སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཏུང་ཧོང་ཡིག་རྙིང་ལས་བྱུང་བའི་བོད་ཀྱི་གནའ་རབས་སྙན་ངག་སྐོར་རགས་ཙམ་གླེང་བ།
རྩོམ་པ་པོ། འཇུ་སྐལ་བཟང་། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-8-24 9:51:00 རྩོམ་ཁུངས། སྦྲང་ཆར། ཀློག་གྲངས།
ཏུང་ཧོང་ཡིག་རྙིང་ལས་བྱུང་བའི་བོད་ཀྱི་གནའ་རབས་སྙན་ངག་སྐོར་རགས་ཙམ་གླེང་བ།
འཇུ་སྐལ་བཟང་།
     ཉེ་བའི་དུས་སུ་ཏུང་ཧོང་ནས་ཐོན་པའི་བོད་ཀྱི་གནའ་བོའི་ཡི་གེ་འདི་དག་ནི་སྤྱི་ལོའི་དུས་རབས་བརྒྱད་པ་དང་། དགུ་བ། བཅུ་བ་བཅས་སུ་བྲིས་པའི་ལོ་རྒྱུས་ཀྱི་ཤུལ་བཞག་གལ་ཆེན་ཞིག་ཡིན་ལ། ལོ་རྒྱུས་ཀྱི་དཔྱད་གཞི་རིན་ཐང་དང་ལྡན་པ་ཞིག་ལགས། དེ་ནི་བོད་གནའ་རབས་ཀྱི་སྤྱི་ཚོགས་ལམ་ལུགས་དང་། ཆབ་སྲིད། དཔལ་འབྱོར། ཆོས་ལུགས། བོད་དང་མི་རིགས་གཞན་དག་བར་གྱི་འབྲེལ་བ། དེ་མིན་སྐར་རྩིས། གསོ་དཔྱད། དམག་དོན་ལ་སོགས་པའི་སྐོར་ལ་ཞིབ་འཇུག་བྱེད་པར་ཤིན་ཏུ་འགངས་ཆེ་ན་བོད་ཀྱི་རྩོམ་རིག་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞི་གལ་ཆེན་ཞིག་ཀྱང་ཡིན་པར་སྣང་སྟེ། ཏུན་ཧོང་གཏེར་ཡིག་ཤིན་ཏུ་མང་པོ་ཞིག་སྟེ་དཔེར་ན་དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས། བཙན་པོ་རིམ་བྱུང་གི་ལོ་རྒྱུས། བོད་སུམ་པའི་གཏེར་དཔེ། མོ་གཞུང་། ལེགས་བཤད། རཱ་མ་ཎའི་རྟོགས་བརྗོད་དང་<<ཀྲན་གོ་ཚི>>ལས་བྱུང་བའི་གཏམ་རྒྱུད་སོགས་རྒྱ་གར་དང་རྒྱ་ནག་གི་གཙུག་ལག་ལས་བསྒྱུར་བའི་བསྒྱུར་རྩོམ་འགའ་སོགས་ལ་རྩོམ་རིག་གི་ཁྱད་ཆོས་ཐུན་མོང་མ་ཡིན་པ་དུ་མ་རྫོགས་ཤིང་། ཉམས་འགྱུར་རྨད་དུ་བྱུང་བས་ན་རང་རེ་བོད་ཀྱི་རྩོམ་རིག་ལོ་རྒྱུས་སྟེང་རིན་ཐང་ཤིན་ཏུ་ཆེ་ལ། ཁྱད་པར་དུ་བོད་བཙན་པོ་ཡབ་སྲས་སྐུ་རིང་གི་སྐོར་གླེང་སྐབས། སྐབས་དེའི་བོད་ཀྱི་རྩོམ་རིག་འདིའོ་ཞེས་རང་རྐྱ་འཕེར་བའི་ས་བཅད་ངོམ་རི་བ་ཞིག་ཏུ་བགྲང་ཆོག་པར་སྙམ། དེ་དག་ཀུན་ལས་སྤྲོ་བའི་ནུས་མཐུ་བྲལ་ཕྱིར་རེ་ཞིག་བཏང་སྙོམས་སུ་བྱ་ཞིང་།  འདིར་དེ་ཡི་ཆ་ཤས་སུ་གྱུར་པ་སྙན་ངག་གི་སྐོར་རགས་ཙམ་གླེང་བར་འདོད་དོ།།
     གཅིག  ཏུན་ཧོང་ནས་ཐོན་པའི་བོད་ཀྱི་གནའ་རབས་སྙན་ངག་གི་རྩོམ་རིག་རིན་ཐང་སྐོར་གླེང་བ།
     ཧོང་ཡིག་རྙིང་ལས་བྱུང་བའི་ལེགས་བཤད་དང་། ཕྲ་བཤད། བཙན་པོའི་རྣམ་ཐར(འདིར་སྐབས་དེའི་བསྒྱུར་ཡིན་ནང་དུ་འདུས་མེད)སོགས་སུ་ཚིགས་སུ་བཅད་པ་སྙན་ཞིང་འཇེབས་ལ། སྡེབ་ལེགས་པ། རྒྱན་ཕུན་སུམ་ཚོགས་པས་སྤྲས་པ། ཚིགས་བསྡུས་ཤིང་དབྱངས་སུ་གྱེར་ཆོག་པ་མང་དུ་བྱུང་ནའང་བོད་ཉེ་བའི་དུས་ཀྱི་སྙན་ངག་དང་ཁྱད་པར་ཅུང་ཟད་ཡོད་ཕྱིར། འགའ་ཞིག་འདི་སྙན་ངག་ཡིན་མིན་ནམ་སྙན་ངག་ཏུ་བགྲང་ཆོག་མིན་གྱི་ཐད་སོམ་ཉིའི་དཔྱད་ཐག་འཛིན་པའམ་ཐ་ན་སྙན་ངག་ཏུ་མི་བགྲང་མཁན་འགའ་ཞིག་ཀྱང་འདུགདེའི་ཕྱིར་འདིར་ཐོག་མར་ཚིགས་སུ་བཅད་པ་འདི་དག་སྙན་ངག་ཡིན་མིན་ལ་ཅུང་ཟད་དཔྱོད་པའི་དགོས་པ་མཆིས་སོ།།
     དེ་ཡང་སྤྱིར་སྙན་ངག་ཅེས་པ་བོད་ལྟར་ན་གང་ཞིག་ཚིག་སྦྱོར་ལེགས་ཤིང་། ཉམས་ཁྱད་ཅན་དང་ལྡན་ལ། ཚིག་རྒྱན་སྣ་ཚོགས་ཀྱིས་བཅིངས་པའི་ངག་གི་ཕྲེང་བའམ་ལས་སྤྱི་སྟེ། དེ་ལྟ་བུའི་ཁྱད་ཆོས་དང་ལྡན་པའི་བཅས་ལྷུག་སྤེལ་མ་ཀུན་ལ་གོ(རྒྱ་ཆེར་གོ་བ)བའི་སྐབས་ཤིག་དང་། དེ་ཙམ་དུ་མ་ཟད་ཚིག་སྡུད་མང་ཞིང་ལུས་ངེས་པར་ཚིགས་སུ་བཅད་པའི་རྣམ་པ་ཞིག་ལ་གོ(རྒྱ་ཆུང་བར་གོ་བ)བའི་སྐབས་ཤིག་སྟེ་གཉིས་ཡོད་ཚོད་འདྲ་ཡང་། འདིར་ཕྱི་མ་ལྟར་བྱས་ཏེ་བཤད་ན་ཏུན་ཧོང་ཡིག་རྙིང་གི་ཚིགས་སུ་བཅད་པ་འདི་དག་ལ་གོང་གསལ་ཁྱད་ཆོས་རྫོགས་པ་ཤིན་ཏུ་གསལ་བས་ན་མཚན་ཉིད་ཀྱིས་ཁྱབ་པར་ཐལ་བས། ཡང་ན་མཚན་ཉིད་སྐྱོན་ཅན་དུ་འཕེན་པའམ་ཡང་ན་དེ་དག་སྙན་ངག་ཡིན་པར་ཁས་འཆེ་དགོས་པའི་གནད་འདི་ལ་ཐུག་གོ།།
     འོན་ཀྱང་འགའ་ཞིག་ལྟ་བ་ཉི་ཚེ་བ་རེ་བཟུང་ནས་དེ་དག་ཚིག་བསྡུས་ཤིང་སྡེབ་ལེགས་པ་བདེན་ནའང་རྒྱན་ཕུན་སུམ་ཚོགས་པོས་མ་སྤྲས་པས་སྙན་ངག་ཏུ་འགྲོ་དཀའ་འོ་ཟེར་ན།  མི་འཐད་དེ།  འདི་དག་ལ་དཔེ་རྒྱན་དང་།  བསྡུས་བརྗོད། ཉམས་ལྡན།  འགོག་རྒྱན།  ཕུལ་བྱུང་།  