སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རྒྱ་བོད་ལོ་ཙཱའི་ནད་ལྔ་དང་དེ་དག་གཞོམ་པའི་སྨན།
རྩོམ་པ་པོ། དཔའ་རིས་སངས་རྒྱས། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-9-21 8:25:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
རྒྱ་བོད་ལོ་ཙཱའི་ནད་ལྔ་དང་དེ་དག་གཞོམ་པའི་སྨན།
—དཔའ་རིས་སངས་རྒྱས་ཀྱི་ལོ་ཙཱ་དག་པ་རྟེན་གཞིར་རག་ཅེས་པའི་འཆད་ཁྲིད་ཟིན་བྲིས།
           ཟིན་བྲིས་ལེགས་སྒྲིག་མཁན། ཚེ་རིང་རྣམ་རྒྱལ།(ནུབ་བྱང)
     (གསལ་བཤད། ཕྱི་ཟླ་བཅུ་བའི་ཚེས་བཅུ་གཉིས་ཉིན་ལྷ་ས་གྲོང་ཁྱེར་ནས་ཕེབས་པའི་མི་སུམ་ཅུ་ཡས་མས་ཤིག་ལ་དགེ་རྒན་དཔའ་རིས་སངས་རྒྱས་ཀྱིས་ལོ་ཙཱ་དག་པ་རྟེན་གཞིར་རག་ལས་ཞེས་པའི་འཆད་ཁྲིད་ཅིག་བྱས། ཁོ་བོས་དུས་ཐོག་ཏུ་བཏབ་པའི་ཟིན་བྲིས་གཞིར་བཟུང་ཐོག་འབྲེལ་ཡོད་ཡིག་ཆ་བསློགས། སྒྲ་ལ་ཡང་ཡང་ཉན་ཏེ་རྒྱ་བོད་ལོ་ཙཱའི་ནད་ལྔ་དང་དེ་དག་གཞོམ་པའི་སྨན་ཞེས་ཁ་བྱང་རང་གིས་སྦྱར་ནས་འཆད་ཁྲིད་ཀྱི་ཟིན་བྲིས་འདི་གྲུབ། དཔའ་རིས་སངས་རྒྱས་ཀྱི་གསུང་འབུམ་ཀ་བ(རྒྱ་ཡིག)དང་བརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལ་དང་དོར་ཞི་གདོང་དྲུག་སྙེམས་བློས་བརྩམས་པའི། བརྡ་སྤྲོད་དོན་འགྲེལ་ཟབ་གནད་ཀུན་གསལ་གསུམ་དང་སྦྲགས་ཏེ་ཟིན་བྲིས་འདིརལྟོས་དང་། གོ་བ་བླ་ལྷག་གིས་འཕེལ་འགྱུར་རོ། ཟིན་བྲིས་འདི་དགེ་རྒན་གྱིས་རྒྱ་སྐད་ཀྱིས་ལམ་ནས་གསུངས་པས་རང་ལ་གོ་བསྐྱེད་ཚུལ་ལྟར་བྲིས་ཡོད་པས་རྩོམ་འདིར་ཚིག་གི་སྡེབ་མི་དག་པ་དང་། གཞུང་ལུགས་ཀྱི་གནད་དོན་འགལ་འཛོལ་བྱུང་ན་དགེ་རྒན་ལ་ཁག་དཀྲི་ས་མེད་དོ་ཞེས་ཟིན་བྲིས་ལེགས་སྒྲིག་མཁན་གྱིས་ཕུལ།)
     འཛམ་གླིང་གི་རིག་གནས་བརྗེ་རེས་བྱེད་པར། ངེས་པར་ལོ་ཙཱར་རྟེན་དགོས་པས། འཇིག་རྟེན་མིག་ཅེས་བརྗོད། འགྱུར་ལེགས་ན་མ་ཡིག་གི་ནུས་པ་ཇི་བཞིན་ཐོན་ཡང་། སྒྱུར་མི་དག་པ་ནི་བརྡ་འཕྲིན་ཁོ་ན་ཙམ་མོ། ལོ་ཙཱ་བྱེད་པར་མིང་ནི་སྲོག་རྩ་ཡིན་ལ། མིང་གི་ཁྲོད་ནས་བྱ་བའི་མིང་ནི་ཚིག་གི་དབང་པོ་ཡིན། མིང་ཕུན་སུམ་ཚོགས་ན། འགྱུར་གྱི་ཚིག་ལ་མཉེན་ཆ་ལྡན། སྐད་རིགས་གཉིས་ཀྱི་མིང་གི་གྲུབ་ཚུལ་དང་། ཚིག་གི་སྒྲིག་གཞིའི་ཁོག་ལོན་ན། འགྱུར་ཚད་ལྡན་ཡོང་ཐུབ། མདོར་ན། ལོ་ཙཱ་དག་པ། རྟེན་གཞིར་རག་ལས།
     འཆད་འགྱུར་གྱི་གནད་ལ། རྒྱ་བོད་ལོ་ཙཱའི་ནད་ལྔ་དང་། དེ་དག་གཞོམ་པའི་ཐབས།  འཕྲུལ་ཆས་སོགས་ལ་མིང་གསར་གདགས་པའི་ཆོས་ཉིད། དེ་མིན་གྱི་སིལ་མའི་སྐོར་བཅས་ཚན་པ་བཞི་ཡོད་དོ།།
དང་བོ། རྒྱ་བོད་ལོ་ཙཱའི་ནད་ལྔ།
     ནད་ཀྱི་གཉེན་པོ་སྨན་ཡིན་རུང་། ནད་པའི་ནད་ངོས་མ་ཟིན་ན། སྨན་ནི་རྐྱེན་ངན་གྲོགས་སུ་འགྱུར་བའང་ཡོད་པས། ཐོག་མར། བོད་རྒྱའི་ལོ་ཙཱའི་ཁྲོད་གནས་པའི་ནད་ངོས་ཟིན་རྒྱུ་གལ་ཆེ། མིག་སྔར་ངོས་ཟིན་པའི་ནད་ནི་རིགས་ལྔར་འདུས་ཏེ། གཅིག་ནི་བྱ་བའི་མིང་རྙོག་རྫོབ་ཏུ་འགྱུར་པ། གཉིས་ནི་དངོས་པོའི་མིང་ཡ་མ་ཟུང་དུ་འགྱུར་པ། གསུམ་ནི་ཚིག་གི་མགོ་རྟིང་སློག་པར་འགྱུར་པ། བཞི་ནི་ཚིག་གི་རྒྱུ་ལྷུག་པར་འགྱུར་པ། ལྔ་ནི་སྐད་ཆ་ལྡབ་ལྡིབ་ཏུ་འགྱུར་པ་བཅས་སོ།
གཅིག བྱ་བའི་མིང་རྙོག་རྫོབ་ཏུ་འགྱུར་པ།
     འགྱུར་ཡིག་ཁྲོད་ཀྱི་བྱ་བའི་མིང་ལ་བལྟ་སྲོལ་མེད་པའི་རྐྱེན་ནི། རྒྱ་བོད་སྐད་གཉིས་ཀྱི་བྱ་བའི་མིང་གྲུབ་ཚུལ་གཏན་ནས་མི་འདྲ་བར། བོད་ཡིག་ལ་བདག་དང་འབྲེལ་བའི་བྱ་བ་སྟེ། བྱེད་པའི་རྩོལ་བ་དང་། གཞན་དང་འབྲེལ་བའི་བྱ་བ་སྟེ། ལས་ཀྱི་འགྱུར་བ། བདག་གཞན་གང་དུའང་མ་འབྲེལ་བའི་བྱ་བ་སྟེ། ངང་གིས་བྱུང་བ་བཅས་རིགས་གསུམ་མཆིས་ཤིང་། བདག་དང་འབྲེལ་བས་བྱེད་པས་ལས་དང་། གཞན་དང་འབྲེལ་བས་བྱ་བའི་ལས་དང་། བདག་གཞན་གང་དུའང་མ་འབྲེལ་བ་ནི་ངང་གིས་བྱུང་བའི་སྒྲ་བཅས་སོ་སོའི་འཇུག་ཡུལ་མི་མཐུན། རྒྱ་ཡིག་ལ་ཡང་བྱ་བའི་མིང་རིགས་འདི་གསུམ་པོ་ཡོད་ཀྱང་། བོད་ཡིག་དང་མི་མཐུན་པར་ཁྱད་པར་ཆེན་པོ་ཡོད། ཁྱད་པར་འདི་མ་ཤེས་ན། རྒྱ་བོད་ལོ་ཙཱར་འཇུག་ཐབས་མེད། ༡རྒྱ་ཡིག་ཁྲོད་དུ། སྒྲ་ཚིགས་རྐྱང་བའི་བྱ་ཚིག་གཅིག་བྱ་བའི་མིང་རིགས་གསུམ་པོར་འཇུག་རུང་སྟེ། དཔེར་ན། 