སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཁམས་མི་ཉག་ཡུལ་གྱི་སྒུར་བྲོ་སྐོར་ལ་དཔྱད་པ།
རྩོམ་པ་པོ། ཚེ་རིང་དོན་འགྲུབ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-8-21 10:46:00 རྩོམ་ཁུངས། 《མི་རིགས་དུས་དེབ》 ཀློག་གྲངས།
ཁམས་མི་ཉག་ཡུལ་གྱི་སྒུར་བྲོ་སྐོར་ལ་དཔྱད་པ།
ཚེ་རིང་དོན་འགྲུབ།
     ཁམས་མི་ཉག་ཡུལ་ནི་རྩྭ་ཆུ་ནགས་ཚལ་འཛོམས་པའི་འབྲོག་ས་དང་། བར་ལ་འབྲུ་རིགས་སྣ་ལྔ་དང་མར་ཕྱུར་འཛོམས་པའི་རོང་མ་འབྲོག སྨད་ལ་འབྲུ་རིགས་དང་ཤིང་ཏོག་སྣ་ཚོགས་སྨིན་པའི་རོང་ས་ཡིན་ཞིང་། གནམ་གཤིས་དྲོ་གྲང་སྙོམས་ལ། འདོད་ཡོན་ལོངས་སྤྱོད་འབེལ་པོ། མི་རྣམས་གཤིས་རྒྱུད་བཟང་ཞིང་བླང་དོར་གྱི་གནས་ལ་མཁས་པ། ཉམས་ཆུང་ལ་བརྩེ་ཞིང་བཙན་པོར་རྒོལ་བའི་སྙིང་སྟོབས་ཅན། ནང་ཁུལ་མཐུན་སྒྲིལ་དམ་ཞིང་། ཕན་ཚུན་རོགས་རམ་བྱེད་མཁན། གླུ་གར་རྩེད་འཇོ་ལ་དགའ་ཞིང་ཆོས་ལ་དད་མོས་ཡོད་པའི་རིག་གནས་ཕུན་སུམ་ཚོགས་པའི་ཡུལ་གྲུ་ཞིག་ཏུ་ཆགས་ཡོད། དེ་དང་ཆབས་གཅིག་ཏུ་མི་ཉག་སྒུར་བྲོའང་མི་ཉག་ཡུལ་གྱི་ཁྱད་ཆོས་ལྟར་ཕུན་སུམ་ཚོགས་པའི་སྲོལ་རྒྱུན་རིག་གནས་ཤིག་ཏུ་ངོས་བཟུང་ཡོད།
དང་པོ། ཁམས་མི་ཉག་དང་མི་ཉག་སྒུར་བྲོའི་མིང་བྱུང་ཚུལ།
     ཁམས་མི་ཉག་ཞེས་པ་ལས་ཁམས་ཡུལ་ནི་བོད་སྟོད་མངའ་རིས་སྐོར་གསུམ་དང་བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ལས་ཁམས་དང་ཨ་མདོའི་བསྡོམས་པའི་ཤར་ཕྱོགས་ཀྱི་ཡུལ་བྱིངས་ལ་ཁམས་ཞེས་ཟེར་ཞིང་། དོན་དུ་ས་མཐའི་དོན་ཏེ་མཐའི་རྒྱལ་ཕྲན་ལ་ཁམས་ཀྱི་རྒྱལ་ཕྲན་དུ་འབོད་པ་ལྟར་བོད་བཙན་པོའི་སྐབས་སུ་བོད་མཐའ་མཚམས་སུ་ཡོད་པའི་རྒྱུ་མཚན་གྱི་ཁམས་ཞེས་འབོད་པའོ།།
