སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་ཀྱི་ཐོ་ཐེམ་སྐོར་ལ་རགས་ཙམ་དཔྱད་པ།
རྩོམ་པ་པོ། dlmdz རྩོམ་སྒྲིག་པ། Lhamo དུས་ཚོད། 2018-9-18 9:53:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
ནང་དོན་གནད་བསྡུས། དེ་ཡང་ཐོ་ཐེམ་རིག་གནས་ནི་གདོད་མའི་མི་རིགས་ཀྱི་རིག་གནས་སྣང་ཚུལ་ཞིག་ཡིན་ཞིང་། གདོད་མའི་མིའི་རིགས་ཀྱི་ཆོས་ལུགས་ཀྱི་དད་མོས་དང་སྤྱི་ཚོགས་ཀྱི་སྒྲིག་གཞི་ཞིག་ཀྱང་ཡིན་པས། བོད་ཀྱི་རིག་གནས་ལ་ཞིབ་འཇུག་རྟོག་དཔྱོད་གཏིང་ཟབ་ཅིག་བྱ་དགོས་ན་ཅིས་ཀྱང་བོད་ཀྱི་ཐོ་ཐེམ་རིག་གནས་སོགས་ལ་ངོས་ཟིན་ངེས་ཅན་ཞིག་ཡོད་དགོས་པས། འདིར་ཆེད་དུ་བོད་ཀྱི་ཐོ་ཐེམ་སྐོར་གླེང་བའོ།།
བརྡ་ཆད་གཙོ་བོ། གདོད་མའི་དད་གུས།  ཐོ་ཐེམ།  བོད་ཀྱི་ཐོ་ཐེམ།
གླེང་གཞི།
     གནའ་བོའི་མིའི་རིགས་ཀྱིས་བཞག་པའི་རྡོ་ཆས་དང་། ད་ལྟའི་དམངས་ཁྲོད་དུ་ཁྱབ་བརྡལ་ཆེ་བའི་དམངས་ཁྲོད་གཏམ་རྒྱུད། ལྷ་སྒྲུང་། གཞན་ཡང་་རང་རེ་ཚོའི་སྲོལ་རྒྱུན་དང་གོམས་སྲོལ་སོགས་ལས་ཀྱང་གདོད་མའི་མིའི་རིགས་ཀྱི་བསམ་བློ་གཏོང་སྟངས་རྣམས་རིག་འདེད་བྱེད་ཐུབ་པས། ང་ཚོས་འཕེལ་རིམ་མི་འདྲ་བའི་གདོད་མའི་མི་ལ་ཤེས་རྟོགས་ངེས་ཅན་ཞིག་བྱེད་ཐུབ། མིའི་རིགས་ཀྱི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནི་ཕལ་ཆེར་འདྲ་མཚུངས་ཡིན་གཤིས། གདོད་མའི་མི་རིགས་ཤིག་ཡིན་ཕྱིན་ཐོག་མར་དད་པའི་འདུ་ཤེས་མེད་པ་ནས་ཡོད་པ་དང་། དེ་ནས་རིམ་བཞིན་རང་བྱུང་དད་པ་དང་སྲོག་ཆགས་དད་པ། ཐོ་ཐེམ་དད་པ། མེས་པོའི་དད་པ་སོགས་བྱུང་བ་རེད། དེའི་ནང་ཐོ་ཐེམ་དད་པས་གནས་བབས་ངེས་ཅན་ཞིག་བཟུང་ཡོད་ལ་གདོད་མ་མིའི་དད་པའི་བརྒྱུད་རིམ་གལ་ཆེན་ཞིག་ཡིན་པར། རང་རེའི་བོད་མི་རིགས་ཀྱང་དུས་རིམ་དེ་བརྒྱུད་མྱོང་བར་ཐེ་ཚོམ་མེད། འོན་ཀྱང་ཁྲོན་པའི་སྦལ་བའི་མཐོང་རྒྱ་ཡིན་མོད། ད་ལྟ་རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པ་ཚོས་ཆོས་ལུགས་རིག་པ་དང་མིའི་རིགས་རིག་པ། དམངས་སྲོལ་རིག་པ། སེམས་ཁམས་རིག་པ་སོགས་ཕྱོགས་མང་བོ་ནས་ཐོ་ཐེམ་སྐོར་ལ་ཞིབ་འཇུག་དང་མཐོང་ཆེན་བྱེད་བཞིན་འདུག་པས། རང་རེའི་བོད་ཀྱི་ཐོ་ཐེམ་ལ་ཡང་ཞིབ་འཇུག་གི་རིན་ཐང་ཆེན་པོ་ཞིག་འདུག་པ་བཅས་ཀྱི་ཀུན་སློང་གིས་སྐུལ་ངོར། རང་ནུས་གང་ཡོད་ཀྱིས་རྩོམ་འདི་འབྲི་ཁུལ་བྱས་པ་ལ། ཐོ་ཐེམ་གྱི་གོ་ཚུལ་དང་།བོད་ཀྱི་ཐོ་ཐེམ། ཐོ་ཐེམ་དང་བླ་གཉན་སོགས་ཀྱི་ཁྱད་པར་བཅས་ལེ་ཚན་གསུམ་གྱི་སྒོ་ནས་བྲི་བར་བྱའོ།།
ལེ་ཚན་དང་བོ། ཐོ་ཐེམ་གྱི་གོ་ཚུལ།
     ང་ཚོས་གང་ཞིག་ལ་ཞིབ་འཇུག་བྱེད་པར་ཐོག་མར་དེའི་གོ་བ་ལེན་སྟངས་དང་ནང་དོན་ལ་རྒྱུས་ལོན་ངེས་ཅན་ཞིག་ཡོད་དགོས་པས། འདིར་ཡང་བོད་ཀྱི་ཐོ་ཐེམ་མ་བཤད་པའི་སྔོན་ལ་སྤྱིར་བཏང་གི་རྒྱལ་སྤྱིའི་རིག་མཁས་ཚོའི་ཐོ་ཐེམ་གྱི་གོ་བ་ལེན་སྟངས་དང་ནང་དོན་སོགས་བཤད་དགོས་པར་མཆིས་ཏེ།