སྒྲ་རྒྱན་སྣ་ཚོགས། གང་ཚིག་གི་རྒྱན་སོགས་ཏེ<<སྙན་ངག་མེ་ལོང་>>གི་དངོས་བསྟན་ཀྱི་རྒྱན་སྣ་ཚོགས་ཀྱིས་ཀུན་ནས་བཅིངས་པ་གཤམ་དུ་འཆད་འགྱུར་ལས་གསལ་ལོ། ། ཡང་དེ་རྣམས་ལ་རྒྱན་ཅུང་ཟད་འདྲེས་པ་བདེན་ཡང་བོད་དུས་ཕྱིས་ཀྱི་སྙན་ངག་དང་བསྡུར་ན་ཉམས་རྒྱན་གང་གི་ཆ་ནས་ཀྱང་ཆེས་ཆེར་དམན་པས་གླུ་གཞས་སམ་དམངས་གཞས་ལས་མ་འདས་ཏེ། གླུ་གཞས་ལའང་རྒྱན་རེ་ཟུང་འདྲེས་པའི་ཕྱིར་རོ་ཞེ་ན་མི་འགལ་ཏེ། གླུ་གཞས་ནི་དམངས་ཁྲོད་རྩོམ་རིག་གི་རྣམ་པ་ཞིག་དང་། སྙན་ངག་ནི་རྩོམ་པ་པོའི་རྩོམ་རིག་ཅིག་ཡིན་པར་དེང་དུས་ཕལ་མོ་ཆེ་ཞིག་ངོས་འཛིན་ནའང་དེ་གཉིས་ཀྱི་ཁྱད་པར་ཙམ་ཡིན་ལ། ཁྱད་པར་དེའང་རྗེས་སུ་བྱུང་བ་ཡིན་གྱི་དེ་གཉིས་མཐའ་གཅིག་ཏུ་འགལ་ཟླར་འཕངས་པ་ག་ལ་ཡིན་ཏེ་མིན་ནོ། ། རྒྱལ་ཁབ་དང་མི་རིགས་གང་ཡིན་ལ་མ་བལྟས་པར་སྙན་ངག་ནི་ཚང་མ་གནའ་བོའི་གླུ་གཞས་སམ་མགུར་གྱི་རྣམ་པ་ནས་རིམ་གྱིས་འཕེལ་རྒྱས་བྱུང་བའི་རྩོམ་རིག་གི་རྣམ་པ་ཞིག་ཡིན་ཏེ། དེ་ཡང་དང་ཐོག་གླུ་གཞས་དང་ཞབས་བྲོ་སྙན་ངག་གསུམ་ནི་དབྱེར་མེད་ངོ་བོ་གཅིག་ཏུ་འདུས་ལ། ཁྱད་པར་གླུ་དང་སྙན་ངག་གི་འབྲེལ་བ་དེ་བས་ཀྱང་དམ་པ་ལ་ཕྱིས་སོར་རིམ་གྱིས་སོ་སོར་གྱེས་པ་ད་ལྟ་འཛམ་གླིང་རྩོམ་རིག་ཁྱབ་ཁོངས་སུ་ཞལ་འཆམ་མོ། །  རྒྱ་ཡི་ཀྲིག་རྒྱལ་རབས་ཀྱི་དུས་སུ་བྱུང་བའི་སྙན་ངག་འཛམ་གླིང་ན་གྲགས་ཆེ་བ་<<ཧྲི་ཅིན>>(<<诗经>>)ཞེས་པར་འབོད་པའང་ཕལ་མོ་ཆེ་ཞིག་དང་ཁྱད་པར་དེ་ཡི་ཡ་གྱལ་དུ་གྱུར་པ“ཧྥིན”(风)ཞེས་པ་ཡོངས་སུ་རྫོགས་པ་སྐབས་དེའི་དམངས་གཞས་ཤ་སྟག་ཡིན་ནོ།།
     དེས་ན་ཐོག་མའི་སྙན་ངག་ཅེས་པ་དམངས་ཁྲོད་གླུ་གཞས་དང་གཉིས་སུ་མེད་པས། ཐོག་མའི་སྙན་ངག་དེ་དམངས་ཁྲོད་གླུ་གཞས་ལ་ངོས་འཛིན་དགོས་པར་ཐལ་ན། འདིར་རྩོམ་པ་པོའི་བློ་གྲོས་ཀྱི་འཆར་སྣང་སྨྱུག་རྩེ་འཁྱུག་པའི་རྩལ་ལས་འཁྲུངས་པ་སྙན་ངག་ཏུ་ཅིའི་ཕྱིར་མི་བགྲང་། ད་དུང་ཁྱོད་ཀྱིས་ཨུ་ཚུགས་མཐའ་སྐྱེལ་བྱས་ཏེ་དམངས་གཞས་ལས་མ་འདས་ཏེ་སྐབས་དེའི་དམངས་གཞས་ཡི་གེར་ཕབ་པ་ཙམ་མོ་ཞེ་ནའང་ཕྲན་གྱི་བལྟས་ངོར་དེ་སྙན་ངག་ཏུ་མི་བརྩི་བའི་འོས་ཅི་ཡང་མེད་པར་སྙམ་སྟེ། “མཁས་པའི་ཞལ་ལས་ཐོན་པའི་སྙན་ངག་དང་དམངས་ཁྲོད་ནས་ཐོན་པའི་སྙན་ངག་གཉིས་ཀའང་ཡིག་ཐོག་དང་ངག་ཐོག་གམ་མཐོ་རིམ་དང་དམའ་རིམ་གྱི་ཁྱད་པར་ཙམ་ལས་འདི་ཡིན་དེ་མིན་གྱི་དབྱེ་བ་འབྱེད་དུ་མེད་དོ”ཞེས་བློ་མཐུན་ལ་ལས་བཤད་པ་ཤིན་ཏུ་མད་དོ། ། དེ་ལྟར་ན་ཏུན་ཧོང་ནས་ཐོན་པའི་ཚིགས་བཅད་སུ་བཅད་པ་འདི་དག་སྙན་ངག་ཡིན་པར་གྲུབ་ལ། དེ་ཙམ་དུ་མ་ཟད་དེ་ནི་བོད་ཀྱི་རྩོམ་རིག་ལོ་རྒྱུས་དང་ལྷག་པར་བོད་ཀྱི་སྙན་ངག་ལོ་རྒྱུས་ཀྱི་རིན་ཆེན་དོ་ཤལ་ཁྲོད་དུ་འོད་འཚེར་བའི་མུ་ཏིག་རྡོག་པོ་ཞིག་ཇི་བཞིན་ཐུན་མོང་མ་ཡིན་པའི་རིན་ཐང་དང་ལྡན་པའང་བསྙོན་དུ་མེད་པར་སྙམ་མོ། ། སྤུར་རྒྱལ་གྱི་དུས་སམ་བོད་ཀྱི་བཙན་པོ་ཡབ་སྲས་ཀྱི་སྐུ་རིང་ལ་བོད་ཀྱི་སྟོབས་འབྱོར་མངའ་ཐང་ཐམས་ཅད་ཡར་ངོར་ཆས་པའི་ཟླ་གཞོན་བཞིན་དུ་རིམ་གྱིས་ཆུང་ནས་ཆེ་བར་འཕེལ་ཞིང་རྒྱས་ལ། ཁྱད་པར་སྤྱི་ལོའི་དུས་རབས་བདུན་པའི་སྟོད་དུ་སླེབས་ཚེ་མཐའ་བཞིའི་རྒྱལ་ཕྲན་དབང་དུ་བསྡུས་ཏེ་མདོ་དབུས་མཐོ་སྒང་གཅིག་གྱུར་བྱུང་བས་ཐོན་སྐྱེད་ལ་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། ཝརིག་གནས་ལའང་སྔ་ན་མེད་པའི་སྐུལ་འདེད་བྱུང་། ལྷག་པར་དུ་ད་ལྟ་བཀོལ་བཞིན་པའི་བོད་ཡིག་འདི་གསར་དུ་བཟོས་པས་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། དམག་དོན། ཕྱི་འབྲེལ་སོགས་སྒོ་ནས་ཀུན་གྱི་འཕེལ་རྒྱས་་ལ་ལྡབ་འགྱུར་གྱི་ཡར་སྐུལ་བྱུང་བར་བརྟེན་སྟོབས་འབྱོར་མངའ་ཐང་དར་ཞིང་རྒྱས་ཏེ། སྤུར་རྒྱལ་བོད་ཀྱི་རྒྱལ་ཁབ་ཅེས་གྲགས་པའི་སྙན་པ་སྲིད་པའི་ཁྱོན་ན་དབྱར་རྔ་བཞིན་དུ་ལྡིར་བ་སུས་ཀྱང་བསྙོན་དུ་མེད་དོ། ། དེའི་ཕྱིར་སྤྱིར་བཏང་གི་ཆོས་ཉིད་ལྟར་ན་རྩོམ་རིག་གི་ཤུལ་བཞག་ཀྱང་དུས་སྐབས་དེ་དང་འོས་བསྟུན་ཞིག་ཡོད་ངེས་པ་ནི་གོར་མ་ཆག་ནའང་དུས་སྐབས་འཕོ་འགྱུར་གྱི་རྦབ་གཟར་མང་དུ་བརྒྱུད་པར་བརྟེན་ད་ལྟ་འུ་ཅག་གི་མཐོང་ལམ་དུ་གྱུར་པ་ཉུང་ངུ་ཞིག་ལས་མེད་ཅིང་། ཁྱད་པར་སྙན་ངག་ནི་དེ་བས་ཀྱང་དཀོན་པའི་ཕྱིར་ན་མི་འགའ་ཞིག་གིས་བོད་ལ་གནའ་རབས་ཀྱི་སྙན་ངག་ཟེར་བ་ཞིག་མེད་པར་བསམ་ཞིང་། ཐ་ན་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་སྨད་དུ་བོད་ཀྱི་ལོ་ཆེན་ཤོང་སྟོན་རྡོ་རྗེས་རྒྱལ་མཚན་གྱིས<<སྙན་ངག་མེ་ལོང་>>རྒྱ་གར་སྐད་ནས་མ་བསྒྱུར་གོང་བོད་ལ་སྙན་ངག་མེད་ཅེས་མངོན་སུམ་དུ་སྨྲ། དེ་ཙམ་དུ་མ་ཟད་ཕྱིས་སུ་བྱུང་བའི་བོད་རང་གི་སྙན་ངག་སྐོར་གྱི་བསྟན་བཅོས་འགའ་ཞིག་ཏུའང་ས་པཎ་དང་ཤོང་ལོ་སོགས་ཀྱི་ཆེ་བ་བརྗོད་སྐབས<<སྙན་ངག་མེ་ལོང་>>མ་བསྒྱུར་གོང་ལ་བོད་ལ་སྙན་ངག་གི་སྲོལ་མ་བྱུང་ཞེས་པ་ཞིག་དངོས་ཤུགས་ཅི་རིགས་ནས་བྱུང་། ཡང་འགའ་ཞིག་དེ་སྔོན་བོད་ལ་སྙན་ངག་མེད་ཅེས་སྨྲ་མི་རུང་སྟེ། རྗེ་མར་མི་སོགས་ཀྱི་མགུར་གླུ་དང་འབྲོམ་སྟོན་པའི<<ཇོ་བསྟོད>>སོགས་མི་ཉུང་བ་ཞིག་འདུག་མོད། བོད་ཀྱི་བཙན་པོ་ཡབ་སྲས་སྐུ་རིང་ལ་སྙན་ངག་ཡོད་མེད་སྐོར་གླེང་ཚེ་མེད་ཅེས་སྨྲ་བའི་བློ་ཐག་མ་ཆོད། ཡོད་ཅེས་སྨྲ་ན་སློབ་དཔོན་ཐོན་མིས་རྗེ་རྗེ་བཙན་ལ་བསྟོད་པ་དང་རང་གིས་བོད་ཡིག་གསར་དུ་བཟོས་པའི་ཆེ་བ་གླུ་རུ་བླངས་པ་སོགས་ཙམ་ལས་ཆེར་སྟོན་རྒྱུ་མི(ཕྱིས་སུ་བྱུང་བའི་སྐབས་དེའི་གཏེར་མར་གྲགས་པ་དག་རེ་ཞིག་འདི་དུས་སུ་བགྲངས་མེད)རྙེད་ལ། དེ་ཡང་དངོས་གནས་སྐབས་དེའི་སྙན་ངག་ཡིན་མིན་ལ་ཐེ་ཚོམ་དཔྱང་ཐག་འཛིན་མཁན་ཡང་མཆིས་པས་ན་རེ་ཞིག་མགྲིན་པ་ཁྱོགས་ལ་འཕྱང་ནས་སྡོད་པ་ལས་གཞན་དུ་བྱ་ཐབས་ཀྱིས་དབུལ་བར་གྱུར།