开门(使动)ཡི开ནི་བདག་དང་འབྲེལ་བའི་བྱ་བའི་མིང་། 门开了(受动)ཡི开ནི་གཞན་དང་འབྲེལ་བའི་བྱ་བའི་མིང་། 花开了(自动)ཡི开ནི་བདག་གཞན་གང་དུའང་མ་འབྲེལ་བའི་བྱ་བའི་མིང་ཡིན། བོད་སྐད་དུ་དེ་དག་སོ་སོར་སྒྲ་མི་འདྲ་བས་མཚོན་དགོས་ཏེ། སྒོ་ཕྱེ་ཡི་ཕྱེ་ནི་བདག་དང་འབྲེལ་བ། སྒོ་ཕྱེད་ནི་གཞན་དང་འབྲེལ་བ(དག་ཡིག་གསར་སྒྲིག་ཏུ་བྱེད་མེད་ལས་ཚིག་ཡིན་ཞེས་བྲིས་འདུག)། མེ་ཏོག་བྱེ་ནི་བདག་གཞན་གང་དུའང་མ་འབྲེལ་བ་ཡིན་པས། རྒྱའི་开གཅིག་པུ་བོད་ཡིག་ཏུ་ཕྱེ་དང་ཕྱེད། བྱེ་བཅས་མི་མཐུན་པ་གསུམ་དུ་བསྒྱུར་དགོས། ༢རྒྱའི་སྐད་ཀྱི་ཁྲོད་དུ། སྒྲ་ཚིགས་རྐྱང་བ་ཅན་གྱི་བྱ་བའི་མིང་ཤིན་ཏུ་མང་བས། བརྗོད་པ་ཇེ་གསལ་ཏུ་གཏོང་ཕྱིར། བྱ་བའི་མིང་གཉིས་སྦྱར་ཏེ། སྒྲ་ཚིགས་གཉིས་ཅན་གྱི་བྱ་བའི་མིང་བྱུང་། དཔེར་ན། སྒྲ་ཚིགས་རྐྱང་བ་ཅན་གྱི་བྱ་བའི་མིང་发་ལྟ་བུར་མཚོན་ན། དེང་རབས་རྒྱ་སྐད་ཚིག་མཛོ་ཁྲོད་བཀོལ་ཐབས་མི་མཐུན་པ་བརྒྱ་དང་ལྔ་བཅུ་ལྷག་བཀོད་འདུག་ལ། དེ་དག་སྒྲ་ཚིགས་ཟུང་ཅན་དུ་མ་བསྒྱུར་ན། 发གཅིག་པུས་དོན་བསལ་མི་ནུས་པས། སྒྲ་ཚིགས་གཉིས་ཅན་དུ་བསྒྱུར་ཡོད། 发表、发抖(འཆད་ཁྲིད་སྐབས་སུ抖擞ཞེས་བརྗོད་ཀྱང་། 发抖ཡི་དོན་བཤད་པ་ཡིན་ནོ)、发红གསུམ་གྱི་发ནི་རིམ་བཞིན། བདག་དང་འབྲེལ་བའི་བྱ་བ། གཞན་དང་འབྲེལ་བ། བདག་གཞན་གང་དུའང་མ་འབྲེལ་བ་བཅས་ལ་འཇུག གལ་ཏེ། བྱ་ཚིག་འདི་དག་གི་སྒྲ་ཚིགས་ཕྱི་མ་表དང་抖、红སོགས་མེད་ན། 发གཅིག་པུས་རང་ངོས་ནས་བདག་གཞན་འབྲེལ་དང་མ་འབྲེལ་སྟོན་མི་ནུས། ལོ་ཙཱ་བྱེད་དུས། གནད་འདི་མ་ཟིན་པར། ཚིག་གི་ངོ་གདོང་ལྟར་བསྒྱུར་ན། 发ལ་སྒྱུར་ཐབས་གཅིག་མ་གཏོགས་མེད་པས། འཇུག་དོན་སོ་སོར་ནོར་བའམ་སྟོར་བར་འགྱུར་རོ། ༣མཚམས་རེར་རྒྱ་ཡིག་གི་མིང་ལ་འགྱུར་བ་མེད་ཀྱང་། སྐབས་དོན་ལྟར་མིང་གི་ངོ་བོ་འགྱུར་བཞིན་ཡོད་དེ། དཔེར་ན། 发展ལྟ་བུ་ནི། བདག་དང་འབྲེལ་བའི་མིང་ཡིན་ལ་གཞན་དང་འབྲེལ་བའི་མིང་དུ་འགྱུར་བ་ཡང་ཡོད་དེ། 牛羊发展(ནོར་ལུག་འཕེལ་བ)དང་发展牛羊(ནོར་ལུག་སྤེལ་བ)གཉིས་ཀྱི་发展སྔོན་མ་ནི་གཞན་དང་འབྲེལ་ལ། 发展ཕྱི་མ་ནི་བདག་དང་འབྲེལ་བའི་མིང་ཡིན། འོན་ཀྱང་། བོད་ཡིག་ཏུ་དེ་གཉིས་ལ་ནོར་ལུག་དར་སྤེལ་ཞེས་བདག་གཞན་ཁྱད་པར་མི་ཕྱེ་བར་བསྒྱུར། ལྷག་པར་དུ། ཚིག་གདོང་ལྟར་དར་སྤེལ་ཞེས་བསྒྱུར་བ་ནི་སྐད་ཀྱི་གད་སྙིགས་ཡིན་ཏེ། དར་ནི་ངང་གིས་བྱུང་བ་དང་། སྤེལ་བ་ནི་གཞན་གྱིས་བྱེད་པ་ཡིན་པས། དེ་གཉིས་ལྷན་དུ་སྦྱོར་སྲོལ་མེད། དེ་ན། བྱ་བའི་མིང་ལྷན་དུ་སྦྱོར་སྲོལ་མེད་དམ་ཞེ་ན། ཡོད་དེ། རིགས་མཐུན་པའི་བྱ་བའི་མིང་གཉིས་ལྷན་དུ་སྦྱར་ཏེ། དངོས་པོའི་མིང་དུ་འགྱུར་ཏོ། དཔེར་ན། བཟའ་བཏུང་། བསླབ་སྦྱང་། དར་རྒྱས་ལྟ་བུའོ། ཡང་ཁ་ཤས་ཀྱིས། མ་འོངས་གཟུང་དང་། འདས་པ་བྱས། ད་ལྟ་འཛིན་གསུམ་ལྷན་དུ་སྦྱར་ཏེ། འཛིན་གཟུང་བྱས་པ་ལྟ་བའི་མིང་གསར་གཏོད་བྱེད་བཞིན་འདུག་མོད། ཤིན་ཏུ་མི་རུང་སྟེ། དུས་གསུམ་མཉམ་གཅིག་ཏུ་འཛོམས་མི་སྲིད་པ་ནི་བྱིས་པས་ཀྱང་ཤེས་སོ། ད་དུང་དར་སྤེལ་བྱེད་པ་སོགས་ནི་ངེས་པར་དོར་འོས་པའི་རིགས་སོ། ༤བདག་དང་འབྲེལ་བའི་བྱ་བའི་མིང་ལ་དུས་གསུམ་ཡོད། འོན་ཀྱང་། གཞན་དང་འབྲེལ་བའི་བྱ་བའི་མིང་མཐོང་ལྟ་བུ་ལ་དུས་གསུམ་མེད། མི་ལ་བདག་གཞན་གང་དུའང་མ་འབྲེལ་བའི་བྱ་བའི་མིང་སྦྱོར་དུས། སྐུལ་ཚིག་ཡོད་པ་མ་གཏོགས། གཞན་ལ་མེད་དོ། དཔེར་ན་ཉི་མ་ཤར་ལ་སྐུལ་ཚིག་སྦྱོར་བའི་དཔེ་མེད། རྒྱའི་སྐད་ཡིག་ཁྲོད་དུ། དུས་གསུམ་གྱི་གཟུགས་མཚོན་པ་མེད་ལ། བྱ་བ་རིགས་གསུམ་པོའང་གསལ་པོར་ཕྱེ་མེད་པས། ཁོ་ཚོས་སྐད་ཀྱི་གོམས་སྲོལ་ལྟར་བེད་སྤྱོད་གཏོང་བཞིན་ཡོད་དོ། གལ་ཏེ། བོད་ཡིག་གི་བྱ་བ་རིགས་གསུམ་ལ་ངེས་ཤེས་གསལ་བོ་མ་ཐོན་པར། རྒྱ་ཡིག་བསླབས་ཤིང་ལོ་ཙཱ་བྱེད་དུས། རྒྱའི་སྒྲ་ཚིགས་ཟུང་ལྡན་གྱི་བྱ་བའི་མིང་གི་དོན་བསལ་མི་ཐུབ་པས། ཡི་གེ་དང་ཡི་གེ་ཐོད་གཏུག་པའམ་བྱ་བའི་མིང་ལྷན་དུ་སྦྱོར་དགོས་པའི་སྡུག་ལ་གཏད་པ་རེད། ད་དུང་དེས་ཀྱང་གསལ་ཁ་མི་ཐོན་ན། བྱེད་པ་རེ་བཞག་སྟེ་སྒྲ་ཚིགས་གསུམ་གྱི་བྱ་བའི་མིང་བཟོས། འདི་ལྟར་བོད་སྐད་དཀྲིགས་ཤིང་ཡ་མ་ཟུང་དུ་བསྒྱུར་ཏོ། མདོར་ན། བྱ་བའི་མིང་ནི་སྐད་ཀྱི་དབང་བོ་ལྟ་བུ་ཡིན་ལ། ལེགས་པར་སྤྱོད་ཤེས་དགོས།