གཅིག ཐོ་ཐེམ་གྱི་གོ་བ་ལེན་སྟངས་དང་ནང་དོན།
     རྒྱ་ཡིག་གི"图腾"ཞེས་པ་དེ《རྒྱ་བོད་ཤན་སྦྱར་གྱི་ཚིག་མཛོད》དུ"རྒྱུད་མཚོན་རི་མོའམ་རིགས་རྒྱུད་མཚོན་རིས"ཞེས་བསྒྱུར་འདུག་ཀྱང་འདི་ནི་དབྱིན་ཏི་ཨན་སྐད་ཀྱི"toten"ཞེས་པའི་སྒྲ་ཟུར་ཆགས་པ་ཡིན། མིང་ཚིག་འདི་ཆེས་ཐོག་མར་དབྱིན་ཇི་བ་ལང་ཀི"J·Long"ཞེས་པས1791ལོར་མེ་གླིང་བྱང་མའི་དབྱིན་ཏི་ཨན་མཚམས་སྦྱོར་བྱས་པའི《དབྱིན་ཏི་ཨན་གྱི་ལོ་ཙཱ་བ་དང་ཚོང་བ་ཞིག་གི་མཚོ་འགྲུལ་དང་གནས་སྐོར》ཞེས་པར་བཏོན་པ་ཡིན་ཞིང་། སྐབས་དེའི་ཐོ་ཐེམ་གྱི་གོ་བ་ནི"ཁོའི་རིགས་རྒྱུད"དམ"ཁོའི་གཉེན་ཉེ"། "ཁོའི་རུས་རྒྱུད་ཀྱི་མཚོན་རྟགས"བཅས་རེད། གནའ་རབས་ཀྱི་དུས་སུ་ཤེས་རིག་མི་དར་བའི་དབང་གིས་མི་རྣམས་ཀྱིས་རང་ཉིད་ཀྱི་རིགས་རྒྱུད་ཇི་ལྟར་བྱུང་བའི་སྐོར་ལ་ཚན་རིག་དང་མཐུན་པའི་ལན་ཞིག་མ་ཐོབ་པར་མི་རིགས་དང་རིགས་རྒྱུད་ཀྱི་བྱུང་བ་དེ་སྲོག་ཆགས་ཤིག་ལ་ཐད་ཀར་འབྲེལ་བ་ཡོད་པར་འདོད་པ་རེད། རང་གི་སྐྱེས་ཁུངས་ལ་འབྲེལ་བ་ཡོད་པའི་སྲོག་ཆགས་དེ་ལ་ཐོ་ཐེམ་ཞེས་བྱ་ཞིང་དེ་ནི་མི་རིགས་སམ་རིགས་རྒྱུད་ཚོགས་པ་དེའི་མགོན་སྐྱབས་དང་མཚོན་བྱེད་དུ་ངོས་འཛིན་པ་ཡིན། མི་རིགས་དང་རིགས་རྒྱུད་གང་ཡིན་རུང་རང་གི་ཐོ་ཐེམ་གྱི་སྲོག་ཆགས་དེ་ལ་མཆོད་ཅིང་བཀུར་བ་ལས་གནོད་པ་དང་འཚེ་བ་གཏན་ནས་བྱེད་མི་རུང་ཞིང་ཐོ་ཐེམ་ཇི་ལྟར་འཕེལ་ན་དེ་ལྟར་ལེགས་པར་སྙམ། ཐོ་ཐེམ་མཆོད་པ་དང་བཀུར་བའི་སྲོལ་འདི་སྔོན་དུས་འཛམ་གླིང་རྒྱལ་ཁམས་སོ་སོར་དར་བ་མ་ཟད། ཉེ་དུས་ཀྱང་མི་རིགས་དང་མི་རྒྱུད་ཁ་ཤས་ཀྱི་ནང་དུ་སྔར་བཞིན་བཀུར་སྲོལ་ཡོད་པ་རེད། ད་ལྟའི་བོད་ཀྱི་ཆེད་མཁས་པ་རེ་འགས་ཐོ་ཐེམ་དེ"ཐོབ་གདངས"དང"རུས་བླ"སོགས་སུ་བསྒྱུར་འདུག་ཀྱང་། དོན་དུ་ཐོ་ཐེམ་དུ་སྒྱུར་ན་ལེགས་པར་རྡོ་རྗེས《སྦྲང་ཆར》གྱི《ཤེས་རབ་རྒན་པོའི་འབེལ་གཏམ》དུ་བཤད་ལ་དེ་ཡང་འགྲིག་པར་འདོད་དེ། གཅིག་ན་དེ་ལྟར་སྒྲ་སྒྱུར་བྱས་ན་མིང་ཚིག་གཞན་དང་གོ་འཛོལ་བྱེད་ཉེན་ལྡོག་ལ་གཉིས་ནས་ཐོ་ཐེམ་དང་བླ་གཉན་སོགས་ཀྱི་གོ་བ་མི་གཅིག་པ་ལེ་ཚན་གསུམ་པ་ནས་གླེང་བར་བྱའོ།།
ལེ་ཚན་གཉིས་པ། བོད་ཀྱི་ཐོ་ཐེམ་ལ་རགས་ཙམ་དཔྱད་པ།
     འགོས་ལོ་གཞོན་ནུ་དཔལ་གྱིས"བོད་ཀྱི་ཡུལ་འདི་ཡང་རྒྱ་གར་དང་འདྲ་བ། ཡུལ་དང་མི་ལ་སོགས་པ་གནས་པའི་བསྐལ་བ་ནས་བྱུང་བར་བྱས་ན་ཡང་ལུང་དང་རིགས་པའི་གནོད་པ་མེད"ཅེས་གསུངས་པ་ལྟར། བོད་མི་རིགས་ནི་མཚོ་བོད་མཐོ་སྒང་ནས་འཚར་ལོངས་བྱུང་བའི་གདོད་མའི་མི་རིགས་ཤིག་ཡིན་ལ། སྤྲ་ནས་མི་རུ་གྱུར་བའི་ལོ་རྒྱུས་ཀྱི་བདེན་དཔང་དང་རང་བྱུང་དད་མོས་ཀྱི་སྲོལ་རྒྱུན་ད་རུང་ཡང་མ་ཉམས་པར་ཡོད་པ་ང་ཚོའི་མཐོང་ཆོས་སུ་གྱུར་བ་རེད། ཐོ་ཐེམ་དད་མོས་ནི་རང་བྱུང་དད་མོས་དང་མེས་པོའི་དད་མོས་མཉམ་སྦྲེལ་བྱས་ནས་བྱུང་བའི་གདོད་མའི་ཆོས་ལུགས་ཤིག་ཡིན་པས་རང་རེའི་བོད་མི་རིགས་ཀྱང་ཐོ་ཐེམ་དད་མོས་ཀྱི་དུས་རིམ་བརྒྱུད་མྱོང་ལ། ད་ལྟའི་དུས་སུའང་ཐོ་ཐེམ་དད་མོས་ཀྱི་ཤུལ་རྗེས་ཡོད་པར་ཁ་ཚོན་གཅོད་ཐུབ།
