སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་ཀྱི་ཡིག་རྙིང་གི་པར་གཞི་རིག་པ།
རྩོམ་པ་པོ། རྨེ་རུ་ཡུལ་ལྷ་ཐར། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-7-2 10:30:00 རྩོམ་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། ཀློག་གྲངས།
བོད་ཀྱི་ཡིག་རྙིང་གི་པར་གཞི་རིག་པ།
རྨེ་རུ་ཡུལ་ལྷ་ཐར།
     རང་རེ་བོད་ཀྱི་གྱ་ནོམ་ལ་ཕུན་སུམ་ཚོགས་པའི་ཡིག་རྙིང་དེ་རྣམས་དུས་ཡུན་རིང་བོའི་ལོ་རྒྱུས་ཀྱི་བརྒྱུད་རིམ་རིང་མོའི་ཁྲོད་འབྲི་བཤུས་དང་ལུགས་བརྐོ།  བསྡུ་རུབ་སོགས་གང་མང་བྱས་པ་ལས་རིམ་གྱིས་སྣ་ཁ་མི་འདྲ་བའི་པར་གཞི་གང་འཚམ་བྱུང་བ་དང་། དེ་ལ་ཡང་བརྗོད་བྱ་རིགས་གཅིག་པའི་བསྟན་བཅོས་ཤིག་གི་པར་གཞི་མི་འདྲ་བར་མཚོན་ན། ལོ་རྒྱུས་ཀྱི་ཆ་རྐྱེན་དང་མིས་བཟོས་རྐྱུ་རྐྱེན། ས་གནས་ཀྱི་པར་གཞི་སྒྲིག་བཀོད་ཀྱི་ཁྱད་ཆོས་མི་འདྲ་བ་སོགས་ཀྱི་དབང་གིས་པར་གཞིའི་ལེ་ལག་དང་དེའི་ནང་དོན་སོགས་ལ་བར་ཁྱད་གང་མང་བྱུང་ཡོད་ཅིང་། དེ་ཡིས་ལོ་རྒྱུས་ཡིག་ཚང་ཁག་ལ་ལྟ་ཀློག་དང་དཔྱད་བསྡུར། ཕྱོགས་སྒྲིག། པར་སྐྲུན་བྱེད་པ་སོགས་ལ་དཀའ་ངལ་ཆེན་པོ་བཟོས་ཡོད། རྒྱུ་མཚན་དེའི་དབང་གིས་ལོ་རྒྱུས་སུ་བྱུང་བའི་ཡིག་ཚང་ཇི་སྙེད་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་སྐབས་པར་གཞི་ལ་མཐོང་ཆེན་ནན་ཏན་མཛད་དགོས་པ་དང་། པར་གཞིའི་རིགས་གང་ཡིན་པ་དང་དུས་སྐབས་གང་གི་ཡིན་པ། ཁྱད་ཆོས་ཅི་ལྟ་བུ་ཡོད་པ་སོགས་ལ་དཔྱད་པ་ལེགས་པོ་གཏོང་དགོས་པ་ཡིན། ཁྱད་པར་དུ་ལོ་རྒྱུས་ཡིག་ཚང་ཁག་ལ་ཞིབ་འཇུག་ལེགས་སྒྲིག་བྱེད་མཁན་གྱི་ཆེད་ལས་མི་སྣ་དང་ལོ་རྒྱུས་ཡིག་ཚང་དེ་རྒྱུ་ཆ་གཙོ་བོར་བྱས་ཏེ་ལས་ཀ་བྱེད་མཁན་གྱི་ལས་དོན་མི་སྣ་ལ་མཚོན་ནའང་ངེས་པར་རྒྱུ་ཆའི་ཡིད་རྟོན་རང་བཞིན་དང་ཁུངས་ལྡན་རང་བཞིན་ཁག་ཐེག་ཡོང་ཆེད་པར་གཞིའི་སྐོར་གྱི་ཤེས་བྱ་བློ་ལ་ངེས་དགོས་པ་ཡིན།      
དང་པོ། པར་གཞིའི་གོ་དོན།
     པར་གཞི་ཞེས་པའི་མིང་ཚིག་འདིའི་གོ་དོན་ལ་ལོ་རྒྱུས་སྟེང་གོ་བ་ལེན་སྟངས་འདྲ་མིན་སྣ་ཚོགས་བྱུང་བ་དང་། དེས་པར་གཞི་བྱ་བའི་མིང་ཚིག་འདིའི་བརྡ་སྟོན་སྟངས་ལ་འགྱུར་བ་གང་འཚམ་བྱུང་བའི་མིང་གི་འཕེལ་འགྱུར་གྱི་ཆོས་ཉིད་གསལ་བརྗོད་བྱས་ཡོད། 
     བོད་ཡིག་ཏུ་པར་གཞི་ནི་སྤྱིར་བཏང་ཐོག་མའི་མ་རྩོམ་དེ་ལས་མཆེད་པའི་བྲིས་མ་དང་དཔར་མ། བརྙན་པར་སོགས་རིམ་པ་མང་བོ་བརྒྱུད་པ་ལས་གྲུབ་པའི་གླེགས་བམ་མམ་དཔེ་དེབ་ཀྱི་རིགས་སྣ་ཚོགས་པར་བརྗོད་པ་ཡིན་ཞིང་།①ལོ་རྒྱུས་སྟེང་བོད་ཡིག་པར་གཞིའི་དཔེ་གཟུགས་ཀྱི་བཟོ་བཀོད་ཁྱད་ཆོས་ལ་མི་འདྲ་བ་གང་འཚམ་མཆིས་ཤིང་། འབྲི་བཤུའི་ཡིག་གཟུགས་དང་བྲིས་དཔར་ལོ་ཚིགས། བྲིས་དཔར་ལས་རིམ། དཔེ་གཟུགས་ཆེ་ཆུང་། ཤོག་བུའི་རིགས། ཚོན་གྱི་རྣམ་གྲངས། དྲས་ཁ་རྒྱག་སྟངས། པར་གཞིའི་ལན་གྲངས། པར་དུ་སྒྲུབ་མཁན་སོགས་ནི་བོད་ཡིག་པར་གཞི་ཞིབ་འཇུག་གི་ནང་དོན་གཙོ་བོར་གྱུར་ཡོད། 
     ད་ལྟ་པར་གཞི་ཞེས་བརྗོད་མ་ཐག་མི་རྣམས་ཀྱི་བློར་པར་མའི་རིགས་འཁོར་ཡོང་ངེས་པ་དང་། དེ་ནི་པར་འདེབས་ལག་རྩལ་དར་རྗེས་བྱུང་བའི་མིང་ཚིག་ཅིག་ཡིན་པར་འདོད་པ་རེད། བོད་ཡིག་གི “པར་གཞི” ཞེས་པའི་མིང་ཚིག་འདི་ནི་རྒྱའི“版本” ཞེས་པའི་མིང་གི་ལྟོས་འཇོག་གི་བརྡ་ཞིག་ཡིན་པ་དང་། རྒྱའི “版本” ཞེས་པར་མཚོན་ན། ནང་དོན་ཕུན་སུམ་ཚོགས་པའི་དོན་ལྡན་པ་རེད། དེ་ཡང་གནའ་རབས་སུ་རྒྱས “版” དང “本” གཉིས་སོ་སོར་གོ་བ་ལེན་པ་སྟེ། “版” ཞེས་པ་ནི་སྨྱུག་ཁྲམ་གྱི་བྱང་བུའི་ཐོག་ཡི་གེ་བྲིས་པའི་རིགས་ལ་བརྗོད་པ་དང་། “本” ནི་སྨྱུག་ཁྲམ་གྱི་བྱང་བུ་དེ་རིགས་སྦྲེལ་ཤིང་གིས་ཕྱོགས་གཅིག་ཏུ་བསྒྲིལ་བའི་ཐང་གའི་དབྱིབས་ཀྱི་སྨྱུག་ཁྲམ་གྱི་དེབ་ལ་ཡོད་པའི་སྦྲེལ་ཤིང་དེ་ལ་བརྗོད་པ་ཡིན། ཧན་གུར་གྱི་སྐབས་སུ “本” ཞེས་པ་དེ་ད་གཟོད་ཤོག་བུའི་དཔེ་ཆར་གོ་བ་བླངས་པ་རེད།  རྒྱུ་མཚན་ནི་སྨྱུག་ཁྲམ་སྟེང་འབྲི་བའི་ལས་ཀ་དེ་ཧན་གུར་དུས་སུ་ཤོག་བུས་ཚབ་བྱས་པས། སྨྱུག་ཁྲམ་གྱི་དེབ་ལ་གོ་བའི“本” དེ་གཞི་ནས་ཤོག་བུའི་དེབ་ལ་སྟོན་པའི་དོན་ཅན་དུ་གྱུར།  དེ་བས་ཧན་གུར་གྱི་གོང་རོལ་དུ་རྒྱ་ཡིག་གི “版”ནི་སྨྱུག་ཁྲམ་དེབ་ཀྱི་ལུས་ལ་གོ་བ་དང་། “本”ནི་སྨྱུག་ཁྲམ་དང་དར་ཡིག་གི་དཀྱིལ་ཤིང་ལ་གོ་བ་ཡིན། ཡང “版” དང “本”སོ་སོས་སྨྱུག་ཁྲམ་དེབ་དང་དར་བྲིས་དཔེ་ཆར་སྟོན་པའང་ཡོད། ཧན་གུར་ནུབ་མར་སླེབས་པ་ན། “本”ནི་སྨྱུག་ཁྲམ་གྱི་དེབ་དང་དར་བྲིས་དཔེ་ཆ། ཤོག་བུའི་དཔེ་ཆ་སོགས་ཡོད་ཚད་ལ་གོ་བའི་མིང་དུ་གྱུར་བ་དང་། རྒྱལ་རབས་ལྷོ་བྱང་གཉིས་ཀྱི་སྐབས་སུ་པར་གཞིའི་དོན་ཡང་ཡོད་པར་གྱུར། ཐང་གུར་དུས་སུ་ཤིང་པར་བརྐོས་པའི་སྲོལ་དར་བ་དང་བརྐོ་བའི་ཡུལ་གྱི་ཤིང་ལ “版”དང་བརྐོས་པའི་དཔེ་ཆར“本”ཞེས་བརྗོད་ཀྱིན་ཡོད། རྒྱལ་རབས་ལྔའི་དུས་སུ“版本”ཞེས་དཀྱུས་གཅིག་ཏུ་གོ་བ་ལེན་པའི་ལུགས་བྱུང་སྟེ་པར་མའི་རིགས་ཡོངས་ལ་བརྗོད་པའི་མིང་དུ་གྱུར་བ་དང་།  སུང་བྱང་མའི་རྒྱལ་རབས་སྐབས་སུ་པར་མའི་རིགས་ཁོ་ནར“版本”ཞེས་བརྗོད་དེ་ལག་བྲིས་མའི་རིགས་དང་ཁྱད་པར་སོ་སོར་ཕྱེ། ཕྱིས་ཆིང་གུར་གྱི་དུས་སུ་ཐོན་པ་ན་ཡང་གོ་བ་ལེན་སྟངས་ཁྱབ་ཇེ་ཆེར་གྱུར་ཏེ་པར་མ་ཙམ་མ་ཟད། བྲིས་མ་དང་བཤུས་མ།  འདྲ་བཤུས་དཔེ་དེབ། མ་ཟིན་སོགས་ཡོད་ཚད་ལ་གོ་བ་ལེན་སྟངས་བྱུང་།
     ད་ལྟ་ང་ཚོས་བརྗོད་པའི་པར་གཞི་ནི་གོ་བ་ཁྱབ་ཆེ་བའི་མིང་ཚིག་ཅིག་སྟེ།  གནའ་དེང་གི་ཐབས་ལམ་མི་འདྲ་བ་དང་ས་གནས་མི་འདྲ་བ། དུས་རིམ་མི་འདྲ་བའི་ནང་བྱུང་བའི་ཡིག་ཆའི་ལུས་སྣ་ཚོགས་པར་བསྟན།  དེ་ཡང་བྱུང་བའི་རྣམ་པ་དང་རང་སྟེང་གི་ཁྱད་ཆོས་མི་འདྲ་བར་བརྟེན་ནས་རིགས་ཆེན་པོ་གཉིས་སུ་དབྱེ་ཡོད་དེ། དཔར་མའི་པར་གཞི་དང་པར་མ་མ་ཡིན་པའི་པར་གཞི་གཉིས་ཡིན། དཔར་མའི་པར་གཞི་ནི་ཚང་མས་ཤེས་གསལ་ལྟར་ཤིང་པར་དང་ལྕགས་པར་ལྟ་བུའི་དཔར་མའི་ལུས་ཅན་གྱི་པར་གཞིར་གོ་དགོས་པ་དང་། པར་མ་མ་ཡིན་པའི་པར་གཞི་ནི་གཙོ་བོ་ལག་པས་བྲིས་པའི་མ་ཟིན་དང་བྲིས་དེབ།  བཤུས་མ། རེག་ཟིག ། ལྕགས་རིགས་ལུགས་ཡིག་ལས་འདྲ་བཤུས་བརྒྱབ་པའི་པར་མའི་སྐོར་སོགས་ལ་བསྟན། 