གཉིས། དངོས་པོའི་མིང་ཡ་མ་ཟུང་དུ་འགྱུར་བ།
     ལོ་ཙཱ་བས་ཡི་གེ་དང་ཡི་གེ་ཐོད་གཏུག་སྟེ། གོ་རིམ་ལྟར་བསྒྱུར་བས། བོད་སྐད་ཀྱི་མིང་གི་ཁྱད་ཆོས་ཤོར་ཏེ། དངོས་པོའི་མིང་ཡ་མ་ཟུང་དུ་འགྱུར་ཏོ། དཔེར་ན། 母语་ནི་བོད་སྐད་དུ་ཕ་སྐད་ཡིན་མོད། དེང་སང་ཡི་གེའི་ངོ་གདོང་ལྟར་མ་སྐད་ཅེས་བསྒྱུར། 手写体བྲིས་མ་ལ་ལག་བྲིས་གཟུགས་དང་། 印刷体དཔར་མ་ལ་པར་སྐྲུན་རྫས། 小说རྟོགས་བརྗོད་ལ་བརྩམས་སྒྲུང་། (བྲིས་པ་ཚང་མ་བརྩམས་པ་མི་ན་ཅི། )主编སྒྲིག་མཁན་གཙོ་བོའི་བསྡུས་མིང་སྒྲིག་གཙོ་ལ་གཙོ་སྒྲིག་པ(པ་ནི་བདག་སྒྲ་མིན་ལ། གཙོ་ནི་སྒྲིག་ཐབས་ཡོད་དམ་ཅི། གཙོ་བོ་ནི་སྒྲིག་པ་ཡིན་ཞེས་ན་མ་ཡིག་དང་རིང་དུ་གྱེས། )职称བསྐོས་ཐང་ལ་གོ་གནས(གོ་གནས་ནི་地位ཡིན)资格འཇོན་ཐང་ལ་ཐོབ་ཐང་(འབྲེལ་སྒྲ་བྱེད་སྒྲའི་ཐོབ་ཐང་ཟེར་རམ་ཅི)待遇གསོལ་ཐང་ལ་འཚོ་སྐྱོང(ཁྲི་སྲོང་ལྡེ་བཙན་གྱི་དུས་སུ། ཞུས་ཆེན་དང་བློན་པོའི་གསོལ་ཐང་འདྲ། འཚོ་སྐྱོང་ནི་གསོ་བའི་དོན་ཡིན)后果ཕྱིས་འབྱུང་ལ་མཇུག་འབྲས(སྤྱིར་མཇུག་འབྲས་ནི་ཁྱི་སྤྱང་སོགས་ཀྱི་མཚན་མ་ཡིན་ནོ། བོད་ཀྱི་སྐད་དང་ཡི་གེར་རྒྱུས་མེད་པའི་རྟགས་ཁོ་ནའོ)基本原则གནས་ལུགས་རྩ་བ་བོ་ལ་རྩ་བའི་རྩ་དོན(རྩ་གཉིས་ཀྱིས་གོ་ཅི་ཞིག་ཆོད)འདི་དག་ནི། བོད་སྐད་ཀྱི་བེམ་པོར་རྒྱ་སྐད་ཀྱི་གདོན་ཞུགས་པ་ཡིན་ནོ། གཞན་འཇལ་བྱེད་ཀྱི་མིང་ཁ་ཤས་དཔེར་ན། 高度དཔངས་ལ་མཐོ་ཚད། 地位གོ་གནས་ལ་གོ་འཕང་། 海拔མཚོ་འཕང་ལ་(མཚོ་དཔངས་བརྗོད་བདེར་བསྒྱུར་བ)རྒྱ་མཚོའི་ངོས་ལས་མཐོ་ཚད། 厚度རྔམས་ལ(ནུབ་ཕྱོགས་གངས་རིའི་རྔམས་མཐུག་ས)མཐུག་ཚད། 深度ཟབས་ལ་ཟབ་ཚད། 长度ཐག་ལ་རིང་ཚད། 体积གཏོས་ལ(རི་བོའི་གཏོས་དང་མཉམ་པ)བོངས་ཚད། 重量ལྕི་ལ་ལྗི་ཚད་བཅས་བོད་སྐད་ལ་ཡོད་པའི་མིང་རྣམས། ཚེག་བར་ཉུང་ལ་ངག་ལ་འབྱོར་མོད། རྒྱ་ཡིག་ལ་སྟུན་ཅི་ཐུབ་བྱེད་པ་འདི་ནི། སྡུག་ཐང་ན་ཡོད་པ་ཐོད་ལ་བླངས་ནི་རེད།
     མི་ཁ་ཤས་ལ་རིག་གནས་ཡིད་རྟོན་འཛིན་པ་མེད་པས། ལོ་ཙཱར་མ་རྟེན་པར་བོད་རང་ལ་མིང་མེད་པར་འདོད་པའི་འཁྲུལ་སྣང་འདུག དེ་ནི། སྐད་ཀྱི་སྐྱོན་མ་ལགས་ཏེ། ཁོས་སྐད་ཡིག་ལེགས་པོ་མི་ཤེས་པའི་གྲིབ་ཀྱིས་བསྐྱེད་པ་ཁོ་ནའོ། མེས་པོ་དག་ལས་བརྒྱུད་པའི་གསོན་ཉམས་ཅན་གྱི་མིང་ཤིན་ཏུ་མང་མོད། དེ་དག་ལ་ཡར་བལྟ་མི་བྱེད་པར། དེང་སང་བཟོས་པའི་མིང་སྦྱངས་པས། སྐད་ཆའི་སྐུད་སྣེ་གཉིས་སུ་གྱེས་བཞིན་འདུག་སྟེ། རྒན་པ་དག་གིས་གསར་བུའི་སྐད་མི་གོ་བ་དང་། གསར་བུ་རྣམས་ཀྱིས་མེས་པོའི་གཞུང་མི་གོ་བའི་སྣེ་གཉིས་སུ་གྱེས། འདི་ལྟར་སོང་ན། ཟུར་ཆག་གི་སྐད་དུ་གྱུར་ཏེ། བོད་སྐད་ནི་སྐད་རིགས་ཕུང་གསུམ་པའམ་ཉམས་རྒྱུར་ཉེན་ཁ་ཆེ་བའོ། །
གསུམ། ཚིག་གི་མགོ་རྟིང་སློག་པར་འགྱུར་པ།
     རྒྱ་ཡིག་གི་ཚིག་རིས་ཇི་བཞིན་བོད་ཡིག་ཏུ་བསྒྱུར་བས། ཚིག་གི་མགོ་རྟིང་སློག་པའི་གོལ་ལམ་དུ་ཞུགས་ཏེ། བརྡ་སྤྲོད་མི་ཐུབ་པར་གྱུར། དཔེར་ན། 三好学生ལ་ཚིག་རིས་ལྟར། གསུམ་དང་བཟང་། སློབ་མ་བཅས་གཞི་གཅིག་ཏུ་སྦྱར་ནས་གསུམ་བཟང་སློབ་མ་ཞེས་བསྒྱུར། ཡིག་རྨོངས་པའམ་རྒྱ་སྐད་མི་གོ་བའི་མི་སེར་ཞིག་ལ་མཚོན་ན། གསུམ་བཟང་ནི་སློབ་མ་ཞིག་གི་མིང་ཡིན་ནམ་སྙམ་པ་ལས། གོ་བ་གཞན་བསྐྱེད་རྒྱུ་མེད་དོ། བོད་སྐད་ལ། སློབ་མ་བཟང་གསུམ་ཅན་ཞེས་བསྒྱུར་དགོས། 广大群众ལ་ཡང་ཚིག་རིས་ལྟར། རྒྱ་ཆེ་བའི་མང་ཚོགས་ཞེས་བསྒྱུར། ཡིན་རྒྱུ་ནི། མང་བྱིངས་རྒྱ་ཆེ་བའི་དོན་རེད(གེ་སར་སྒྲུང་དུ་ཡོད་པར་གསུངས། )ད་དུང་། 仁慈的母亲ནི་དྲིན་ཆེ་ཨ་མར་བསྒྱུར། བོད་སྐད་དངོས་ནི་ཨ་མ་དྲིན་མོ་ཆེ་རེད། 大力发展经济ནི་སྟོབས་ཤུགས་ཆེན་པོས་དཔལ་འབྱོར་དར་སྤེལ་བྱེད་པ་ཞེས་བསྒྱུར། བོད་ཡིག་ཏུ། དཔལ་འབྱོར་ཤུགས་དྲག་གིས་སྤེལ་བ་ཞེས་བསྒྱུར་དགོས། རྒྱ་སྐད་ལྟར་ཡི་གེ་རེ་རེ་བཞིན་བསྒྱུར་ཏེ། སྔ་ཕྱིའི་གོ་རིམ་ལ་སྣང་མེད་དུ་གཡུགས་ན། བོད་སྐད་ལ་མགོ་རྟིང་སློག་པའི་ཚིག་ཏུ་གྱུར་ཡོད་པ་མང་བས། གཟབས་དགོས་པར་སྙམ།