     དོན་དངོས་ཐོག་ཏུན་ཧོང་རྙིང་ལས་བྱུང་བའི་ཚིགས་སུ་བཅད་པ་ཚིག་སྙན་ཞིང་མཛེས་པ། རྒྱན་ཚོགས་ཀྱིས་སྤུད་པ། སྡེབ་ལེགས་ཤིང་དབྱངས་སུ་གྱེར་ཆོག་པ་སོགས་སྐབས་དེའི་རྩོམ་རིག་ཁྱད་ཆོས་གྲ་ཟུར་མ་ཉམས་པ་འབོར་ཆེན་པོར་སོགས་སྐབས་དེའི་སྙན་ངག་ཏུ་བགྲང་ན་ཅིས་མི་རུང་། དེས་ན་ཏུང་ཧོང་ཡིག་རྙིང་ལས་བྱུང་བའི་བོད་ཀྱི་གནའ་བོའི་སྙན་ངག་འདི་དག་གིས<<སྙན་ངག་མེ་ལོང་>>བོད་དུ་མ་བསྒྱུར་གོང་ངམ་འཆད་ཉན་གྱི་སྲོལ་མ་ཕྱེས་གོང་ལ་བོད་ལ་སྙན་ངག་མེད་པར་འཛིན་པའི་འཁྲུལ་རྟོགས་རྩད་ནས་བཅོམ་ཞིང་། བོད་ཀྱི་སྙན་ངག་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་སྔ་ན་མེད་པའི་ས་བཅད་གསར་བ་ཞིག་བསྣན་པས་དེ་ནི་བསིལ་ལྡན་ཁ་བ་རི་བའི་རྩོམ་རིག་དགའ་ཚལ་ཁྲོད་ཀྱི་མཚར་སྡུག་རྣམ་པར་བཀྲ་བའི་མེ་ཏོག་ཚོམ་བུ་ཞིག་ཏུ་འདུག་ཅེས་མགྲིན་པ་གཟེངས་སུ་བསྟོད་དེ་སྨྲ་བའི་སྤོབས་པ་བདག་ལ་མཆིས་སོ།།
     སྙན་ངག་འདི་དག་གིས་ད་དུང་བོད་ཀྱི་གནའ་བོའི་སྙན་ངག་ཇི་ལྟར་བྱུང་ཚུལ་དང་དར་ཚུལ་ལ་ཞིབ་འཇུག་བྱེད་པར་ཡང་དཔྱད་གཞི་སྣང་ཆུང་བྱེད་མི་རུང་བ་ཞིག་འདོན་སྤྲོད་བྱས་ཡོད་དེ། གོང་དུ་སྨྲས་པ་ལྟར་སྙན་ངག་ནི་ཐོག་མར་རོལ་དབྱངས་ཞབས་བྲོ་གཉིས་དང་ཐ་དད་དུ་མེད་པ་སྟེ། མི་རྣམས་ཀྱི་བསམ་བློའི་འགྱུར་བ་དང་བརྩེ་དུང་སྣ་ཚོགས་ཡིད་དུ་བརྣག་མི་ནུས་ཚེ་ངག་ཏུ་འགུལ་ཅིང་དབྱངས་སུ་གྱེར་ལ་གར་དུ་འཁྲབ་པ་སོགས་ཀྱི་རྣམ་པས་ཕྱི་རོལ་ཏུ་མངོན་པར་བྱས་པས་ཚིམ་པར་བྱེད་པ་སྟེ་ཇི་སྐད་དུ་རྒྱའི་གཙུག་ལག་ལས<<སྙན་ངག་ཆེན་མོའི་གླེང་གཞི>>ཞེས་པར་“ཡིད་འགྱུར་རྣམ་པར་འགྱུ་ཚེ་ངག་ཏུ་བརྗོད། ། བརྗོད་པ་ཙམ་གྱིས་མ་ཚིམས་དབྱངས་སུ་འགུགས། ། དབྱངས་སུ་བཀུག་པས་མི་ཚོམ་གླུ་རུ་ལེན། ། དེས་ཀྱང་ད་དུང་ཚིམས་པ་མེད་པ་ན། ། ལག་པས་སྟངས་སྟབས་རྐང་བས་ཞབས་བྲོ་རྡུང”ཞེས་བྱུང་བ་ལྟར་ཡིན་ལ། འདིའི་སྐབས་ཀྱི་གླུ་ཚིག་ནི་ཐོག་མར་སྙན་ངག་ཡིན་ཏེ་བརྗོད་ཞིང་དབྱངས་སུ་གྱེར་ཆོག་པའི་ཚིགས་བཅད་ཀྱི་རྣམ་པ་ཞིག་གོ། ། གངས་ཅན་པ་རྣམས་ཀྱང་གནའ་སྔ་མོའི་དུས་ནས་གླུ་ལེན་གར་རྩེད་ལ་དགའ་མོས་ཆེ་བས་ན་ཡི་གེའི་སྲོལ་མ་བྱུང་ཡར་སྔོན་གྱི་ཆེས་སྔ་བའི་དུས་ནས་གླུ་གཞས་དར་བར་གདོན་མི་ཟ་སྟེ། བོད་ཀྱི་བཙན་པོའི་གདུང་རྒྱུད་གྱི་ལེགས་དྲུག་གི་གཉིས་པ་དེ་ཤོ་ལེགས་ཀྱི་དུས་ནས་གླུ་བྲོ་སོགས་སྒྱུུ་རྩལ་དར་ཆེ་བར་མངོན་ཏེ་“དེའི་སྲས་དེ་ཤོ་ལེགས། འདིའི་རིང་ལ་གླུ་དང་བྲོ་དར”ཞེས་ལ་དྭགས་རྒྱལ་རབས་སོགས་སུ་འབྱུང་ངོ་། ། དེ་ལྟའི་དཔྱད་གཞི་ལྟར་ན་འདི་དུས་སུ་གླུ་དང་སྙན་ངག་ཕལ་ཆེར་ཐ་དད་དུ་ཡོད་མི་སྲིད་ལ། གླུ་གཞས་དེ་དག་ལ་བརྗོད་བྱའི་དོན་ངེས་ཅན་རེ་མཚོན་པར་ནུས་པའི་གླུ་ཚིག་ཅིག་ཡོད་ངེས་པ་དེ་ནི་བོད་ཀྱི་གནའ་རབས་སྙན་ངག་གི་ཐོག་མའི་རྣམ་པ་ཞིག་ཡིན་པར་མངོན། རྨང་གཞི་དེའི་སྟེང་རིམ་གྱིས་འཕེལ་ནས་དུས་རབས་དྲུག་པ་ཙམ་དུ་སླེབས་ཚེ་ཚིག་རྐང་ཕལ་ཆེར་དོ་མཉམ་ཞིང་། ཐུན་མོང་མ་ཡིན་པའི་ཉམས་དང་ལྡན་པ། རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། བརྗོད་བདེ་ལ་གླུ་རུ་ལེན་ཆོག་པར་མ་ཟད་བརྗོད་བྱའི་ཆ་ནས་ཀྱང་དགའ་སྐྱོ་སོགས་བསམ་བློའི་བརྩེ་དུང་ངེས་ཅན་ཞིག་ཇི་བཞིན་མཚོན་ནུས་པའི་ཚིགས་བཅད་ཀྱི་རྣམ་པ་ཞིག་ཏུ་གྲུབ་པ་ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་ཚིགས་བཅད་འདི་དག་ལས་གསལ་བོར་རྟོགས་ནུས་ཏེ། དཔེར་ན་རྒྱལ་སྲས་སྤུ་དེ་གུང་རྒྱལ་མཁར་ཕྱིང་བ་སྟག་རྩེར་ཕེབས་པ་ན་ཁོང་གི་ཡབ་གྲི་གུམ་བཙན་པོ་བློན་ལོང་ངམ་གྱིས་བཀྲོངས་པས་གོང་ན་དཔོན་མེད་ཅིང་། འོག་ན་འབངས་ཐོར་ཏེ་རྫོང་གཞིས་ཀུན་ནས་ཉམས་པའི་ཚུལ་གཟིགས་པས་ཐུགས་ལ་སྐྱོ་བ་ཤུགས་དྲག་པོ་གནོན་མི་ནུས་པ་ཞིག་འཁྲུངས་ཏེ།
          “ཡུབ་ཡབ་ཀྱི་རྗེ་མྱི་བཞུགས་ན། །
          པྱི་འབྲོག་གདེངས་པྱོལ་པྱོལ་གྱི་ཆའོ། །
          དོག་ཡབ་ཀྱི་ཆབ་མ་མཆིས་ཏེ། །