     བོད་ཀྱི་ཡིག་རྙིང་གི་སྐོར་ནི་པར་སྐྲུན་ལག་རྩལ་མ་དར་བའི་གནས་ཚུལ་འོག་བྱུང་བ་འབའ་ཞིག་ཡིན་པས་པར་གཞིའི་ཐད་ནས་པར་གཞི་དཔར་མའི་རིགས་འདི་མེད་ལ། པར་གཞིའི་རྣམ་གྲངས་ཐད་ནས་བརྫོད་ནའང་ད་ལྟའི་འདི་འདྲའི་འཛོམས་པོ་ཞིག་མིན། འོན་ཀྱང་། དེ་ནི་གནའ་བོའི་བོད་ཀྱི་ཤེས་རིག་དར་བའི་མཚོན་བྱེད་གཙོ་བོ་ཞིག་ཡིན་པ་དང་དེས་སྐབས་དེའི་ཡིག་ཆའི་བྱུང་བ་དང་ཁྱད་ཆོས་སྐོར་མང་རབས་ཤིག་མཚོན་ཡོད་པས། སྐབས་དེའི་པར་གཞིའི་སྐོར་ལ་རིགས་དབྱེ་དང་གསལ་འབྱེད་བྱེད་པ་ནི་ཡིག་རྙིང་དེ་རིགས་ལ་ཞིབ་འཇུག་བྱེད་པའི་ཐབས་ཤེས་གལ་ཆེན་ཞིག་ཡིན། པར་གཞི་ནི་ཡིག་རྙིང་གི་བྱ་བའི་བརྒྱུད་རིམ་ཁྲོད་ཁ་འབྲལ་ཐབས་མེད་པའི་ཚན་པ་ཞིག་ཡིན་པའི་སྟེང་ནས་དེ་ཉིད་རིམ་གྱིས་ཡིག་རྙིང་རིག་པའི་ཁྲོད་རིག་ཚན་རང་བཞིན་གྱི་རིག་པའི་གནས་ཤིག་ཏུ་གྱུར་ཡོད་པ་སྟེ། པར་གཞིའི་རྒྱུ་ཆ་དང་རྣམ་པ། པར་གཞི་མི་འདྲ་བའི་དབར་གྱི་འབྲེལ་བ།  བྱུང་བ། གསལ་འབྱེད་སོགས་ལ་ཞིབ་འཇུག་བྱེད་པ་དང་། ཡིག་ཆའི་བརྒྱུད་སྤེལ་གྱི་ལོ་རྒྱུས་ལ་རྩད་གཅོད་བྱེད་པའི་རིག་པ་དེ་ལ་པར་གཞི་རིག་པ་ཟེར། པར་གཞི་རིག་པ་དང་དཀར་ཆག་རིག་པ་ནི་འབྲེལ་བ་དམ་པའི་རིག་ཚན་གཉིས་ཡིན་པ་དང་། དེ་གཉིས་ཀ་ལོ་རྒྱུས་ཡིག་ཚང་ཁག་ལེགས་སྒྲིག་ཕྱོགས་བསྡུ་བྱེད་པའི་བྱ་བའི་ནང་ལྷན་དུ་བྱུང་ཞིང་འབྲེལ་ནས་འཕེལ་རྒྱས་འབྱུང་གིན་ཡོད་ལ། གཉི་ཀའི་ཞིབ་འཇུག་གི་ཁ་ཕྱོགས་ཀྱང་ལོ་རྒྱུས་ཡིག་ཚང་སྟེང་ཕྱོགས་ཡོད་གཤིས། མི་རྣམས་ཀྱིས་པར་གཞི་རིག་པ་ནི་དཀར་ཆག་རིག་པའི་མ་ལག་ཅིག་ཡིན་ཞེས་བརྗོད་བཞིན་ཡོད། པར་གཞི་རིག་པར་དགོས་པ་གང་དག་ཡོད་ཟེར་ན། གཅིག་ནས་པར་གཞི་རིག་པའི་ཤེས་བྱས་དཔེ་དེབ་ལྟ་ཀློག་དང་ཞིབ་འཇུག་བྱེད་པ་ལ་ཆ་རྐྱེན་གལ་ཆེན་བསྐྲུན་ཡོད་པ་དང་། གཉིས་ནས་པར་གཞི་རིག་པ་འདིས་ལོ་རྒྱུས་ཡིག་ཚང་བྱུང་བའི་གནས་ཚུལ་དང་འཕེལ་འགྱུར་གྱི་ཆོས་ཉིད་ལ་དཔྱད་པའི་སྒོ་ནས་རིག་གནས་འཕེལ་རྒྱས་ཀྱི་བསྡུས་གཟུགས་འཚོལ་བའི་ལམ་དུ་གྱུར་འདུག་པ། གསུམ་ནས་པར་གཞི་རིག་པ་ནི་ལོ་རྒྱུས་ཡིག་ཚང་སྐོར་གྱི་ཚན་རིག་དང་ལྡན་པའི་རིག་ཚན་ཞིག་ལགས་པས་དེས་པར་གཞི་གསལ་འབྱེད་བྱེད་པ་ལ་རིག་པའི་སྒོ་མོ་ཕྱེ་ཐུབ་པ་སོགས་ཀྱི་ཁྱད་ཆོས་ལྡན་པ་རེད།        
གཉིས་པ། པར་གཞི་རིག་པ་དང་དེའི་ནང་དོན།
     གནའ་བོའི་ཡིག་ཚང་རྙིང་བ་ཁག་བརྒྱུད་སྤེལ་གྱི་གོ་རིམ་ཁྲོད་པར་གཞི་མི་འདྲ་བ་འདྲ་མིན་དུ་མ་བྱུང་ཡོད་ཅིང་། ནང་དོན་གཅིག་ལ་པར་གཞི་མི་འདྲ་བ་བྱུང་བ་ཡིས་པར་གཞི་སོ་སོའི་དབར་ཡི་གེ་དང་རྣམ་པ། གྲུབ་ཚུལ་སོགས་ཀྱི་ཐད་ནས་ཧེ་བག་བྱུང་བར་བྱས་ཏེ།  པར་གཞི་ཁུངས་བཙུན་གང་ཡིན་སོགས་ཀྱི་ཪྙོག་འཛིང་ཆེ་བའི་གནད་དོན་ལྷགས་པར་བྱས། གནད་དོན་འདི་རིགས་དབྱེ་འབྱེད་དང་ཁ་གསལ་དུ་གཏོང་ཕྱིར། མི་རིགས་སོ་སོར་ཐུན་མོང་གི་ཆོས་ཉིད་འཚོལ་བའི་པར་གཞི་གསལ་འབྱེད་སོགས་ཀྱི་རིག་པ་དང་ཐབས་ལམ་འདྲ་མིན་མང་དུ་བྱུང་བ་དང་། དེ་ལ་བརྟེན་ནས་རིམ་གྱིས་དེང་རབས་ཀྱི“པར་གཞི་རིག་པ” བྱ་བའི་རིག་ཚན་འདི་དར་བ་རེད། 
པར་གཞི་རིག་པར་ནང་དོན་གྱི་ཆ་ནས་གཤམ་གྱི་འདི་དག་འདུས་ཏེ།        
༡ པར་གཞི་རིག་པའི་གཞུང་ལུགས།
     པར་གཞི་རིག་པའི་གཞུང་ལུགས་ནི་པར་གཞི་རིག་པར་སྤྱིའི་ཆ་ནས་ཤེས་རྟོགས་དང་དེ་ཉིད་བེད་སྤྱོད་གཏོང་བའི་རྩ་བའི་གཞུང་ལུགས་ཡིན་པ་དང་། དེས་གཙོ་བོ་པར་གཞི་རིག་པའི་ཞིབ་འཇུག་གི་ཁ་གཏོད་ཡུལ་དང་ཞིབ་འཇུག་ཁྱབ་ཁོངས། ཞིབ་འཇུག་ནང་དོན། ཞིབ་འཇུག་བྱེད་ཐབས། ཞིབ་འཇུག་འགན་ནུས་དང་དམིགས་ཡུལ། པར་གཞི་རིག་པ་དང་རིག་ཚན་གཞན་དག་བར་གྱི་འབྲེལ་བ་སོགས་གནད་དོན་མང་བོར་ཞིབ་འཇུག་བྱེད་པ་ཡིན།         
༢ པར་གཞི་རིག་པའི་ལོ་རྒྱུས།
     ཡིག་རིགས་མི་འདྲ་བའི་ཡིག་ཚང་བྱུང་ཡོད་པའི་མི་རིགས་ཤིག་ལ་མཚོན་ན།  པར་གཞི་རིག་པའི་གཞུང་ལུགས་ལོ་རྒྱུས་མེད་ཀྱང་པར་གཞིའི་ལོ་རྒྱུས་མེད་པ་ཞིག་མེད།  མི་རིགས་སོ་སོའི་སྔ་རབས་མཁས་པ་དག་གིས་རང་རང་གི་བགོ་སྐལ་དུ་གྱུར་བའི་པར་གཞི་མི་འདྲ་བའི་ཡིག་ཚང་དབྱེ་འབྱེད་དང་དག་སེལ། ཞིབ་བསྡུར། ཁུངས་འཚོལ། དགག་སྒྲུབ་སོགས་བྱས་ཏེ་མི་རིགས་གང་དེའི་པར་གཞིའི་ལོ་རྒྱུས་ལ་བྱས་རྗེས་ཆེན་པོ་བཞག་ཡོད། བོད་ཀྱི་སྔ་རབས་མཁས་པ་དག་གིས་པར་གཞིའི་ཁུངས་འཚོལ་ར་སྤྲོད་ལ་དོ་སྣང་ཧ་ཅང་ཆེན་པོ་བྱས་ཡོད་ཚུལ་ཁོང་ཚོའི་གསུང་རྩོམ་ཅི་རིགས་ལས་མཐོང་ཐུབ་ཅིང་། 《སྦ་བཞེད》གཅིག་པུར་པར་གཞིའི་ཐད་ནས་བརྩམས་ཏེ་འབྲེལ་ཡོད་ལོ་རྒྱུས་རིག་གནས་ཁག་ལ་ཞིབ་འཇུག་བྱས་རིགས་ལོ་རྒྱུས་སྨྲ་བ་ཕལ་ཆེར་ལ་ཡོད་པ་ཁོ་ནས་ཀྱང་། བོད་ཀྱི་པར་གཞིའི་ལོ་རྒྱུས་དང་སྔ་རབས་པ་དག་གི་བྱས་པ་གསལ་བོར་མཐོང་ཐུབ།       
༣ པར་གཞིའི་སྣང་ཚུལ།
     པར་གཞིའི་སྣང་ཚུལ་བྱ་བ་ནི་གནའ་བོའི་ཡིག་ཚང་མཆིས་པའི་པར་གཞིའི་དངོས་ཡོད་གནས་སྟངས་ལ་བརྗོད་པ་སྟེ།  དཔེར་ན་དེབ་གཅིག་ལ་པར་གཞི་མི་འདྲ་བ་ཡོད་པས།  དེའི་རྣམ་པ་དང་ནང་དོན། ཁྱད་ཆོས་སོགས་ལ་ཁྱད་པར་ཡོད་ངེས་ཤིང་། པར་གཞིའི་བྱུང་རིམ་དང་པར་གཞིའི་སྒྲིག་གཞི ཁྱབ་སྤེལ།   ལུངས་འདྲེན་བེད་སྤྱོད། པར་གཞིའི་རིགས། དབྱེ་འབྱེད་བྱེད་པ་སོགས་ཚང་མ་པར་གཞིའི་སྣང་ཚུལ་གྱི་ཁོངས་སུ་གཏོགས།       
༤ པར་གཞི་གསལ་འབྱེད་བྱེད་ཐབས།
     པར་གཞི་གསལ་འབྱེད་བྱེད་ཐབས་ལ་ནང་དོན་གཉིས་ལྡན་ཏེ། གཅིག་ནི་པར་གཞི་དངོས་ལ་ཐད་ཀར་གསལ་འབྱེད་བྱེད་པ་སྟེ་པར་གཞི་རིགས་ཤིག་པར་དུ་བཏབ་པའི་དུས་ཚོད་དང་ས་གནས།  པར་འདེབས་མཁན། སྒྲིག་བཟོའི་རྣམ་པ། ཁྱབ་སྤེལ་གནས་ཚུལ་སོགས་ལ་རྟོག་ཞིབ་ཀྱིས་དབྱེ་འབྱེད་གཏན་འཁེལ་དང་རིན་ཐང་གཏན་ལ་དབབ་པའི་ལས་དེ་ཡིན་ཞིང་། གཞན་ཞིག་ནི་པར་གཞིར་ཁུངས་བཅོལ་ཏེ་ཁུངས་འདེད་དབྱེ་འབྱེད་བྱེད་པ་སྟེ། པར་གཞི་མི་འདྲ་བའི་བྱུང་རིམ་དང་འཕེལ་རྒྱས་གོ་རིམ། ཕན་ཚུན་བར་གྱི་འབྲེལ་བ་དང་ཤུགས་རྐྱེན། འགྱུར་བ་སོགས་ལ་ཁུངས་འཚོལ་ར་སྤྲོད་བྱེད་པ་དེ་ཡིན།        