བཞི། ཚིག་གི་རྒྱུ་ལྷུག་པར་འགྱུར་པ།
     ད་ལྟའི་འགྱུར་ཡིག་(བོད་ཡིག)མ་ཡིག(རྒྱ་ཡིག)ལས་ལྡབ་འགྱུར་གྱིས་མང་སྟེ། རྒྱ་ཡིག་ཏུ་ཚེག་བར་ལྔ་མ་གཏོགས་མེད་ཀྱང་། བོད་ཡིག་ཏུ་སྒྱུར་དུས། ཚེག་བར་བཅུ་འམ་དེ་ལས་མང་། སྤྱིར་རྒྱ་ཡིག་ཁྲོད། ཟུང་ལྡན་སྒྲ་ཚིགས་མང་ལ། བོད་ཡིག་ཏུ་ཉུང་བས། ལོ་ཙཱ་དག་པ་ལ། བོད་ཡིག་གི་གྲངས་རྒྱ་ཡིག་ལས་ཉུང་བའམ་མང་ཡང་ཚེག་བར་གཅིག་གཉིས་ཙམ་མོ། ཡི་མུག་པ་ཞིག་ལ། ད་ལྟ་དེ་ལས་ལྡོག་འདུག འདིས། སྐད“འགྲོགས་བདེ་གཤིབ་བདེ་”ཡིན་དགོས་པའི་ཆོས་ཉིད་སྣང་མེད་དུ་གཡུག་པ་རེད། དཔེར་ན། 时髦货ལ་རེ་ཞིག་དར་བའི་དངོས་པོ་ཞེས། མ་ཡིག་སྒྲ་ཚིགས་གསུམ་ཅན་དེ། བོད་ཡིག་ཏུ་ཚེག་ཁྱིམ་དྲུག་ལ་བཀྲམས། བོད་ཡིག་ལ་ཟོང་ཨ་གསར་ཅན་དུ་བསྒྱུར་ན། བོད་ཀྱི་སྐད་དང་མཐུན། ངག་ལ་བདེ། ཚེག་བར་ཡང་ཉུང་བ་ཡིན་ནོ། ད་དུང་། 抱头鼠窜ལ་ལག་པར་མགོ་བཀབ་ནས་བྲོས་འགྲོ(བོད་ཡིག་ཏུ། སྡར་མ་ཝ་བྲོས)人工流产མི་ཡི་ཐབས་ཀྱིས་ཕྲུ་གུ་ཤོར་དུ་འཇུག་པ། (བོད་ཡིག་ཏུ། སྲིད་བཤིག་པ)任何时候都不能放松学习ནམ་ཚོད་ཡིན་རུང་སློབ་སྦྱོང་བྱེད་པ་ལྷོད་གཡེང་གཏོང་མི་ཉན། (བོད་ཡིག་ཏུ། ནམ་ཡང་བསླབ་བྱ་ལྷོད་མི་ཉན། )གོང་ལས་མཐོང་གསལ། རྒྱ་བོད་ལོ་ཙཱ་ཡང་དག་ན། ཚེག་བར་དོ་མཉམ་པའམ་གཅིག་གཉིས་ཀྱི་ཁྱད་པར་ཡོད་ཀྱང་། ཆེན་པོ་མེད་དོ། ད་ལྟ། གནད་མི་ལོན་པ་དག་གིས། བསྒྱུར་མ་ཤེས་པར། རྨུ་ཐག་འཐེན་འཐེན་བྱེད་འདུག
ལྔ། སྐད་ཆ་ལྡབ་ལྡིབ་ཏུ་འགྱུར་པ།
     འདི་ནི། ལོ་ཙཱ་བྱེད་དུས། མདའ་འཕངས་པ་འབེན་ལ་མ་ཕོག་པའམ། ལྡོག་པའི་ལམ་དུ་འཕྱན་པའི་རིགས་ཡིན། དཔེར་ན། 清除ནི་གཙང་སེལ་བྱེད་པ་ལྟར་བསྒྱུར་ན། གཙང་མ་མེད་པར་བྱེད་པ་སྟེ། གཙང་མ་དོར་སྟེ། སྙིགས་བཞག་པའོ། 阅文件ཡིག་ཆ་ལྟ་ཀློག་བྱེད་པ(ཀློག་པའི་སྐབས་སུ་བལྟ་དགོས་པ་ཤུགས་ལ་བསྟན་པས། ཡིག་ཆ་ཀློག་པ་ཞེས་བསྒྱུར་བའམ། ལྟ་བ་གཙོ་བོ་ཡིན་ན། ཡིག་ཆ་ལྟ་བ་ཞེས་སྒྱུར། )痴人说梦འགྲུབ་རེ་མེད་པའི་རྨི་ལམ། (没有成功希望的梦བོད་ཡིག་ཏུ། གླེན་པའི་རྨི་བཤད། )找到渡口,好过河གྲུ་ཁ་བཙལ་ནས་བརྙེད་ན་ཆུ་བོར་བརྒལ་བདེ་པ་རེད། (དོན་སྤྱི་ཙམ་ཡོང་འདུག་མོད། བོད་ཡིག་ཏུ། རབ་བརྙེད་ན་ཆུ་བོར་བརྒལ་བདེ)弃之如敝履(敝屣)ལྷམ་ཧྲུལ་ལྟར་རྩིས་མེད་དུ་གཡུག་པ། (བོད་ཡིག་ཏུ། ལྷམ་ཧྲུལ་འཕངས་འདྲ)ལྟ་བུའོ། །
     ལོ་ཙཱ་བྱེད་དུས། མེད་ལ་སྒྲོ་འདོགས་བཅད། ཡོད་ལ་བསྐུར་འདེབས་སྤངས་ཏེ། ཏིལ་ལ་ཏིལ་མར་གྱི་ཚུལ་ཡོང་དགོས། གོང་གི་གནད་དོན་འདི་དག་ནི། མ་ཡིག་གི་ནང་དོན་དང་། གཞན་གྱིས་གོ་བ་ལོན་མིན། བོད་ཀྱི་སྐད་དང་མཐུན་མིན་ལ་མི་བལྟ་བར། ཡི་གེའི་རིས་ཙམ་གཙོ་བོར་བཟུང་སྟེ། དེར་ཐོད་གཏུག་ཇི་ཐུབ་བྱེད་པ་ལས་བྱུང་བའི་ངན་འབྲས་རེད། མདོར་ན། གོང་གི་གནད་དོན་ལྔ་ནི། བརྗོད་དོན་གཙོ་བོར་མི་འཛིན་པར། ། ཡི་གེ་གཏུགས་ཏེ་བསྒྱུར་ལས་བྱུང་། ། (只顾字面对等,不顾意义对等)
གཉིས་པ།   རྒྱ་བོད་ལོ་ཙཱའི་ནད་ལྔ་གཞོམ་པའི་ཐབས་བཤད་པ།
     རྒྱ་བོད་ལོ་ཙཱ་ནད་ལྔ་གཞོམ་པའི་ཐབས་བཤད་ལ། ཐོག་མར་ལོ་ཙཱའི་རྩ་དོན་དང་། གཉིས་སུ་བྱེ་བྲག་ཏུ་རྗོད་པའོ། །
གཅིག ལོ་ཙཱའི་རྩ་དོན་སྤྱིར་རྗོད་པ།
     སྤྱིར་ལོ་ཙཱའི་རྩ་དོན་ནི། དོན་གཅིག་པ་དང་ལུས་མཚུངས་པ། ཁ་གསལ་བ། བརྗོད་བདེ་བ་བཅས་བཞི་རུ་འདུས། (内容一致,语体相似,表达明确,语气流利。)དོན་གཅིག་པ་ནི། མ་ཡིག་གི་ནང་དོན་དང་མཐུན་པ། ལུས་མཚུངས་པ་ནི། མ་ཡིག་ རྩོམ་ལུས་གང་ཡིན་པ་འགྱུར་ཡང་དེ་དང་མཚུངས་པ། ཁ་གསལ་བ་ནི། དོན་སྟོན་པ་རབ་རིབ་མིན་པ། བརྗོད་བདེ་བ་ནི། ངག་ལ་འབྱོར་ཞིང་བདེ་པའོ། མ་ཡིག་ཚད་ལྡན་ལ། དོན་གྱིས་ཕྱུག་པ་དང་ལུས་མཛེས་པ། བརྗོད་པ་གསལ་བ། ཀློག་བདེ་བའི་ཁྱད་ཆོས་འཛོམས་ཤིང་། འགྱུར་ནི་མ་ཡིག་ལ་སྟུན་དགོས་པས། མ་ཡིག་གི་ཁྱད་ཆོས་འདི་བཞི་ནི། ལོ་ཙཱ་བྱེད་དུས། བརྩི་དགོས་པའི་རྩ་དོན་བཞི་ཡང་ཡིན་ནོ། གོང་གི་ཁྱད་ཆོས་དག་འཛོམས་ན། ཚད་ལྡན་གྱི་འགྱུར་ཏུ་གཏོགས་སོ། དེ་བས། ཆབ་སྲིད་དང་རྩོམ་རིག ཚན་རྩལ་སོ་སོར་ལོ་ཙཱའི་རྩ་དོན་ཟེར་བ་ཞིག་དགོས་དོན་མེད་པར། སྤྱིའི་རྩ་དོན་བཞི་ལ་བསྟེན་ནས། གཅིག་ཤེས་ཀུན་གྲོལ་བྱ་དགོས།
