོད། དེ་ཡང་དཔའ་རིས་སངས་རྒྱས་ཀྱིས། “འགྱུར་དག་པ་ནི་བོད་སྐད་ཀྱི་གསོ་ཐིག་དང་། འགྱུར་མ་དག་པ་ནི་བོད་སྐད་བརླག་བྱེད་ཡིན། ①ཞེས་པ་ནང་བཞིན། བོད་སྐད་ཡིག་གི་བརྡ་སྤྲོད་སྟངས་ཀྱི་ཁྱད་ཆོས་ཉམས་པའི་འགྱུར་མང་པོ་ཡོད་དེ། དཔེར་ན། “提高”ལ་མཐོར་འདེགས་ཞེས་བསྒྱུར་བ་ལྟ་བུ། བྱ་ཚིག་འདིའི་ཕྱི་ངོས་ནས་བལྟས་ན་མཐོ་ཕྱོགས་སུ་འདེགས་པའི་དོན་ཡིན་མོད། རྩ་བའི་དོན་ནི་ཇེ་མཐོར་བཏང་བ་དེ་ཡིན། “提高”ཟེར་དོན་ནི་རྒྱའི་སྐད་ཡིག་གི་མིང་གི་ཁྱད་ཆོས་ལས་གྲུབ་པ་ཡིན་པས། རང་རེ་བོད་ཀྱིས་དེ་བཞིན་དུ་མིང་བརྡ་གསར་བཟོ་བས་ག་ལ་རུང་། བོད་ཀྱི་ཁ་སྐད་ལས་རྒྱུན་པར་བཀོལ་བའི་ཚིག་ཇེ་མཐོར་བཏང་བ་ཞེས་པ་དེ་ལ་སྦྱར་ན་མི་མཐུན་པའི་རྒྱུ་མཚན་ཅི་ཡང་མེད། ཚིག“提高文化水平”ཞེས་པ་འདི་བོད་ཡིག་ཏུ་བསྒྱུར་ན་རིག་གནས་ཆུ་ཚད་ཇེ་མཐོར་གཏོང་བ་ལྟ་བུའོ། ། ད་དུང་དཔེར་ན་ང་ཚོས་ནམ་རྒྱུན་སློབ་གྲྭ་ནས་གོ་ཐོས་མང་བའི་དཔེ་ཁ་ཤས་ཤིག་ལ། རྒྱ་ཡིག་གི“打饭”ལ་བོད་སྐད་དུ་ཟ་མ་ལེན་དུ་འགྲོ་བ་ལ་ཟ་མ་རྒྱག་ཏུ་འགྲོ་བ་དང་། “打字”ཞེས་པ་ཡི་གེ་གཏགས་པ་ལ་ཡི་གེ་རྒྱག་པ་ལྟ་བུའི་སྐྱོན་མང་པོ་བྱུང་ཡོད་པས་བསྒྱུར་དུས་ཡིད་འཇོག་བྱེད་པར་གལ་ཆེའོ། །
བཞི། བྱ་ཚིག་གི་འགྱུར་རིང་དྲགས་པ།
     རྒྱ་བོད་ཡིག་སྒྱུར་གྱི་གོ་རིམ་ཁྲོད་ལོ་ཙཱ་བའི་རིག་གནས་ཀྱི་བྱང་ཚད་དང་འགྱུར་ཡིག་ལ་འགན་འཁུར་མིན་སོགས་ཀྱིས་མིང་བསྒྱུར་དུས་དོན་སྒྱུར་བས་དྲགས་པའམ་ཡང་ན་ཚིག་འགྲེལ་གྱི་ཚུལ་དུ་བསྒྱུར་བས་མིང་ནི་ཚིག་ལྟར་བསྒྱུར་ཡོད་པའི་གནས་ཚུལ་ནི་མང་ལ། བྱ་ཚིག་དང་ཡང་ན་བྱ་བའི་མིང་སྒྱུར་དུས་ཀྱང་དོན་སྒྱུར་ཐལ་དྲགས་པའམ་ཚིག་འགྲེལ་གྱི་ཚུལ་དུ་བསྒྱུར་བ་ལས་འགྱུར་རིང་དྲགས་པའམ་མིང་ཚིག་ལྟར་བསྒྱུར་ཡོད་པའི་གནས་ཚུལ་ནི་དཔེར་ན། “退婚”ཞེས་པར་གཉེན་གན་བརྩིས་མེད་དུ་གཏོང་བ་ཞེས་བསྒྱུར་མོད། དེ་ནི་རྒྱ་ཡིག་གི་མ་ཡིག་ལ་ཡིག་འབྲུ་གཉིས་ལས་མེད་མོད། བོད་ཡིག་ཏུ་ཡིག་འབྲུ་དྲུག་ཏུ་བྲིས་ཡོད་པས་བྱ་བའི་མིང་དེ་ཚིག་ལྟར་བསྒྱུར་བའི་སྐྱོན་ཡོད་པར་སྙམ།  