གསུམ་པ། བོད་ཀྱི་ཡིག་རྙིང་གི་པར་གཞིའི་རིགས།
     སྤྱིར་ན་པར་གཞི་ལ་སྣ་ཁ་མི་འདྲ་བའི་རིགས་མང་དག་ཅིག་ཡོད་ནའང་། བོད་ཀྱི་གནའ་བོའི་དུས་ཀྱི་ཡིག་རྙིང་ཁག་ལ་མཚོན་ན་གཅིག་ནས་ལོ་རྒྱུས་ཀྱི་དུས་ཡུན་རིང་བ་དང་གཉིས་ནས་དུས་འགྱུར་རབས་དང་རིམ་པར་བྱུང་བ། གསུམ་ནས་ཡིག་ཚང་འཚོལ་བསྡུའི་བྱ་བ་ད་དུང་མཇུག་སྒྲིལ་མེད་པ། བཞི་ནས་ཕྱི་ཕྱོགས་སུ་བརྐུས་ཁྱེར་འབོར་ཆེན་བྱས་པ་སོགས་ཀྱི་དབང་གིས། ཡིག་རྙིང་ཐད་ཀྱི་པར་གཞི་དོན་ངོ་མར་ག་ཚོད་ཡོད་པ་དང་དེའི་རིགས་ལ་ཁྱད་ཆོས་གང་དག་ཡོད་པ་གསལ་བོར་རྟོགས་དཀའ་བ་དང་། པར་གཞི་དང་དེ་འབྲེལ་གྱི་རིག་གནས་སྣང་ཚུལ་མང་བོ་ཞིག་ཤེས་རྟོགས་བྱ་ཐབས་བྲལ་བ་རེད། དེར་མ་ཟད། ཁོ་བོ་ནི་དཔྱད་ཡིག་བསྡུ་རུབ་ཀྱི་ཉམས་མྱོང་དབེན་དྲགས་པ་དང་པར་གཞིའི་རིགས་མང་བོ་ཞིག་མཐོང་མ་བྱུང་བ། འདིའི་ཐད་ཀྱི་ཤེས་བྱར་ཡང་ནང་བྱན་མེད་པ་བཅས་ཀྱི་རྐྱེན་པས་རིགས་དབྱེ་གསལ་བོ་ཞིག་བགྱིད་དཀའ་ནའང་། གནའ་དེང་དང་ཕྱི་ནང་གི་པར་གཞི་རིགས་དབྱེ་བྱེད་ཐབས་ལ་དཔེ་ལྟ་དང་སློབ་སྦྱོང་བྱས་པ་བརྒྱུད་བོད་ཀྱི་ཡིག་རྙིང་པར་གཞི་ལ་རིགས་དབྱེ་ཐོག་མ་འདི་བྱས་པ་ཡིན།         
༡ ལག་བྲིས་ཤོག་དྲིལ་པར་གཞི།
     པར་འདེབས་ལག་རྩལ་མ་བྱུང་སྔོན་ལ་མི་རྣམས་ཀྱིས་བརྗོད་བྱ་མཐའ་དག་ཡི་གེར་འགོད་སྐབས་ལག་པས་འབྲི་དགོས་པ་ནི་ཆོས་ཉིད་དུ་གྲུབ་པ་དང་། པར་འདེབས་ལག་རྩལ་བྱུང་རྗེས་ཀྱང་བསྟན་བཅོས་མང་བོ་ཞིག་སྔར་མུས་བཞིན་ལག་བྲིས་མའི་པར་གཞི་ཡིན་པ་རེད། དེ་ཡང་ལག་བྲིས་པར་གཞི་དེ་དག་ལ་རྩོམ་མཁན་གྱིས་དངོས་སུ་བྲིས་པ་དང་རྩོམ་མཁན་གྱི་དགོངས་བཞེད་ལྟར་ཡིག་མཁན་གྱིས་བྲིས་པ། དེ་མིན་ཡིག་མཁན་གཞན་ནམ་སྒེར་གྱིས་འབྲི་བཤུས་བརྒྱབ་པ་སོགས་རིགས་མང་བ་དང་། ལག་བྲིས་ཤོག་དྲིལ་གྱི་པར་གཞིའི་སྐོར་ནི་བོད་ཀྱི་ཡིག་རྙིང་པར་གཞིའི་ཁྲོད་གྲངས་འབོར་མང་ཤོས་ཀྱི་པར་གཞིའི་རིགས་ཤིག་ཡིན། ལག་བྲིས་ཀྱི་རིགས་འདི་ལ་གསེར་བྲིས་དང་དངུལ་བྲིས། དུང་བྲིས། སྣག་བྲིས། མཚལ་བྲིས་སོགས་འདྲ་མིན་མང་དུ་ཡོད་པ་ལས། བོད་ཆེན་པོའི་རྒྱལ་རབས་དུས་ཀྱི་ཡིག་ཚང་ལས་ནང་བསྟན་སྐོར་གྱི་ཡི་གེ་རྣམས་དངུལ་བྲིས་མཚལ་བྲིས་ལྟ་བུ་ཡིན་པ་ཕུད། ཤོག་དྲིལ་རིགས་ཕལ་ཆེ་བ་ནི་སྣག་བྲིས་ཡིན།  བོད་ཆེན་པོའི་རྒྱལ་རབས་དུས་ཀྱི་ཡིག་ཚང་མང་བོ་ཞིག་དང་ནང་བསྟན་སྐོར་གྱི་བསྒྱུར་གཞུང་མང་བོ། བོད་མཁས་པ་རང་གིས་མཛད་པའི་བསྟན་བཅོས་སྐོར། ཏུན་ཧོང་རྒྱུད་དུ་ཡོད་པའི་ཤོལ་དྲིལ་སྐོར་དང་གླེགས་བམ་སྐོར་སོགས་དང་། བོད་ཆེན་པོའི་རྒྱལ་རབས་འཐོར་རྗེས་ཀྱི་སིལ་བུའི་དུས་མགོར་བྱུང་བའི་བསྟན་བཅོས་ཁག་ཚང་མ་ལག་བྲིས་ཤོག་དྲིལ་གྱི་པར་གཞིའི་ཁོངས་སུ་འདུ་བ་ཡིན་ལ། དེ་དག་ཚང་མ་སྐབས་དེའི་རིག་དངོས་ཁྱབ་ཁོངས་ཀྱི་ཆེས་རྩ་ཆེ་བའི་རིག་དངོས་ཀྱི་སྐོར་ཡིན། ལག་བྲིས་མའི་པར་གཞི་ནི་བོད་གནའ་བོའི་དུས་ཀྱི་ལོ་རྒྱུས་རིག་གནས་སྐོར་ལ་ཞིབ་འཇུག་བྱེད་པའི་པར་གཞི་གཙོ་བོའི་གྲས་ཡིན་པ་ལས་གཞན། དེ་ནི་བོད་ཀྱི་ཡིག་གཟུགས་ལ་ཞིབ་འཇུག་བྱེད་པའི་རྒྱུ་ཆ་དང་པོ་དང་གནའ་བོའི་ཤོག་བུར་ཞིབ་འཇུག་བྱེད་པ་ལ་ཐད་ཀར་བཀོལ་རུང་བའི་རྒྱུ་ཆ་མཁོ་སྤྲོད་བྱས་ཡོད།       
༢ ཤིང་ཁྲམ་པར་གཞི།
     ཤིང་ཁྲམ་གྱི་པར་གཞི་འདིའི་རིགས་ནི་འབྲི་བརྐོའི་ལག་རྩལ་ལ་བརྟེན་ནས་བྱུང་བའི་པར་གཞིའི་སྐོར་ཡིན་པ་དང་། གནའ་བོའི་བོད་ཀྱི་ཡིག་རྙིང་པར་གཞིའི་ཁྲོད་ཀྱི་དམིགས་བསལ་བའི་པར་གཞིའི་སྐོར་ཡིན། རྒྱུ་མཚན་ནི་པར་གཞི་འདི་རྒྱུ་ཤིང་ཁྲམ་གྱི་ལུས་སུ་བྱས་ཡོད་པ་དང་། དེ་ཉིད་སྤྱི་ལོ་སྔོན་གྱི་དུས་རབས་ལྔ་བ་ནས་དུས་རབས་བཞི་བའི་བར་དུ་རྒྱ་ནག་མི་རིགས་ཀྱིས་བེད་སྤྱོད་བྱས་མྱོང་བའི་ཤིང་ལེབ་བམ་སྨྱུག་ལེབ་ཕྲེང་བསྒྲིགས་ཡིག་རིགས་ཀྱི་པར་གཞི་དང་མི་འདྲ་བར་(གཙོ་བོ་པར་གཞིའི་རྣམ་པ་དང་གྲུབ་རྒྱུ་མི་འདྲ་བ་ཡིན།)བོད་རང་གི་ཐུན་མོང་མ་ཡིན་པའི་པར་གཞིའི་ཁྱད་ཆོས་མངོན་པར་གསལ་ཡོད་པ་རེད། དེར་མ་ཟད་ད་དུང་ཁྱད་ཆོས་གཞན་ཞིག་ཡོད་པ་ནི་ཤིང་ཁྲམ་དེ་ཚོར་ཤོག་བུའི་པར་གཞི་ལྟར་བཅོས་ལྷད་བྱེད་སྟབས་མི་བདེ་བའི་དབང་གིས་ལོ་རྒྱུས་ཀྱི་རིན་ཐང་གལ་ཆེན་ལྡན་པ་རེད།
༣ ཏ་ལའི་ལོ་མའི་པར་གཞི།
     ཏ་ལའི་ལོ་མ་པར་གཞི་ཡིན་པའི་ཡིག་རྙིང་འདི་དག་ཀྱང་ཁྱད་པར་ཅན་གྱི་པར་གཞིའི་རིགས་ཏེ། དེ་ནི་ཏ་ལའི་ལོ་མའི་ཐོག་གཙག་འབྲི་བྱས་པ་ལས་གྲུབ་པ་ཞིག་རེད། པར་གཞི་འདིའི་རིགས་ནི་སྤྱིར་ན་བྲིས་མའི་རིགས་ཡིན་ནའང་། པར་གཞིའི་རྒྱུ་ཆས་དང་པར་གཞིའི་རྣམ་པ་མི་འདྲ་བའི་དབང་གིས་ཁྱད་པར་ཅན་གྱི་པར་གཞི་རུ་གྱུར་ཡོད་པ་དང་། ད་ལྟ་འཚོལ་སྡུད་དང་ལེགས་སྒྲིག་བྱེད་པའི་དུས་ནའང་འདིའི་པར་གཞིའི་རྣམ་པ་ལ་དོ་སྣང་ཆེན་པོ་བྱེད་དགོས་པ་ཡིན། དེ་ཉིད་བྲིས་མའི་པར་གཞི་དང་ལོགས་སུ་བཀར་ནས་དཔྱད་བསྡུར་བྱེད་དགོས། 
༤ གཏེར་མའི་པར་གཞི།
     པར་གཞི་འདིའི་རིགས་བྲིས་མའི་རིགས་ཡིན་པ་གཞིར་བཞག་ཡིན་རུང་། སྤྱིར་བཏང་གི་བྲིས་མ་དང་ཤན་འབྱེད་དགོས་པ་ཞིག་ནི་འདི་གཏེར་མར་གྱུར་ཡོད་པས་རེད། དེ་ཡང་སྔོན་ཆད་བན་བོན་གཉིས་ཀྱི་དུས་ཡུན་རིང་བོའི་ཆོས་ལུགས་འཐབ་རྩོད་ཁྲོད་བོན་ཆོས་དང་འབྲེལ་བའི་བསྟན་བཅོས་ཡིན་ནའང་འདྲ། ནང་བསྟན་དང་འབྲེལ་བའི་བསྟན་བཅོས་ཡིན་ནའང་འདྲ་གང་ལྟར་བན་བོན་གཉིས་ཆར་གྱུར་བའི་བཀའ་དང་བསྟན་བཅོས་ཧ་ཅང་མང་བོ་ཞིག་རང་བྱུང་རི་བྲག་དང་གསང་གནས་བཙན་པོའི་གནས་སུ་གཏེར་དུ་སྦས་པ་དང་། དེ་དག་ཕྱིས་སུ་བན་བོན་གཉིས་ཀྱི་གཏེར་སྟོན་གང་མང་ཞིག་གིས་རིམ་པ་བཞིན་གཏེར་ནས་བཏོན་པ་ལ་བརྟེན་ནས། ལོ་རྒྱུས་ཀྱི་རིན་ཐང་གཞལ་དུ་མེད་པའི་གཏེར་མར་གྱུར་བ་རེད། གཏེར་མའི་པར་གཞི་དེ་རིགས་ལ་བཅོས་ལྷད་བྱུང་ཡོད་པ་དང་མེད་པ་གང་རུང་མཆིས་ལ་དེའི་ཐད་ལ་མི་མཐུན་པའི་ལྟ་ཚུལ་འཛིན་མཁན་ཡང་གང་མང་ཡོད་པ་ཡིན་རུང་། ང་ཚོས་དེ་ཉིད་ལོ་རྒྱུས་རིག་གནས་སྐོར་གྱི་ཡིག་ཚང་ཁོངས་སུ་བཞག་ནས་དཔྱད་པ་བཏང་བ་ཡིན་ན། པར་གཞི་འདི་རིགས་ལ་རིག་དངོས་ཀྱི་རིན་ཐང་ག་ཚོད་ལྡན་པ་ཤེས་རྟོགས་བྱེད་ཐུབ་པ་ཡིན། དེར་བརྟེན། གཏེར་མའི་པར་གཞི་འདི་དག་དུས་ཕྱིས་གཏེར་སྟོན་རིམ་པས་གསར་རྙེད་བྱུང་བ་ཡིན་རུང་། དེ་ཉིད་བྱུང་དུས་དང་སྦྱར་ནས་ཡིག་རྙིང་གི་ཁོངས་སུ་བཞག་ན་ཐལ་ཆེ་བ་གང་ཡང་མེད་དོ།།