          ས་འོན་བུ་སྤུར་ཁོག་ཁོག། ”ཅེས་སྐྱོ་གླུ་བླངས་པ་དང་། ཕྱིས་དགྲ་ཤ་བླངས། སྲིད་དབང་སླར་ཕྱག་ཏུ་ལོན་པའི་ཚེ་ནའང་དེ་བཞིན་དགའ་བའི་འགྱུར་བ་མཚོན་པའི་གླུ་བླངས་པ་ལྟ་བུའོ། ། དེ་ཡང་འདི་དག་ངག་སྒྲོས་ལྟར་ཡི་གེར་བཀོད་པ་ལགས་པས་ཚིག་ཇི་བཞིན་དུ་སྨྲས་པའོ་ཞེས་ཁ་ཚོན་གཅོད་དཀའ་ཡང་། འདི་དག་ལས་སྐབས་དེ་ཙམ་དུ་ཡིད་ཀྱི་འགྱུར་བ་སྣ་ཚོགས་ངག་ཏུ་བརྗོད་པ་ཁོ་ནར་མ་ཟད་གླུའམ་མགུར་དུ་ལེན་པའི་སྲོལ་ཡོད་པ་དཔོག་ནུས་སོ། ། དུས་རབས་བདུན་པ་དང་བརྒྱད་པ་ཙམ་ལ་སླེབས་ཚེ་འཕེལ་རྒྱས་ཆེན་པོ་བྱུང་ནས་ཤིན་ཏུ་ཁྱབ་ཆེན་པོར་དར་ཡོད་པ་མཐོང་སླ་ལ། ཕྱིས་བོད་ཀྱི་རྗེ་མི་ལ་སོགས་རྣམ་འབྱོར་བས་མགུར་བཞེངས་པ་དང་གེ་སར་རྒྱལ་པོའི་སྒྲུང་དུ་བྱུང་བའི་གླུ་ལེན་སྲོལ་ཀྱང་རྒྱུན་དེ་ལས་རིམ་གྱིས་འཕེལ་བར་སྙམ་མོ། ། གཞན་འདི་ལས་བོད་ཀྱི་སྙན་ངག་ཀྱང་རྩོམ་རིག་གཞན་དང་འདྲ་བར་རྩོམ་པ་པོ་ཆེ་གེ་མོ་ཞིག་གིས་གློ་བུར་དུ་གསར་གཏོད་བྱས་པ་ཞིག་མིན་པར་སྤྱི་ཚོགས་ཀྱི་འཚོ་བ་དངོས་ལས་བྱུང་ཞིང་སྤྱི་ཚོགས་ཀྱི་འཚོ་བ་མི་རྣམས་ཀྱི་བསམ་བློར་ཚུར་སྣང་བྱུང་བའི་རིག་རྩལ་གྱི་རྣམ་པ་ཞིག་ཡིན་ལ། སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་སྟབས་དང་བསྟུན་ནས་གོང་དུ་འཕེལ་བ་ཞིག་ཡིན་པའང་གསལ་བཤད་བྱས་ཡོད། གཞན་ཡང་སྙན་ངག་འདི་དག་ལས་<<སྙན་ངག་མེ་ལོང་>>མ་བསྒྱུར་གོང་གི་བོད་རང་གི་སྙན་ངག་གམ་ཚིག་རྒྱན་རིག་པའི་ཉམས་འདོན་སྟངས་དང་། དེ་དང<<སྙན་ངག་མེ་ལོང་>>བར་གྱི་འབྲེལ་བའང་གསལ་བོར་མཐོང་ཐུབ་སྟེ། དཔེར་ན་སྐབས་འདིར་དོན་རྒྱན་ལས་ཟོལ་བསྟོད་དང་། ཆ་བརྒྱན། ཕྲ་མོ། སྦྱར་བ་སོགས་ཀྱི་རྒྱན་ཕལ་ཆེར་མཐོང་མི་ཐུབ་ལ། ཏིང་འཛིན་གྱི་རྒྱན་དང་གཟུགས་རྒྱན་སོགས་ཀྱང་དུས་ཕྱིས་ལྟར་མང་དུ་མེད་ཅིང་། སྒྲ་རྒྱན་གྱི་བྱ་དཀའ་བ་དང་ལེའུ་དང་པོའི་སྦྱར་བ། སྙན་པ། བརྗིད་པ་སོགས་ཀྱི་རྒྱན་ནི་དེ་བས་ཀྱང་མཐོང་དཀའ་བར་འདུགའོན་ཀྱང་<<སྙན་ངག་མེ་ལོང་>>ལས་བསྟན་པའི་རྒྱན་གྱི་རྣམ་བཞག་སྟེ་དོན་རྒྱན་དང་། སྒྲ་རྒྱན། གབ་ཚིག་གི་རྒྱན་གསུམ་པོ་རྣམ་པ་ཇི་བཞིན་དུ་ངོས་འཛིན་དུ་ཡོད་པ་འདི་ལས<<སྙན་ངག་མེ་ལོང་>>བོད་དུ་བསྒྱུར་ཅིང་། དེ་འཆད་ཉན་གྱི་སྲོལ་བཏོད་པས་བོད་ཀྱི་སྙན་ངག་ལ་སྔ་ན་མེད་པའི་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་ནི་སུ་ཞིག་གིས་ཀྱང་བསྙོན་དུ་མེད་ནའང་དེ་སྔོན་རིགས་པ་ཡང་དག་གིས་གཏན་འབེབས་སམ་གཞུང་ལུགས་སྟེང་ཕྱོགས་བསྡུས་བྱས་ནས་དེ་ཆེད་དུ་སྦྱང་བར་བྱ་བའི་རིག་པའི་གནས་ཤིག་ཏུ་མ་བགྲངས་པ་ཙམ་ལས་<<མེ་ལོང>>ལས་བསྟན་པའི་རིག་པའི་རྣམ་བཞག་དེ་དག་བོད་ཀྱི་རྩོམ་རིག་ལག་ལེན་ཁྲོད་དུ་མེད་པ་མིན་པ་སླར་ཡང་ར་སྤྲོད་བྱས་ཡོད་པ་མ་ཟད། བོད་གནའ་བོའི་དུས་ཀྱི་ཐུན་མོང་མ་ཡིན་པའི་ཚིག་རྒྱན་རིག་པའམ་ཚིག་ཉམས་འདོན་སྟངས་འདི་འདྲའི་ཞེས་གསལ་བོར་བསྟན་ཡོད་དོ། ། དུས་མཚུངས་སུ་<<སྙན་ངག་མེ་ལོང་>>ནས་བསྟན་པའི་རྒྱན་རྣམས་ཀྱང་ར་མགོ་ལུག་སྦྱར་དང་གཡག་སྣ་ཁུ་ཚུར་གྱི་དཔེ་ཙམ་མ་ཡིན་པར་ཕལ་མོ་ཆེ་བ་ཞིག་བོད་རང་གི་ཚིག་རྒྱན་གྱི་ཁྱད་ཆོས་དང་ཤིན་ཏུ་མཐུན་པའང་བདེན་དཔང་བྱས་འདུགདེར་མ་ཟད་དུས་ཡུན་རིང་བོའི་དམངས་གླུ་ཡིས་རྨང་གཞི་བཏིང་བར་བརྟེན་སྙན་ངག་འདི་དག་གི་ཚིག་ཉམས་འདོན་སྟངས་དང་། ཚིག་རྒྱན་འགོད་སྟངས། སྒྱུ་རྩལ་གྱི་འགྱུར་བགབརྗོད་བྱ་མཚོན་ལུགས། མི་སྣ་དང་གནས་ཡུལ་ཡུལ་ལྗོངས་སོགས་ཀྱི་གཟུགས་བརྙན་སྒྲུབ་བཞེངས་ལ་སོགས་གང་གི་ཆ་ནས་ཀྱང་འཕེལ་རྒྱས་ཀྱི་ཚད་ངེས་ཅན་ཞིག་ཏུ་སླེབས་ཡོད་པ་འདི་ལས་སྐབས་དེའི་བོད་ཀྱི་རྩོམ་རིག་སྤྱི་དང་བྱེ་བྲག་སྙན་ངག་གི་འཕེལ་ཚད་ཅི་འདྲ་ཞིག་ལ་སླེབས་འདུག་པ་བོད་རང་དང་མི་རིགས་གཞན་དག་གི་རྩོམ་རིག་ལོ་རྒྱུས་ལ་བློ་གྲོས་ཅུང་ཟད་རྒྱས་པ་ཞིག་ཡིན་ཕྱིན་རྟོགས་སླའོ། ། འདི་དག་ནི་ཐོག་མའི་རགས་བཤད་ཙམ་ཡིན་པས། ད་དུང་བོད་ཀྱི་རྩོམ་རིག་དང་ཁྱད་པར་སྙན་ངག་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐད་འདི་དང་འདིར་མཚུངས་ཀྱི་རིན་ཐང་ངེས་ཅན་རེ་ཡོད་པས་ན་འདི་ཙམ་ལའང་སྣང་ཆུང་མི་བྱ་བར་བློ་དང་ལྡན་པ་དག་གིས་ཞིབ་ཏུ་དཔྱད་པར་འོས་སོ་སྙམ།
     གཉིས།  ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་བོད་ཀྱི་གནའ་རབས་སྙན་ངག་གི་སྒྱུ་རྩལ་གྱི་ཁྱད་ཆོས་འགའ་གླེང་བ།
     སྙན་ངག་འདི་དག་ལ་སྒྱུ་རྩལ་གྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་བལྟས་པ་ཙམ་གྱིས་མཐོང་ནུས་པ་ཞིག་ཡོད་ནའང་ཕྲན་ལྟ་བུས་འདིའོ་ཞེས་གཟེངས་མཐོན་པོར་སྨྲ་དཀའ་ཡང་། འདིར་དཔྲལ་ཀོ་མཁྲེགས་པར་བརྫིས་ཏེ་ཙུང་ཙམ་ཞུ་ཁུལ་བྱེད་པ་ལ། 1.ཐོག་མར་ཤོ་ལོ་ཀ་དང་ཚེག་ཁྱིམ་གྱི་ཆ་ནས་བཤད་ན་ཕྱིས་ཀྱི་སྙན་ངག་ཕལ་མོ་ཆེ་ཞིག་དང་འདྲ་བར་འདི་ལའང་ཚིག་རྐང་བཞི་ཚན་པ་གཅིག་གམ་ཤོ་ལོ་ཀ་གཅིག་ཏུ་བྱས་པའི་རྣམ་པ་ཅན་འགའ་རེ་ཡོད་དེ་དཔེར་ན།
          བཚན་དུ་ནི་བདག་འཚལ་ན། །
          ཆུང་ན་ནི་རྗེ་ཁུར་ཆིག།
          པྱག་ཏུ་ནི་བདག་འཚལ་ན། །
          ལྷ་རི་ནི་གཡང་སྐྱོང་ཤིག།
          རྗེ་འིས་ནི་བཀའ་སྩལ་ན། །
          གནའ་མ་ནི་ཡུད་ཀྱི་སྲིད། །
          བྱ་འིས་ནི་ཁུ་པུབ་ན། །
          ལ་པྱི་ནི་གདངས་སུ་དྲོ། ། ཞེས་པ་ལྟ་བུའོ། ། འོན་ཀྱང་མང་ཤོས་ལ་ངེས་ཅན་མེད་པར་རྒྱུན་འབྱམས་སུ་ཡོད་པ་<<མེ་ལོང་>>ལས་བསྟན་པའི་གྲོལ་རིགས་འདུས་མཛོད་བཞི་ལས་མཛོད་དང་རིགས་ཀྱི་རྣམ་བཞག་ཅན་ཤིན་ཏུ་མང་བས་འདིར་དཔེ་འདྲེན་གྱི་ངལ་བ་མི་བྱ།
     ཚིག་རྐང་གི་ཆ་ནས་རྐང་བ་ཕལ་ཆེར་དོ་མཉམ་ཞིང་། ཚེག་ཁྱིམ་ཆ་ཅན་དུ་གནས་པ་དུས་ཕྱིས་མགུར་གྱི་རྣམ་པ་ཅན་ཞིག་དང་། ཡ་ཅན་དུ་ཡོད་པ་དུས་ཕྱིས་སྙན་ངག་གི་རྣམ་པ་ཅན་གཉིས་ཡོད་པ་ལས་སྔ་མ་ཤས་ཆེ། སྔ་མ་ཕལ་མོ་ཆེ་ཞིག་རྐང་བ་གཅིག་ལ་ཚེག་ཁྱིམ་དྲུག་ཅན་ཡིན་ལ། གཅོད་མཚམས་ཀྱང་ཚེག་ཁྱིམ་གསུམ་པ་དང་དྲུག་པར་འབབ་སྟེ། རྣམ་པ་××+××+འདི་ཅན་ཡིན་པར་མ་ཟད་ཚིག་ཁྱིམ་གསུམ་པར་ནི་ཡིག་ཁོ་ན་འབབ་པ་ཞིག་སྟེ་དཔེར་ན།
          དགུང་སྔོ་ནི་བདུན་རིམ་གྱི། །
          ལྷ་ཡུལ་ནི་གུང་དང་ནས། །
          ལྷ་སྲས་ནི་མྱི་འི་མགོན། །
          མྱི་ཡུལ་ནི་ཐབས་ཅད་དང་། །
          མྱི་མཚུངས་ནི་མྱི་འདྲ་སྟེ། །
          ཡུལ་མཐོ་ནི་ས་གཙང་བས། །
     བོད་ཡུལ་ནི་གཤང་དུ་གཤེགས། ། ཞེས་པ་ལྟ་བུའོ། ། ཕྱི་མ་ཡ་ཅན་ལ་ནི་ཕལ་ཆེར་ཚིག་རྐང་གཅིག་ལ་ཚེག་ཁྱིམ་ལྔ་ཅན་དང་བདུན་ཅན་གཉིས་སུ་འདུ་ཞིང་།  རྣམ་པ་×××××འདི་ཅན་ཡིན་ཏེ་དཔེར་ན།
       དཔའ་བའི་ཆུ་གང་ནི། །
          ཤི་གྱིས་མྱི་འཇིགས་ལ། །
          མཛངས་པའི་དྲན་མྱུར་ནི། །
          ཤེས་པས་མྱི་བྲེལ་ལོ། ། ཞེས་པ་དང་། ཕྱི་མའི་གཅོད་མཚམས་ཚེག་བར་བཞི་དང་བདུན་པར་འབབ་སྟེ།  རྣམ་པ×××+××+ཅན་ཡིན་ཏེ་དཔེར་ན།
          ལེགས་རྒུ་བྱས་ན་དཔའ་དུ་སྐྱེ། །
          ཉེས་རྒུ་བྱས་ན་བྱུར་དུ་གྱུར། །
          འདི་གཉིས་གང་བྱ་ཞིབ་ཏུ་བརྟོགས། །
          ཤི་བ་ཡང་དག་ཐར་བ་མྱེད། ། ཅེས་པ་སྟེ། འདི་ཚེག་ཁྱིམ་མང་ཉུང་འཚམ་ཞིང་བརྗོད་བདེ་བས་གངས་རིའི་ལྗོངས་ཀྱི་སྙན་ངག་པ་ཕལ་མོ་ཆེ་ཞིག་རྣམ་པ་འདི་ལ་མོས་ཕྱིར་རྒྱུན་འདི་བཟུང་བས་ན་ཕྱིས་སུ་དར་ཁྱབ་ཤིན་ཏུ་ཆེའོ། །
     དེ་ལས་གཞན་ཚིག་རྐང་དོ་མི་མཉམ་པ་སྟེ་ཚིག་རྐང་གཅིག་ལ་ཚེག་ཁྱིམ་གཉིས་ལས་མེད་པའམ་གསུམ་ཅན་ཡང་རེ་ཟུང་འདུག་སྟེ་དཔེར་ན།
          བརླའ་བརྡུངས། །
          སྤུར་བཏབས། །
          འོབ་དེ་མྱེད་སྤུ་དེ་མྱེད། ། ཅེས་པ་ལྟ་བུའོ། །  འདི་འདྲ་མང་དུ་མེད་ཀྱང་ཕྱིས་སུ་ཤན་ཞུགས་མེད་པ་མིན་ཏེ་དཔེར་ན<<རྒྱལ་རབས་གསལ་བའི་མེ་ལོང་>>དུ་ཡང་།
          “ངེད་རང་གཉིས་པོ་ཁྱད་པར་ཆེ། །
          ང་ནི་དགེ་འདུན་ཚལ་པ་ཡིན། །
          དགའ་བདེ་དཔལ། །
          བློ་བདེ་དཔལ། །
          སྐྱིད་པའི་དཔལ། །
     ད་ལྟ་ཚལ་བའི་དགའ་བདེ་དཔལ། ། ”ཞེས་འབྱུང་བ་ལྟ་བུ་ཡིན་ལ། འདི་ལས་བོད་ལའང་ཚིག་རྐང་མི་སྙོམ་པའི་སྙན་ངག་གི་སྲོལ་སྔར་ནས་ཡོད་པ་གསལ་བོར་བསྟན་ཡོད་པས། ད་ལྟ་འགའ་ཞིག་བོད་ཀྱི་སྙན་ངག་ཡིན་ན་ཚིག་རྐང་དོ་མཉམ་པ་ཁོ་ན་ཡིན་དགོས་པས་ད་ལྟའི་སྙན་ངག་རང་དབང་ཅན་གྱི་རྣམ་པ་འདི་གཞན་དང་གཞན་དག་ལ་ལད་མོ་བྱེད་པ་འབའ་ཞིག་ལས་བོད་རང་ལ་དེའི་སྲོལ་མེད་དོ་སྙམ་པའི་ལོག་རྟོག་འཇོམས་བྱེད་དུ་རང་བཞིན་གྱིས་མ་གྲུབ་བམ། ཡང་དོ་སྣང་བྱ་རྒྱུ་ལ་རྐང་བ་གཅིག་ལ་ཚེག་ཁྱིམ་འདི་དག་ལས་ཅུང་མང་བ་ཡོད་ཀྱང་སྲིད་མོད།  ཤིན་ཏུ་མང་བ་ཚེག་ཁྱིམ་བཅོ་ལྔ་དང་། བཅུ་བདུན། ཉེར་གཅིགཉེར་ལྔ། ཉེར་བདུན་སོགས་ནི་ཕྱིས་སུ་དར་བ་ཡིན་གྱི་སྐབས་འདིར་ཕལ་ཆེར་དེ་ལྟའི་ཕྱག་སྲོལ་མེད་པ་འདྲའོ། །
     2.སྙན་ངག་འདི་དག་ལ་ཚིག་རྒྱན་གྱི་ཆ་ནས་ཀྱང་གོང་དུ་སྨྲས་པ་བཞིན་གནའ་བོའི་དུས་ཀྱི་བོད་རང་ཉིད་ཀྱི་ཚིག་རྒྱན་གྱིས་སྤྲས་པ་ལགས་མོད། ད་ལྟ་བོད་འདིར་དར་ཆེ་བ་<<སྙན་ངག་མེ་ལོང་>>གི་གཞུང་ལས་བསྟན་པའི་ཚིག་རྒྱན་གྱི་རྣམ་བཞག་དག་གིས་གཞལ་ནའང་རྒྱན་རེ་རེ་བཞིན་ངོས་འཛིན་དུ་ཡོད་དེ། འདིར་ཅུང་ཟད་དབྱེ་སྟེ་འཆད་པ་ལ། པྲ་བཤད་དུ།
          ཀྱེ་བྱང་རི་ཕང་པུང་ན། །
          དངོས་གི་ནི་ཕུང་རྐོ་རྐོ། །
          གསེར་གི་ནི་སྤྲམ་དང་མཇལ། །
          དགའ་ཡིས་ནི་ཏཱག་ཀྱིས་བླངས། ། སྣམ་ཕྲག་ཏུ་སྡར་གིས་སྩལ། ། ཞེས་པ་ལྟ་བུ་བྱ་བ་རང་བཞིན་བརྗོད་པ་སྟེ་རང་བཞིན་བརྗོད་པའི་རྒྱན་དུ་འགྲོ་སྟེ། ཇི་སྐད་དུ་བསྟན་བཅོས་ཀུན་ལ་རྒྱལ་སྲིད་ཉིད། ། སྙན་ངག་ལའང་འདི་འདོད་དོ། ། ཞེས་པ་ལྟར་རང་བཞིན་བརྗོད་པའི་རྒྱན་འདི་ཕལ་ཆེར་སྙན་ངག་ཀུན་ལ་ཁྱབ་པའི་ཆོས་ཅན་ཡིན་ཕྱིར་འདིར་ཡང་དེ་བཞིན་ཏེ་ཤིན་ཏུ་མང་ངོ་། ། བཙན་པོ་རིམ་བྱུང་གི་ལོ་རྒྱུས་སུ། ན་ནིང་ནི་གཞེ་ནིང་ལྔ། ། ཕོ་མའི་ནི་འབྲོང་བཀུམ་པ། ། ལྷོ་ཤིང་ནི་འབྲོང་བཀུམ་པ། ། ལྷོ་ཤིང་ནི་སྨྱུག་མོ་རྒྱལ། ། ལྕགས་ཀྱིས་ནི་མ་དྲལ་ན། ། སྨྱུག་གིས་ནི་རེ་མྱི་པུགས། ། རྒོད་ཀྱིས་མ་ནི་མ་བསྒྲོན་ན། ། འབྲོང་ལ་ནི་རེ་མྱི་འཇེན། ཞེས་པ་ལྟ་བུ་བསྡུས་བརྗོད་ཀྱི་རྒྱན་ཏེ། བཙན་པོ་གནམ་རི་སྲོང་བཙན་གྱི་དུས་སུ་བློན་ཁྱུང་པོ་སྤུང་སད་ཟུ་ཚེས་གཙང་སོགས་ས་ཆ་མང་པོ་གཅིག་གྱུར་བྱས་པ་རང་ཉིད་གཅིག་པུའི་བྱས་རྗེས་སུ་རློམ་ནས་རྗེ་བློན་འདུས་པའི་གྲལ་དུ་ང་རྒྱལ་གྱི་གླུ་བླངས་པ་ན། དེའི་ང་རྒྱལ་གཞོམ་ཕྱིར་བློན་ཞང་སྣང་གིས་ལན་བླན་ཏེ་ས་ཆ་དེ་དག་དབང་དུ་བསྡུས་པ་ནི་ཁྱོད་ཉིད་གཅིག་པུར་མ་ཟད་ཀྱི་ཐུན་མོང་གི་བླ་གྲོས་ནུས་རྩལ་ལ་བརྟེན་པའོ་ཞེས་པའི་དོན་བསྡུས་བརྗོད་ཀྱི་རྒྱན་གྱིས་བསྟན་པ་སྟེ། འདི་ལྟ་བུ་ཤིན་ཏུ་མང་ངོ་། ། ཡང་དེ་ལས།
