སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
སྒྲུང་མིང་མི་མིང་རྫོང་མིང་སོགས་ཀྱི་ཡིག་སྒྱུར་སྐོར་གླེང་བ།
རྩོམ་པ་པོ། གཅོད་པ་དོན་གྲུབ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-9-26 9:15:00 རྩོམ་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། ཀློག་གྲངས།
     བགྲང་བྱ་བཅུ་ཕྲག་འགའི་རིང་ལ་གེ་སར་སྒྲུང་གི་བྱ་བར་འབད་འབུངས་བགྱིད་མཁན་མི་སྣ་དང་། ཁྱད་པར་དུ་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་རྣམ་པས་འབད་བརྩོན་ལྷོད་མེད་བྱས་པར་བརྒྱུད། བོད་ཡིག་གི་གེ་སར་སྒྲུང་མི་ཉུང་བ་ཞིག་པར་སྐྲུན་བྱས་ཏེ། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་དང་། ལྷག་པར་སྒྲུང་ཁག་མི་ཉུང་བ་ཞིག་རྒྱ་ཡིག་ཏུ་བསྒྱུར་ཏེ་རྒྱ་ཡིག་ཀློག་པ་པོ་རྣམས་ཀྱི་སྤྱན་སྔར་ཕུལ་བ་བཅས་ནི་ལག་རྗེས་བླ་ན་མ་མཆིས་པ་ཞིག་རེད་ལ། ཁོང་རྣམ་པས་ཀྲུང་ཧྭ་འཛིན་མའི་ཁྱོན་ལ་བཞག་པའི་རླབས་ཆེན་གྱི་གྲུབ་འབྲས་ནི་བསྐལ་བ་མ་སྟོང་བར་དུ་སུས་ཀྱང་སུབ་ཐབས་མེད་པ་ཞིག་ལགས། ཡིན་ནའང་སྲིད་པའི་ཁ་དཔེར་གསེར་ལ་ལྷད་མ་འདྲེས་པ་མེད་པ་དང་མི་ལ་སྐྱོན་མ་གོས་པ་མེད་ཅེས་སྨྲ་བ་ལྟར། ད་ལྟའི་ཡིག་སྒྱུར་ཐད་རྒྱ་བོད་ལོ་ཙཱ་བ་རྣམས་ཀྱི་རིག་གནས་ཆུ་ཚད་མཐོ་དམན་དང་། ཡིག་སྒྱུར་གྱི་ཉམས་མྱོང་ཆེ་ཆུང་། སྒྱུར་སྟངས་མི་མཐུན་པ་སོགས་ཀྱི་དབང་གིས་རྒྱ་འགྱུར་སྒྲུང་དཔེའི་རྒྱུ་སྤུས་བཟང་ངན་འདྲ་མིན་སྣ་ཚོགས་ཡོད་པ་ལས་གཞན། ད་དུང་མི་འོས་པ་དང་ནོར་འཁྲུལ་ཡང་ཡོད་པ་གོར་མ་ཆག ཁྱད་པར་དུ་གཅིག་གྱུར་འོས་པའི་རྒྱ་འགྱུར་སྒྲུང་དཔེའི་ནང་གི་སྒྲུང་མིང་དང་མི་མིང་ཡུལ་མིང་རྫོང་མིང་སོགས་ཀྱི་ཡིག་སྒྱུར་ཐད་ལའང་མངོན་གསལ་གྱི་འཁྲུལ་བ་མང་པོ་ཡོད་པར་བརྟེན། གཤམ་དུ་ཁོ་བོས་འདི་ཕྱོགས་ཀྱི་སྒྱུར་ཡིག་ཐད་དཔྱད་པ་རགས་ཙམ་གཏོང་རྒྱུ་ལགས།