༥ བརྐོས་མའི་པར་གཞི།
     བོད་ཆེན་པོའི་རྒྱལ་རབས་དུས་དང་ཡང་ན་དེའི་རྗེས་སུ་བྱུང་བའི་རྡོ་རིང་ཡི་གེ་དང་རྡོ་བརྐོས་ཡི་གེ།   བྲག་བརྐོས་ཡི་གེ་སོགས་ནི་པར་གཞི་བརྐོས་མའི་གྲས་ཡིན་པ་དང་། འདི་དང་གཤམ་དུ་འཆད་འགྱུར་གྱི་ལུགས་མའི་པར་གཞི་གཉིས་ད་ལྟའི་པར་གཞིའི་གོ་དོན་དང་སྦྱར་ན་དེ་འདྲ་འཕྲོད་མོ་ཞིག་མིན་ནའང་། གོ་བ་ཁྱབ་ཆེ་ས་ནས་བླངས་ཚེ་པར་གཞིའི་གྲས་སུ་བཞག་ན་མི་ཆོག་པ་མེད་པར་སྙམ་ནས་ཆེད་དུ་འདིར་ངོ་སྤྲོད་ཞུས་པ་ཡིན། བརྐོས་མའི་པར་གཞི་འདི་རིགས་ཀྱི་ཁྱད་ཆོས་གཙོ་བོ་ནི།  བཅོས་ལྷད་བྱ་དཀའ་བ་དང་སྐབས་དེའི་ཡིག་རིས་ངོ་མའི་རྣམ་པར་དཔྱོད་སྟབས་བདེ་བ། པར་གཞིའི་གཞི་རྒྱུ་ལེགས་པ་སོགས་ཡིན་པ་དང་། ཤོག་པར་དུ་སྦྱར་བཤུ་དང་པར་ལེན་སོགས་བྱ་སྐབས་ཀྱང་རལ་སྐྱོན་འབྱུང་བར་སེམས་ཁུར་བྱེད་མི་དགོས།     
༦ ལུགས་མའི་པར་གཞི།
     ལུགས་མའི་པར་གཞི་ནི་དྲིལ་བུའི་ཡི་གེ་གཙོ་བོ་ཡིན་པའི་པར་གཞི་ལ་བརྗོད་པ་ཡིན། སྐབས་དེའི་ལུགས་བརྐོའི་ལག་རྩལ་ལ་བརྟེན་ནས་བྱུང་བའི་པར་གཞི་རིགས་ཤིག་ཡིན། པར་གཞི་འདི་ལ་བརྟེན་ནས་ང་ཚོས་དུས་སྐབས་དེའི་ལོ་རྒྱུས་རྒྱབ་ལྗོངས་ལ་དཔྱད་འཇོག་དང་ཡིག་གཟུགས་སྒྱུ་རྩལ་ལ་གདེངས་འཇོག་བྱེད་པ་ལས་གཞན། ད་དུང་སྐབས་དེའི་ལུགས་བརྐོའི་ཐབས་རྩལ་དང་འབྲེལ་ཡོད་ཀྱི་གནད་དོན་མང་བོ་ཞིག་ཐག་གཅོད་བྱེད་ཐུབ། པར་གཞི་ལ་རིགས་མི་འདྲ་བ་མང་བོ་ཡོད་པ་དེ་དག་ལས་པར་གཞིའི་རིགས་ལ་ལ་ནི་པར་གཞིའི་རིགས་གཞན་དག་དང་བསྡུར་ན་ལྟོས་འཇོག་གིས་རྩ་ཆེན་དུ་གྱུར་ཡོད་པ་དང་། དེ་ལ་པར་གཞི་རིག་པའི་གཞུང་ལུགས་སུ “པར་གཞི་དཀོན་གྲས” (善本)ཞེས་བརྫོད་ཀྱི་ཡོད།
     པར་གཞི་དཀོན་གྲས་ཞེས་པ་ནི་གཙོ་བོ་ལོ་རྒྱུས་སྟེང་རིག་དངོས་རིན་ཐང་དང་རིག་གཞུང་རིན་ཐང་གཞན་ལས་ལྷག་པའི་པར་གཞིའི་སྐོར་ལ་བརྗོད་པ་སྟེ། མདོར་བསྡུས་ན་དེ་ནི་ཁྱད་ཆོས་བཞི་ལྡན་གྱི་པར་གཞིའི་རིགས་ཤིག་ལ་བརྗོད་པ་ཡིན། དེ་ཡང་ཁྱད་ཆོས་བཞི་བོ་ནི། གཅིག་ནས་པར་གཞི་དེ་ཉིད་པར་གཞི་གཞན་དག་ལས་ལོ་རྒྱུས་རིང་ཐག་ཆོད་དང“རྙིང་བ”ཡིན་དགོས་པ། གཉིས་ནས་པར་གཞི་དེའི་ནང་དོན་དག་ཅིང་མ་ནོར་བར་ཁུངས་བཙུན་པ། གསུམ་ནས་པར་གཞི་དེ་མ་གཏོགས་དེ་དང་རིགས་འདྲ་བའི་པར་གཞི་གཞན་མེད་པར“དཀོན་པའི”རྣམ་པར་ཡོད་པ། བཞི་ནས་པར་གཞིའི་རྣམ་པ་དང་ནང་དོན་གང་ཐད་ནས་ཁ་ཚང་ལ་ཆད་པ་དང་རལ་བའི་སྐྱོན་མེད་པ་བཅས་སོ །ཡིན་ནའང་ང་ཚོས་པར་གཞི་རིགས་སྣ་མང་བོའི་ཁྲོད་པར་གཞི་དཀོན་གྲས་འདེམ་པའི་སྐབས་སུ་ངེས་པར་བརྩི་སྲུང་བྱེད་དགོས་པའི་རྩ་དོན་ཞིག་ཡོད་པ་ནི། རིག་དངོས་རིན་ཐང་གི་ངོས་ནས་པར་གཞི་དཀོན་གྲས་ངོས་འཛིན་བྱེད་སྟངས་ཤིག་དང་རིག་གཞུང་རིན་ཐང་གི་ཐད་ནས་པར་གཞི་དཀོན་གྲས་ངོས་འཛིན་བྱེད་སྟངས་ཤིག་བཅས་གཉིས་ཡོད་པ་དེ་ཡིན། དེ་ཡང་རིག་དངོས་རིན་ཐང་གི་ངོས་ཐད་ནས་ངོས་འཛིན་སྐབས་ཁྱད་ཆོས་དང་པོ་གཞིར་འཛིན་དགོས་པ་དང་། རིག་གཞུང་རིན་ཐང་གི་ངོས་ཐད་ནས་ངོས་འཛིན་སྐབས་ཁྱད་ཆོས་གཉིས་པ་དང་གསུམ་པ། བཞི་བ་གཞིར་འཛིན་དགོས། དེས་ན་ང་ཚོས་རྗེས་སོར་བོད་ཀྱི་ཡིག་རྙིང་ཐད་ཀྱི་པར་གཞིའི་སྐོར་ལ་དག་སྒྲིག་བྱེད་སྐབས་གང་དག་པར་གཞི་དཀོན་གྲས་ཡིན་པ་གསལ་འབྱེད་བྱེད་དགོས་པ་དང་། དེ་ལ་བརྟེན་ནས་སློབ་སྦྱོང་དང་ཞིབ་འཇུག་གི་བྱ་བར་སྟབས་བདེའི་ཆ་རྐྱེན་བསྐྲུན་དགོས་པ་ཡིན།
བཞི་བ། པར་གཞི་གསལ་འབྱེད།
     པར་གཞི་གསལ་འབྱེད་བྱེད་པའི་དགོས་པ་ནི། པར་གཞི་གང་ཞིག་དུས་ཚོད་ནམ་ཞིག་ལ་འབྲི་བརྐོ་བྱས་པ་དང་། ས་གནས་གང་དུ་འབྲི་བརྐོ་བྱས་པ། སུས་འབྲི་བརྐོ་བྱས་པ། ཡིག་ཆ་དཀོན་པོའི་རིགས་ཡིན་མིན། ཁ་ཚང་ཡིན་མིན།  ད་ལྟའི་པར་གཞི་སྣ་ཚོགས་ཁྲོད་དེས་གོ་གནས་གང་འདྲ་ཟིན་འདུག་མིན་སོགས་གསལ་རྟོགས་བ་རྒྱུའི་ཆེད་ཡིན། དེང་རབས་དང་ཉེ་རབས་སུ་བྱུང་བའི་པར་གཞིའི་སྐོར་ལ་པར་གཞི་གསལ་འབྱེད་བྱེད་པའི་དགོས་པ་ཆེན་པོ་མེད་དེ། རྒྱུ་མཚན་ནི་འདི་དུས་སུ་བྱུང་བའི་པར་གཞི་ཁག་ལ་བྱུང་དུས་དང་རྩོམ་མཁན་སོགས་གསལ་ཁ་ཡོད་པའི་ངང་ནས་ངོ་སྤྲོད་བྱས་ཡོད་པས་རེད།  དེ་བས། ང་ཚོས་པར་གཞི་གསལ་འབྱེད་ཀྱི་རིག་པ་འདི་གཙོ་བོ་གནའ་བོའི་དུས་ཀྱི་ཡིག་རྙིང་ཁག་ལ་ཁ་གཏད་ནས་བཀོལ་སྤྱོད་བྱེད་དགོས་་པ་ཡིན། པར་གཞི་གསལ་འབྱེད་བྱེད་པའི་ལས་ཀ་ནི་ཡིག་རྙིང་ཞིབ་འཇུག་ལས་དོན་ཁྲོད་ཆེས་དཀའ་ངལ་ལྡན་པའི་ལས་ཀ་ཞིག་ཡིན་པ་དང་། དེ་ནི་ཆེད་གཉེར་མི་སྣས་མ་གཏོགས་བློ་ལ་ངེས་སླ་བ་ཞིག་མ་ཡིན། དཔེར་ན་གནའ་དཔེ་རྙིང་བ་ཞིག་སྤྱིར་བཏང་མིས་ཇི་ལྟར་དཔྱད་ནའང་དེའི་པར་གཞིའི་ཐད་ལ་གནས་ཚུལ་གང་དག་ལྷགས་པ་རྟོགས་ཐབས་བྲལ་བ་དང་། ཆེད་ལས་མི་སྣས་ད་གཟོད་དེའི་པར་གཞིའི་རྣམ་པ་དང་བྱུང་དུས་རིན་ཐང་སོ།གས་རྟོགས་ཐུབ་པ་ཡིན།
     སྤྱིར་བཏང་པར་གཞི་གསལ་འབྱེད་བྱེད་པ་ལ་བདེན་དཔང་ཚུགས་ཐུབ་ཅན་འཆོལ་དགོས་པ་ཡིན་ལ། བདེན་དཔང་གསལ་བོ་མིན་པའི་གནས་ཚུལ་འོག་ད་གཟོད་རིགས་པས་དཔྱད་དེ་ཁུངས་སྐྱེལ་རྩད་གཅོད་བྱ་དགོས། དེར་བརྟེན། ང་ཚོས་པར་གཞི་གསལ་འབྱེད་ཀྱི་ལས་དོན་སྒྲུབ་སྐབས་དཔང་རྟགས་འཚོལ་མཁས་པ་བྱས་ཏེ་གཞན་གྱིས་མ་མཐོང་ཞིང་དོ་སྣང་མི་བྱེད་པའི་དཔང་རྟགས་རྙེད་པར་བྱེད་པ་དང་། ཉམས་མྱོང་ཕྱོགས་སྡོམ་གྱིས་གཟབ་ནན་དང་ཡང་དག་པའི་ལས་ཀ་བྱེད་སྟངས་རྒྱུན་འཁྱོངས་བྱ་དགོས། པར་གཞི་གསལ་འབྱེད་བྱེད་པའི་བརྒྱུད་རིམ་མམ་བྱེད་ཐབས་ལ་གཤམ་གྱི་འདི་དག་ཡོད་པ་སྟེ།
༡ པར་གཞི་བྱུང་གྲུབ་ཀྱི་ལོ་ཚིགས་ཐག་གཅོད་པ།