     བོད་ཀྱི་མེས་པོ་ཡང་མི་རིགས་གཞན་གྱི་མེས་པོ་དང་འདྲ་བར་བསམ་བློའི་གཉོམ་ལག་མ་རྒྱས་པའི་དུས་སྐབས་ནས་འཇིག་རྟེན་ཁམས་དང་མིའི་རིགས་ཇི་ལྟར་བྱུང་ཚུལ་ཤེས་འདོད་སྐྱེས་ཏེ། ཁོ་ཚོས་བློ་གྲོས་ལ་བརྟེན་ནས་རྟོག་ཞིབ་དང་བསམ་གཞིགས་བྱས་པ་བརྒྱུད་གནམ་ས་ཆགས་ཚུལ་དང་མིའི་རིགས་བྱུང་ཚུལ་གྱི་ལྷ་སྒྲུང་ཡང་ཐོག་མར་བྱུང་། དེ་དག་ལ་ལ་ཡིག་ཐོག་ཏུ་བཀོད་ཅིང་ལ་ལ་དམངས་ཁྲོད་ཀྱི་གླུ་དང་གཏམ་རྒྱུད་སོགས་ནས་ཐོས་ཐུབ། སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་ནས་ཐོ་ཐེམ་དད་མོས་ལ་ཡང་འགྱུར་བ་བྱུང་སྟེ་ཐོ་ཐེམ་གཅིག་ལ་བཀུར་བ་ནས་མང་བོར་བཀུར་བ་དང་། ཐོ་ཐེམ་དེ་ཁྲག་རྒྱུན(གདུང་རྒྱུད)གྱི་ཉེ་ཚན་ཞིག་ཏུ་རློམ་ནས་རིགས་ཚོགས་ཀྱི་རྟགས་མཚན་ཞིག་ཏུ་བརྩི་བ་ནས་མེས་པོ་ཡིན་པར་འདོད་ནས་རིགས་ཚོགས་ཀྱི་མི་ཚང་མ་ཐོ་ཐེམ་ལས་བྱུང་བར་རློམ་ཏེ་རྟགས་མཚན་དུ་བརྩི་བ་སོགས་ཀྱི་དུས་རིམ་དུ་མ་བརྒྱུད་མྱོང་། དེར་བརྟེན། བོད་མི་རིགས་ཀྱང་གདོད་མིའི་མི་རིགས་ཤིག་ཡིན་པས་ཐོ་ཐེམ་ཡོད་མོད། དུས་རིམ་མི་འདྲ་བ་དང་ཚོ་བ་མང་བོར་གྱེས་པས་རང་རང་ཚོ་བའི་ཐོ་ཐེམ་བྱུང་སྟེ་སྤྲེའུ་དང་ནོར། ལུག ཁྱུང་། འབྲུག་སོགས་ཐོ་ཐེམ་མང་པོ་ཞིག་ཡོད་ཀྱང་། འདིར་ཚབ་བྱེད་རང་བཞིན་དང་མཚོན་བྱེད་ནུས་པ་ལྡན་ལ་བོད་མི་རིགས་ཐུན་མོང་གི་ཐོ་ཐེམ་རང་བཞིན་ལྡན་པའི་སྤྲེལ་དང་ནོར། ལུག་གསུམ་དམིགས་སུ་བཀར་ནསགླེང་བར་བྱ།
གཅིག བོད་ཀྱི་སྤྲེལ་ཐོ་ཐེམ་གྱི་མཆོད་བཀུར།
     རང་རེའི་བོད་ནི་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོ་གཉིས་ལས་མཆེད་ཚུལ་ལོ་རྒྱུས་དེབ་ཐེར་དང་རྒྱལ་རབས་གསུང་འབུམ་མང་བོ་ཞིག་ཏུ་སྣང་ལ། བྱང་ཆུབ་སེམས་དཔའ་སོགས་སུ་སྦྱར་བའི་ལྷ་སྒྲུང་ཡང་དེབ་ཐེར་དེ་རྣམས་དང་ཆབས་ཅིག་བྱུང་། ཡིན་ནའང་ང་ཚོས་ཤེས་དགོས་པ་ཞིག་ནི་བྱང་ཆུབ་སེམས་དཔའ་དང་མ་སྦྱར་བའི་སྤྲེའུ་མི་རུ་གྱུར་བའི་གཏམ་རྒྱུད་ཅིག་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་དུ་ཁྱབ་ཡོད་པར་བཤད། དེས་ན་ས་ཁུལ་ཁ་ཤས་དང་རུས་རྒྱུད་ཁ་ཤས་ཤིག་གིས་རིགས་རྒྱུད་མེས་པོར་འཛིན་པར་ཤུགས་ཀྱིས་ཁས་བླངས་ཡོད། རིགས་རྒྱུད་ ཀྱི་མེས་པོ་ལ་ངོས་འཛིན་པའི་ཆ་ནས་ཐོ་ཐེམ་དུ་འགྲོའམ་མི་འགྲོ་བའི་རྩོད་པ་ཡོད་ནའང་། སྤྱིར་ཐོ་ཐེམ་བྱུང་བའི་དུས་ཀྱི་ཆ་ནས་བལྟས་ན། བོད་དུའང་ཐོ་ཐེམ་བྱུང་ཆོག་ཆོག་རེད། ས་བབ་ཀྱི་ཆ་ནས་བལྟས་ནའང་ད་ཕན་ལོ་བཞི་སྟོང་ནས་ལྔ་སྟོང་འགྱངས་པར་ཁས་འཆའ་བའི་བོད་ལྗོངས་ཁ་རུབ་གནའ་ཤུལ་ལས་ཐོན་པའི་སྤྲེལ་གྱི་རུས་པ་ལས། དེ་སྔའི་བོད་ལྗོངས་ཀྱི་ས་གཤིས་ད་སྐབས་ལས་ཤིན་ཏུ་དམའ་བས་གནམ་གཤིས་ཤིན་ཏུ་བཟང་ལ། ད་སྐབས་ཀྱི་མི་མེད་བྱང་ཐང་ནི་སྐབས་དེར་མིའི་རིགས་འདུས་སྡོད་བྱེད་སར་བདེན་དཔང་བྱས་པས། དམའ་སར་འཚོ་བའི་སྲོག་ཆགས་མང་པོ་ཞིག་མདོ་དབུས་མཐོ་སྒང་དུ་བྱུང་ཡོད། དེ་བས་བདེ་རྩལ་ཅན་གྱི་སྤྲེའུ་ཡང་བོད་མིའི་ཁོར་ཡུག་ཏུ་ཉུང་མི་སྲིད་པས་སྤྲེལ་དེ་རིགས་རྒྱུད་ཁ་ཤས་ཤིག་གི་ཐོ་ཐེམ་དུ་བྱུང་ཆོག་ཆོག་རེད། ཡ་མཚན་ཆེ་བ་ཞིག་ནི་དབྱི་ད་ལིའི་མཁས་པG·ཏུའུ་ཆིས་བྲིས་པའི《བོད་ལྗོངས་གནའ་རྫས་རྟོག་ཞིབ》ཏུ་ཚ་བ་རོང་དུ་བྱུང་བའི་ཟངས་ཀྱི་སྤྲེའུའི་སྲུང་འཁོར་ཞིག་པར་བླངས་ཡོད། འདིས་ང་ཚོར་བོད་ཀྱི་རིགས་རྒྱུད་དང་ས་ཁུལ་ཁ་ཤས་ཀྱིས་སྤྲེའུ་ཐོ་ཐེམ་མེས་པོ་དང་ཡང་ན་ སྲུང་མར་བཀུར་མྱོང་བའི་བློ་བསྐྱེད་བྱིན།
གཉིས། བོད་ཀྱི་ནོར་ཐོ་ཐེམ་གྱི་མཆོད་བཀུར།
     ནོར་ནི་བོད་ཀྱི་ལོ་རྒྱུས་སྟེང་གི་ཐོ་ཐེམ་གཙོ་བོ་ཞིག་ཡིན། རྔ་བ་བོད་རིགས་རང་སྐྱོང་ཁུལ་ཁོངས་གཏོགས་ཀྱི་རྒྱལ་རོང་བོད་མིས་ད་རུང་མཆོད་བཀུར་བྱེད་པའི་ལྷ་ཆེན་ནི'ནོར་མགོ་མི་ལུས'ཅན་ཞིག་ཡིན་ཞིང་། ཁོ་ཚོས་རང་ཉིད་ནི་ནོར་གྱི་རྒྱུད་པ་ཡིན་པར་བཤད་ལ་མི་རབས་སོ་སོར་ནོར་མགོ་ལ་མཆོད་བཀུར་བྱེད་པའི་གོམས་སྲོལ་ཆགས། ཁོ་ཚོས་ལྷ་ཆེན་དུ་བཀུར་བའི་ནོར་མགོ་མི་ལུས་དེ་གོང་བཀུར་དང་ཕྱག་འཚལ་སའི་མཆོད་སྟེགས་སྟེང་དུ་བཞག་ཡོད། ལོ་རེའི་ལོ་སར་ལ་ཐོན་ཚེ་ས་བདག་དང་གྲྭ་བ། མགོ་གཙོ། སྲིད་གཞུང་གི་ལས་སྣ་ཡོངས་ནས་ཕན་ཚུན་འགྲན་རྩོད་ཀྱི་རྣམ་པས་སྨི་གཅིག་ཏུ་མ་སླེབས་པའི་ནོར་མགོ་མི་ལུས་ཅན་ལས་ཏེ་ཁྱིམ་ཚང་སོ་སོའི་མཆོད་ཁང་དང་སྡོད་ཁང་གི་སྒོ་སྟེང་དུ་འཇོག་ཅིང་སྲུང་སྐྱོབ་ཀྱི་ཁྱིམ་ལྷར་བཀུར་བ་དང་། དེ་ནས་ཁྱིམ་རྒྱུད་ལ་ལུས་ཁམས་འབྱུང་གཞི་བདེ་ཞིང་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུ་ཞིང་གདོན་འགེགས་བར་ཆད་སེལ་བར་བེད་སྤྱོད་བྱེད་པ་རེད། ད་རག་བར་དུ་བོད་ཁམས་ཡོངས་སུ་སྡོད་ཁང་དང་རྩིག་ལྡེབས། མ་ཎི་རྡོ་སྤུངས། དགོན་པའི་མཆོད་སྟེགས་སོགས་ཀྱི་སྟེང་དུ་ནོར་རུས་མཆོད་པའི་སྲོལ་དར་ཡོད་ལ། བོད་ཀྱི་ཆོས་ལུགས་སྒྱུ་རྩལ་དང་བཟོ་རྩལ་མཛེས་རིས་ཀྱི་ཁྲོད་དུ་གཙེག་གྲུབ་བམ་ཚོན་ཕྱུགས་ཀྱིས་དངོས་འབྲིའམ་དབྱིབས་སྒྱུར་སོགས་ཀྱི་རྣམ་པས་ནོར་གྱི་རི་མོ་མང་བོ་བྲིས་ཡོད་པ་དང་། ཐ་ན་ཆོས་ལུགས་ཆོ་ག་དང་སྨོན་ལམ་གྱི་སྐབས་སུའང་ནོར་མགོའི་འབག་ཆས་སྤྲས་ཏེ་ནོར་ལྷའི་གར་སོགས་འཆམ་པ་རེད། དེ་དག་གིས་བདེན་དཔང་བྱེད་ཐུབ་པ་ནི་ནོར་གྱི་ཐོ་ཐེམ་མཆོད་བཀུར་གྱི་ལོ་རྒྱུས་གོམས་སྲོལ་དེ་བོད་མི་རིགས་ཀྱི་རིག་གནས་འཚོ་བའི་ཁྲོད་གཏིང་ཚུགས་སུ་ཆགས་པ་དེ་རེད།