          ཡར་ཆབ་ནི་ཕ་རོལ་ན། །
          དགུ་གྲི་ནི་ཟིང་པོ་རྗེ། །
          ཉ་ལས་ནི་ཁམ་དུ་བཀོང་། །
    ཁམ་ལས་ནི་རྨེག་ཏུ་བཏའ། ། ཞེས་པ་དང་།
          ཀྱེ་དེ་རིང་ནི་སང་ལྟ་ན། །
          དོག་སྲིང་ནི་སྤུར་བུ་འིས། །
    བྱ་ལྟར་ནི་བཙོས་བཙོས་སྟེ། ། ཞེས་པ་དཔེ་རྒྱན་ལས་ཆོས་དཔེ་དང་།
          བྱ་པུ་ནི་ལུང་ཆུངས་ན། །
          འབངས་ཤིག་ནི་རྗེ་རུ་རེ། །
          མགར་བུ་ནི་རྗེ་རུ་རེ། །
    སྦལ་བ་ནི་འཕུར་དུ་རེ། ། ཞེས་པ་ཟླ་བོ་དངོས་པོའི་དཔེ་དང་།
          འབངས་ལས་ནི་རྗེ་རེ་ལ། །
          མཐིང་བྲང་ནི་གྱེན་དུ་འཕྱུར། །
    པ་བོང་ནི་རི་ལ་འདྲིལ། ། ཞེས་པ་དོན་དུ་མང་པའི་དཔེ་རུ་འགྲོ་བ་ལྟ་བུའོ། །
     ཡང་ལེགས་བཤད་ཅིག་ལས། ལེགས་རྒུ་བྱས་ན་དཔལ་དུ་སྐྱེ། ། ཉེས་རྒུ་བྱས་ན་བྱུར་དུ་གྱུར། ། འདི་གཉིས་གང་བྱ་ཞིག་ཞིབ་ཏུ་བརྟོག། ཤི་བ་ཡང་དག་ཐར་བ་མྱེད། ། ཅེས་པ་འགོག་རྒྱན་ལས་མ་གུས་པས་འགོག་པ་དང་། བཙན་པོའི་རྣམ་ཐར་ལས། དེ་རིང་ནི་སང་ལྟ་ན། ། ཤམ་པོ་ནི་གཉན་གྱི་རྩ། ། ཤ་རྐྱང་ནི་ཚས་མ་ངན། ། ཤ་རྐྱང་ནི་ཚས་ངན་ན། ། ཏི་སེ་ནི་གངས་ཀྱིས་བྲུན། ཞེས་པ་ལྟ་བུ་མ་འོངས་འགོག་པའི་འགོག་རྒྱན་ནོ།  ཡང་ཕ་མར་བཀུར་སྟི་བྱ་བར་གདམས་པའི་ལེགས་བཤད་དུ། མས་བུ་གསོས་ཤིན་ཏུ་དཀའ། ། ཐོག་མ་ཚགས་ནས་ཉམས་མྱི་བདེ། ། མ་བྱུང་བར་དུ་ཉོན་རེ་མོངས། ། ཟླ་གྲངས་ཚང་ནས་ཕྱེ་བྲག་ཕྱེད། ། ལུག་བསད་ཤ་གཞི་འོ་དང་འདྲ། ། གཡས་གཡོན་ཀུན་ཀྱང་ཁྲག་འིས་གང་། ། ན་ཚ་མྱི་བཟད་ཤི་ལ་ཐུག། ཅེས་པ་ཉམས་ལྡན་གྱི་རྒྱན་ལས་མི་སྡུག་པའི་ཉམས་དང་སྙིང་རྗེའི་ཉམས་འདྲེས་པ་དང་། ཀྱེ་ངང་ངུར་ནི་གསེར་མ་གཡུ། ། མཆིས་བྲང་ནི་ཆབ་གི་རྐྱེན། ། མེན་ཏོག་ནི་ཧཱ་ལོ་ཐོན། ། ནེའུ་སིང་ནི་སྤངས་ཀྱི་རྒྱན། ། སྤང་རྒྱན་ནི་མཐོན་སྟེ་བཀྲ། ། བཟང་ལྡན་གྱི་ལུས་ལ་འཚོགས། ། བལྟ་སྡུག་ནི་མྱིག་ལམ་བཀྲ། ། སྤོས་དྲི་ནི་ཤངས་ན་གདའ། ། ཞེས་པ་ཉམས་ལྡན་གྱི་རྒྱལ་ལས་སྒེག་པའི་ཉམས་ལ་སྦྱར་བའོ། ། ཡང་བཙན་པོའི་རྣམ་ཐར་ལས། ཡུ་སྣའི་ནི་ཁ་མཁར་པབ་ཆིང་། ། པྱིང་བའི་ནི་སྣོན་དུ་བགྱིས། ། སྔ་ན་ནི་མཐོ་བ་ལ། ། ད་ཙམ་ནི་དགུང་ལ་རེག། ཅེས་པ་དང་། སེང་མགོ་མྱི་ཆེན་གྱིས། ། དགས་ཀྱི་བསེན་མཁར་ལ། ། མདུང་མོ་ཐབས་གཆིག་གིས། ། འབྲོག་མོ་ཐང་གང་ཐོབ། ། ཅེས་པ་ཕུལ་བྱུང་གི་རྒྱན་ནོ། ། ཡང་ཕ་མར་བཀུར་སྟི་བྱ་བར་གདམས་པའི་ལེགས་བཤད་དུ།  སྐྱེས་ནས་ཆུང་མའི་ངག་ཉེན་ཅིང་། ། ཕ་མ་གཤེས་ན་མྱིག་འོར་བྱེད། ། བུ་སྨད་མཐོང་ན་དགྲ་བར་འཛིན། ། ཅེས་པ་རྒྱུན་ལས་ནང་ཤེས་བྱེད་ཀྱི་རྒྱུ་དང་། ཕྲ་བཤད་ལས། ཀྱེ་བུ་རབ་ནི་གསེར་བཟང་ན། ། གསེར་གྱི་ནི་ཆབ་བྲུག་པ། ། ཆབ་བྲུག་ནི་དགུ་སྟེ་དགུ། ། དགུ་དགུ་ནི་ཡན་པ་ལ། ། ཁྲི་གཤེགས་ནི་སྟོང་ཡང་འཕྱོ། ། དེ་ཡང་ནི་སྐྱིད་པའི་ལྷས། ། ཞེས་པ་ངེས་བསྟན་གྱི་རྒྱན་ལས་མཆོག་གི་ངེས་བསྟན་ནོ། ། ཡང་དེ་ལས། མཚོ་རོ་ནི་གཡུ་ཡུལ་ན། ། གཡུ་བཟང་ནི་ལྕང་ལོ་ལ། ། གཡུ་བྱ་ནི་བག་རྩེས་དང་། ། བཀའ་སྙན་ནི་བཟང་དགུར་སྦྱར། ། ཞེས་པ་གཟུགས་རྒྱན་དང་། བཙན་པོའི་རྣམ་ཐར་དུ། རྗེ་འིས་ནི་འབངས་མ་གཏང་། ། རྗེ་འིས་ནི་འབངས་བཏང་ན། ། བྱ་བང་ནི་ཐང་ལ་ཐས། ། འབངས་ཀྱིས་ནི་རྗེ་མ་གཏང་། ། འབངས་ཀྱིས་ནི་རྗེ་བཏང་ན། ། འཇོན་མོ་ནི་ཤིང་ཀ་རེབས། ། ཞེས་པ་རིམ་པ་ཅན་གྱི་རྒྱན་དུ་འགྲོ་བ་ལ་དཔེ་རྒྱན་ཡང་འདྲེས་པའོ། ། ཡང་དེ་ལས། རྗེ་ཆིག་ནི་མང་པོ་རྗེ། ། གཤེགས་སོ་ནི་མང་པོ་རྗེ། ། འདའས་སོ་ཧབ་ཆེན་གོང་། ། འདྲིམས་སོ་ནི་སོ་གོ་ཙ། ། བསྐྱངས་སོ་ནི་ཡང་དང་སྟེངས། ། ཞེས་པ་ནི་གསལ་བྱེད་ཀྱི་རྒྱན་ལས་རིགས་དང་བྱ་བ་ཐོག་མའི་གསལ་བྱེད་དང་། འདམ་གྱི་ནི་ཅོག་རོ་ཟ། ། དྲི་ངན་ནི་ཉ་འི་དྲི། ། གཡའ་ངན་ནི་ཟངས་ཀྱི་གཡའ། ། ཞེས་པ་ཡོན་ཏན་ཐོག་མའི་གསལ་བྱེད་དོ། སྒྲ་རྒྱན་ནི། བཙན་པོའི་རྣམ་ཐར་ལས། རྒྱ་མཁར་ནི་མཐོའ་བཤིག་ཅིང་། ། རྒྱ་འབངས་ནི་མང་བསྡུས་ནས། ། ཡུལ་དང་ནི་བཆ་སྟེ། ། བོད་ཡུལ་ནི་ཐིལ་དུ་བགྱིས། ། ཞེས་པ་སྒྲ་རྒྱན་ནང་གསེས་དང་པོ་ཡི་གེ་བསྐོར་བའི་ཟུང་ལྡན་སྐབས་ཀྱི་དང་པོ་བྱ་སླ་ཐོག་མར་ཡོད་པ་རྐང་བ་དང་པོ་དང་གཉིས་པར་ཆོད་པའི་ཟུང་ལྡན་དང་།  