     པར་གཞི་གསལ་འབྱེད་བྱེད་པའི་སྐབས་སུ་ཐོག་མར་པར་གཞི་དེ་ཅི་ལྟ་བུའི་པར་གཞི་ཞིག་ཡིན་པ་དང་དེ་དུས་ག་ཚོད་ཙམ་ལ་བྱུང་བ་གསལ་རྟོགས་བྱ་དགོས། དེ་ཡང་བོད་ཀྱི་ཡིག་རྙིང་ཁག་ལས་ཡིག་ཚང་སྐོར་ཞིག་གི་བྱུང་གྲུབ་དུས་རིམ་ལ་སྡོམ་ཚིག་འགོད་ནུས་རུང་། དེ་ལས་གཞན་པའི་ཡིག་ཚང་འབོར་ཆེན་ཞིག་དང་ཁ་ཚོན་གཅོད་དཀའ་བའི་འདྲ་གཟུགས་ཡི་གེ་དང་བན་བོན་གཉིས་ཀྱིས་གཏེར་དུ་སྦས་པའི་གཏེར་མའི་སྐོར་གཙོ་བོར་གྱུར་བའི་ཡིག་ཚང་ཁག་མང་བོ་ཞིག་གི་བྱུང་དུས་ལ་དཔྱད་འཇོག་བྱེད་སྐབས་དཀའ་ངལ་རབས་དང་རིམ་པར་འཕྲད་ངེས། པར་གཞི་གང་དེ་བྱུང་བའི་ལོ་ཚིགས་ཤེས་ཟིན་ཚེ་དེ་དང་འབྲེལ་ཡོད་ཀྱི་གནད་དོན་ཁག་མང་བོ་ཞིག་རང་ཤུགས་ཀྱིས་རྟོགས་འགྲོ་བ་དང་། པར་གཞི་གཞན་དང་བསྡུར་དཔྱོད་བྱེད་པའང་སྟབས་བདེ། དེ་བྱས་པར་གཞི་གསལ་འབྱེད་བྱེད་སྐབས་ཐོག་མར་དེ་བྱུང་དུས་ཀྱི་ལོ་ཚིགས་ཐག་གཅོད་བྱེད་པ་ནི་ལས་རིམ་གལ་ཆེན་ཞིག་གོ།
༢ མཛད་མཁན་ནམ་འབྲི་མཁན་དང་མཛད་བྱང་ལ་བརྟག་པ།
     པར་གཞི་བྱུང་བའི་ལོ་ཚིགས་ཐག་གིས་བཅད་རྗེས། ང་ཚོས་གཞི་ནས་དེ་སུས་མཛད་པའི་སྐོར་ལ་བརྟག་དཔྱད་བྱ་དགོས། བོད་ཀྱི་ཡིག་རྙིང་མང་བོ་ཞིག་གི་མཛད་པ་བོ་མི་གསལ་བས། མཛད་མཁན་སུ་ཡིན་དཔྱོད་སྐབས་དར་ཅིག་རིང་མགོ་འཐོམ་འགྲོ་བའི་གནས་ཚུལ་ལ་འཕྲད་ངེས་པ་དང་། ཡང་བཙན་པོའམ་བློན་ཆེན་གང་ཞིག་གིས་བཀའ་བསྩལ་ནས་ཐོན་རིགས་ཀྱི་ཡིག་ཚང་དེ་ཚོའང་སུས་བཀས་བསྐུལ་བ་གསལ་བརྗོད་བྱས་འདུག་རུང་འབྲི་བ་བོ་དང་བརྐོ་མཁན་སུ་ཡིན་པ། བཤུ་མཁན་སོགས་ཁ་གསལ་བོས་བརྗོད་མེད། པར་གཞི་རིག་པའི་སྐབས་སུ་ཡིག་མཁན་ལ་བརྟག་པ་དེ་ནི་ནང་དོན་གཙོ་བོ་ཞིག་ཡིན་པས་འདི་ལྟ་བུའི་གནས་ཚུལ་གྱིས་པར་གཞིའི་གསལ་འབྱེད་ཀྱི་ལས་རིམ་ལ་ཪྙོག་དྲ་ཆེན་པོ་འབྱུང་བཞིན་ཡོད། འདིར་ད་དུང་གསལ་བཤད་བྱ་རྒྱུ་ཞིག་ནི། བོད་བཙན་པོའི་རྒྱལ་རབས་དུས་སུ་བྱུང་བའི་ཏུན་ཧོང་གི་ཡིག་ཚང་གང་མང་ཞིག་ཐུན་མོང་གི་བློ་གྲོས་ཀྱི་རྩལ་ལས་ཐོན་པ་སྟེ།  དེར་བོད་ཀྱི་ཡིག་མཁན་ལས་གཞན། “སྐབས་དེ་ཤེད་དུ་ཏུན་ཧོང་ཁུལ་དུ་ཆོས་དཔེ་རྩོམ་འབྲི་དང་ཞུ་དག་གཏོང་མི་བཞི་བརྒྱ་ལྷག་ཙམ་ཡོད་པའི་ཁྲོད་ན་བོད་མི་བརྒྱ་ལྷག་ཙམ་ཡོད་པ་ཕུད། དེ་འཕྲོས་རྒྱ་དང་མི་རིགས་གཞན་པའི་མི་སྣ་ཤ་སྟག་ཡིན་པ་རེད།”①ཅེས་པ་ལྟར་བོད་ཡིག་འབྲི་ཞུས་ཀྱི་ལས་ཀ་གཉེར་མཁན་མང་ཤོས་སྤུན་ཟླ་མི་རིགས་ཁག་གི་བོད་ཡིག་ཤེས་མཁན་ཚོ་ཡིན་པ་དང་། ཡང་དེ་དག་གི་མིང་རྣམས་བོད་ཡིག་ཏུ་སྒྲ་བསྒྱུར་ལྟ་བུས་བཀོད་འདུག་པས་མི་སྣ་ཐོད་གཏུགས་ནས་ངོས་འཛིན་བྱེད་པར་དཀའ་ངལ་གང་མང་མཆིས། དེ་བས། ང་ཚོས་སྐབས་དེའི་ལོ་རྒྱུས་ཀྱི་གནས་ཚུལ་དངོས་ལ་རྒྱུས་ལོན་གཏིང་ཟབ་པའི་སྒོ་ནས་ཡིག་ཚང་དེ་དག་གི་མཛད་མཁན་ལ་བརྟག་དགོས་སོ། །
     བྲིས་རྩོམ་ལ་མཛད་བྱང་འགོད་པའི་སྲོལ་ནི་གནའ་བོའི་སྐད་ཡིག་མང་བོར་ཐུན་མོང་དུ་མཆིས་པའི་ཁྱད་ཆོས་ཤིག་ཡིན་པ་དང་། ནང་བསྟན་གསུང་རབ་ཡིག་ཚང་ལ་མཚོན་ནས་བརྗོད་ན། བཀའ་བསྡུ་གསུམ་པ་གནང་མཁན་རྒྱལ་པོ་ཀ་ནི་ཀ་ཡི་དུས་སུ་སློབ་དཔོན་རྟ་དབྱངས་ཀྱིས་སྟོན་པའི་སྐྱེས་རབས་ཀྱི་ཞབས་ཤོག་ཏུ་རང་ཉིད་ཀྱི་མཚན་བྱང་བཀོད་པ་ནས་བཟུང་། མཛད་བྱང་འགོད་པའི་སྲོལ་དེ་གཞི་ནས་བྱུང་བ་ཞིག་རེད། བོད་ཡིག་ཡིག་རྙིང་ལ་ཆ་མཚོན་ན། དུས་རབས་བརྒྱད་པ་ནས་དགུ་བའི་དུས་སུ་བྱུང་བའི་བླ་འབུམ་གྱི་ཡིག་ཆ་དག་དང་འབྲེལ་ཡོད་ཡིག་ཚང་གཞན་དག་ལས་མཛད་བྱང་ཐད་ཀར་བཀོད་པའི་ཚུལ་མང་བ་དང་། ཡང་སྐབས་དེའི་མཛད་བྱང་དག་ནི་ཕྱིས་ཀྱི་ཡིག་ཚང་ནང་བཞིན་གྱི་ཚིག་སྦྱོར་གྱིས་བརྒྱན་པ་ཞིག་མ་ཡིན་པར། མཛད་མཁན་དངོས་ཀྱི་མཚན་བྱང་ཁོ་ན་ལས་མཆོད་ཡོན་སྦྱིན་བདག་སོགས་ཀྱི་མིང་བཀོད་མི་འདུག །དོན་ལ་བོད་ཆེན་པོའི་རྒྱལ་རབས་དུས་སྐབས་ཀྱི་ཡིག་ཚང་དག་ལ་བལྟས་ན། སྤྱིར་བཏང་པར་གཞིའི་གནས་ཚུལ་ཅུང་གསལ་བོ་བཀོད་ཡོད་པ་དེ་རིགས་ཀྱང་མཛད་བྱང་དུ་ལོ་རབས་དང་འབྲི་བཤུ་བྱེད་མཁན། ཤོག་བུའི་མང་ཉུང་། དཔེ་གཟུགས། ཞུས་ཀྱི་གནས་ཚུལ། ལྟ་སྐུལ་མཁན་སོགས་ཀྱི་མིང་སྟབས་བདེ་ལས་བཀོད་མེད་དོ། ། དུས་རབས་བཅུ་གཅིག་བཅུ་གཉིས་པ་ནས་བཟུང་། བོད་ཡིག་གི་མཛད་བྱང་ནི་བོད་ཆེན་པོའི་རྒྱལ་རབས་དུས་ཀྱི་ཡིག་ཚང་དང་མི་འདྲ་བར། ཚིག་ཚོགས་རྒྱས་པ་དང་ཚིག་སྦྱོར་ལ་དང་དོད་ཆེན་པོས་བྲིས་པ་ཡིན་འདུག་སྟེ། དཔེར་ན་མངའ་རིས་འཁོར་ཆགས་དགོན་དུ་བཞུགས་པའི་ཤེར་ཕྱིན་བྲིས་མའི་མཛད་བང་ལ“ཀྱེ་ལགས་། །ཡུལ་རྣམ་ཀུན་གྱི་ནང་ན་མཆོག་འགྱུརད་ཉང་ཕྲོག་སྒང་ཁ་རུ་། །ལས་འཕྲོ་ཆོས་ལ་དད་པའི་ཁྱི་དོར་སྟང་ཞལ་ཀྱིས་།། བསགས་པ་ལུས་པར་གཟིགས་ནས་ཡུང་འགྱུརད་དམ་པ་བཞེངས་། །འདི་བཞེངས་པའི་བསོད་ནམས་ཀྱིས་འགྲོ་བ་བྱང་ཆུབ་ཐོབ་པར་ཤོག།།” ཅེས་པ་ལྟར། མཛད་བྱང་དུ་ཐོག་མར་ཀྱེ་དང་ཀེ་ཞེས་པ་ངོ་མཚར་གྱི་རྣམ་པ་སྟོན་པའི་འབོད་སྒྲ་སྦྱར་ཡོད་ཅིང་། དུས་རབས་བཅུ་བཞི་བཅོ་ལྔའི་དུས་ནས་མཛད་བྱང་གི་ཀྱེ་དང་ཀེ་ཡི་དོད་དུ་ཨེ་མ་ཧོ་དང་ཨེ་མ་ལྟ་བུའི་མགོ་ཕུད་ཡོད་པ་དང་། བོད་ཡུལ་སྤྱིའི་བཀོད་པ་དང་གསུང་རབ་གང་དེ་འབྲི་བཞེངས་བྱ་ཡུལ་ལ་ལུང་གིས་བསྟོད་པའི་སྲོལ་དར་ཆེ་བ་མ་ཟད། བཞེངས་མཁན་མཆོད་ཡོན་སྦྱིན་བདག་གི་རིགས་རུས་ཀྱང་འགོད་པའི་སྲོལ་དར་འདུག །དུས་རབས་བཅུ་དྲུག་བཅུ་བདུན་པ་ནས་བཟུང་བའི་མཛད་བྱང་ནི་དབུ་མགོར་ཨོ་སྭ་སྟི་ཞེས་པ་ལྟ་བུ་སཾསྐྲྀཏའི་སྐད་ཀྱིས་དོད་བྱེད་པའི་སྲོལ་དར་ཞིང་སྙན་ཞིང་འཇེབས་པའི་ཚིག་སྦྱོར་གྱིས་མཛད་བྱང་སྦྱར་ཡོད་པའི་རྣམ་པ་མཐོང་ཐུབ།
     མཛད་བྱང་གི་སྐད་ཆའི་འགྲོས་དང་ཡིག་གཟུགས། སྦྱོར་མཁན། ཚིག་སྦྱོར་སྤེལ་སྟངས་སོགས་ལས། པར་གཞི་མི་འདྲ་བ་དག་དོན་ལ་དུས་རབས་གང་འདྲ་ཞིག་ཏུ་བྱུང་བ་ཡིན་ཚུལ་རམ་འདེགས་ཀྱིས་གསལ་བོ་བཟོ་ཐུབ་པ་ཡིན།
     མཛད་བྱང་དང་ཆ་འདྲ་བར་ལེགས་སྦྱར་བསྟན་བཅོས་སྣ་ཚོགས་བཙན་པོའི་རྒྱལ་རབས་དུས་ནས་བོད་དུ་འགྱུར་བའི་གོ་རིམ་ཁྲོད། འགྱུར་གྱི་མཇུག་ཏུ་འགྱུར་བྱང་སྣ་ཚོགས་བྲིས་ཡོད་པའང་། པར་གཞིའི་གནས་ཚུལ་ལ་དཔྱོད་པའི་སྒོ་མོ་ཆེས་ལེགས་པོ་ཞིག་ཡིན་ནོ། །