གཉིས། ཚིག་སྒྱུར་བའི་ཐབས།
     འདི་ལ་ཟློག་སྒྱུར་དང་རིམ་སྒྱུར་གཉིས། ཚིག་གི་བྱ་བྱེད་ལས་གསུམ་དང་སྐོང་སྟངས་ངེས་གསུམ་གྱི་སྐོར། ལྟེ་བའི་མིང་བཅས་ཁག་ལྔ་ཡིས་གྲུབ་བོ། །
     ༡ ཟློག་སྒྱུར་ནི། མིང་རིགས་བཞི་ནི་སྤྱོད་པའི་དུས། ། རྒྱ་སྐད་བྱ་མིང་འཇལ་བྱེད་དང་། ། ཁྱད་ཆོས་དངོས་མིང་རིམ་བཞིན་སྦྱོར། ། བོད་ཀྱི་སྐད་ལ་གོ་རིམ་ཟློགས། ། (四类实词来造句,汉语动数形名排,藏语词序恰相反)དཔེར་ན། 骑着A一匹B枣骝C马D。A动词(骑着)+B数量词(一匹)+C形容词(枣骝)+C名词(马)(ABCD)ཞེས་པ། རྟ་རྐྱང་རྐྱང་ཞིག་བཞོན་ཞེས་མིང་གི་གོ་རིམ་ཟློག་སྟེ། DCBAལྟར་བསྒྱུར་དགོས། 放牧牛羊。ནོར་ལུག་འཚོ། 长满了绿油油的禾苗ལྗང་བུ་སྔོ་སང་ངེར་ཀུན་ཏུ་སྐྱེས་བྱུང་། 砍断了三株又粗又高的古树སྡོང་རྒན་སྦོམ་ཞིང་མཐོ་བ་གསུམ་བཅད་ནས་ཆོད་པ་ལ་སོགས། ལོ་ཙཱ་བྱེད་དུས་གོ་རིམ་བཟློག་སྟེ་བསྒྱུར་དགོས། དོན་དངོས་ལག་ལེན་ཁྲོད་དུ། 著了一部长篇小说ནི་རིང་བའི་བརྩམས་སྒྲུང་གཅིག་བྲིས་ལྟ་བུར་བསྒྱུར་ཏེ། ཚིག་གི་གོ་རིམ་འཁྲུག་པར་མ་ཟད། 著དང་小说གཉིས་སོ་སོ་བྲིས་དང་བརྩམས་སྒྲུང་དུ་བསྒྱུར་བ་དོན་མི་གོ་བས། རྟོགས་བརྗོད་རིང་མོ་ཞིག་བརྩམས་ཞེས་བསྒྱུར་དགོས་པ་ཤེས་པར་བྱའོ། །
     ༢ རིམ་སྒྱུར་ནི། རྒྱ་ཡིག་ལྡོག་བརྗོད་ལ། ། བོད་ཡིག་རིམ་པར་བརྗོད། ། ཚིག་གི་གོ་རིམ་ཡང་། དེ་བཞིན་སྒྱུར་བར་བྱ། (汉语逆句(倒装句),藏语顺句,语序相同。)དཔེར་ན། 他用刀子把纸裁ཁོང་གིས་གྲི་གུས་ཤོག་བུ་དྲས། 树叶被虫子吃光了ཤིང་ལོ་འབུ་ཡིས་ཟས་ཚར། 劳动者的力量把大地变得多么美!ངལ་རྩོལ་བའི་སྟོབས་ཤུགས་ཀྱིས་ས་གཞི་བསྒྱུར་ནས་ཇི་འདྲ་མཛེས་ཨང་ལྟར། ཚིག་གི་ཁྲོད་དུ་མིང་གི་སྔ་ཕྱི་དང་ཚིག་ཕྲད་སོགས་མ་ཡིག་བཞིན་བསྒྱུར་རུང་།
     ༣ ཚིག་གི་བྱ་བྱེད་ལས་གསུམ་སྦྱོར་ཐབས། (འཆད་ཁྲིད་སྐབས་སུ་ཚིག་གི་གྲུབ་ཆའི་སྐོར་ཅེས་གསུངས་ཀྱང་། དཔེ་བཀོད་སྣོལ་སྒྱུར་ཡང་ཡིན་པས། དེ་ལུགས་ཐུགས་འཇགས་འཚལ)
བོད་ཡིག་གི་ཚིག་ལ་རྩ་བ་གསུམ(བྱ་བྱེད་ལས་གསུམ主干成分主谓宾)དང་ཡན་ལག་གསུམ支干成分(སྐོང་སྟངས་ངེས་གསུམ支干成分定状补)སྟེ། གྲུབ་ཆ་དྲུག་ཡོད། ཚིག་གི་གྲུབ་ཆའི་རྩ་བ་གསུམ་གྱི་སྔ་ཕྱི་ནི། རྒྱ་ཡིག་བྱེད་བྱ་ལས་གསུམ་དང་། བོད་ཡིག་བྱེད་ལས་བྱ་བཞིན་ནོ། (汉语顺序主谓宾,藏语顺序主宾谓)དཔེར་ན། 洛桑看书བློ་བཟང་གིས་དཔེ་ཆ་བལྟ། 学者掌握着知识宝库མཁས་པས་ཡོན་ཏན་མཛོད་འཛིན་པ། 以理推断问题རིགས་པས་དོགས་པ་གཅོད་ལྟ་བུའོ། གོང་གི་དཔེ་བརྗོད་ལས། རྒྱ་ཡིག་ཁྲོད་དུ། བྱེད་པ་དང་བྱ་བ། ལས་བཅས་རིམ་བཞིན་སྦྱོར་དགོས་ཤིང་། བོད་ཡིག་ལ། ལས་དང་བྱ་བ་གཉིས་ཀྱི་སྔོ་ཕྱི་སྣོལ་ཏེ། བྱེད་པ་དང་ལས། བྱ་བ་བཅས་རིམ་བཞིན་སྦྱོར་བར་བྱ།
     བོད་ཡིག་གི་ཁྲོད་དུ། བྱ་བ་ལ་བྱེད་པའི་ལས་དང་བྱ་བའི་ལས། བྱེད་པ་ལ་གཙོ་ཕལ་གཉིས། ལས་ལ་བྱ་བའི་གཞི་དང་བྱེད་པའི་ཡུལ་བཅས་གཉིས་ཚན་གཉིས་ཚན་ཡོད་དོ། རྒྱ་ཡིག་གི་ཁྲོད་དུ། དེ་དག་རེ་རེ་བཞིན་དབྱེ་བ་ནི་མེད་པར་སྙམ།
     བོད་ཡིག་གི་རྨང་གཞི་ནི་སྒྲ་རིག་པ་དང་། སྒྲ་རིག་པའི་རྩ་བ་ནི་རྟགས་འཇུག་ཡིན། རྟགས་འཇུག་གི་བརྗོད་བྱ་ནི་བྱ་ཚིག་སོགས་ཡིན་པས། རྟགས་འཇུག་སློབ་རྒྱུ་གལ་ཆེ། སུམ་ཅུ་བའི་བརྗོད་བྱ་ནི། ཚིག་གི་གྲུབ་ཆའི་ཕྲད་དང་རྣམ་དབྱེ་སོགས་ཡིན་ལ། རྟགས་འཇུག་ཏུ་སྒྲ་གདངས་དྲག་ཞན་དང་དངོས་པོ་བདག་གཞན་སོགས་བསྟན་ཡོད། རྟགས་འཇུག་བསླབ་ནས་ཤེས་ན། བོད་སྐད་ལ་ཐོགས་པ་མེད་པར་འགྱུར་རོ། སུམ་ཅུ་བ་ནི་ཅུང་སླ་བ་དང་རྟགས་འཇུག་རྙོག་འཛིང་ཆེ་བས། མེས་པོ་རྣམས་ཀྱིས་སྔོན་ལ་སུམ་ཅུ་བ་དང་། རྗེས་ནས་རིམ་བཞིན་རྟགས་འཇུག་སློབ་པ་ཡིན་ནོ། ད་ལྟ། སློབ་གྲྭ་ཁ་ཤས་ཀྱིས་རྟགས་འཇུག་དོར་བས། བྱ་ཚིག་གི་གནད་མི་ཟིན་པས་བརྡ་ལེགས་པོ་སྤྲོད་མི་ནུས། སུམ་ཅུ་བས་འགྲེལ་མི་ཐུབ་པའི་གནད་དོན་མང་པོ་ཞིག་རྟགས་འཇུག་ལས་ཤེས་དགོས་ཏེ། དཔེར་ན། གཡུག་ལ་ཁ་འགེལ་ལྟ་བུ་མཚོན་ན། སུམ་ཅུ་བ་ལྟར་ས་སུ་ག་བ་ད་དྲག་ཏུ་ཞེས། གཡག་ཏུ་ཁ་འགེལ་ཞེས་བརྗོད་ན་མི་ཆོག་པ་མེད་མོད། དེ་ལྟར་བརྗོད་མི་རུང་སྟེ། གཡག་ནི་བྱ་བའི་ཡུལ་ལ་བྱེད་པའི་ཆ་དང་ལྡན་པས། ཁ་བཀལ་རྗེས་བྱ་བའི་ཡུལ་གཡག་བྱེད་པ་པོར་གྱུར་ཡོད། དེ་ལ་ལ་སྒྲ་ཁོ་ན་འཇུག་པའོ། རྟགས་འཇུག་མ་སྦྱངས་ན། གཡག་ཏུ་ཁ་འགེལ་ཞེས་པ་ནི་བརྗོད་མི་བདེ་ཟེར་བ་ལས། དེའི་གནད་གར་ཐུག་མི་ཤེས།
     ༤ ཚིག་གི་སྐོང་སྟངས་ངེས་གསུམ།
     ཚིག་གི་སྐོང་སྟངས་ངེས་གསུམ་གྱི་སྔ་ཕྱི་ནི། བྱ་བ་ཆོས་བརྗོད་མིང་སྔོན་སྟངས་མིང་དང་། ། རྗེས་སུ་སྐོང་མིང་སྦྱོར་བ་རྒྱ་བོད་མཐུན། ། རྒྱ་སྐད་ངེས་མིང་ཚིག་མགོར་འབྱུང་བ་ཆེ། ། བོད་ལ་དངོས་བྱའི་མིང་གཉིས་ངེས་ཀྱི་དུས། ། ཚིག་གི་མགོར་གནས་འཇལ་བྱེད་དང་། ། ཁྱད་ཆོས་རྗོད་མིང་རྗེས་སུ་སྦྱོར། ། (谓语(动词、形容词)之前设状语,后用补语藏汉同;汉语定语全在首(中心词),(藏语)动词名词作定语,排在藏文句子前,数或形音作定后)
     ཁ་སྐོང་བའི་མིང་། (补语)རྒྱ་བོད་གཉིས་ཀྱི་ཁྲོད་དུ། ཁ་སྐོང་བའི་མིང་ནི་བྱ་བའི་མིང་དང་ཁྱད་ཆོས་བརྗོད་པའི་མིང་གི་རྗེས་སུ་སྦྱར་ཡོད་པས། ལོ་ཙཱ་བྱེད་དུས། མ་ཡིག་གི་གོ་རིམ་ལྟར་བཞག་ཆོག དཔེར་ན། 衣服洗干净(有下划线的是补语)。གོས་བཀྲུས་ནས་དག་པ(ཞབས་ཐིག་ཅན་ནི་ཁ་སྐོང་བའི་མིང་ཡིན)། 兔子跑得快。རི་བོང་བརྒྱུགས་ན་མགྱོགས། 那个人个子高得出奇。མི་དེ་གཟུགས་མཐོ་བས་མཚར། 十五的月儿亮金金。ཉ་གང་གི་ཟླ་བ་དཀར་ལམ་ལམ་སོགས་ལྟ་བུའོ།
སྟངས་སྟབས་ཀྱི་མིང་། (状语)འདིའི་རིགས་ནི་བྱ་བའི་མིང་དང་ཁྱད་ཆོས་བརྗོད་པའི་མིང་གི་སྔུན་དུ་སྦྱར་ཡོད་པ་རྒྱ་བོད་སྐད་རིགས་གཅིག་མཚུངས་ཡིན། དཔེར་ན། 您慢慢(有下划线的是状语)走ཁྱེད་ག་ལེར་(ཞབས་ཐིག་ཅན་ནི་སྟངས་སྟབས་ཀྱི་མིང་ཡིན)ཕེབས། ད་དུང་། 这本书实在好དཔེ་ཆ་འདི་ངེས་པར་བཟང་ལྟ་བུ། དཔེ་དང་པོ་ནི། བྱ་ཚིག་གི་མདུན་དུ་སྟངས་སྟབས་ཀྱི་མིང་ཡོད་པ་དང་། གཉིས་པ་ནི་ཁྱད་ཆོས་བརྗོད་པའི་མིང་གི་སྔུན་དུ། སྟངས་སྟབས་ཀྱི་མིང་གནས་པའོ། །
     ངེས་གཏན་གྱི་མིང་། (定语)རྒྱ་ཡིག་གི་ཁྲོད་དུ། ངེས་གཏན་གྱི་མིང་ཚང་མ་ལྟེ་བའི་མིང(中心词)གི་མདུན་དུ་གནས་ཡོད། ལྟེ་བའི་མིང་ནི། ཚིག་གང་དེའི་གྲུབ་ཆའི་ཁྲོད་ཀྱི་ཆེས་གཙོ་བོར་གྱུར་བའི་མིང་ལ་གོ་དགོས་ཤིང་། ལྟེ་བའི་མིང་མེད་ན། ཚིག་གི་དོན་སྟོར་ངེས་ཡིན། དཔེར་ན། བུ་མོ་མཛེས་མ་ཞེས་པའི་ཚིག་གི་ལྟེ་བའི་མིང་ནི་བུ་མོ་ཡིན། བུ་མོ་བླངས་ན་ཚིག་གི་དོན་སྟོར་བར་འགྱུར་རོ། བོད་ཡིག་གི་ཁྲོད་དུ། ངེས་གཏན་གྱི་མིང་ནི། ལྟེ་བའི་མིང་གི་སྔ་གཞུག་གཉིས་སུ་གནས་རུང་བ་ཡིན། འོན་ཀྱང་། བྱེ་བྲག་གི་ཁྱད་པར་ཡོད་དེ། དཔེར་ན། བྲིས་པའི་ཡི་གེ་ནག་ཆུང་། ། ཆུ་དང་འདྲེས་ནས་འཇིག་སོང་། ། མ་བྲིས་སེམས་ཀྱི་རི་མོ། ། བསུབས་ཀྱང་ཟུབ་རྒྱུ་མི་འདུག(ཞབས་ཐིག་ཅན་ནི་ངེས་གཏན་གྱི་མིང་ཡིན)写的小黑字,遇水便消失;未写心中画,擦也擦不掉。(有下划线的是定语)ད་དུང་། ཀུན་དགའ་ཡི་གླུ་དཔེ་གཡར། 借来了更尕的歌本。གསེར་གྱི་མཆོད་རྟེན་བཞེངས修金字塔ཞེས་པ་ལྟར། དངོས་པོའི་མིང་ངེས་གཏན་གྱི་མིང་དུ་འཇོག་སྐབས། རྒྱ་བོད་གཉིས་མཐུན་པར། ངེས་གཏན་གྱི་མིང་ནི་ལྟེ་བའི་མིང་གི་མདུན་དུ་ཡོད། འོན་ཀྱང་། བྱ་བའི་མིང་དང་གྲངས་ཀྱི་མིང་ངེས་གཏན་གྱི་མིང་དུ་འཇོག་སྐབས། རྒྱ་ཡིག་གི་ངེས་གཏན་གྱི་མིང་ནི་ལྟེ་བའི་མིང་གི་མདུན་དང་། བོད་ཡིག་ནི་རྗེས་སུ་སྦྱར་བར་བྱའོ། དཔེར་ན། ཁོ་ཚང་ལ་ལུག་སུམ་བརྒྱ་ཡོད་ཅེས། བོད་ཡིག་གི་ཁྲོད་དུ། སུམ་བརྒྱ་ལུག་གི་རྗེས་སུ་སྦྱར་དགོས་ན་ཡང་། རྒྱ་ཡིག་ཏུ། 他家有三百只羊ལྟར་སུམ་བརྒྱ་སྟེ་གྲངས་ཀྱི་མིང་ནི། ལུག་གི་སྔུན་ལ་སྦྱོར་དགོས། ཕྱི་མ་འདིའི་གོ་རིམ་རྒྱ་བོད་ལྡོག་ཡོད་པས། ལོ་ཙཱ་བྱེད་དུས་མཉམ་མ་བཞག་ན་སྐྱོན་འབྱུང་སླ་སྟེ། 