     མཚོ་སྔོན་མགོ་ལོག་ས་ཁུལ་དུ་ཁྱབ་པའི་གཉན་པོ་གཡུ་རྩེའི་བུ་མོ་གསུམ་པ་འབྲི་དཀར་བོ་ཞིག་ཏུ་སྤྲུལ་ནས་ན་གཞོན་ཞིག་དང་གཉེན་སྒྲིག་པ་ལས་མགོ་ལོག་སྟོད་སྨད་བར་གསུམ་བྱུང་བའི་ལྷ་སྒྲུང་དེ་མིན། ད་དུང་བོད་ལྗོངས་ནག་ཆུ་ས་ཁུལ་དུ་ཁྱབ་པའི《གནམ་མཚོའི་ངག་རྒྱུན》ཞེས་པར་ཡང་། བྱང་ཐང་དུ་རྫི་བོ་བྱེད་པའི་བུ་མོ་ཞིག་གི་རྨི་ལམ་དུ་ལྭ་བ་དཀར་བོ་གྱོན་པའི་མི་ཞིག་གཉན་ཆེན་ཐང་ལྷ་རི་ནས་ཐོན་ཏེ་ཁོ་མོ་དང་ཉལ་བ་རྨིས་པས་བུ་ཞིག་སྐྱེས། དེས་ཕའི་ལུང་བསྟན་བཞིན་བུ་མོ་ཞིག་ཆུང་མར་བསུས། ཡང་ཆུང་མའི་བསྒོ་བ་བཞིན་གནམ་མཚོའི་འགྲམ་དུ་བུ་ལེན་པར་ཕྱིན། དེར་འབྲི་ཞིག་གིས་བེའུ་ཞིག་ལྡག་བཞིན་པར་ཁོས་མདས་བརྒྱབ་པ་ན། འབྲི་དེ་དེ་མ་ཐག་ཁོའི་ཆུང་མར་གྱུར་ནས་ཁྱོད་ཀྱིས་རང་གི་བུ་བསད་སོང་ཟེར་ཞེས་པའི་ལྷ་སྒྲུང་འདི་ལའང་རུས་རྒྱུད་མེས་པོའི་འབྱུང་ཁུངས་ཀྱི་ཁྱད་ཆོས་ལྡན།
གསུམ། བོད་ཀྱི་ལུག་ཐོ་ཐེམ་གྱི་མཆོད་བཀུར།
     བོད་ཀྱི་མེས་པོ་རྣམས་ཀྱིས་ལུག་ལ་ཐོ་ཐེམ་གྱི་མཆོད་བཀུར་བྱེད། བོད་ཀྱི་རུས་ཆེན་གྱི་ནང"སྤྱང"དུ་ཞེས་པ་ཞིག་ཡོད་ལ་རྒྱས་དེ་ལ'羌'ཞེས་ཟེར། རྒྱའི《ཡིག་བཤད》ཀྱི་འགྲེལ་ལྟར་'羌'དེའི་སྟེང་གི་ཡི་གེ་ནི་ལུག་དང་འོག་གི་ཡི་གེ་ནི་མི་ཡིན་པར། མི་ཞིག་གིས་ལུག་ཅིག་མགོ་ལ་བཞག་པ་མཚོན། དེ་ལས་ཀྱང་བོད་ཀྱི་གནའ་མིས་ལུག་ལ་གོང་བཀུར་ངེས་ཅན་ཞིག་བྱེད་བཞིན་པ་ཤེས་ཐུབ། འོ་ན་ཁྱོད་ཀྱིས་རྒྱའི'羌'ཞེས་པ་ནི་བོད་ཀྱི'སྤྱང'མིན་པར་'ཆའང'ཞེས་པའི་མི་རིགས་གཞན་པ་ཞིག་ཡིན་ཞེ་ན། དེ་ནི་གནས་སྐབས་འདིའི་བརྗོད་བྱ་མིན་པས་ཞིབ་བརྗོད་མི་བྱེད་ཅིང་དེ་དོན་སྤྲོ་བ་རྣམས་ཀྱིས་ཆབ་འགག་རྟ་མགྲིན་གྱི《གངས་ལྗོངས་མི་རིགས་ཁག་གི་འབྲེལ་བ་བརྗོད་པ་གཟུར་གནས་ཡིད་ཀྱི་དགའ་སྟོན》དང《ཆང་རིགས་ཀྱི་ལོ་རྒྱུས》སོགས་ལ་གཟིགས་པས་གསལ།
     ཕྱོགས་གཞན་ཞིག་ནས་བཤད་ན་ལུག་ནི་བོད་ཀྱི་མེས་པོའི་ཐོ་ཐེམ་མཆོད་བཀུར་དུ་བྱེད་དོན་ནི་ལུག་དང་བོད་མི་དམངས་ཀྱི་འཚོ་བ་ལ་འབྲེལ་བ་ཟབ་མོ་ཞིག་ཡོད་པས་རེད། ང་ཚོས་ཤེས་གསལ་བོད་ཀྱི་ལུག་གི་ཤ་ཟ་ཆོག་ལ་པགས་པ་གོན་ཐུབ་པ་དང་། བལ་འཐག་སྟེ་རྒྱུན་མཁོའི་དངོས་རྫས་མང་པོ་ཞིག་བཟོ་ཐུབ་པ་རེད། ཕྱུགས་ལས་གཙོ་བོ་བྱེད་པའི་སྤྱི་ཚོགས་ཤིག་ཡིན་ན་མི་རྣམས་ཀྱི་འཚོ་བ་དང་འབྲེལ་བ་ངེས་ཅན་ཡོད་པའི་སྲོག་ཆགས་དེ་ལྷ་ཞིག་ཏུ་མཆོད་བཀུར་བྱེད་པ་ནི་ཧ་ཅང་རྒྱུན་ལྡན་གྱི་བྱ་བ་རེད། དེར་བརྟེན། ལུག་གིས་བོད་མི་དམངས་ཀྱི་སེམས་ཁོངས་སུ་དུས་ནམ་ཡང་གོང་བཀུར་གྱི་གནས་བབས་ཤིག་རྒྱུན་འཁྱོངས་བྱས་ཡོད། གཞན་ཡང་ལུག་མགོ་ཁྱིམ་གྱི་གྱང་ངོས་དང་སྒོའི་སྟེང་ལ་བཀལ་ནས་རང་གི་རུས་རྒྱུད་མཚོན་པའི་ལུགས་སྲོལ་དེ་དུས་ད་ལྟ་ཡང་མ་ཉམས་པར་བོད་ཀྱི་དམངས་ཁྲོད་དུ་དར་འདུག་པ་ལྟར་རེད།