     མི་ཉག་ཅེས་པ་ནི་ལོ་རྒྱུས་ཡིག་ཚང་དུ་བལྟས་ན་ཀན་སུའུ་ནུབ་བྱང་རྒྱུད་དང་ཉིང་ཞ། ཧྲའན་ཤིས་བྱང་རྒྱུད་བཅས་ཀྱི་ས་རྒྱ་ཆེན་པོ་ཞིག་ལ་གོ དེ་མ་ཚད་མཚོ་སྔོན་བྱང་ཤར་རྒྱུད་དང་ནང་སོག་གི་ས་ཆ་དུམ་བུ་ཞིག་ཀྱང་མི་ཉག་གི་ཁུངས་སུ་གཏོགས་པ་དང་མི་རིགས་བོད་གཙོ་བོ་བྱས་པའི་ཆྰང་དང་རྒྱ། སོག་པོ་ལ་སོགས་པ་འདུས་པའི་ལོ་རྒྱུས་བཤད་རྒྱུ་འདུག ཡིན་ནའང་དེ་རིང་འདིར་བརྗོད་པའི་མི་ཉག་ནི་བོད་བཙན་པོའི་སྐབས་སུ་སྟོད་མངའ་རིས་སྐོར་གསུམ་དང་། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ཅེས་པ་ལས། སྒང་དྲུག་ནང་གསེས་མི་ཉག་རབ་སྒང་དུ་གཏོགས་པའི་མདོ་ཁམས་དར་རྩེ་མདོའི་ནུབ་ཕྱོགས་ནས་རྟའུའི་ལྷོ་ཕྱོགས་དང་ཉག་ཆུའི་ཤར་ཕྱོགས་ནས་བརྒྱད་ཟིལ་གྱི་བྱང་ཕྱོགས་བར་གྱི་ས་ཁུལ་དེ་ཡིན། ཡུལ་དེ་ནི་མི་ཉག་ཉག་ཆུ་དང་རྒྱལ་མོ་རྔུལ་ཆུ་གཉིས་ཀྱི་བར། ནུབ་བྱང་ནས་ཤར་ལྷོའི་ཕྱོགས་སུ་དར་དཀར་ཡུག་གཅིག་བརྐྱངས་པ་ལྟ་བུ་བོད་ཡུལ་དབུས་ཀྱི་ཤར་ཕྱོགས་སུ་ཁེལ་བའི་ཤར་མི་ཉག་རིང་མོ་ཞེས་པ་དེ་ཡིན། བོད་བཙན་པའི་དུས་ནས་ད་བར་དུ་མི་ཉག་ཅེས་བརྗོད་པ་ལས་འགྱུར་ལྡོག་གཏན་ནས་བྱུང་མྱོང་མི་འདུག ད་ལྟ་སི་ཁྲོན་ཞིང་ཆེན་དཀར་མཛེས་རང་སྐྱོང་ཁུལ་གྱི་དར་རྩེ་མདོའི་ནུབ་ཕྱོགས་ནས་རྟའུའི་ལྷོ་ཕྱོགས་དང་ཉག་ཆུའི་ཤར་ཕྱོགས་ནས་བརྒྱད་ཟིལ་གྱི་བྱང་ཕྱོགས་བར་གྱི་ས་ཁུལ་ལས་སྤྱི་ལེ་གྲུ་བཞི་མ་ཁྲི་གཉིས་ལྷག་དང་། ཤརཐིག101ནས103བར་དང་། བྱང་ཐིག28ནས30བར་གྱི་ས་གནས་དེ་ཡིན།
     མི་ཉག་སྒུར་བྲོ་ཞེས་པ་ནི་མི་ཉག་ཡུལ་གྱི་ངལ་རྩོལ་མི་དམངས་ཀྱི་ཐུང་མོང་བའི་གསར་གཏོད་དང་བརྒྱུད་སྤེལ་བྱས་པའི་གནའ་བྲོ་ཞིག་ཡིན་ལ་གནའ་ནས་ད་བར་དུ་དགའ་སྤྲོ་རྟེན་འབྲེལ་གྱི་དུས་དང་བུ་དང་བུ་མོ་བག་པ་དང་མག་པ་སོགས་བཏང་བའི་སྐབས་སུ་འཁྲབ་བའི་གནའ་བྲོ་ཞིག་ཡིན་ཞིང་། མ་གཞི《ལ་དྭགས་རྒྱལ་རབས》སུ། བོད་གླུ་དང་བྲོ་གཉིས་ནི་བོད་ཀྱི་རྒྱལ་རབས་བཅུ་གཅིག་པ་དེ་ཤོ་ལེགས་ཀྱི་རིང་ལ་བྱུང་བ་ཡིན་བརྗོད་ཀྱང་། མི་ཉག་སྒུར་བྲོ་དེ་དུས་དེའི་སྐབས་སུ་བྱུང་བ་ཡིན་མིན་བརྗོད་དཀའ། དེའང་སྒུར་བྲོའི་མིང་བྱུང་ཚུལ་ནི་བྲོ་འཁྲབ་སྐབས་བྲོ་རའི་དཀྱིལ་དུ་བྲོ་རྟེན་ཞིག་བཞག་པ་ཡང་ན་ཁང་པའི་ཀ་བ་བྲོ་རྟེན་བྱས་ནས་བྲོ་རྟེན་དེ་ལ་སྐོར་ནས་་གླུ་གཏོང་བཞིན་ལུས་དང་མགོ་གུག་གུག་བྱས་ནས་སྒུར་ནས་འཁྲབ་པ་སྟེ། སྒུར་སྒུར་བྱས་ནས་གུས་འདུད་བསྙེན་བཀུར་གྱི་རྣམ་པ་སྟོན་པའི་ཁྱད་ཆོས་དེར་གཞིགས་ནས་སྒུར་བྲོ་ཞེས་མིང་དེ་བྱུང་བ་ནི་བོད་ཨར་སྐྲུན་མཁན་པོ་མི་ཉག་ཆོས་ཀྱི་རྒྱལ་མཚན་ལགས་ཀྱིས་གསུང་འདུག མདོར་ན་སྒུར་བྲོ་དེ་ནི་མི་ཉག་ཡུལ་གྱི་འཚོ་བ་དང་ངལ་རྩོལ་ལས་བྱུང་བའི་མི་ཉག་རང་ས་ནས་དར་འཕེལ་དང་ཐུན་མོང་མིན་པའི་རིག་གནས་ཕུན་སུམ་ཚོགས་པ་ཞིག་རེད།
གཉིས་པ། མི་ཉག་སྒུར་བྲོའི་ཁྱད་ཆོས་བརྗོད་པ།
     མི་ཉག་ཡུལ་གྱི་གནའ་སྲོལ་གྱི་གོམས་གཤིས་ལྟར་དགའ་སྤྲོ་རྟེན་འབྲེལ་གྱི་དུས་དང་བུ་དང་བུ་མོ་བག་པ་དང་མག་པ་སོགས་བཏང་བའི་སྐབས་སུ་འཁྲབ་བའི་གནའ་བྲོ་སྟེ། མི་ཉག་ཡུལ་གྱི་འཚོ་བ་དངོས་ནས་དར་འཕེལ་བྱུང་བས་མི་ཉག་ཡུལ་མིའི་གཤིས་རྒྱུད་འཇམ་པའི་ཁྱད་ཆོས་དང་ངལ་རྩོལ་བྱས་ལུགས་བྱས་སྟངས་ཀྱི་གོམས་སྲོལ་སོགས་མཚོན་ཐུབ་ཞིང་། སྒུར་བྲོ་དེ་འཁྲབ་སྐབས་གཟུགས་མཛེས་སྐད་སྙན་ལྡན་པའི་ཕོ་མོ་གཉིས་དང་གསུམ་ཡན་ཆད་ཆ་སྒྲིག་ཏེ། སྐབས་སྐབས་སུ་འཁྲབ་བའི་གནས་ཚུལ་དང་མཁོ་དགོས་ལ་བསྟུན་ནས་ཆ་བཅུ་ཉི་ཤུ་བར་གྱི་སྒྲིག་སྲོལ་ཡང་ཡོད། རྒྱུན་དུ་ཕོ་མོ་གཉིས་དང་ལྔ་བར་གྱི་ཆ་སྒྲིག་ནས་ལུས་ལ་ཡུལ་ལུང་གི་ལུགས་སྲོལ་ལྟར་དུ་རྒྱན་གོས་དང་རྒྱན་ཆ་འདོགས་ཤིང་། བུ་མོས་མི་ཉག་འབག་གོས་དང་འབག་གོས་མདུན་དུ་སྔོན་ཐུར་རམ་པང་ཁེབས་བཤམ་པ། མགོ་ལ་ཁུག་ཞྭ་དང་དངུལ་ཞྭ་གོན་ལུགས། རྣ་བར་རྣ་ལུང་དང་སྐེ་ལ་སྐེ་རྒྱན། ཞབས་ལ་བོད་ལྷམ་སོགས་གོན་པ་དང་དེའི་ཕྱིར་དུ་དངུལ་གྱི་ཆ་མའམ་དུང་གི་ཆ་མའི་རྒྱན་འདོགས་པ། སྐེད་ལ་པང་ཁུག་དང་ཁབ་ཤུབས་འདོགས་པ། ཕོ་རྣམས་ཀྱིས་སྣམ་ཕྲུག་སོགས་ཀྱི་བོད་ལྭ་དང་མགོ་ལ་དབྱར་དགུན་དབྱེ་སྟེ་རང་འཐག་བལ་ཞྭའམ་དབྱར་ཞྭ་དང་སོག་ཞྭ། དཔའ་ཞྭ་གོན་པ། སྐེ་ལ་རིན་ཆེན་གྱི་སྐེ་རྒྱན་དང་ཕྲག་ལ་གའུ། རྐེད་ལ་སྐེད་གྲི་དང་མེ་ཆ་པང་ཁུག་འདོགས་པ། ཞབས་ལ་བོད་ལྷམ་དང་འཇུར་ཏ་གོན་པ། ཕོ་འགས་སྐྲ་ལྷུག་ལྷུག་བཞག་པ་དང་རྣ་གཡོན་ལ་རྣ་ལུང་འདོགས་པའི་སྲོལ་ཡོད། དེ་བཞིན། བྲོ་རྟེན་ཀ་བ་དང་ཡང་ན་བོད་ཅོག་ཙེ་ཞིག་བྲོ་ར་དཀྱིལ་དུ་བཞག་ནས་དེའི་སྟེང་དུ་ནས་ཆང་དང་དར་དཀར་བཀྱགས་ནས་བྲོ་རྟེན་བྱས་པ། བྲོ་རྟེན་དེར་མཐའ་སྐོར་ནས་དང་ཐོག་ཕོ་རྣམས་ཀྱིས་གླུའི་སྐད་ཤུགས་རིང་པོ་བཏང་བ་དང་ཆབས་གཅིག་ཏུ་ངོ་བྲོ་རྟེན་ལ་ཁ་གཏད་དེ་སེམས་ལྷོད་ལྷོད་ནས་ངག་ནས་ཤིས་ཚིག་ལེན་པ་དང་ལུས་པོ་གར་ལེན་ནས་སྒུར་སྒུར་བྱས་ནས་ལུས་ངག་ཡིད་གསུམ་གྱིས་གུས་པའི་རྣམ་འགྱུར་སྟོན་པ་དང་གོམ་པ་དལ་བོ། ལག་པའི་འཁྲབ་སྟངས་ལྷོད་པོ་སྒོ་ནས་འཁྲབ་ཏེ་བྲོ་འགོ་འཛུགས་ཞིང་། དེའི་མཐའ་བསྐོར་ལ་ལྟད་མོ་བ་རྣམས་ཀྱིས་བསྐོར་ཞིང་རྩེད་མོར་ལྟ་བ་དང་བྲོ་འགོ་དེ་བཙུགས་རྗེས་ཕོ་མོ་རྣམས་བྲོ་ཁྲིད་རྒྱུར་བརྗེས་རེས་བྱས་ཏེ་ཡིན་གཅིག་མིན་གཅིག་མགོ་ལུས་སྒུར་སྒུར་བྱས་ནས་འཁྲབ་དགོས་པའི་ཁྱད་ཆོས་ཡོད་པ་ལས་དེང་སང་གི་ལེན་སྟངས་སྐད་སྦུག་འཇུས་ནས་ཁ་ནས་ཨ་ཨ་དང་རྐང་རྡུང་ལག་རྡུག་དང་ཡར་འཕག་མར་འཕག་བྱེད་པ་ཞིག་གཏན་ནས་མིན།