     གཞན་ཡང་། མཇུག་བྱང་དང་མཛད་བྱང་དུ་བྱུང་བའི་ཡི་གེ་བའམ་འབྲི་མཁན་ལ་བརྟག་རྒྱུའང་གལ་ཆེ་སྟེ། ཨ་ལག་ཤ་ངག་དབང་བསྟན་དར་བས། “བསྟན་བཅོས་རྩོམ་པ་པོས་མཛད་བྱང་དུ་རང་མིང་གསལ་བར་མི་སྨོས་པའམ། རང་མིང་དངོས་སུ་སྦས་ནས་གཞན་ལ་མ་གྲགས་པའི་མིང་གཞན་དག་བཅུག་པ་སོགས་སྐྱོན་ཆེ་ཤོས་ཡིན་ཏེ། བྱེད་པ་པོའི་མིང་མི་གསལ་བའི་དབང་གིས་བསྟན་བཅོས་འགའ་ཞིག་ལེགས་བཤད་དུ་སྣང་ནའང་ཐེ་ཚོམ་དུ་གྱུར་ནས་མཁས་པ་དག་གིས་ཤེས་བྱེད་དུ་དྲངས་མ་ནུས་པ་ཡང་དེས་ལན་འདུག་པས། སྐྱོན་དེ་དག་དོར་དེ་མིང་རུས་ཡུལ་སོགས་གསལ་བར་སྨོས་པའི་སྒོ་ནས་བོད་སྤྱི་ཡོངས་ལ་གྲགས་པའི་བརྡ་གསར་རྙིང་གཞིར་བཟུང་ནས་ཡིག་འབྲུ་རྣམས་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་མ་ནོར་བ་ཐོབ་པའི་ཚུལ་གྱིས་བརྩམས་པར་བྱའོ། །” ①ཞེས་གསུངས་པ་བཞིན། ཡིག་ཆའི་མཛད་བྱང་དང་མཇུག་བྱང་དུ་ཡི་གེ་བ་སོགས་ཀྱི་མིང་རུས་མཚན་དོན་གསལ་བར་བྱས་ཡོད་ན་ནི་ལེགས་ཀྱི། གལ་ཏེ་མིང་རུས་མཚན་མིང་གསལ་བར་མ་སྨོས་ཚེ། འབྲེལ་ཡོད་ནང་དོན་གཞན་ལ་བརྟེན་ནས་མཛད་མཁན་དང་འབྲི་བཞེངས་གནང་མཁན་རྟོགས་དགོས་སོ། ། 
༣ ཡིག་གཟུགས་ལ་བརྟག་པ།
     བོད་དུ་ཐོག་མར་འདྲ་གཟུགས་ཀྱི་ཡི་གེ་ལྟ་བུ་བྱུང་ཞིང་། དེ་ནས་དུས་རབས་བདུན་པའི་ནང་གཞི་རྒྱ་ཆེ་བའི་བཟོ་བཅོས་བརྒྱབ་པའི་ཡིག་གཟུགས་རིགས་མི་འདྲ་བ་ཆེན་པོ་དག་ཕུད། གཟབ་མ་དང་གཤར་མའི་ཡིག་གཟུགས་དང་དེ་མིན་དུས་རབས་རིམ་བྱུང་ནང་འཕེལ་འགྱུར་ལས་བྱུང་བའི་ཡིག་གཟུགས་སྣ་ཚོགས་ཇི་སྙེད་པ་བྱུང་ཡོད།
     ཡིག་གཟུགས་ལ་བརྟག་དཔྱད་བྱས་པ་ཡིན་ན་བྱུང་གྲུབ་ལོ་ཚིགས་དང་ཡིག་མཁན་སུ་ཡིན་སྐོར་ལ་དཔྱད་པར་ཡང་ཕན་ཐོགས་ཆེན་པོ་ཡོད། ད་ལྟའི་དཔེ་ཆ་བ་རྣམས་ལས་ཕལ་ཆེ་བས་ཡིག་གཟུགས་འབྲི་སྦྱོང་ལ་སྦྱངས་པ་བྱས་མེད་རྐྱེན་ཡིག་གཟུགས་ཀྱི་ཁྱད་ཆོས་སྐོར་ལ་ཆ་རྒྱུས་ཆེན་པོ་མེད་པ་དང་། ཁོ་ཚོས་ཡིག་གཟུགས་དང་མཛེས་རྩལ་དབར་དང་ཡིག་གཟུགས་དང་རྩོམ་རིག་དབར་ལ་འབྲེལ་བ་ཡོད་པ་ཤེས་ནའང་། དེ་དང་པར་གཞི་གསལ་འབྱེད་དབར་ལ་འབྲེལ་བ་གང་འདྲ་ཡོད་པར་མཉམ་འཇོག་མི་བྱེད། དོན་ལ་པར་གཞི་གསལ་འབྱེད་བྱེད་སྐབས་ཡིག་གཟུགས་ལ་དོ་སྣང་མཉམ་འཇོག་བྱེད་པ་ནི་ཡིག་ཚང་རིག་པའི་ནང་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད།
༤ པར་གཞིའི་རྣམ་པར་བརྟག་པ།
     པར་གཞི་གསལ་འབྱེད་ཀྱི་སྐབས་སུ་དུས་སྐབས་སོ་སོར་བྱུང་བའི་པར་གཞི་དང་པར་གཞི་རིགས་མི་འདྲ་བ་སོ་སོའི་བར་ལ་ཁྱད་པར་ཆེན་པོ་ཡོད་པས། དེའི་རྣམ་པ་མི་འདྲ་བའི་ཚུལ་ལ་དཔག་སྟེ་ཕན་ཚུན་གོ་བསྡུར་དང་དབྱེ་འབྱེད་བྱེད་པ་ནི་པར་གཞི་ཕན་ཚུན་ཤན་འབྱེད་བྱེད་པའི་ཐབས་ལམ་གཙོ་བོ་ཞིག་ཡིན། སྤྱིར་བཏང་པར་གཞི་རིགས་མི་འདྲ་བ་དག་གི་པར་གཞིའི་རྣམ་པ་མི་འདྲ་བ་དང་། དུས་རིམ་མི་འདྲ་བ། ས་གནས་མི་འདྲ་བའི་ནང་བྱུང་བའི་པར་གཞི་སོ་སོར་ཡང་རང་སྟེང་གི་ཁྱད་པར་ཅན་གྱི་གནས་སྟངས་ཡོད་པས། པར་གཞིའི་རྣམ་པའི་ཐད་ལ་བརྟག་དཔྱད་ལེགས་པོ་བཏང་ནས་པར་གཞི་རང་རང་གི་ཁྱད་ཆོས་གསལ་བརྗོད་བྱ་དགོས། དཔེར་ན། གཏེར་མའི་པར་གཞི་དང་བརྐོས་མའི་པར་གཞི། ཤིང་ཁྲམ་པར་གཞི་ལག་བྲིས་པར་གཞི་ལྟ་བུར་རང་རང་གི་པར་གཞིའི་རྣམ་པ་མི་འདྲ་བའི་ཁྱད་ཆོས་མི་མཚུངས་པ་རེ་ཡོད་པ་དང་། ཡང་དཔེ་རྒྱུན་གཅིག་ལ་པར་གཞི་མི་འདྲ་བ་འགའ་རེ་བྱུང་བའང་ཡོད་པས། དེ་དག་གི་པར་གཞིའི་རྣམ་པར་བརྟག་ན་དེ་ཉིད་བྱུང་གྲུབ་ཀྱི་ལོ་ཚིགས་རྟོགས་པར་བྱེད་ཐུབ་པ་ལྟ་བུའོ། །
༥ པར་གཞིའི་རྒྱུ་ཆར་བརྟག་པ།
     བརྐོས་མའི་པར་གཞི་དང་ལུགས་མའི་པར་གཞི་ལག་བྲིས་པར་གཞི། ཤིང་ཁྲམ་པར་གཞི། ཏ་ལའི་ལོ་མའི་པར་གཞི། གཏེར་མའི་པར་གཞི་རྣམས་སོ་སོ་གྲུབ་པའི་རྒྱུ་ཆ་མི་འདྲ་བ་དང་། ཡང་པར་གཞི་རིགས་གཅིག་སྟེ་ལག་བྲིས་པར་གཞི་ཁོ་ནར་མཚོན་ནའང་རྒྱུ་ཤོག་དྲིལ་དང་པགས་པ། ཤིང་ལྤགས་སོགས་ཅི་རིགས་ཤིག་ཡོད་པ་ཡིན། པར་གཞིའི་རྒྱུ་ཆར་བརྟག་པ་ནི་སྐབས་དེའི་པར་གཞི་སྒྲིག་བཟོའི་ལག་རྩལ་ལ་ཞིབ་འཇུག་བྱེད་པ་དང་དེའི་གྲུབ་སྟངས་ལ་དཔྱོད་པའི་ཐབས་ཤིག་ཡིན་པ་དང་།  དེ་ལ་བརྟེན་ནས་པར་གཞིའི་རིགས་ལ་དབྱེ་བསྡུ་དང་དེའི་ལུས་གང་ཡིན་རྩད་གཅོད་བྱེད་པ་ཡིན།    
༦ དབུ་ཞབས་ལྷ་སྐུ་དང་བར་བཅུག་ལྷ་སྐུར་བརྟག་པ།
     གསུང་རབ་ཡིག་ཚང་གི་དབུ་ཞབས་ལྷ་སྐུ་འབྲི་བའི་སྲོལ་འདི་ནི་བཙན་པོའི་རྒྱལ་རབས་དུས་ནས་བྱུང་ཡོད་པ་ཞིག་སྟེ། ཡུལ་ཤུལ་བཻ་ཁོག་འབིས་མདོའི་བྲག་བརྐོས་ཡི་གེ་ལས “ཁྱྀའྀ་ལོ་ལ་སྐུ་གཟུགས་འབུར་དུ་བརྐོས་པ་དྡ་དར་མ་ཀུན་བྲྀས་པའི་སྨོན་ལམ་ལ་སོགས་པ།........བྲག་ལ་སྐུ་གཟུགས་དང་དར་མ་འདི་རྣམས་བྲིས་པ”①ཞེས་པ་ལྟ་བུས་མཚོན་ཐུབ་ཅིང་། བཙན་པོའི་རྒྱལ་རབས་དུས་ཀྱི་དཀར་ཆག་ཆེན་མོ་གསུམ་གྱི་ཡ་གྱལ《དཀར་ཆག་འཕང་ཐང་མ》ལས་ཀྱང་དབུ་ཞབས་ལྷ་སྐུའི་སྐུ་བརྙན་བྲིས་ཡོད་པར་དཔགས་ན། སྲོལ་འདི་བོད་ཆེན་པོའི་དུས་ནས་གསུང་རབ་བྲིས་མར་སྤྱོད་པའི་སྲོལ་ཞིག་ཡིན་པ་ཤེས་ནུས།
     བར་བཅུག་ལྷ་སྐུ་ནི་གསུང་རབ་ཀྱི་བར་བར་དུ་ལྷ་སྐུ་བྲིས་ཏེ་འཇོག་པའི་སྲོལ་འདིར་བརྗོད་པ་ཡིན་ཞིང་།  སྲོལ་འདི་ཡང་བོད་བཙན་པོའི་རྒྱལ་རབས་སྐབས་ནས་དར་ཡོད་པ་སྐབས་དེའི་གསུང་རབ་བྲིས་པའི་ཡིག་ཚང་དག་ལས་ཤེས། བར་བཅུག་ལྷ་སྐུའི་རི་མོ་འགོད་པའི་སྲོལ་འདི་བྱེ་བྲག་དུས་རབས་ནམ་ཞིག་ནས་བྱུང་བ་བརྗོད་དཀའ་ཡང་། ད་ལྟའི་ཆར་མཐོང་ཐུབ་པའི་ཡིག་ཚང་ལ་བལྟས་ན།  མ་མཐའ་ཡང་དུས་རབས་བཅུ་གཅིག་པའི་དུས་ཀྱི་ཡིག་ཚང་ལ་སྤྱོད་སྲོལ་ཡོད་འདུག་པ་མངའ་རིས་ཡུལ་ནས་རྙེད་པའི་གསུང་རབ་ཡིག་ཚང་དང་མདོ་སྨད་ཏན་ཏིག་ཡུལ་ནས་རྙེད་པའི་ཡིག་ཚང་དག་ལས་གོ་བ་རྙེད། 
     སྤྱིར་བཏང་དབུ་ཞབས་ལྷ་སྐུ་དང་བར་བཅུག་ལྷ་སྐུ་དག་ནི། གསུང་རབ་གང་དེའི་གཞུང་དང་སྲོལ་འབྱེད་སློབ་དཔོན་གོང་མ། དེ་མིན་གསུང་རབ་དེ་ཉིད་འབྲི་བཞེངས་ཐད་དཔལ་འབྱོར་གྱིས་རྒྱབ་སྐྱོར་བྱེད་མི་སྦྱིན་བདག། ཆོས་སྐྱོང་སྲུང་མ། ལྷག་པའི་ལྷ་སོགས་ཡིན་ཞིང་། ལྷ་སྐུ་དེ་དག་གི་ཕྱག་མཚན་དང་སྒྱུ་རྩལ་རྣམ་པ་ལས་གསུང་རབ་གང་དེ་དུས་ནམ་ཞིག་ལ་བྱུང་བ་དང་གང་ལ་གཏོགས་པ། གནས་གང་དུ་ཉར་བའི་ཚུལ་སོགས་ཐག་གིས་གཅོད་པར་རམ་འདེགས་བྱེད་ནུས་ཤིང་། པར་གཞིར་བརྟག་པའི་ནང་དོན་གལ་ཆེན་ཞིག་ཡིན་ནོ། །