ལྷ་ཡུལ་ནི་གུང་དང་ནས། ། ལྷ་སྲས་ནི་མྱིའི་མགོན། ། མྱི་ཡུལ་ནི་ཐབས་ཅད་དང་། ། མྱི་མཚུངས་ནི་མྱི་འདྲའ་སྟེ། ། ཞེས་པ་གོང་གི་སྐབས་ཀྱི་བྱ་སླ་ཐོག་མར་ཡོད་པ་རྐང་བ་དང་པོ་གཉིས་དང་ཕྱི་མ་གཉིས་མཚུངས་པར་ཆོད་པའི་ཟུང་ལྡན་ནོ། ། ཡང་དེ་ལས། རྔུལ་བུ་ནི་གཙང་གཙང་ལྟ། ། གཙང་གཙང་ནི་ཡང་ཡང་ལྟ། ། ཞེས་པ་གོང་གི་སྐབས་ལས་གཉིས་པ་བྱ་དཀའ་གནས་གཞན་ན་ཡོད་པའི་བར་དུ་ཆོད་ཅིང་མ་ཆོད་པའི་ཟུང་ལྡན་དང་། ཉེན་དཀར་ནི་དོག་དང་ཉེ། ། འབྲས་དྲུག་ནི་སི་ལི་ལི། ། མལ་ཏྲོ་ནི་ཀླུམ་དང་ཉེ། ། སྐྱི་བསིར་ནི་སྤུ་རུ་རུ། ། ཞེས་པ་བྱ་དཀའ་གནས་གཞན་ཡོད་པའི་རྐང་བ་དང་པོ་དང་གསུམ་པའི་མཐའ་ཆོད་པའི་ཟུང་ལྡན་ནོ། ། མོལ་མོལ་ནི་འཆམ་འཆམ་ན། ། བཀའ་མཆིད་ནི་མྱིས་མྱི་ཉིན། ། འཆམ་འཆམ་ནི་འདྲུལ་འདྲུལ་ན། ། ཆགས་ལམ་ནི་ཆུས་མྱི་སྦང་། ། ཞེས་པ་ཡི་གེ་བསྐོར་བའི་ཟུང་ལྡན་སྐབས་ཀྱི་ལྔ་བ་བསྲེས་པའི་ཟུང་ལྡན་ནོ། ། གབ་ཚིག་གི་རྒྱན་ནི། རྗེ་སྲོང་བཙན་གྱི་ལྕམ་མོ་སད་མར་ཀར་གྱིས་ཞང་ཞུང་དབང་དུ་བསྡུ་བའི་དུས་ལ་བབ་ཚུལ་སྲོང་བཙན་ལ་འཕྲིན་དུ་བྱས་པའི་ཚིགས་སུ་བཅད་པ་རྐང་བ་དོན་བཞི་ཡོད་པ་མང་ཆེ་ཤོས་གབ་ཚིག་གི་རྒྱན་ལས་ཡོངས་འདྲེས་ཀྱི་གབ་ཚིག་ཏུ་སྦྱར་བ་འདིར་མང་བར་དོགས་ནས་ལུང་འདྲེན་མི་བྱའོ། ། དེ་ལས་གཞན་པའི་རྒྱན་ཀྱང་མང་དུ་དབྱེ་རུ་ཡོད་ཀྱང་གོང་དུ་བཀོད་པའི་རྒྱན་དག་ཅུང་མང་བར་སྣང་ལ། དེ་ལས་ཀྱང་བསྡུས་བརྗོད་དང་སྒེག་པའི་ཉམས་སོགས་ལ་སྦྱར་བའི་ཉམས་ལྡན་གྱི་རྒྱན་སོགས་མང་བར་སྣང་ངོ་། །
     3.ད་དུང་ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་སྙན་ངག་འདི་དག་ལ་ཚིག་སྦྱོར་གྱི་ཆ་ནས་སྙན་ཞིང་བརྗོད་བདེ་ལ།  ངག་ཏུ་བྲིན་པར་མ་ཟད། སྒྱུ་རྩལ་མཚོན་སྟངས་ཀྱི་ཆ་ནས་ཀྱང་ཐུན་མོང་མ་ཡིན་པ་མང་དུ་ཡོད་དེ། ཡི་གེ་དང་ཚིག་རྐང་ཤོ་ལོ་ཀ་སོགས་ཡང་ཡང་བསྐྱར་ཟློས་སུ་བྱུང་བའམ་ཡང་ན་ཚེག་ཁྱིམ་འདྲ་མཚུངས་གཅིག་གཉིས་རེའི་ནུས་པར་བརྟེན་ཚིག་རྐང་དང་ཤོ་ལོ་ཀ་ཕན་ཚུན་ཆ་མཚུངས་སམ་རམ་འདེགས་ཀྱི་ཚུལ་དུ་བཀོད་པ་ཤིན་ཏུ་མང་སྟེ་དཔེར་ན། ཡུ་སྣའི་ནི་མཁར་པབ་ཆིང་། ། པྱིང་བའི་ནི་སྣོན་དུ་བགྱིས། ། སྔ་ན་ནི་མཐོ་བ་ལ། ། ད་ཙམ་ནི་དགུང་ལ་རེག། ངས་པོ་ནི་སྒང་དྲས་ཤིང་། ། ཡར་མི་ནི་ཁོག་ཏུ་སྩལ། ། སྔ་ན་ནི་ཆེ་བ་ལ། ། ད་ཙམ་ནི་མཐའ་ཡང་ཡས། ། ལྷོ་རྔེགས་ནི་འཕན་གྱི་སྣོན། ། ལྡོང་ཏོང་ནི་འཕན་གྱིས་བཏབ། ། སྔ་ན་ནི་འཕན་པ་ལ། ། ད་ཙམ་ནི་འཕྱན་ཡང་ཡས། ། ཞེས་པ་ལྟ་བུ་སྟེ་སྒྱུ་རྩལ་གྱི་མཚོན་ཐབས་འདི་དབྱངས་སུ་གྱེར་བདེ་ཞིང་ངག་གི་ངལ་གསོ་ལ་འཚམ་པས་དམངས་ཁྲོད་གཞས་ཀྱི་ཐུན་མོང་གི་ཁྱད་ཆོས་ཤིག་ལགས་ལ། བརྩེ་དུང་མཚོན་པ་ལ་ཁྱད་པར་ཅན་གྱི་ནུས་པ་དང་ལྡན་ནོ། ། ཡང་རྒྱུ་དང་འབྲས་བུའི་བར་གྱི་དེ་བྱུང་འབྲེལ་ལམ་རྩོད་གྲུབ་འབྲེལ་བ་བརྗོད་པར་བརྟེན་ནས་བརྗོད་བྱ་གསལ་ཞིང་ཉམས་དོད་པོར་མཚོན་པར་བྱེད་པའི་སྒྱུ་རྩལ་མཚོན་སྟངས་ཡོད་པ་དཔེར་ན། བྱ་ཕྲན་ནི་འབབ་ཞན་པས། ། དགུང་གྱི་ནི་མཐའ་མྱི་སླེབས། ། མྱི་ཆུང་ནི་ཁ་ཞན་པས། ། བྱམས་ན་ནི་ལན་མྱི་ལོན། ། ཕྱག་ན་ནི་མཚོན་ཞན་པས། ། སྟད་ཀྱིས་ནི་དགྲ་མྱི་ཆོད། ། ཅེས་པ་དང་། ཕོ་མའི་ནི་འབྲོང་བཀུམ་པ། ། ལྷོ་ཤིང་ནི་སྨྱུག་མོ་རྒྱལ། ། ལྕགས་ཀྱིས་ནི་མ་དྲལ་ན། ། ཞེས་པ་སོགས་གོང་དུ་དཔེར་དྲངས་ཟིན་པ་དང་། གནམ་དུ་ནི་འཕུར་འདོད་ཀྱང་། ། འཕུར་དུ་ནི་འདབ་མ་མཆིས། ། འཕུར་དུ་ནི་འདབ་མཆིས་ཀྱང་། ། དགུང་སྔོ་ནི་འཕང་མཐོས་ཏེ། ། སྤྲིན་དཀར་ནི་གོ་མྱི་འདའས། ། ཞེས་པ་ལྟ་བུ་མང་དུ་ཡོད་དོ། །
     ཡང་ཕན་ཚུན་ཚད་ངེས་ཅན་ཞིག་ནས་འགལ་བར་གནས་པའི་བྱ་དངོས་ཟུང་ཞིག་ཕན་ཚུན་བསྡུར་རེས་སམ་གདམ་ང་བྱེད་པའི་ཚུལ་དུ་བརྗོད་ནས་དེ་དག་གི་དབྱེ་བའམ་དྲག་ཞན་ལེགས་ཉེས་ཀྱི་ཁྱད་པར་ཤིན་ཏུ་གསལ་བར་བྱས་ཐོག་ཀློག་པ་པོར་གདམ་ངའམ་ཆོད་ཚིག་སྨྲ་རུ་འཇུག་པའི་ཚུལ་དུ་བྱེད་པའི་སྒྱུ་རྩལ་མཚོན་སྟངས་ཡོད་པ་དཔེར་ན། ལྷོ་ག་དང་བྱང་ག་གཉིས། ། གཡང་མོ་ནི་བྱང་ན་འཕན། ། འབྲས་དྲུག་ནི་ལྷོ་ན་མོད། ། གང་བདམ་ནི་ཆ་མ་མཆིས། ། སྟག་དང་ནི་སེང་འགེ་གཉིས། ། རིས་བཀྲ་ནི་སྟག་ཀྱང་བཀྲ། ། མཐུ་རྩལ་ནི་སེང་འགེ་ཆེ། ། གང་རུང་ནི་གཏོལ་མ་མཆིས། ། ཞེས་པ་དང་། ཙེང་ལྡེང་གི་བྲ་གུ་དང་། ། ཡར་ལྷ་ནི་ཤམ་པོ་གཉིས། ། གང་ཆེ་ནི་གང་ཆུང་བ། ། འགྲེང་བརྒྱ་ནི་ཀུན་ཀྱང་འཚལ། ། སྐྱ་ཆུ་ནི་སྔོན་མོ་དང་། ཡར་ཆབ་ནི་ཆུ་བོ་ཆེ། ། གང་རིང་ནི་གང་ཐུང་བ། ། ཐང་ལྷ་ནི་ཡ་བཞུར་མཁྱེན། ། ཞེས་པ་འདྲ་མཚུངས་པར་བཀོད་པའི་ཤོ་ལོ་ཀ་མང་དུ་ཡོད་པ་དང་། གོང་དུ་དྲངས་ཟིན་པའི་དཔེ། ལེགས་རྒུ་བྱས་ན་དཔལ་དུ་སྐྱེ། ། ཉེས་རྒུ་བྱས་ན་བྱུར་དུ་གྱུར། ། འདི་གཉིས་གང་བྱ་ཞིབ་ཏུ་བརྟོག། ཞེས་པ་ལྟ་བུ་སྟེ་མཚོན་སྟངས་འདི་ལ་རྩོམ་པ་པོས་རང་ཐག་མི་གཅོད་པའམ་མངོན་པར་མི་སྨྲ་བའི་ཤུགས་ལས་རང་གི་འདོད་ཚུལ་གནད་ཐིངས་པར་སྟོན་ནུས་ལ། ཁྱད་པར་ཁྱད་དུ་གསོད་པའམ་ཟུར་ཟ་བ། ཁྱད་པར་ཅན་གྱི་ཆེ་བ་བརྗོད་པ་སོགས་ལ་ཐུན་མོང་མ་ཡིན་པའི་ནུས་པ་ཡོད་པར་སྙམ། གཞན་ཡང་སྙན་ངག་འདི་དག་ཏུ་བཀོད་པའི་དཔེ་ཡང་བོད་ཕྱིས་ཀྱི་སྙན་ངག་འགའ་ཞིག་ལྟར་ཚིགས་སུ་བཅད་པ་རྐང་གཅིག་ལའང་དཔེ་གཟུགས་གིས་གང་རུང་མ་འདྲེས་པ་ཞིག་མེད་པ་ལྟ་བུར་ཤིན་ཏུ་མང་པོ་མེད་ལ། དཔེ་བཀོད་པའང་དོན་ལ་འབྱོར་ཞིང་། གསོན་ཉམས་ཡོད་ལ། དོན་འཇལ་ནུས་པ་ཆེ་སྟེ། དཔེར་ན། རྗེ་ཡིས་ནི་འབངས་བཏང་ན། ། བྱ་བང་ནི་ཐང་ལ་འཐས། ། འབངས་ཀྱིས་ནི་རྗེ་བཏང་ན། ། འཇོག་མོ་ནི་ཤིང་ཀ་རེབས། ། ཞེས་པ་ལྟ་བུ་དང་། ཤམ་པོ་ནི་གངས་དྲུང་དུ། ། སྣང་དང་ནི་ཞུགས་བལྟམ་ཡང་། ། ཤམ་པོ་ནི་གངས་མྱི་ཞུ། ། ཡར་ཆབ་ནི་སྔོན་པོ་ལ། ། ཆུ་བཆད་ནི་ཡར་དྲངས་ཀྱང་། ། ཡར་ཆབ་ནི་གཟུང་མྱི་སྐམ། ། བོད་ཀྱི་ནི་སྤུ་རྒྱལ་དུ། ། སེམས་ཤིང་ནི་རེ་རེ་ཡང་། ། སྤུ་རྒྱལ་ནི་གདུང་མྱི་འཆད། ། ཞེས་པ་ལྟ་བུ་འདི་དག<<སྙན་ངག་མེ་ལོང>>དར་ཆེ་བའི་དུས་ཀྱི་བོད་ཀྱི་སྙན་ངག་ཕལ་མོ་ཆེ་བཞིག་ལྟར་པད་མ་དང་བུང་བ། ནམ་མཁའ་དང་རྒྱ་མཚོ་སོགས་འགའ་ཞིག་ཁོ་ན་དང་། ཐ་ན་བོད་རང་སར་མཐོང་རྒྱུའང་དཀོན་པས་རྩོམ་པ་པོ་ཕལ་མོ་ཆེ་བ་ཞིག་རང་ཉིད་ལ་མཚོན་ནའང་རྣ་ཐོས་ཙམ་དུ་གྱུར་པ་དཔེར་ན་ཧ་རི་ཙན་དན་དང་ནྱ་གྲོ་ངྷ། ཀུ་མུད་དང་བ་ཀུ་ལ། གླང་བོ་ཆེ་དང་ཁྱུང་ཆེན་སོགས་དཔེ་རུ་མང་དུ་འདྲེན་པ(འདི་དག་ལའང་དོན་མཚོན་གྱི་ནུས་པ་ཆེ་བར་མ་ཟད། བོད་ཀྱི་རིག་གནས་འདི་བོད་མི་རིགས་རང་གི་ཁྱབ་ཁོངས་ནས་རིང་ནས་བརྒལ་ཟིན་པ་མཚོན་ཡོད་པས་འདིར་མཐའ་གཅིག་ཏུ་མི་འདོད་པར་འཕངས་པ་ག་ལ་ཡིན་ཏེ་མིན་པའང་ཤེས་པར་བྱ)དང་མི་འདྲ་བར་འཚོ་བ་དངོས་ཀྱི་རླན་དང་མ་བྲལ་ཞིང་། མི་རིགས་དང་ས་གནས་རང་གི་ཁྱད་ཆོས་འབུར་དུ་ཐོན་འདུག་པ་བལྟས་པ་ཙམ་གྱིས་གསལ་ཏོ། ། མི་སྣའི་གཟུགས་བརྙན་སྒྲུབ་བཞེངས་བྱས་པའང་གསོན་ཉམས་ལྡན་ལ་གཟུགས་དབྱིབས་ཡོད་ཅིང་། གནས་ཡུལ་དང་ཁོར་ཡུག་ཡུལ་ལྗོངས་བྱ་བ་སོགས་ཞིབ་འབྲི་བྱས་པའང་གསལ་ཞིང་གནད་དུ་ཐིངས་ལ། གསོན་ཉིང་འགྲེང་གཟུགས་ལྡན་པས་འདྲེན་བྱེད་དབང་པོའི་དགའ་སྟོན་དུ་མངོན་སུམ་ཉིད་དུ་འཕོ་བར་བྱེད་པའི་སྣང་བ་འགོག་པ་མེད་པར་སྟེར་བར་བྱེད་དེ་དཔེར་ན། འདམ་གྱི་ནི་ཅོག་རོ་ཟ། ། དྲི་ངན་ནི་ཉ་འི་དྲི། ། གཡའ་ངན་ནི་ཟངས་ཀྱི་གཡའ། ། ཞེས་པ་དང་། མ་བྱུང་བར་དུ་ཉོན་རེ་མོངས། ། ཟླ་གྲངས་ཚང་ནས་ཕྱེ་བྲག་ཕྱེད། ། ལུག་བསད་ཤ་གཞི་འོ་དང་འདྲ། ། གཡས་གཡོན་ཀུན་ཀྱང་ཁྲག་འིས་གང་། ། ན་ཚ་མི་བཟད་ཤི་ལ་ཐུག། གཤེར་གྲང་མལ་དུ་མ་བདག་ཉལ། ། སྐམ་དྲོ་མལ་དུ་བུ་སྡུག་བསྟན། ། ཅེས་པ་དང་། གོང་དུ་དཀོད་ཟི་པའི་ངང་ངུར་ནི་གསེར་མ་གཡུ། ། མཐིང་བྲང་ནི་ཆབ་ཀྱི་རྐྱེན། །  ……ཞེས་པ་མཛེས་ཤིང་ཉམས་དགའ་བའི་རྩྭ་ཐང་གི་ཡུལ་ལྗོངས་བྲིས་པ་སོགས་ལྟ་བུའོ། ། དེ་མིན་ད་དུང་ཕ་རོལ་གྱི་དངོས་པོ་ག་གེ་མོ་ཞིག་གམ་དེའི་ཁྱད་ཆོས་རྗོད་པ་ལ་བརྟེན་ནས་བརྩེ་དུང་དང་དགའ་སྐྱོ་སོགས་ནང་གི་འགྱུར་བ་སྣ་ཚོགས་མཚོན་པར་བྱེད་པའི་སྒྱུ་རྩལ་ཐབས་ཤེས་ཡོད་པ་གོང་དུ་དཔེར་དྲངས་པའི་བསྡུས་བརྗོད་ཀྱི་རྒྱན་སོགས་ཤིན་ཏུ་མང་ལ། དེ་བཞིན་དོན་ཕྲན་བུའམ་བྱ་དངོས་ཆུང་ངུའང་ཉམས་དང་ལྡན་པའི་ངག་གི་ཕྲེང་བ་དང་ཁྱད་དུ་མཚར་བའི་དཔེ་དང་སྦྱར་ཏེ་ཆེས་ཆེར་རྒྱས་པར་སྤྲོ་ནུས་པ་དཔེར་ན་བཙན་པོའི་རྣམ་ཐར་དུ་བློན་པོ་མགར་རྗེ་ལ་གློ་བ་རིང་བར་གྱུར་པའི་ཚེ་ན་བཙན་པོ་འདུས་སྲོང་གིས་མགར་ལ་བླངས་པའི་མགུར་དུ་ཁྱོད་རྗེ་ལ་འགྲན་པར་རློམ་པ་སྟོང་བསམ་འབའ་ཞིག་སྟེ་འུ་ཅག་གཉིས་ལ་ཁྱད་པར་ཤིན་ཏུ་ཆེ་ཞེས་པ་ཙམ་གྱི་དོན་བརྗོད་པ་ལ་ཚིག་རྐང་བརྒྱ་ལྷག་དང་དཔེ་ཉི་ཤུ་ལྷག་བཀོད་ནས་རྒྱས་པར་སྤྲོས་པ་ལྟ་བུ་དང་། བརྗོད་བྱ་ཤིན་ཏུ་མང་པོའི་གནད་གཅིག་ཏུ་དྲིལ་ཏེ། ཕྱོགས་བསྡུས་ཚད་མཐོན་པོར་བྱེད་ནུས་པ་དཔེར་ན། ཚིག་གཏད་ལེགས་ན་ནི། ། སྲིད་ཀྱི་ཡུ་བ་ལ། ། ཁ་སྨྲས་ཉེས་ན་ནི། ། བདུད་ཀྱི་སྒོ་མོ་འོ། ། ཞེས་པ་དང་། གོང་དུ་དཔེར་དྲངས་ཟིན་པའི་ལེགས་རྒུ་བྱས་ན་དཔལ་དུ་སྐྱེ་ཞེས་པའི་ཤོ་ཀ་ལྟ་བུ་བརྗོད་བྱ་ཆོས་དང་སྲིད་ཀྱི་གནས་ལུགས་མང་ཞིང་རྙོག་པར་དུ་མ་ཞིག་ཚད་མཐོན་པོས་ཕྱོགས་བསྡུས་བྱས་ཡོད་པ་རྟགས་སླའོ། ། སྒྱུ་རྩལ་གྱི་ཁྱད་ཆོས་འདི་དག་ཙམ་ལས་ཀྱང་སྐབས་དེའི་བོད་ཀྱི་རྩོམ་རིག་སྤྱི་དང་བྱེ་བྲག་སྙན་ངག་འཕེལ་རྒྱས་ཀྱི་ཆུ་ཚད་གང་འདྲ་ཞིག་ཏུ་སླེབས་འདུག་པ་ཀློག་པ་པོ་དག་གི་ཡིད་ངོར་འཆར་རྒྱུ་ཞིག་ཡོད་པ་རློམ་ཡང་ད་དུང་ཅི་འཚལ།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...