     མི་ཉག་སྒུར་བྲོའང་དམངས་གཞས་དར་འཕེལ་ལྟར་སྤྱི་ཚོགས་འཚོ་བ་དང་ངལ་རྩོལ་ལས་བྱུང་བའི་རྒྱུ་མཚན་ནི་མི་ཉག་ཡུལ་དུ་ཁང་ལས་འཛུགས་སྐྲུན་ཤིན་ཏུ་མང་བས་ཕལ་ཆེར་ཁྱིམ་ཚང་རེ་རེས་ལོ་བཅུ་ཡས་མས་ལ་ཁང་ལས་བྱེད་སྲོལ་ཏེ། དུས་ད་ལྟའང་རྒྱུན་སྤེལ་བྱེད་ཡོད་པ་ནི་ཚང་མས་མིག་མཐོང་ལག་ཟིན་རེད། གནས་ཚུལ་དེ་ནི་ཨར་སྐྲུན་མཁས་ཆེན་མང་བས་འཛམ་གླིང་ཐོག་ནས་བཤད་ན་སྡོད་ཁང་ལས་སྲོལ་ཆེས་མང་བའི་ལུང་པ་རེད་ཟེར་ནས་བརྗོད་བཞིན་མཆིས། ཁྱིམ་ཚང་སོ་སོས་ཁང་ལས་འཛུགས་སྐྲུན་གྱི་གྲུབ་འབྲས་ཐོབ་རྗེས་གཉེན་ཉེ་རིགས་དང་ཡུལ་མི་ཁྱིམ་མཚེས་སོགས་བོས་ནས་དགའ་སྤྲོ་རྟེན་འབྲེལ་བསུ་སྟེ་ཆང་ཨ་རག་འཐུང་ཞིང་གཟུགས་མཛེས་སྐད་སྙན་ལྡན་པའི་ཕོ་མོ་བོས་ནས་སྒུར་བྲོ་དེ་འཁྲབ་པ། སྒུར་བྲོ་འཁྲབ་དུས་ཚང་མས་ཁང་ལས་ཀྱི་དཀའ་ངལ་ཆེ་བས་ཡར་འཕག་མར་འཕག་བྱས་དཀའ་བ་དང་གལ་སྲིད་འཕག་འཚག་ཆེ་སོང་ན་ཐལ་བ་ཆེ་བས་ལྟད་མོ་བ་རྣམས་ལ་མི་མཛེས་བ་དང་གཅིག གཉིས་ནི་མི་ཉག་ཡུལ་མི་ལ་གཤིས་རྒྱུད་འཇམ་པའི་ཁྱད་ཆོས་ཏེ། དུས་རྒྱུན་དུ་ཕན་ཚུན་ཁ་བརྡ་བྱེད་དུས་སྐད་ཤུགས་ལྷོད་ཞིང་རིང་བས་ངང་རྒྱུད་འཇམ་པོ་མཚོན་ཐུབ་པ། གསུམ་མི་ཉག་ཡུལ་གྱི་མི་དམངས་རྣམས་ནི་ཕན་ཚུན་བར་ལ་ཤིན་ཏུ་བརྩི་ཞིང་གུས་བཀུར་ལྡན་པའི་རྒྱུ་མཚན་གྱིས་བྲོ་དེའང་ལྷོད་ཞིང་དལ་བ་དང་སྐད་ཤུགས་རིང་པོ། གོམ་པའི་རྡུང་ཁ་ག་ལེར་བརྒྱབ་པ་སོགས་གྱི་ཁྱད་ཆོས་རང་བཞིན་དུ་གྲུབ་པའོ།།
     དེ་ལྟ་བུའི་གནའ་བྲོ་ཞིག་ནི་རྒྱལ་པོའི་སྲོང་བཙན་སྒམ་པོ་སོགས་ཀྱི་བཙན་པོ་རྒྱལ་རབས་སྐབས་རྒྱལ་པོ་ཕོ་བྲང་ནང་འཁྲབ་རྒྱུ་ཡོད་པའི་ལོ་རྒྱུས་ཡིག་ཚང་དུ་མཐོང་རྒྱུ་ཡོད་དེ། དེ་ནི་དུས་ད་ལྟའང་དབུས་གཙང་ཕྱོགས་སུ་རྒྱལ་པོའི་བྲོ་ཟེར་བ་ཞིག་མི་ཉག་སྒུར་བྲོ་དང་ཅུང་འདྲ་བ་ཞིག་སྐད་ཤུགས་རིང་པོ་དང་དལ་ལྷོད་ཀྱི་ཁྱད་ཆོས་ལྡན་པ་ཞིག་འཁྲབ་རྒྱུ་ཡོད། ཡིན་ནའང་དེ་གཉིས་ཀ་མི་འདྲ་ས་ནི་རྒྱལ་པོའི་བྲོ་ལ་ཕོར་བ་མགོ་