༧ ཟུར་བཀོད་མཚན་རྟགས་ལ་བརྟག་པ།
     པར་གཞི་མང་བོ་ཞིག་ལ་གསལ་འབྱེད་བྱེད་སྐབས་དེའི་རྣམ་པ་དང་ཡིག་གཟུགས། རྒྱུ་ཆ། འབྲི་བརྐོའི་ལག་རྩལ་སོགས་ལ་བལྟ་བ་ནི་ཆེས་རྩ་བར་གྱུར་བའི་གསལ་འབྱེད་བྱེད་ཐབས་སྐོར་ཡིན་པ་དང་། དེ་དག་ཐམས་ཅད་ལ་བརྟག་ཅིང་དཔྱད་ནའང་མཐའ་འབྲས་ཅི་ཡང་མ་བྱུང་ཚེ། ང་ཚོས་པར་གཞི་གང་དེའི་ཕྱོགས་སོ་སོ་ལས “གསང་བའི་རྟགས་མཚན” ཅི་འདུག་འཚོལ་བ་ལས་ཐབས་མེད།  ཟུར་བཀོད་མཚན་རྟགས་ལ་ཐམ་ག་བརྒྱབ་པའི་སྐོར་དང་པར་གཞིའི་ནང་དོན།  འབྲེལ་ཡོད་ཀྱི་ཟུར་མཆན་སོགས་འདུས་པ་དང་།  དེ་ཡང་ཟུར་བཀོད་མཚན་རྟགས་ལས་ང་ཚོས་འབྲི་བརྐོ་བྱེད་མཁན་སུ་ཡིན་ཁུངས་རྙེད་ཐུབ་པ་ཡིན་ལ།  དེ་ཉིད་དུས་ནམ་བྱུང་བ་དང་རྒྱུ་རྐྱེན་ཇི་ལྟ་བུ་ཞིག་གི་འོག་ཏུ་བྱུང་བའི་གནས་ཚུལ་ཡང་ཤེས་ཐུབ་པའི་རེ་བ་ཡོད་པ་རེད། དེར་བརྟེན། པར་གཞི་གསལ་འབྱེད་ཀྱི་བྱ་བ་བདེ་བླག་ངང་འགྲུབ་པར་ཕན་ཐོགས་ཆེན་པོ་ཡོད།
     ཡིག་རྙིང་ལ་བལྟས་ན། བོད་ཡིག་ཡིག་ཚང་ལ་རྟགས་ཐམ་རྒྱག་པའི་སྲོལ་འདི་ནི་དུས་རབས་བརྒྱད་པའི་དུས་ནས་བྱུང་ཡོད་པ་ཤེས་ནུས་ཤིང་། བོད་ཡིག་བསྟན་བཅོས་ཕྱི་མར་དཔེ་ཆའི་རྟགས་ཐམ་འགོད་པའི་ལམ་ལུགས་ནི་དུས་རབས་བཅུ་བདུན་པར་རྒྱལ་དབང་སྐུ་ཕྲེང་ལྔ་བ་དང་པཎ་ཆེན་སྐུ་ཕྲེང་ལྔ་བའི་དུས་ནས་བྱུང་བ་ཞིག་རེད། སྤྱིར་བཏང་སྔོན་གྱི་ཡིག་ཚང་སྟེང་དུ་ཐམ་ཀའི་ཁ་རིས་དང་སྲོག་ཆགས་ཀྱི་གཟུགས་བརྙན་སོགས་བཀོད་ཡོད་པ་དང་། དེའི་ཞབས་འོག་ཏུ་མཚན་བྱང་བྲིས་འདུག་པ་ཡིན་ཚེ།  དུས་རབས་བརྒྱད་པ་ནས་བཅུ་བའི་བར་གྱི་ཡིག་རྙིང་ལ་ཡིད་ཆེས་ཆོག་པ་ཡིན་ལ། དུས་རབས་བཅུ་གཅིག་པའི་དུས་ཀྱི་ཡིག་ཚང་ལ་སྤྱིར་བཏང་རྟགས་ཐམ་བཀོད་པའི་སྐོར་མཐོང་ཐབས་མི་འདུག    
༨ སྒོར་ཐིག་ལ་བརྟག་པ།
     སྒོར་ཐིག་ནི་གསུང་རབ་གླེགས་བམ་དག་གི་དཀྱིལ་དུ་སྒོར་མོའི་དབྱིབས་ཀྱི་ཨི་ཁུང་ཞིག་ཕུག་སྟེ་ཤོག་བུ་ཡོད་ཚད་གཅིག་ཏུ་སྒྲིལ་བྱེད་ཅིག་ཡིན་ཞིང་།  སྤྱིར་བཏང་གླེགས་བམ་ལ་སྤྱོད་པའི་སྲོལ་ཡིན་ལ། ཐོག་མར་རྒྱ་གར་ནས་དར་བ་ཞིག་ཡིན་ཚུལ་སྔོན་གྱི་མཁས་པས་བཞེད། དེ་ཡང་སྒོར་ཐིག་དེ་འདྲ་ཞིག་འབྱུང་དགོས་དོན་ནི།  སྔོན་གྱི་གླེགས་བམ་དག་ལ་ཕྱིས་ནང་བཞིན་གྱི་ལྡེབ་གྲངས་འགོད་པའི་སྲོལ་ཆེར་མེད་པས།  ལྡེབ་སྔ་ཕྱིའི་གོང་འོག་མི་འཁྲུགས་པའི་ཆེད་དང་།  ཤོག་ལྡེབ་ཀྱི་རྒྱབ་མདུན་མི་འཆོལ་བའི་ཆེད་ཁུང་བུ་བརྟོལ་ཅིང་དེ་འགྲེང་སྐུད་ལྟ་བུས་གཅིག་ཏུ་སྒྲིལ་ནས་འཇོག་དགོས་པས་རེད།  སྒོར་ཐིག་ཅན་གྱི་གླེགས་བམ་དེ་རིགས་ལ་སྔོན་ཆད “གླེགས་བམ་དར་ལུང་མ” ཞེས་འབོད་པར་བྱེད་པ་ཡིན་ལ།  ཕྱིས་སུ་ལྡེབ་གྲངས་འགོད་པའི་སྲོལ་རིམ་གྱིས་དར་བ་དང་། སྔར་སྲོལ་རྒྱུན་འཛིན་གྱི་དོད་ལྟ་བུར་སྒོར་ཐིག་གི་རྣམ་པ་མཚོན་བྱེད་མཚལ་གྱི་སྒོར་ཐིག་ཙམ་བྲིས་ཏེ་སྟོང་བར་བསྐྱུར་བའི་སྲོལ་བྱུང་བ་ཡིན་ཞིང་། ཡང་དེའི་རྗེས་སུ་སྒོར་ཐིག་དེ་སྟོང་བར་བསྐྱུར་ན་མི་མཛེས་པར་སྣང་བས་དེའི་ནང་དུ་སྐུ་བརྙན་སྣ་ཚོགས་འབྲི་བའི་སྲོལ་དར།
     དེ་ཡང་གནའ་བོའི་ཡི་གེ་རྙིང་བའི་གླེགས་བམ་ཁག་ལ་མཇལ་ན། སྒོར་ཐིག་གཉིས་ཅན་ཡོངས་ཁྱབ་ཏུ་གནས་ཤིང་། སྒོར་ཐིག་གཅིག་ཅན་ཡང་མང་། སྒོར་ཐིག་གཅིག་ཅན་གྱི་གླེགས་བམ་ལ་གླེགས་བམ་ཆིག་ལུང་མ་དང་། སྒོར་ཐིག་གཉིས་ཅན་གྱི་གླེགས་བམ་ལ་གླེགས་བམ་ཉིས་ལུང་མ་ཞེས་འབོད་དོ། །  སྤྱིར་བཏང་སྒོར་ཐིག་ཡོད་སར་སྔོན་འཇུག་དང་རྗེས་འཇུག་ཡང་འཇུག་སོགས་ཀྱི་ཡི་གེ་བྱུང་ཚེ། སྒོར་ཐིག་དེ་ངོས་གཙང་ཡོང་ཆེད་སྔོན་རྗེས་སོགས་ཡ་ཕྲལ་ནས་སོ་སོར་བཀར་ཏེ་བྲིས་པའི་ཚུལ་མཐོང་རྒྱུ་འདུག
     སྒོར་ཐིག་ལ་བརྟགས་ན་ཡིག་ཚང་གི་སྔ་ཕྱིའི་གནས་ཚུལ་དང་འབྲེལ་ཡོད་ནང་དོན་ལ་དཔྱད་པ་གང་འཚམ་གཏོང་ཐུབ་སྟེ། གལ་ཏེ་སྒོར་ཐིག་ཡོད་པའི་ཡིག་ཚང་ཞིག་ཡིན་ཕྱིན། མ་མཐར་ཡང་བྲིས་མའི་དུས་ཀྱི་ཡིག་ཚང་ཡིན་པ་རྟོགས་ཐུབ་པ་ལྟ་བུ་དང་། སྔ་རབས་ཀྱི་བྲིས་མ་ཡིན་ན་སྒོར་ཐིག་ཡོད་པར་མ་ཟད་ཁུང་བུའང་ཕུག་ཡོད་པ་རེད། དེ་ལས་གཞན། དཔོན་གཉེར་གྱི་རྩ་འཛུགས་ཚད་ལྡན་གྱིས་འབྲི་བཞེངས་བགྱིས་པའི་ཡིག་རྙིང་ཡིན་ཚེ་སྒོར་ཐིག་ཏུ་གཞུང་དོན་དང་འབྲེལ་བ་ཡོད་མེད་ཀྱི་ཡི་གེ་གང་ཡང་བྲིས་མེད་པ་བཞིན་དང་། དེ་ལས་ལྡོག་སྟེ་སྒོར་ཐིག་ཏུ་གཞུང་དོན་ལ་འབྲེལ་བའི་ཡི་གེ་བྲིས་ཡོད་ན།  མི་སྒེར་གྱིས་འབྲི་བཞེངས་གནང་བ་ཞིག་ཡིན་པ་ཐག་གིས་གཅོད་ཐུབ་པ་ལྟ་བུ་རེད།       
༩ ཡིག་མགོ་དང་ཤད་ལས་བརྟག་པ།
     ཆེས་ཐོག་མའི་སྐབས་ལ་བོད་ཡིག་ཏུ་ཡིག་མགོ་ནི་ཨོཾ་ལྟ་བུས་མཚོན་པ་ཡིན་ཞིང་། དེ་ནི་ཧ་ལམ་རྒྱ་གར་འཕགས་ཡུལ་བའི་སྲོལ་དར་བ་ལས་བྱུང་ངམ་སྙམ། མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ནས། “ཡིག་མགོའི་ཏིང་ཀྱོག་འདི་ཡང་ཨོ་ཡིག་ཏུ་ཤེས་ཏེ། རྒྱ་དཔེ་རྣམས་ལ་དབུ་ཤོག་གི་དང་པོར་ཨོཾ་ཞིག་བྲིས་འདུག་ཅིང་། སྔོན་དང་ད་ལྟའི་བར་གྱི་རྒྱ་ཡིག་ལ་ཨོཾ་གྱི་གཟུགས་འུཾ་འདི་འདྲ་ཡིན་ཅིང་། དེ་ལས་ཀྱང་ཨོཾ་རིང་པོ་ནི་ཇི་སྐད་དུ་ཀུན་མཁྱེན་བླ་མས།  ཨོམ་རིང་དངོས་ཀུན་རང་བཞིན་ཆ་མེད་རྟག །  གསུངས་པ་ལྟར་བྲམ་ཟེ་རྣམས་ཀྱིས་འགངས་ཆེན་དུ་བརྩི་གཤིས། ཡིག་མགོ་སོགས་ན་ཨོཾ་རིང་པོ་འདི་རྟག་ཏུ་ཡོང་།” ①ཞེས་གསུངས་པ་ལྟར། བོད་ཡིག་གི་ཡིག་མགོ་ནི་སྤྱིར་བཏང་ཏིང་ཀྱོག་ཡིན་པ་ལ། དེ་ཡང་ཐོག་མར་ཨོཾ་ཡིག་འཕེལ་འགྱུར་བྱུང་བ་ལས་ཐོན་པ་ཡིན་ཚུལ་ངོས་འཛིན་བྱས་ཡོད་པ་བཞིན་ཡིན་ལ། དེང་གི་ཞིབ་འཇུག་པའི་དཔྱད་འབྲས་ལས་ཀྱང་། བོད་ཡིག་གི་ཡིག་མགོའི་ཏིང་ཀྱོག་ནི་ལི་ཡུལ་བརྒྱུད་ནས་བོད་དུ་དར་བ་ཞིག་ཡིན་ཚུལ་དཔག་འདུག②
     བོད་ཆེན་པོའི་དུས་ཀྱི་ཡིག་ཚང་དག་ལ་བལྟས་ནའང་། ཡིག་མགོ་དེ་ཨོཾ་ཡིག་ལྟ་བུ་དང་ཨོཾ་གྱི་ཕྱེད་ཀའི་དབྱིབས་ལྟ་བུ། དེ་འཕེལ་བ་ལས་དབུ་ཁྱུད་དང་ཏིང་ཀྱོག་གི་ཕྱེད་ཀའི་དབྱིབས་ལྟ་བུ་སོ་གས་ཐོན་འདུག་པ་དང་། མང་ཆེ་བ “༅” ལྟ་བུའི་དབྱིབས་ཀྱིས་བྲིས་འདུག་པས། ཨོཾ་ཡིག་གི་ཕྱེད་འགྱུར་བའི་ངང་ཚུལ་ལོས་ཡིན་སྙམ། དུས་རབས་བཅུ་གཉིས་བཅུ་གསུམ་ནས་བཟུང་བའི་ཡིག་མགོ་ནི། སྔོན་གྱི་བྲིས་གཟུགས་དེ་ཉིད་ཅུང་ཟད་མཛེས་ཆ་ལྡན་པའི་སྒོ་ནས་འབྲི་བའི་ཚུལ་མཐོང་ཐུབ།