我放牧一百多只羊群ཞེས་པ་འདི། ངས་འཚོས་པ་ལུག་བརྒྱ་ལྷག་ཡོད་པའི་ཁྱུ་ཞིག་རེད་ཅེས། ལུག་གི་རྗེས་སུ་ངེས་གཏན་གྱི་མིང་བརྒྱ་ལྷག་སྦྱར་བ་ནི་བོད་སྐད་དང་མི་མཐུན། ཡང་དག་པ་ནི་ངས་ལུག་བརྒྱ་ལྷག་ཡོད་པའི་ཁྱུ་ཞིག་འཚོས་ཡོད་ཅེས་བསྒྱུར་དགོས། ད་དུང་དཔེར་ན། 勇敢的青年ནི་རྟུལ་ཕོད་ཅན་གྱི་ན་གཞོན་ཞེས་ཁྱད་ཆོས་བརྗོད་པའི་མིང་སྟེ། རྟུལ་ཕོད་ནི་ན་གཞོན་གྱི་སྔོན་དུ་བཞག་པ་ཡང་ཚད་ལྡན་མིན། ཡང་དག་པ་ནི་སྟག་ཤར་བ་ཡིན། 美丽的女演员མཛེས་སྡུག་ལྡན་པའི་གར་མཁན་ཞེས་བསྒྱུར་མི་རུང་སྟེ། བོད་ཡིག་ཁྲོད་དུ། ཚིག་འདིའི་ཁྱད་ཆོས་བརྗོད་པའི་མིང་སྟེ། མཛེས་སྡུག་ནི། སྐོང་སྟངས་ངེས་ལྟར་དབྱེ་ཞིབ་བྱེད་ན། ངེས་གཏན་གྱི་མིང་ཡིན་ལ། ངེས་གཏན་གྱི་མིང་ཁྱད་ཆོས་བརྗོད་པའི་མིང་གིས་གྲུབ་དུས། དེ་ནི་ལྟེ་བའི་མིང་གི་རྗེས་སུ་སྦྱོར་དགོས་པས། གར་མཁན་མཛེས་མ་ཞེས་བསྒྱུར་དགོས།
     ༥ ལྟེ་བའི་མིང་གི་སྐོར། (中心词)
     ལྟེ་བའི་མིང་གི་གནས་ཡུལ་ནི། ཚིག་གཅིག་མིང་འགས་གྲུབ་པའི་ཚེ། ། ལྟེ་བའི་མིང་ཞེས་བྱ་བ་ཡོད། ། རྒྱ་སྐད་ཚིག་མཇུག་བོད་སྐད་མགོར། ། བྱུང་བའི་མིང་ནི་ལྟེ་མིང་ངོ། ། 句中有数词,一是中心词,汉尾藏文首。དཔེར་ན། 美丽的姑娘(句末姑娘是中心词)བུ་མོ་མཛེས་མ། (ཚིག་མགོའི་བུ་མོ་ནི་ལྟེ་བའི་མིང་ཡིན། )摘来一把鲜花མེ་ཏོག་གསར་བ་སྤར་མོ་གང་འཐུས་ལྟ་བུའོ། འོན་ཀྱང་། དམིགས་བསལ་རེ་འགའ་ཡོད་དེ། དཔེར་ན། རྒྱ་ཡིག་གི་ལྟེ་བའི་མིང་ཚིག་མགོར་བྱུང་བ药是病的克星དང་། བོད་ཡིག་ཁྲོད་ལྟེ་བའི་མིང་རྗེས་སུ་སྦྱོར་བ་ནད་ཀྱི་གཉེན་པོ་སྨན་ཡིན་ཞེས་པ་ལྟ་བུའོ། །
གསུམ་པ། འཕྲུལ་ཆས་སོགས་ལ་མིང་གསར་གདགས་པའི་ཆོས་ཉིད།
     ཅ་ལག་གསར་བར་མིང་གདག་ན། ། རྒྱ་ཡིག་འཕྲུལ་ཆས་མིང་མཐར་སྦྱོར། ། བོད་ལ་ད་ལྟའི་བྱ་ཚིག་གིས། ། སྟོན་པར་ནུས་པས་སྦྱར་དོན་མེད། ། (机械一般命名法,汉语需带机或器,藏语不带机或器,只带现在时动词。)ཅེས། འཕྲུལ་ཆས་གསར་བར་མིང་གདག་པར། རྒྱ་ཡིག་གི་མིང་མཐར་机འམ器ཞིག་སྦྱར་ཏེ། བྱ་བའི་མིང་དངོས་པོའི་མིང་དུ་བསྒྱུར་དགོས། དཔེར་ན། 打火机ལྟ་བུའི་རྗེས་སུ机སྦྱར་ཏེ། བྱ་བའི་མིང་打火དངོས་མིང་དུ་བསྒྱུར་བའོ། །
     བོད་ཡིག་གི་ཁྲོད་དུ། འཕྲུལ་ཆས་དང་ཅ་ལག་ལ་ད་ལྟ་བ་སྟོན་པའི་ཡི་གེ་སྦྱར་ནས་མིང་གདག་དགོས། ཅིའི་ཕྱིར་ཅེ་ན། བྱ་བའི་མིང་ལ་འཁོར་གསུམ་ཡོད། ། བྱ་བ་དུས་ཀྱི་བབ་དང་སྟུན། ། བྱེད་པ་ད་ལྟ་བ་ཡིས་སྟོན། ། ལས་ནི་མ་འོངས་པ་ཡིས་གྲུབ། ། ཞེས་པ་ལྟར། ད་ལྟ་བ་ཡིས་བྱེད་པ་བོ་གཙོ་ཕལ་གཉིས་སྟོན་ལ། བྱེད་པ་ཕལ་བ་ནི་ཅ་ལག་དང་ཡོ་བྱད་སོགས་ཡིན་པས། འཕྲུལ་ཆས་ཀྱི་མིང་ལ་ད་ལྟ་བའི་མིང་སྦྱོར། དཔེར་ན། 播种机ནི་ས་བོན་འདེབས་པའི་བྱེད་པ་ཡིན་ལ། བྱེད་པ་ད་ལྟ་བ་ཡིས་སྟོན་པས། སོན་འདེབས་ཞེས་མིང་བཏགས་ན་འོས་སོ། ད་དུང་། 收割机ལ་ལོ་འབྲེག 挖掘机ལ་ས་རྐོན། 挖金子的人ལ་གསེར་རྐོ་བ་བོ་ཞེས་བོས་ན་མིང་རིང་དྲགས་པས། གསེར་རྐོ་ལ་རྗེས་འཇུག་ན་སྦྱར་ཏེ། བདག་སྒྲའི་ཚབ་བྱེད་དོ། །薪夫ལ་ཤིང་ཐུན། 啄木鸟ལ་ཤིང་རྐོན།
     འོན་ཀྱང་། རྒྱ་ཡིག་ཁྲོད་机འམ器མི་བཀོལ་བ་ཡང་ཡོད་དེ། དཔེར་ན། 方向盘ལྟ་བུ། བོད་ཡིག་ལ་ཁ་ལོ་སྒྱུར་བྱེད་ཅེས་བསྒྱུར་མོད། ཁ་སྐྱོགས་ཞེས་བོས་ན་འགྲིག(ཁ་ཕར་ཚུར་དཀྱོག་བྱེད་ལ་སྲབ་དཀྱོག་ལྟ་བུའི་མིང་ཡང་ཡོད)千斤顶ལ་ལྕི་འདེགས།  望远镜ལ་རྒྱང་མཐོང་(རྒྱང་ཤེལ་ལྟར་སྒྱུར་བ་ནི་ནོར་ཡོད་དེ། ཐག་རིང་གི་ཤེལ་ཞེས་པ་སྟོན་པས་སོ)透视镜ལ་བརྟོལ་མཐོང་།
     མི་རིགས་ཤིག་གི་སྲོག་ནི་རིག་གནས་ཡིན་ལ། རིག་གནས་ནི་མི་རིགས་གང་དེའི་སེམས་ཀྱི་གནས་མལ་ཡིན། སྲོལ་རྒྱུན་རིག་གནས་གཞིར་བཟུང་ནས། མིང་གཅིག་གྱུར་ཡོང་རྒྱུ་གལ་ཆེ། ང་ཚོའི་ཀན་ལྷོའི་ས་ཁུལ་དུ། ཡུལ་བ་གཅིག་ལ་སྐད་ལུགས་རེ་ཡོད་པས། ངས་བཤད་པ་ཁྱོས་མི་གོ་ལ། ཁྱོས་བཤད་པ་ངས་མི་གོ་བས། མི་རིགས་གཅིག་ཟེར་ན་མི་རློམ་པའི་ཚད་ཡིན། དེ་ལྟ་བུའི་གནས་ཚུལ་ལ་གཞོལ་བའི་ཆེད་དུ། བཅིངས་འགྲོལ་བྱེད་རྗེས། རྒྱས་སྤྱི་སྐད་གཏན་ལ་ཕབས། ང་ཚོ་དེ་ལས་ལྡོག་སྟེ། མིང་ཕན་ཚུན་མི་མཐུན་པ(མདོ་དབུས་ཁམས་ཀྱི་མིང་མི་མཐུན་པ་ཙམ་མ་ཟད། སྲོལ་རྒྱུན་དང་དེང་རབས་བར་གྱི་མིང་མི་མཐུན)་མ་ཟད། ཚིག་ཀྱང་ར་མགོ་ལུག་སྦྱར་བྱེད་ཀྱིན་འདུག འདི་ལྟར་སོང་ན། རིག་གནས་ཉམས་པར་ཅང་མགོར་རྒྱུ་མ་རེད།