     གཞན་ཡང《ཞང་བོད་གནའ་རབས་ལོ་རྒྱུས》ལས"ཞང་ཞུང་གི་མི་རྒྱུད་དེ་དག་གཙོ་ཆེར་ཁྱུང་གི་རུས་ཆེན་ལས་གྱེས་པ་ཡིན་སྟབས། ཡུལ་ལའང་ཁྱུང་སྟེ…"ཞེས་དང་། མདོ་སྨད་བར་ལུང་རྫོང་དུ་མིང་ལ་སྟག་ཚང་ཟེར་བའི་ས་ཆ་ཞིག་ཡོད་པར་བཤད་རྒྱུན་ལ་ས་ཆ་དེའི་མིས་སྟག་ཅིག་ལ་མཆོད་སྲོལ་མཆིས་པས། དེང་ཐོག་ཕལ་ཆེར་ཡུལ་དེའི་རུས་རྒྱུད་ཚོ་བའི་ཐོ་ཐེམ་སྟག་ཡིན་པར་ངེས་ལ་རིམ་བཞིན་ས་མིང་དུ་ཐོགས་པ་རེད་སྙམ། དེ་ལྟར་བོད་ཀྱི་ཡུལ་ཚོ་ལ་ཡང་ཁྱུང་། འབྲུག སྟག རུས་སྦལ་སོགས་ཐོ་ཐེམ་དུ་བཀུར་སྲོལ་ཡོད་མོད་ཀྱང་ད་ནི་རེ་རེ་བཞིན་མི་སྤྲོ་བར་བྱ།
ལེ་ཚན་གསུམ་པ། ཐོ་ཐེམ་དང་བླ གཉན་གྱི་ཁྱད་པར།
     མི་མང་པོ་ཞིག་གིས་བོད་ཀྱི་བླ་དང་གཉན་དེ་དེང་སང་གི་ཐོ་ཐེམ་དུ་འདོད་ནས་བླ་རུས་དང་གཉན་རུས་ཞེས་ཟེར་བ་རེད། དོན་དུ་བླ་དང་གཉན། ཐོ་ཐེམ་བཅས་ནི་ནང་དོན་གཅིག་མིན་པར་ཁྱད་པར་ངེས་ཅན་ཞིག་ཡོད་པ་རེད།
གཅིག ཐོ་ཐེམ་དང་བླ་གཉིས་ཀྱི་ཁྱད་པར།
     ཐོ་ཐེམ་རིག་གནས་ཞེས་པ་ནི་ཐོ་ཐེམ་ཉེ་ཚན་དང་ཐོ་ཐེམ་མེས་པོ། ཐོ་ཐེམ་སྲུང་མ་གསུམ་གྱིས་བསྐྱེད་པའི་ཐོ་ཐེམ་འདུ་ཤེས་དང་ཐོ་ཐེམ་རུས་མིང་། ཐོ་ཐེམ་རྟགས་མཚན། ཐོ་ཐེམ་བཀག་སྲུང་། ཐོ་ཐེམ་གཉེན་འབྲེལ། ཐོ་ཐེམ་ཆོ་ག ཐོ་ཐེམ་མངལ་སྦྲུམ་དད་མོས། ཐོ་ཐེམ་སྤྲུལ་བའི་དད་མོས། ཐོ་ཐེམ་མཆོག་རྫས། ཐོ་ཐེམ་མཆོག་གནས། ཐོ་ཐེམ་ལྷ་སྒྲུང་། ཐོ་ཐེམ་སྒྱུ་རྩལ་བཅས་ཀྱི་གཞི་གྲུབ་འདི་ལ་ཟེར་ཞིང་། དེ་ནི་ཆོས་ལུགས་རིག་གནས་ཤིག་དང་སྤྱི་ཚོགས་རིག་གནས་ཤིག་ཡིན་ཏེ། དེང་ཆོས་ལུགས་དང་ཁྲིམས་ལུགས། སྒྱུ་རྩལ། སྤྱི་ཚོགས་རྩ་འཛུགས་སོགས་རིགས་སྣ་མང་བོ་འདུས་པ་དང་། རྗེས་སུ་ཡང་རིགས་དེ་རྣམས་རང་རྐྱ་ཐུབ་པའི་རིག་གནས་ཀྱི་སྣང་ཚུལ་སོ་སོར་གྲུབ་ཡོད་པ་གོང་བཞིན་རེད། གོང་གི་ཐོ་ཐེམ་རིག་གནས་ཀྱི་གྲུབ་རྒྱུ་བཅུ་གཉིས་འདི་ནི་རུས་རྒྱུད་ཚོ་བ་གཅིག་དང་མི་རིགས་གཅིག་ལ་ཡོངས་སུ་གྲུབ་ཐོ་ཐེམ་དར་བའི་རུས་རྒྱུད་ཚོ་བ་དང་མི་རིགས་ཡོངས་ཀྱི་རྗེས་ཤུལ་སྤྱི་བསྡོམས་བྱས་ནས་གྲུབ་པ་ཞིག་ཡིན་པས་ཐོ་ཐེམ་རིག་གནས་ཞེས་པའི་ཁྱབ་ཁོངས་ཤིན་ཏུ་རྒྱ་ཆེ། དེའི་ཕྱིར་བླ་ཞེས་པ་ལ་ཐོ་ཐེམ་འདུ་ཤེས་ཁྲོད་ཀྱི་ཐོ་ཐེམ་མེས་པོ་དང་སྲུང་མའི་ནང་དོན་ལས་ཐོ་ཐེམ་ལྟར་ཕྱིས་ཀྱི་རྒྱ་ཆེ་ལ་གཏིང་ཟབ་པའི་རིག་གནས་སྣང་ཚུལ་དེ་ལྟ་བུའི་ནང་དོན་བྱུང་མེད་པས་བླ་ཞེས་པས་ཐོ་ཐེམ་རིག་གནས་ཀྱི་ནང་དོན་ཁེབས་ཐུབ་མེད་པ་རེད།