     དེ་བཞིན་ཤད་དང་ཚེག་ལ་མཚོན་ན། བོད་ཆེན་པོའི་དུས་ཀྱི་ཤད་དང་ཚེག་འཇོག་སྲོལ་དང་དུས་རབས་བཅུ་བཞི་རྗེས་ཀྱི་སྲོལ་གཉིས་མི་འདྲ་སྟེ། ཉིས་ཤད་དགོས་སར་ཆིག་ཤད་དང་། ཤད་ཀྱི་སྔོན་དུ་ང་ཡིག་མིན་ཡང་སྤྱིར་བཏང་ཡོངས་ཁྱབ་ངང་ཚེག་ཅིག་འཇོག་པའི་སྲོལ་འདུག་ཅིང་། ཡང་སྐབས་མང་བོར་གཏེར་ཚེག་གིས་སྤྱིར་བཏང་གི་ཚེག་གི་ཚབ་བྱེད་པའི་སྣང་ཚུལ་མང་དུ་མཐོང་རྒྱུ་འདུག་པ་ལ། གཏེར་ཚེག་འདི་རིགས་དུས་རབས་བཅུ་གསུམ་པའི་རྗེས་ནས་བཟུང་མཐོང་རྒྱུ་དེ་ཙམ་མི་འདུག    
༡༠ བསྡུར་དཔྱོད་བྱེད་པ།
     པར་གཞི་གསལ་འབྱེད་བྱེད་པའི་སྐབས་སུ་པར་གཞི་རིགས་གཅིག་གི་གྲུབ་དུས་དང་མཛད་པ་བོ། རྣམ་པ་ཅི་ལྟ་བུར་ཡོད་པ། རྒྱུ་ཆ་གང་ཡིན་པ་སོགས་ལ་དཔྱོད་པ་དང་ལྷན་དུ། པར་གཞི་རིགས་མི་འདྲ་བ་སོ་སོ་གོ་བསྡུར་ནས་ཕན་ཚུན་བར་ལ་ཡོད་པའི་མཐུན་ཆ་དང་མི་མཐུན་པའི་ཆ་གང་ཡོད་ལ་བརྟག་པ་དང་། ཡང་པར་གཞི་ཕན་ཚུན་ཕྱོགས་ཀུན་ནས་བསྡུར་དཔྱོད་བྱེད་པའི་ཐབས་ལ་བརྟེན་ནས་གང་ཞིག་སྤྱིར་བཏང་གི་པར་གཞི་ཡིན་པ་དང་གང་ཞིག་པར་གཞི་དཀོན་གྲས་ཡིན་པའི་དབྱེ་བ་འབྱེད་དགོས་པ་ཡིན། དེར་མ་ཟད། ཐབས་འདི་ལ་བརྟེན་ནས་པར་གཞི་གང་ཞིག་ནང་དོན་ཆ་ཚང་བ་དང་། གང་ཞིག་རྣམ་པ་སྲུང་འཛིན་བྱས་པ་ལེགས་པ། གང་ཞིག་ཁུངས་བཙུན་ལ་ཡིད་རྟོན་ཆོག་པའི་རང་བཞིན་ལྡན་པ། གང་ཞིག་ལོ་རྒྱུས་ཀྱི་དུས་ཡུན་རིང་བ་སོགས་ལའང་ངོས་འཛིན་ཁ་གསལ་ཡོང་བར་བྱེད་ཐུབ།  གཞན་ཡང་།  གཏེར་མའི་རིགས་ལ་དཔྱད་བསྡུར་ལེགས་པོ་ཞིག་བྱས་པ་ཡིན་ན་དེ་ཉིད་གཏེར་རྫུན་ཡིན་མིན་གྱི་ཤན་འབྱེད་པ་ལའང་ནུས་པ་ཆེན་པོ་ཐོན་ཐུབ་བོ། །
     གོང་སྨོས་དག་ཕུད། ཡིག་རྙིང་གི་ལྡེབ་གྲངས་འགོད་སྲོལ་ལས་ཀྱང་པར་གཞིར་གསལ་འབྱེད་རྟོག་ཞིབ་བྱེད་ཐུབ་སྟེ། དཔེར་ན་དུས་རབས་བརྒྱད་པའི་སྔ་ཕྱིའི་གསུང་རབ་བྲིས་མ་དག་ལས་ལྡེབ་གྲངས་འགོད་པའི་སྲོལ་ཡོད་པ་ནི། ལྡེབ་གྲངས་དེ་གསུང་རབ་གང་དེའི་གཡས་ཀྱི་སྤྱན་ཁྱེར་གྱི་རྒྱའི་ནང་དུ་ཨང་ཀིའི་ཚབ་ཏུ་བོད་ཡིག་ཀ་མད་བཞིན་བཀོད་དེ་མཚོན་པར་བྱེད་བཞིན་པའི་ཚུལ་མཐོང་ནུས་པ་ལྟར་རེད།①དུས་རབས་བཅུ་གཅིག་ནས་བཟུང་བའི་གསུང་རབ་བསྟན་བཅོས་སུ་གསུང་པོད་ཀྱི་ལྡེབ་གྲངས་སུ་དམིགས་བསལ་གྱི་མཚོན་རྟགས་འགའ་རེ་འགོད་པའི་སྲོལ་དར་འདུག་པ་དང་། ཕྱིས་སུ་རིམ་གྱིས་བོད་ཡིག་གི་གྲངས་ཀའི་ཐ་སྙད་དང་ཨང་ཀི་འབྲི་བའི་སྲོལ་འདི་དར། ཡང་དུས་རབས་བརྒྱད་པ་ནས་དགུ་བའི་སྐབས་ཀྱི་ཡིག་ཚང་དག་ལ་མཚོན་ན། ཞལ་ཁེབས་འཇོག་པའི་སྲོལ་དེ་མེད་པ་དང་། དུས་རབས་བཅུ་བ་ནས་བཅུ་གཉིས་པའི་སྐབས་ཀྱི་ཡིག་ཚང་ལ་ཞལ་ཁེབས་ཕུལ་ཡོད་པ་མཐོང་རྒྱུ་འདུག དེ་བཞིན་དུས་རབས་བརྒྱད་པ་ནས་བཅུ་གཉིས་པའི་བར་གྱི་ཡིག་ཚང་ཡིན་ན། སྤྱིའི་ཆ་ནས་གཡས་གཡོན་གྱི་སྣེ་ཐིག་གཉིས་ལས་དབུ་ཞབས་ཀྱི་སྣེ་ཐིག་འབྲི་བའི་སྲོལ་མེད་པ་དང་། གཡས་གཡོན་གྱི་སྣེ་ཐིག་དེ་ཡང་རྐྱང་ཐིག་ལས་ཉིས་ཐིག་འབྲི་བའི་སྲོལ་ནི་མི་སྣང་།
     གོང་སྨོས་པར་གཞི་གསལ་འབྱེད་བྱེད་ཐབས་རིགས་བཅུ་བོ་ནི་རྒྱུན་བཀོལ་གྱི་གསལ་འབྱེད་བྱེད་ཐབས་ཤ་སྟག་ཏུ་སོང་གཤིས་གསལ་འབྱེད་བྱེད་ཐབས་ཡོད་ཚད་འདི་ལས་མི་གདའ་བའི་དོན་དུ་མི་འགྱུར་བ་དང་། ལག་ལེན་ཁྲོད་རྒྱུན་པར་ཉམས་མྱོང་ཕྱོགས་སྡོམ་དང་ཐབས་ལམ་གསར་བ་སྤྱོད་པ། ཕྱོགས་བསྡུས་ཞིབ་དཔྱོད་བྱེད་པ་སོགས་ལ་བརྟེན་ནས་མུ་མཐུད་པར་གཞི་གསལ་འབྱེད་ཀྱི་ཐབས་ཤེས་གསར་བ་རྙེད་པར་བྱ་དགོས། དེར་བརྟེན། པར་གཞི་གསལ་འབྱེད་བྱེད་པའི་ལས་ཀ་ནི་རྙོག་འཛིང་ཆེ་ལ་དཀའ་ཁག་མུ་འབྲེལ་དུ་མཆིས་པའི་ལས་ཀ་ཞིག་ཏུ་གྱུར་ནས་ཡོད།
     གོང་དུ་གླེང་བའི་བྱེད་ཐབས་དེ་དག་སྤྱོད་པ་ལས་གཞན། ང་ཚོས་ལོ་རྒྱུས་རིག་གནས་ཀྱི་ཤེས་བར་ཤེས་རྟོགས་ལེགས་པོ་བྱེད་དགོས་པ་དེའང་གལ་ཆེན་པོར་ཡོད་ཅིང་། ཁྱད་པར་དུ་རིག་གཞུང་ལོ་རྒྱུས་དང་དཔེ་ཆའི་འཕེལ་རིམ་ལོ་རྒྱུས། དཀར་ཆག་རིག་པ་སོགས་ལ་ཆ་ཚང་བའི་སྒོ་ནས་བློ་སྦྱོང་བྱས་ན་འགྲིག ། དེ་དང་ལྷན་དུ་པར་གཞི་གསལ་འབྱེད་བྱེད་སྐབས་བཟང་ངན་བདེན་རྫུན་གྱི་ཤན་འབྱེད་པར་མཁས་དགོས་པ་དང་རྒྱུན་པར་ལག་ལེན་ནང་དངོས་སུ་ཞུགས་ཏེ་ཉམས་མྱོང་གསོག་འཇོག་བྱེད་དགོས་པ་ཡིན་ལ། གནའ་དེང་དང་ཕྱི་ནང་གི་པར་གཞི་གསལ་འབྱེད་བྱེད་པའི་ལོ་རྒྱུས་དང་ཐབས་ཤེས་ལའང་སློབ་སྦྱོང་བཟང་བོ་བྱ་དགོས་སོ།།
     ①ཀླུ་ཚང་རྡོ་རྗེ་རིན་ཆེན། བོད་ཀྱི་རྩོམ་རིགས་རྣམ་བཞག  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1992ལོ། ཤ54
     ① 黄文焕:  《河西吐蕃文书简述》 .  《文物》 1978年第12期.
     ① ཨ་ལག་ཤ་ངག་དབང་བསྟན་དར། འཆད་རྩོད་རྩོམ་གསུམ་གྱི་རྣམ་གཞག་ལེགས་བཤད་ཉིན་བྱེད་སྣང་བ། ཨ་ལག་ཤ་ངག་དབང་བསྟན་དར་གྱི་གསུང་འབུམ། ཤིང་པར་མ། ཤ19
     ① པ་ཚབ་པ་སངས་དབང་འདུས། སྤུ་རྒྱལ་བོད་ཀྱི་རྡོ་བརྐོས་ཡི་གེ་ཕྱོགས་བསྒྲིགས་ཀྱི་མ་ཡིག་དག་བཤེར་དང་དེའི་ཚིག་འགྲེལ་དྭངས་སང་གངས་ཆུ།  བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2011ལོ།  ཤ105.106
     ① དགེ་འདུན་ཆོས་འཕེལ། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་འབུམ།(སྟོད་ཆ) སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2009ལོ། ཤ206-207
     ② [瑞士]安. 克鲁茨蒂娜  谢勒-消布:  《敦煌与塔波古藏文写本研究的方法论问题》 . 中华书局, 2000年版. 第257页
     ① ངེས་རྒྱུ་ཞིག་ལ། བོད་ཡིག་གི་གྲངས་ཀའི་ཐ་སྙད་སྤྱོད་སྲོལ་ནི་བོད་ཆེན་པོའི་རྒྱལ་རབས་དུས་ཀྱི་གསུང་རབ་བྲིས་མའི་ཡིག་ཚང་ལས་ཀྱང་མཐོང་རྒྱུ་འདུག་ཅིང་། དེའང་ཤོག་ལྡེབས་ཉིན་ངོས་གཡས་ལོགས་སུ་བོད་ཡིག་གི་གྲངས་ཀའི་ཐ་སྙད་སྤྱད་པ་དང་། སྲིབ་ངོས་སུ་གྲངས་ཀའི་དོན་མཚོན་བྱེད་ཅི་ཡང་བྲིས་མི་འདུག

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...