     ལོ་ཙཱའི་གནད་དོན་འདི་དག་མ་སེལ་ན། ཤོག་བུ་སྣུམ་གྱིས་ཟས་པ་ལྟར་སྐད་དང་རིག་གནས་ལ་གོད་ཆགས་འབྱུང་བའི་རྐྱེན་དུ་འགྱུར། མི་ཁ་ཤས་ཀྱིས། གནད་དོན་འདི་དག་ལག་ཆ་བྱས་ཏེ། བོད་ཡིག་བོད་སྐད་རླག་པའི་སྦྱོར་ངན་རྩོམ་བཞིན་འདུག་པས། ཚང་མས་གཟོབས་ཤིག
     བོད་བཙན་པོའི་དུས་སུ་ལོ་ཙཱར་དོ་སྣང་ཆེན་པོ་བྱས་ཡོད་པ་མ་ཟད། སྐད་གསར་བཅད་རིམ་པ་གསུམ་བརྒྱུད་དེ། བོད་སྐད་ཡིག་གི་བཅུད་མ་ཤོར་བ་བྱས་ཡོད། མདོར་ན། ད་ལྟ་ང་ཚོའི་འོས་འགན་ནི། ཡང་དག་ལོ་ཙཱའི་སྨན་མཆོག་གིས། ། དུག་ལྔའི་གོལ་འཛོལ་གཞོམ་པར་བརྩོན། །
བཞི་བ།  སིལ་མའི་སྐོར།
༡ བོད་ཀྱི་བརྡ་སྤྲོད་ཀྱི་གྲུབ་ཆ་ལྔ་ནི། སུམ་ཅུ་བ་དང་རྟགས་འཇུག དག་ཡིག སྡེབ་སྦྱོར། མངོན་བརྗོད།
༢ གཉིས་པའི་དོན་ཅན་ལ་སྒྲའི་ཐོབ་ཐང་ལྟར"ཏུ"སྦྱར་རྐྱང་མིན།
     གཡག་ལ་ཁ་འགེལ་དང་གཡག་ཏུ་ཁ་འགེལ་ཞེས་པ་ལས་གང་དག་མིན། རྒྱུ་མཚན་གར་ཐུག་ཡོད་མེད་སྐོར་བཤད་ན། བོད་སྐད་ལ་རྒྱུས་ཡོད་པའམ་བརྡ་སྤྲོད་ལ་སྦྱངས་པ་ཡོད་པ་ཞིག་ཡིན་ན། གཡག་ལ་ཁ་འགེལ་ནི་ངག་ལ་བདེ་ཞིང་། བོད་སྐད་དང་མཐུན། གཡག་ཏུ་ཁ་འགེལ་ནི་དེ་ལས་ལྡོག་པ་ཤེས་མོད། ཏུ་སྦྱར་ན་སྒྲའི་སྦྱོར་བ་དང་མཐུན། དོན་གྱིས་སྟོན་པ་ཡང་ལས་སུ་བྱ་བར་འཇུག་པས་ཟེར་ན། ལན་ཅི།
     རྣམ་དབྱེ་གཅིག་གི་ནང་དུའང་ཕན་ཚུན་བརྗེས་ཆོག་ཆོག་མིན་ལ། མཚམས་རེར་གཏན་ནས་བརྗེ་མི་རུང་ངོ། སྐབས་འདིར་སུ་དང་ཏུ་བརྗེ་མི་རུང་བའི་རྒྱུ་མཚན་འདི་ལྟ་སྟེ། གཉིས་པ་ལས་སུ་བྱ་བའི་ཡུལ་ལ་གཉིས་ཏེ། བྱ་ཡུལ་ཙམ་མམ་བྱ་ཡུལ་ཕལ་བ་དང་། བྱ་ཡུལ་དངོས་སམ་གཙོ་བོ་གཉིས་ཡོད་ལ། སྔ་མ་ནི། བྱ་བ་བྱེད་སའི་ཕྱོགས་ཙམ་དང་། བྱ་བ་བྱེད་སའི་གནས་ཙམ་ཡིན། ཕྱི་མ་ནི། བྱེད་པ་བོས་བྱ་བ་འཇུག་སའི་ཡུལ་ལམ་བློ་གཏད་སའི་ཡུལ་གང་བྱ་བྱེད་ཟུང་ལྡན་ཏེ་བྱ་བའི་ཡུལ་དེ་ལ་བྱེད་པའི་ཆ་དང་ལྡན་པ་ཡིན། དེ་གཉིས་ལ་ཡང་ཁྱད་ཆོས་ལྟར། གཉིས་གཉིས་སུ་དབྱེའོ། གཡག་ལ་ཁ་འགེལ་ནི། ཕྱི་མའི་དང་བོ་སྟེ། བྱེད་པ་བོའི་ཤུགས་རྐྱེན་ཐེབས་སའི་ཡུལ་དེར་ལྟོས་བཅས་ཀྱི་འགུལ་སྐྱོད་ཅིག་འབྱུང་ངེས་པའི་རིགས་ཏེ། བྱེད་པ་བོས་ཁ་དགལ་སའི་ཡུལ་ནི་གཡག་ཡིན་ལ། གཡག་དེ་ཡང་བྱེད་པར་གྱུར་ནས་ལས་ཀྱི་དངོས་པོ་ཁ་ཁུར་དུ་བླངས་པར་གྱུར་པས་ན། བྱེད་པ་བོས་ཕར་བྱ་བའི་ཡུལ་ལ་བྱ་བ་བྱེད་དུས། ཡུལ་དེ་བྱེད་པར་གྱུར་ནས། ཚུར་ལྟོས་བཅས་ཀྱི་ལན་ཞིག་བཅའ་རྒྱུ་ཤུགས་བསྟན་དུ་ཡོད་པ་ཞིག་གོ། ད་དུང་དཔེར་ན། ཚེ་རིང་ལ་དཔེ་ཆ་བྱིན། མེ་ལ་སྲེག མེར་སྲེག་ལྟ་བུའོ། འདིའི་རིགས་ནི། རྗེས་འཇུག་འ་དང་མཐའ་མེད་དག་ལ་ར་སྒྲ་འབྱུང་བ་ལས། ལ་དོན་གཞན་དག་ལའི་ཚབ་ཏུ་འཇུག་མི་རུང་། འགྲེལ་ཚུལ་གཞན་ཞིག་ནི། དགེ་རྒན་ལྕགས་བྷེ་ཡིས། བློ་བཟང་ལ་དཔེ་ཆ་སྟེར། ལྟ་བུར་དུ་སྒྲ་སྦྱོར་མི་རིགས་པ་དང་། ཁྱིམ་ལ་འགྲོ་ལྟ་བུར་དུ་སྒྲ་སྦྱོར་རུང་བ་ནི། ཡུལ་གྱི་ཁྱད་པར་ལ་ཐུག་སྟེ། སྔ་མ་ནི་གང་ལ་དམིགས་པའི་ཡུལ་དང་གང་ལ་བྱ་བ་འཇུག་པའི་ཡུལ་གཉིས་གཞི་གཅིག་ཏུ་ཡོད་པས་ལ་སྒྲ་མ་གཏོགས་དུ་སྒྲ་མི་འཇུག ཕྱི་མ་ནི་འཇུག་ཡུལ་ཡིན་ཡང་དམིགས་ཡུལ་མིན་པས་ལ་དོན་གྱི་ཕྲད་ལ་ཁྱད་མེད་ཅེས་བརྗོད། དེ་ན། གཡག་ལ་ཁ་འགེལ་ཞེས་པ་འདིའི་དམིགས་པའི་ཡུལ་ནི་གཡག་དང་། བྱ་བ་འཇུག་པའི་ཡུལ་ཡང་གཡག་ཡིན་པས། ལ་སྒྲ་ཁོ་ན་སྦྱོར་བར་བྱའོ། དྲུག གནད་དོན་འདིར་དགེ་རྒན་དཔའ་རིས་སངས་རྒྱས་ཀྱིས་ཚིག་ཏུ་བྱེད་པ། གཉིས་པ་ལས་སུ་བྱ་བ་སྟེ། ། བྱ་བ་འཇུག་སའི་ཕྱོགས་དང་གནས། ། ལ་དོན་གང་རུང་སྦྱར་བར་བྱ། ། བྱ་བ་འཇུག་སའི་ཡུལ་དེ་ནི། ། བྱེད་པའི་ཆ་དང་ལྡན་པ་ལ། ། ར་ལ་མིན་པ་སྦྱོར་མི་རུང་། ། ཞེས་པའོ། །
     རང་གིས་བློས་ཆུམ་ཚོད་ལྟར།  དགེ་རྒན་གྱི་གསུང་བ་གཞིར་བཅོལ་སྟེ།  གནད་ཆེ་བ་རྣམས་ཡི་གེར་བཀོད།
2018ལོའི་ཕྱི་ཟླ9བའི་ཚེས17ཉིན་རྫོགས་པར་བྱས་སོ།།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...