ཡང“逮捕”ཞེས་པར་འཛིན་བཟུང་བྱེད་པ་དང་། “调整”ཞེས་པར་ལེགས་སྒྲིག་བྱེད་པ། “开发”ཞེས་པར་སྔོག་འདོན་བྱེད་པ་སོགས་བྱ་ཚིག་སུམ་བརྩེགས་སུ་སྦྱར་ཡོད་ལ། དེ་དག་རིམ་བཞིན་དུ་འཛིན་པ་དང་སྒྲིག་པ། སྔོག་པ་སོགས་ནི་བྱ་ཚིག་གཅིག་གིས་དོན་ཡོངས་སུ་སྟོན་ཐུབ་པས་བྱ་ཚིག་ཉིས་བརྩེགས་སུམ་བརྩེགས་སུ་སྦྱོར་དགོས་དོན་མེད་པར་སྙམ། རྒྱ་ཡིག་གི་བྱ་ཚིག་ཉིས་བརྩེགས་ཅན་བོད་ཡིག་ཏུ་བྱ་ཚིག་ཉིས་བརྩེགས་སུམ་བརྩེགས་ཅན་ཏུ་བསྒྱུར་ན་བོད་སྐད་ཀྱི་བདག་གཞན་དང་། བྱ་བྱེད་ལས་གསུམ་སོགས་ཀྱི་ཐུན་མོང་མ་ཡིན་པའི་རྣམ་གཞག་ཀྱང་མག་མོག་ཏུ་འགྱུར་བའི་ཉེན་ཁ་མཆིས་པས་ཡིག་སྒྱུར་གྱི་གོ་རིམ་ཁྲོད་གང་ནུས་སྒོས་མདོར་བསྡུས་བྱ་དགོས་པ་དང་། རྗེས་གྲུབ་ཀྱི་མིང་བོད་སྐད་དུ་སྒྱུར་སྐབས་འབྲུ་ཅི་ཙམ་ཉུང་ན་དེ་ཙམ་གྱིས་བློ་ངོར་འཛིན་བདེ་བ་དང་། མ་ཡིག་གི་དོན་འགྱུར་མར་ཡོངས་སུ་ཐོན་སྙམ་ནས་འགྲེལ་སྒྱུར་བྱས་ན་ཚིག་ཏུ་གྱུར་འགྲོ་བས། ཡིད་ལ་འཛིན་མི་བདེ་ཞིང་དགོས་གལ་ཡང་མི་ཆེ་བར་སྙམ་མོ། །
སྡོམ་བྱང་།
     རིག་གནས་དཔལ་འབྱོར་ཡར་ངོའི་ཟླ་ལྟར་འཕེལ་བའི་དེང་གི་དུས་འདིར། ཡིག་སྒྱུར་ནི་མི་རིགས་ཕན་ཚུན་བར་དུ་རིག་གནས་དང་བསམ་བློ་སྤེལ་རེས་ཁྲོད་མེད་དུ་མི་རུང་བའི་འབྲེལ་ཟམ་ལྟ་བུ་ཞིག་ཏུ་གྱུར་ཡོད་ལ། གཞན་མི་རིགས་ཀྱི་རིག་གནས་གསར་བ་ནང་འདྲེན་གྱིས་རང་མི་རིགས་ཀྱི་རིག་གནས་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་རང་རིགས་མེས་པོས་བཞག་པའི་རིག་གནས་འཛམ་གླིང་གཙུག་རྒྱན་ལྟར་དུ་གནས་པ་དེ་ཉིད་རྒྱུན་འཛིན་དང་དར་སྤེལ་གང་ལེགས་ཐོག གསར་བྱུང་དངོས་པོ་དང་རིག་གནས་གསར་བ་དག་ནང་འདྲེན་དང་འཛུགས་སྐྲུན། ཁྱབ་བརྡལ་དུ་བཏང་སྟེ་འཛམ་གླིང་མི་རིགས་གཞན་གྱི་ཚོགས་ནས་འབུར་དུ་ཐོན་དགོས་པས་ན། ཡིག་སྒྱུར་གྱི་གལ་ཆེན་རང་བཞིན་ཡང་སྨྲོས་མ་དགོས་པ་ཞིག་ཡིན། དེ་ཡང་ཡིག་སྒྱུར་གྱི་ལས་ལ་འཇུག་པར་སྐད་རིགས་གཉིས་དང་ཡན་ལ་བྱང་ཆུབ་པའི་ལོ་ཙཱ་བ་སྐྱེད་སྲིང་བྱ་རྒྱུ་ནི་གལ་ཆེ། ལོ་ཙཱ་བ་ཞིག་ལ་མཚོན་ན། བསྒྱུར་བྱ་སྒྱུར་བྱེད་སྐད་གཉིས་ཀྱི་སྐད་ཡིག་དང་བརྡ་སྤྲོད་སྟངས། རིག་གནས་ཁྱད་ཆོས་སོགས་ཞིབ་ཏུ་ཤེས་ན། ཡིག་སྒྱུར་གྱི་ཁྲོད་དུ་བསྒྱུར་བྱ་མ་ཡིག་གི་བསྟན་དོན་ཡང་དག་པ་དེ་འགྱུར་ཡིག་ཏུ་གོ་བདེ་བའི་ངང་ནས་ཕབ་སྒྱུར་བྱེད་ཐུབ་པས། ལོ་ཙཱ་བས་སྐད་རིགས་ཀྱི་བྱང་ཚད་དང་། འབྲེལ་ཡོད་ཀྱི་ཤེས་བྱ། རིག་གནས་རྒྱབ་ལྗོངས་སོགས་ཕྱོགས་ཡོངས་ནས་ཧུར་བསྐྱེད་ཁུར་ལེན་དགོས་པ་ནི་ཤིན་ཏུ་གལ་ཆེའོ།།
     རྩོམ་པ་པོ་ངོ་སྤྲོད། སྒྲོལ་མ་མཚོ། ཕ་ཡུལ། མཚོ་སྔོན་རེབ་གོང། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་2014ལོའི་ཤེས་རམས་པ། མཛུབ་སྟོན་དགེ་རྒན། འབྲུག་ལྷ། 
     ①འབྲུག་ལྷ་དང་ཟླ་བ་ཚེ་རིང་གཉིས་ཀྱིས་སྒྲིག་རྩོམ་བྱས། རྒྱ་བོད་ཡིག་སྒྱུར་སློབ་དེབ་བློ་གསལ་མིག་སྒྲོན། [M]མི་རིགས་དཔེ་སྐྲུན་ཁང་། 2009ལོའི་ཟླ9དཔར་མ། ཤོག་ངོས4l
     ②འཆི་མེད་ཚེ་རིང་། བོད་ཀྱི་གནའ་བོའི་སྒྲ་སྒྱུར་གཞུང་ལུགས་སྐོར་གྱི་ཞིབ་འཇུག [M]མི་རིགས་དཔེ་སྐྲུན་ཁང་། 2010ལོའི་ཟླ2དཔར་མ། ཤོག་ངོསl39
     ①དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། [M]མི་རིགས་དཔེ་སྐྲུན་ཁང་། 1984ལོའི་ཟླlདཔར་མ། ཤོག་ངོས་182
     ①སྒྲ་སྦྱོར་བམ་གཉིས། [M]
     ①མཁྱེན་རབ་འོད་གསལ། མཁྱེན་རབ་འོད་གསལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས། [M]ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2003ལོའི་ཟླ2དཔར་མ། ཤོག་ངོས་47
     ①སི་ཏུའི་སུམ་རྟགས་འགྲེལ་ཆེན། [M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1993ལོའི་ཟླ3དཔར་མ། ཤོག་ངོས34ཤོག་ངོས35ཤོག་ངོས37ཤོག་ངོས56
     ①དཔའ་རིས་སངས་རྒྱས། བརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལ། [M]མི་རིགས་དཔེ་སྐྲུན་ཁང་། 2008ལོའི་པར་གཞི། ཤོག་ངོས98

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...