ལ་བཞག་ཐོག་ཆང་ཨ་རག་བླུགས་ནས་ཁ་ནས་ཏང་ཏང་ཏང་་་་་གླུ་ལེན་པ་མཉམ་དུ་འཁྲབ་པས་མི་ཉག་སྒུར་བྲོ་ལ་དེ་འདྲ་ཁྱད་ཆོས་མེད། ཡང་མི་ཉག་སྒུར་བྲོ་ནི་ངེས་པར་དུ་སྒུར་སྒུར་བྱས་ནས་འཁྲབ་པའི་ཁྱད་ཆོས་དེ་ནི་རྒྱལ་པོའི་བྲོ་ལ་དེ་ལྟར་གྱི་ཁྱད་ཆོས་མེད་པས་དེ་གཉིས་དལ་ཞིང་ལྷོད་པའི་ཁྱད་ཆོས་མཐུན་ཡང་སོ་སོར་ཐུན་མོང་མིན་པའི་ཁྱད་ཆོས་ཀྱང་མཐོང་། དེ་བཞིན། དེང་སང་མི་ཉག་སྒུར་བྲོ་ལ་མི་ཉག་སྐོར་བྲོ་བརྗོད་མཁན་ཡོད་ཀྱང་དེ་ནི་མི་ཉག་སྒུར་བྲོའི་མིང་དེ་རྒྱ་ཡིག་ཐོག木雅锅庄ཅེས་སྒྲ་བསྒྱུར་བྱས་པས་རྗེས་སུ་རྒྱ་ཡིག་དེར་གཞིགས་ནས་བོད་ཡིག་ཐོག་མི་ཉག་སྐོར་བྲོ་ཞེས་ཚུར་བསྒྱུར་བ་ཞིག་ཡིན་པ་ནི་བོད་ཨར་སྐྲུན་མཁན་པོ་མི་ཉག་ཆོས་ཀྱི་རྒྱལ་མཚན་གྱིས་གསུང་འདུག གཞན་དུས་ད་ལྟར་དཀར་མཛེས་ཁུལ་རྟའུ་རྫོང་འདྲ་པ་ཡུལ་དུ་འདྲ་པའི་བྲོའམ་འདྲ་བྲོ་ཟེར་བ་ཞིག་ཡོད་པས་དེ་ནི་མི་ཉག་བྲོ་དང་ཨ་ན་མ་ན་ཡིན་པས་མ་གཞིའི་འདྲ་པ་ལུང་པའང་ཁམས་མི་ཉག་ཁོངས་སུ་འདུས་པས་ཆེད་དུ་མ་བརྗོད་དོ།
གསུམ་པ། མི་ཉག་སྒུར་བྲོའི་དབྱེ་བ་བརྗོད་པ།
     མི་ཉག་སྒུར་བྲོ་ལ་དབྱེ་ན་མཆོད་བྲོ། འགྲོ་བྲོ་དང་འཛོམས་བྲོ། གཡང་བྲོ། བཀྲ་ཤིས་ཀྱི་བྲོ། བྲོ་ཤགས་སོགས་ཀྱི་དབྱེ་བ་ཡོད་དེ།
     དང་པོ། མཆོད་བྲོ་ནི་ནང་པའི་སངས་རྒྱས་བསྟན་པའི་ཆོས་ལ་དད་པ་ཡོད་ཕྱིར་དཀོན་མཆོག་གསུམ་དང་རྩ་བའི་བླ་མ་སོགས་ལ་མཆོད་པ་ཕུལ་བའི་བྲོ་འཁྲབ་པའི་རྒྱུ་མཚན་གྱིས་མཆོད་བྲོ་ཞེས་བརྗོད། དཔེར་ན། ཚེས་པ་གཅིག་དང་ཚེས་གཉིས། ཚེས་གསུམ་སྐར་མ་བཟང་པོ། སྐར་མ་བཟང་པོའི་དུས་ལ་བླ་མ་ཚུར་ལ་ཕེབས། བླ་མ་ཚུར་ལ་ཕེབས་དུས་དུང་དང་རྒྱ་གླིང་འབུད། ཅེས་པ་ལྟ་བུ།
     གཉིས་པ། འགྲོ་བྲོ་ནི་བླ་མ་དང་ཁྱིམ་མི་སོགས་རྒྱང་ཐག་རིང་པོ་འགྲོ་དུས་དང་གཉེན་སྟོན་མོའི་སྐབས་སུ་བག་མ་བཏང་བའི་དུས་སུ་འཁྲབ་བའི་བྲོ་ལ་འགྲོ་བྲོ་ཟེར་ཏེ། འགྲོ་བྲོ་ཕར་ཆེན་མཚན་མོ་ཆུ་ཚོད་བཅུ་གཉིས་བརྒལ་ནས་འཁྲབ་པ་དང་ཡང་ན་སྔ་མོ་འགྲོ་མི་སྐྱེལ་བའི་ཆེད་དུ་སྔོ་མོ་དུས་ལ་འཁྲབ་དགོས་པའི་བྲོ་ཞིག་ཡིན། བྲོ་ཚིག་ཚང་མ་སྨོན་ལམ་དང་ཤིས་བརྗོད་ཀྱི་ཚིག་ཡིན། དཔེར་ན། དེ་རིང་འགྲོ་འགྲོ་གསེར་ཆུ་ཁ་ལ་འགྲོ། གསེར་ཆུ་ཁ་ལ་གསེར་རྒྱབ་འགེལ་ལ་འགྲོ། གསེར་རྒྱབ་འགེལ་ཁ་སྨོན་ལམ་ཚིག་གསུམ་འདེབས། སྨོན་ལམ་འདེབས་པས་བར་ཆད་མ་འོང་དགོས། ཞེས་པ་དང་། ཡང་། དེ་རིང་འགྲོ་འགྲོ་ཤ་ཕྲུག་ང་རང་རེད།། སང་ཉིན་འགྲོ་འགྲོ་ལ་ཆེན་བརྒལ་ནས་འགྲོ ། ཉིན་རེ་སྐོར་རེ་རི་ལ་མ་འཁོར་ན།། རི་རྒྱལ་ལྷུན་པོའི་དྲིན་ལན་གཟོ་མི་ཐུབ།། དེ་རིང་འགྲོ་འགྲོ་ཐང་དཀར་ང་རང་རེད།། སང་ཉིན་འགྲོ་འགྲོ་ཆུ་ཆེན་བརྒལ་ནས་འགྲོ།། ཉིན་རེ་སྐོར་རེ་བྲག་ལ་མ་འཁོར་ན། བྲག་དང་ཤུག་པར་དྲིན་ལན་་མི་ཐུབ།། དེ་རིང་འགྲོ་འགྲོ་ཨ་ཟི་ང་རང་རེད།། སང་ཉིན་འགྲོ་འགྲོ་གྲོང་ཆེན་བརྒལ་ནས་འགྲོ།། ཉིན་རེ་སྐོར་རེ་གྲོང་ལ་མ་འཁོར་ན།། དྲིན་ཅན་ཕ་མ་དྲིན་ལན་གཟོ་མི་ཐུབ། ཅེས་པ་ལྟ་བུ།
     གསུམ་པ། འཛོམས་བྲོ་ཞེས་པ་ནི་གཉེན་ཉེ་འཛོམས་པའི་དུས་དང་ཡུལ་མི་ཚང་མ་མཉམ་དུ་འཛོམས་པའི་དུས་ལ་རྟེན་འབྲེལ་བསུ་བའི་བྲོ་འཁྲབ་བའི་རྒྱུ་མཚན་གྱིས་འཛོམས་བྲོ་ཞེས་བརྗོད་པ། དཔེར་ན། དགུང་ཨ་སྔོན་མ་འཛོམས་ལོ་གསུམ་རེད། གསེར་ཉི་ཟླ་འཛོམས་པའི་དེ་རིང་རེད། སྐར་སྨིན་དྲུག་འཛོམས་པའི་འཛོམས་བྲོ་འཁྲབ། ཅེས་པ་ལྟ་བུ།
     བཞི་པ། གཡང་བྲོ་ཞེས་པ་ནི་རྒྱུ་ནོར་ལོངས་སྤྱོད་དང་རྟ་ནོར་ལུག་གསུམ། འབྲུ་སྣ་ལྔ་སོགས་འཁོར་བའི་གཡང་བསུ་ཕྱིར་བྲོ་འཁྲབ་པའི་རྒྱུ་མཚན་གྱིས་གཡང་བྲོ་ཞེས་བརྗོད། དཔེར་ན། དགུང་ཨ་སྔོན་རི་རྩེར་སྦྲ་ནག་ཕུབ། གསེར་ཉི་ཟླ་འབྲི་བརྒྱ་མཐའ་ནས་བསྐོར། སྐར་སྨིན་དྲུག་འོ་མའི་རྒྱ་མཚོ་འཁྱིལ། ཞེས་པ་ལྟ་བུ།