     བླ་ཞེས་པ《དག་ཡིག་གསར་བསྒྲིགས》ལས"སྟེང་དང་ཐོག གོང་། ཀླད་སོགས་ཀྱི་མིང"ཞེས་འགྲེལ་བ་དང་། 《རྒྱ་བོད་ཚིག་མཛོད་ཆེན་མོ》ལས་ཀྱང"སྟེང་དང་གོང"ཞེས་འགྲེལ། བོན་གྱི་བསྟན་འབྱུང་《གཟི་བརྗིད》ལས་བླ་ནི་བླ་ཡིད་སེམས་ཞེས་པའི་ནང་གསེས་ཅིག་ཡིན་པར་འདོད།《བརྡ་གསར་རྙིང་གི་རྣམ་བཞག་ལི་ཤིའི་གུར་ཁང》ལས་བླ་ནི་རུང་ངམ་བཟོད་པ་ཆོག་པའི་དོན་ལ་འཇུག་པར་བཤད། མཁར་རྨེའུ་བསམ་གཏན་ལགས་ཀྱིས་བླ་ཞེས་པ་ནི་འགྲོ་བ་མིའི་ནང་སེམས་དང་ཤེས་པ་གནས་ས་ཞིག་ཏུ་ངོས་འཛིན་བྱེད་པ་ཡིན་ཏེ།བླ་ནི་བླ་དབུགས་སྲོག་གསུམ་ཞེས་པ་ལས་གལ་ཆེ་ཤོས་དེ་ཡིན། གཞན་གཙོ་བོ་དང་མཆོག རྩེ་མོ་སོགས་ཀྱི་ནང་དོན་ལྡན་ལ། རིམ་བཞིན་དོན་དེ་དག་དང་འབྲེལ་བའི་གསོ་བ་རིག་པའི་ཐ་སྙད་ཅིག་ཏུ་གྱུར་བ་རེད། དེ་ཡང་གསོ་བ་རིག་པའི་སྐབས་སུ་བླ་ཞེས་པ"འགྲོ་བ་མིའི་ལུས་ཀྱི་ཚེ་སྲོག་གམ་དྲོད་དང་། རྣམ་པར་ཤེས་པའི་རྟེན་ གང་ནི་ནད་ཟུངས་དྲི་མ་གསུམ་ལས་གྲུབ་པའི་བདག་ཉིད་ཅན་གྱི་ལུས་འདིའི་ཚེ་ཡི་འཕེན་པ་ལ་མེད་མི་རུང་བའི་རྒྱུ་གཙོ་བོའམ་མཆོག་ཏུ་གྱུར་བ་ཉིད་ཡིན་པས་ཚེ་སྲོག་གི་གཙོ་བོ་ལ་བླ"ཞེས་ཚེ་སྲོག་གི་ངོ་བོར་འཇུག་པ་ཞིག་དང་།"ཡི་གེའི་རྣམ་པ་ཅན་གྱི་ཁམས་བྱང་ཆུབ་ཀྱི་སེམས་ཐིམ་ལོང་བདག་པོ་གསུམ་གྱིས་དབང་དུ་འགྱུར་བའི་བླའམ་ཚེ་ཞེས་ཁམས་བྱང་ཆུབ་ཀྱི་སེམས་ཉིན་བཞིན་ལུས་ཀྱི་གཅིག་ནས་གཅིག་ཏུ་འཕོ་བའི་ཐིག་ལེའི་རྣམ་པ་ཅན་དེ་ཡིན"ཞེས་ལུས་ཕྱི་ནང་གི་དྲོད་ཀྱི་རྟེན་ལ་འཇུག་པ་ཞིག་དང་། རྒྱུད་ལས། "རླུང་ཁྲག་རྒྱུ་བའི་བུ་ག་ཕྱི་ནང་ཀུན། འབྲེལ་བྱས་ལས་ནི་བསྐྱེད་ཅིང་གནས་པ་དང་།  སྲོག་གནས་རྩ་བ་ཡིན་ཕྱིར་རྩ་ཞེས་བྱ།།"ཞེས་རླུང་དང་ཁྲག་གི་དྭངས་མའམ་སྙིགས་མ་རྒྱུ་བར་བྱེད་པའི་བུ་གའི་ལམ་གྱི་ཚུལ་དུ་ལུས་ཁམས་སྟོད་སྨད་ཕྱི་ནང་ཀུན་ཏུ་དྲ་བ་འབྲེལ་ནས་ཁམས་རྣམས་བསྐྱེད་ཅིང་གནས་པར་བྱེད་པ་དང་། ཁྱད་པར་དུ་སྲོག་གནས་པའི་རྟེན་དང་རྩ་བ་ལྟ་བུ་ཡིན་པས་རྩ་ཞེས་བྱ། ཁ་ཅིག་གིས་བླ་དང་སྲོག་གཉིས་སོ་སོར་གཏོགས་པར་བརྗོད་ཅིང་དེར་འཐད་པར་མ་རིགས། རྒྱུ་མཚན་ནི། "བླ་སྲོག་གི་རྟེན་རྩ་ཁོ་ན་ཡིན་པས་གཉིས་ཆར་ཕྱེས་སུ་མི་རུང་། ཀུན་ཀྱང་སྲོག་གི་ཆ་ཤས་ཡིན་པས་ཕྱིར"ཞེས་རྣམ་པར་ཤེས་ པའི་རྟེན་ལ་འཇུག་པ་ལྟ་བུའོ།།
གཉིས། ཐོ་ཐེམ་དང་གཉན་གྱི་ཁྱད་པར།
     གཉན་ནི་ཀླུ་བྱུང་བའི་རྗེས་སུ་བྱུང་བར་བཤད་དེ《ཀླུ་འབུམ》ལྟར་ན་ནམ་མཁའ་སྟོང་ལྡན་དང་། གསལ་བ་འོད་ལྡན། མུན་པ་ཟེར་ལྡན་གསུམ་འདུས་པའི་གཞི་ལས་ཀླུ་བྱུང་ཞིང་། དེ་དག་ཀྱང་ཕན་ཚུན་གཅིག་ལ་གཅིག་བསྐྱེད་ནས་གཉན་ཁམས་བསམ་མེད་བྱུང་ལ། ནམ་མཁའི་འོད་ཟེར་ལ་གནས་ཏེ། རྫུ་འཕྲུལ་སྣ་ཚོགས་ཕྱོགས་བཅུར་ཡོངས་སུ་འགྱེད་ཅིང་ཐམས་ཅད་ཡོངས་སུ་གཉན་པས་ན་གཉན་ཞེས་བྱ་བའོ་ཞེས་བརྗོད་དོ།། གཉན་ནི་སྣང་སྲིད་ཀྱི་ལྷ་ཚོགས་མང་པོའི་ཁྲོད་ཀྱི་ཚོགས་པ་གཞན་ཞིག་རེད། བོད་ཡུལ་མདོ་དབུས་ཁམས་གསུམ་གྱི་རི་ལྷ་མང་བོའི་ཁྲོད་གོ་གནས་འགངས་ཆེན་བཟུང་ཡོད་པའང་གཉན་ཡིན་པས་གཉན་ནི་ལྷ་བཙན་པོའམ་མཐུ་ཆེན་གྱི་གྲས་ཡིན། སྤང་རི་ཕལ་ཆེར་ལ་གཉན་གནས་པར་བཤད་པ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་བཤད་ཚུལ་ཞིག་རེད། གཉན་ཞེས་བྱ་བའི