     ལྔ་པ། བཀྲ་ཤིས་ཀྱི་བྲོ་ནི་སྒུར་བྲོ་འཁྲབ་སྟོན་ཆེས་མཐར་མ་དང་བྲོ་མཚམས་འཇོག་པའི་སྐབས་སུ་ཁ་རྗེ་དབང་ཐང་དར་རྒྱུའི་སྨོན་འདེབས་དང་བཀྲ་ཤིས་རྟེན་འབྲེལ་བརྩི་ནས་རྫོགས་བྲོ་འཁྲབ་པའི་རྒྱུ་མཚན་གྱིས་བཀྲ་ཤིས་ཀྱི་བྲོ་ཞེས་བརྗོད། དཔེར་ན། གངས་རི་རྩེ་ལ་སེང་གེ་འཁོར་བའི་བཀྲ་ཤིས་ཤོག སེང་གེ་འདི་ལ་གཡུ་རལ་རྒྱས་པའི་བཀྲ་ཤིས་ཤོག གཡུ་རལ་འདི་ལ་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག ཅེས་པ་ལྟ་བུ།
     དྲུག་པ། བྲོ་ཤགས་ཞེས་པ་ནི་བྲོ་འཁྲབ་ཞིང་འཁྲབ་པས་གླུ་བཏང་ནས་ཕན་ཚུན་ལ་དྲི་བ་དྲིས་ལན་དང་ཁ་མཚར་ཀུ་རེའི་སྒོ་ནས་གླུ་བླངས་ཏེ་ཉན་མཁན་ལ་གད་མོ་སློང་བ་དང་སྤྲོ་བ་ཆེན་པོ་བསྐྱེད་ཐུབ་པའི་བྲོ་ཚིག་ཕུན་སུམ་ཚོགས་པའི་ཁྱད་ཆོས་ལྡན་པའི་རྒྱུ་མཚན་གྱིས་བྲོ་ཤགས་ཞེས་བརྗོད། དཔེར་ན། ཨ་སྔོན་རྩེ་ནས་རྩེད་མོ་ཡར་རྩེད་ལ། ཐང་རིང་ཡོད་པའི་ཉི་ཟླ་འཁོར་ས་རེད། དུས་ཚོད་བརྗེས་པའི་སྐར་ཚོགས་རྒྱས་ས་རེད། ཅེས་པ་ལྟ་བུའོ།
     གཞན་ཆེད་དུ་བརྗོད་དགོས་པ་ཞིག་ནི་མི་ཉག་སྒུར་བྲོར་མི་ཉག་རང་སྐད་ཐོག་ནས་གླུ་གཏོང་བའི་སྲོལ་ཡོད་ཀྱང་དུས་ད་ལྟར་མཁྱེན་མཁན་མ་མཐོང་བས་འདིར་བརྗོད་མེད། དེ་མིན་པ་མི་ཉག་ཡུལ་དུ་མི་ཉག་ལ་གཞས་ཞེས་པའི་གཞས་ཕུན་སུམ་ཚོགས་པ་ཡོད་དེ། སྐད་ཤུགས་ཆེན་པོ་དང་རྒྱུད་རིང་པོ་ཐོག་ནས་ལེན་པའི་གཞས་ཤིག་ཡིན། ལག་པ་འགྲམ་པ་སྦྱར་བཞིན་མིག་བཙུམ་པ་དང་སེམས་ལྷོད་ལྷོད་ནས་ལེན་པའི་ལེན་ལུགས་ཨ་མཚར་ལྟར་དེང་སང་སྤྱི་ཚོགས་སུ་ལེན་སྟངས་དང་གཏན་ནས་མི་འདྲ་བས་འདི་ནི་མི་ཉག་ལ་གཞས་སྐོར་ཀྱི་རྩོམ་སོགས་ལས་གསལ་ལོ།།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...