་བྱུང་ཚུལ་དང་གནས་ཁམས་བཅས་གསལ་བོར་བསྟན་པ་མ་ཟད། ད་དུང་ལྷ་དང་ཀླུ་དང་བཙན་སོགས་ལས་ཡན་གར་བའི་རིགས་ཤིག་ཏུ་ངོས་བཟུང་འདུག་ནའང་ཡོངས་གྲགས་སུ་ནུས་མཐུ་ཅན་བཙན་པོའི་རིགས་ལ་གཉན་ཞེས་པའི་ཐ་སྙད་སྦྱོར་ཏེ་ལྷ་གཉན་པོ་དང་ཀླུ་གཉན་པོ། མི་གཉན་པོ། དགྲ་གཉན་པོ་ཟེར། བོད་ཀྱིས་ཀྱང་སྔོན་དུས་གཉན་ཞེས་པ་དེ་བཙན་པོ་ནུས་མཐུ་ཅན་དེ་ལྟ་བུའི་བྱེ་བྲག་གི་རིགས་ཤིག་ལ་གོ་བ་དང་། རིམ་བཞིན་གཉན་གྱི་མིང་གི་བརྡ་དོན་དེ་ངེས་གཏན་མེད་པར་བཙན་པོ་སྤྱི་ཞིག་ལ་ངོས་འཛིན་པའི་བརྡ་དོན་དུ་མཆེད་པར་འདོད། གཉན་དང་ཐོ་ཐེམ་ལ་འབྲེལ་བ་ཅི་ཡོད་ཅེ་ན། གཉན་ཞེས་པའི་བྱེ་བྲག་པའི་རིགས་ཀྱི་རི་དྭགས་སམ་ཡང་ན་གཅན་གཟན་མཐུ་ཅན་དེ་བོད་ཀྱི་རུས་རྒྱུད་ཚོ་བ་ཁག་ཅིག་གིས་ཐོ་ཐེམ་བྱས་མྱོང་བའི་རུས་མིང་གཉན་བྱུང་བར་འདོད། འོ་ན་ཁྱོད་ཀྱིས་ཐོ་ཐེམ་གྱི་སྐབས་སུ་མི་བརྗོད་པར་ད་ལྟ་ཁྱད་པར་གྱི་ལེ་ཚན་ནས་གླེང་དོན་ཅི་ཡིན་ཞེ་ན། གཉན་གྱི་རི་དྭགས་དེ་བོད་ཀྱི་ཐོ་ཐེམ་ལ་བཀུར་སྲོལ་ཡོད་ཀྱང་གོང་གི་འབྲུག་དང་ཁྱུང་སོགས་ལྟར་མ་བརྗོད་པ་ཡིན་ལ་ཁྱད་པར་གྱི་ལེ་ཚན་ནང་བཤད་དོན་ནི་གཉན་ཁོ་ན་གླེང་བས་དེར་རི་དྭགས་ཤིག་ལ་གོ་བ་ལེན་ཚུལ་དང་བོད་ཀྱི་རུས་ཤིག་ལ་གོ་བ་ལེན་ཚུལ། གཉན་ནད་སྐྱེལ་བའི་ས་བདག་ཅིག་ལ་གོ་བ་ལེན་ཚུལ་སོགས་འདུག་པས་ཐོ་ཐེམ་དང་གཅིག་མཚུངས་མིན་པའི་ཁྱད་པར་ཡོད་པས་སོ།།
མཇུག་བསྡུ་བ།
     ཆོས་ལུགས་རིག་པ་དང་མིའི་རིགས་རིག་པ། ལྷ་སྒྲུང་རིག་པ། མི་རིགས་རིག་པ་སོགས་རིག་གཞུང་མང་བོ་ཞིག་ལ་ཐོ་ཐེམ་རིག་གནས་ཀྱི་མ་ལག་བསྲིངས་ཡོད་པས། རིག་པ་གང་དེར་ཞིབ་འཇུག་དང་རྒྱུས་ལོན་གཏིང་ཟབ་ཅིག་བྱེད་དགོས་ན་ངེས་པར་དུ་ཐོ་ཐེམ་རིག་གནས་ཀྱི་སྐས་རིམ་འདི་བརྒྱུད་དགོས་ལ། ལྷག་པར་བོད་རིགས་ཤིག་ཡིན་ཚེ་རང་གི་ཡང་མེས་ཚོའི་ལྟ་སྤྱོད་རགས་བསྡུས་ཤིག་ཀྱིས་ཀྱང་ཤེས་དགོས་པ་བཞིན། གདོད་མའི་མིའི་རང་བྱུང་དད་མོས། སྲོག་ཆགས་དད་མོས། ཐོ་ཐེམ་དད་མོས་སོགས་ཚང་མར་རྒྱུས་ལོན་ངེས་ཅན་ཞིག་ཡོད་ན་ད་གཟོད་རིག་གནས་ཀྱི་རྐང་འཛུགས་ཐུབ་ཅིང་ཆ་ཚང་གི་ཤེས་བྱ་ཞིག་ལྡན་པས། འབྱུང་འགྱུར་བོད་མི་རིགས་ཀྱི་རིག་གནས་ལ་ལག་རྗེས་ཤིག་འཇོག་པར་ཡང་རྒྱབ་རྫོང་བརྟན་པོ་ཞིག་ཡོད་པར་འདོད་དོ།།
དཔྱད་གཞིའི་ཡིག་ཆ།
《ཆབ་འགག་རྟ་མགྲིན་གྱི་ཆེད་རྩོམ་ཕྱོགས་བསྒྲིགས》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།
《བོད་ཀྱི་ལྷ་སྒྲུང་སྐོར་གླེང་བ》འབལ་གཞུང་ཁྱུང་ཐར་རྒྱལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
《མདའ་དང་འཕང 》མཁར་རྨེའུ་བསམ་གཏན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།
《ཀྲུང་གོའི་བོད་ཀྱི་ཤེས་རིག》 ༡༩༩༧ལོའི་དེབ་༤

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...