     དེ་ཡང་ཡིག་སྒྱུར་བྱ་བ་ནི། མི་རིགས་ཤིག་གི་སྐད་རིགས་དེ་མི་རིགས་གཞན་ཞིག་གི་སྐད་རིགས་སུ་བསྒྱུར་ཏེ་བརྗོད་བྱ་དོན་གྱི་སྙིང་བོ་ཐམས་ཅད་ཇི་བཞིན་དུ་ངོ་སྤྲོད་བྱ་རྒྱུ་ཡིན་པར་བརྟེན། ལོ་ཙཱ་བ་ཞིག་ལ་མཚོན་ན་ཐོག་མར་སྐད་རིགས་གཉིས་དང་ཡིག་རིགས་གཉིས་ཤེས་དགོས་པའི་རྨང་གཞིའི་སྟེང་དུ་བསྒྱུར་བའི་མ་ཡིག་གི་བསམ་བློའི་ནང་དོན་བྱང་ཆུབ་པར་གྱུར་རྗེས། སུམ་རྟགས་དག་གསུམ་དང་མ་འགལ་བར་བུ་ཡིག་ཏུ་བསྒྱུར་ཏེ་བུ་ཡིག་ཀློག་པ་པོས་གོ་ཐུབ་པར་འཇུག་པའི་བྱ་བ་ཁྱད་དུ་འཕགས་པ་ཞིག་ཡིན། དེ་ནི་སྒྱུ་རྩལ་གྱི་རང་བཞིན་དང་གསར་གཏོད་ཀྱི་རང་བཞིན་ཟུང་དུ་འབྲེལ་བའི་ཀླད་པའི་ངལ་རྩོལ་ཞིག་ཀྱང་རེད། ཡིག་སྒྱུར་ལ་འཇུག་སྐབས། ངེས་པར་དུ་ཐོག་མར་བསྒྱུར་བའི་མ་ཡིག་གི་བསམ་བློའི་ནང་དོན་མ་འཆོལ་བར་གོ་བ་ལེན་དགོས་པ་དང་གཅིག  དེ་ནས་རྗོད་བྱེད་ཐད་ཚིག་བདེ་ཞིང་གོ་སླ་བ་ཡོང་དགོས་པ་དང་གཉིས། དེའི་འཕྲོར་བསྒྱུར་བའི་མ་ཡིག་གི་ཁྱད་ཆོས་དང་ཡིག་སྲོལ་དེ་གང་ནུས་ཀྱིས་སོར་འཇོག་བྱ་རྒྱུ་དང་གསུམ་བཅས་ཡིན། གལ་ཏེ་ལོ་ཙཱ་བས་ཡིག་སྒྱུར་བྱ་བར་མཐོང་ཆེན་མ་བྱས་པར་རང་གི་འདོད་མོས་ལྟར་དུ་བསྒྱུར་བའི་མ་ཡིག་བཅོས་སྒྱུར་དང་འཕྲི་སྣོན་གང་མང་བྱས་ན་བསྒྱུར་བའི་མ་ཡིག་ཇི་བཞིན་ངོ་སྤྲོད་གསལ་བོ་བྱེད་མི་ཐུབ་པ་ལས་གཞན། བརྗོད་བྱའི་མ་ཡིག་གི་ནང་དོན་ཡང་འཁྱོག་བརྗོད་བྱས་པ་ཡིན་པས་གཏན་དུ་མི་རུང་བ་ཞིག་ལགས།
     ད་ལྟ་མདོ་དབུས་ཁམས་གསུམ་གྱི་རྒྱ་འགྱུར་གེ་སར་རྒྱལ་པོའི་སྒྲུང་ནང་གི་སྒྲུང་མིང་དང་མི་མིང་ཡུལ་མིང་རྫོང་མིང་སོགས་ཀྱི་ཡིག་སྒྱུར་ལ་བལྟས་ན་ངོ་མ་མགོ་འཁྲུལ་བ་ཞིག་སྟེ། སྒྲུང་མིང་དང་མི་མིང་གཅིག་ལ་སྒྱུར་སྟངས་མི་འདྲ་བ་ལྔ་དྲུག་རེ་ཡོད་པར་མ་ཟད་སྐོར་ཞིག་སྒྲ་སྒྱུར་དང་། ལ་ལ་ཐད་སྒྱུར། འགའ་ཞིག་དོན་སྒྱུར། ཡང་སྐོར་ཞིག་ཐད་སྒྱུར་དང་དོན་སྒྱུར་ཟུང་འབྲེལ་བཅས་རྣམ་པ་སྣ་ཚོགས་མཐོང་རྒྱུ་ཡོད། དཔེར་ན། སྒྲུང་དཔེ《ལྷ་གླིང་གབ་རྩེ་དགུ་སྐོར》གྱི་མིང་ལ་《天界》 《仙界》《仙界遣使》 《天岭九卜》 《天界卜筮》《仙界占卜九藏》བཅས་སྒྱུར་ཚུལ་མི་འདྲ་བ་དྲུག་ཡོད། དེའི་ནང་འགའ་ཞིག་ནི་ལོ་ཙཱ་བས་གོ་བ་ལེན་སྟངས་མི་འདྲ་བའི་ཐོག་ནས་བྱུང་བ་ཡིན་ཏེ། 《天界》《仙界》ལྟ་བུ་ལྷའི་གླིང་ཞེས་པར་གོ་བ་བླངས་པ་དང་། 《天岭》ལྟ་བུ་ལྷ་དང་གླིང་ཡུལ་གཉིས་ཀར་གོ་བ་བླངས་པ་ལྟ་བུ། ཡང་འགའ་ཞིག་ནི་སྒྱུར་ཐབས་མི་འདྲ་བ་སྤྱད་པ་དཔེར་ན། 《遣使》《卜筮》ལྟ་བུ་དོན་སྒྱུར་བྱས་ཡོད་པ་དང་《天界》《仙界)ལྟ་བུ་ཐད་སྒྱུར་བྱས་ཡོད་པ།《天岭》 ལྟ་བུ་ཐད་སྒྱུར་དང་སྒྲ་སྒྱུར་ཟུང་འབྲེལ་གྱི་ཐབས་ཤེས་སྤྱད་ཡོད་པ་སོགས་རེད། སྒྲུང་མིང་《སོག་པོ་རྟ་རྫོང་》ལ་མཚོན་ན། རྒྱ་ཡིག་ལ་《蒙古马宗》 《索多马宗》《索波马宗》 《上蒙古马城)སོགས་མང་དུ་བསྒྱུར་ཡོད་པ་ལས་《上蒙古马城》ཞེས་པ་ནི་ཐད་སྒྱུར་བྱས་པ་དང་། 《索波马宗》ལྟ་བུར་མཚོན་ན“马”མ་གཏོགས་ཚང་མ་སྒྲ་སྒྱུར་བྱས་ཡོད། དེ་མིན་གྱི་སྒྱུར་མིང་བཞི་བོ་ཡང་ནང་འགལ་དང་བཅས་གཅིག་མཐུན་ཡོད་པ་མིན་པས། ཆུ་རྙོག་དབྱུག་པས་དཀྲུགས་པ་ཇི་བཞིན་རེ་ཞིག་དྭངས་ཐབས་མེད་པའི་གནས་སུ་གྱུར་འདུག  སྒྲུང་དཔེ《ཁ་ཆེ་གཡུ་རྫོང་》གི་སྒྱུར་མིང་ལ་མཚོན་ན།《喀契松石国》 《征服卡契松石宗》 《卡切玉宗》 《卡切与岭》ཞེས་སྒྱུར་སྟངས་མི་འདྲ་བ་བཞི་ཡོད་པ་ལས་《卡切玉宗》ཞེས་པ་ནི་སྒྲ་སྒྱུར་གྱི་སྒྱུར་ཐབས་བཀོལ་བ་དང་། 《喀契松石国》དང་《征服卡契松石宗》ཞེས་པ་འདི་གཉིས་ནི་སྒྲ་སྒྱུར་དང་ཐད་སྒྱུར་ཟུང་འབྲེལ་གྱི་སྒྱུར་ཐབས་བཀོལ་ནས་བསྒྱུར་བ་ཡིན། “岭”དང“征服”ཞེས་བསྒྱུར་བ་ནི་བསྒྱུར་བྱའི་དོན་གྱི་ཆ་ནས་ཁ་སྣོན་བྱས་ཏེ་བསྒྱུར་བ་རེད། མདོར་ན་སྒྱུར་སྟངས་མི་འདྲ་བའི་རྐྱེན་གྱིས་བསྒྱུར་ཡིག་གི་སྒྲ་དང་དོན་ཡང་ཕལ་ཆེར་ཐ་དད་དུ་སོང་ཡོད།
     དེ་བཞིན་མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་ཀྱི་སྒྲ་གདངས་ལྟར་བསྒྱུར་བའི་སྐོར་ལ་དཔེར་ན། གླིང་གི་མི་ཆུང་ཁ་བདེའི་མིང་སྒྱུར་ཚུལ་ལ“穆穷喀德”“穆弓卡德”“米琼卡代” “米琼卡德”“木穷卡德”“伍琼卡德”ཞེས་དྲུག་ཡོད་པ་དང་། གཡུང་དྲུང་དཔའ་རྒྱལ་ལ། “雍仲欠尔吉”“雍仲巴杰” “雍仲华杰”ཞེས་པ་དང་། 《བྱེ་རུའི་བྱུར་རྫོང་》ལ། 《歇日珊瑚宗》 《奇日珊瑚宗》ཟེར་བ། བོང་བུ་སྣ་རིང་ལ། “潘浦扎宁”“旺武纳宁”ཞེས་པ་ལ་སོགས་པའི་སྒྱུར་སྟངས་མི་འདྲ་བ་འདི་དག་ལས། “穆穷”“木穷”ཞེས་པ་དང་།“华杰”“歇日”“旺武”བཅས་ནི་ཨ་མདོའི་སྐད་ཀྱི་ཤུགས་རྐྱེན་ཐེབས་པ་དང་།“米琼”དང“巴杰”“奇日”“潘浦”བཅས་ལ་མཚོན་ན་ཁམས་དབུས་གཉིས་ཀྱི་ཡུལ་སྐད་ཀྱི་ཤན་ཞུགས་པ་གསལ་པོར་མཐོང་ཐུབ། ད་དུང་སྐོར་ཞིག་ལ་རང་རེའི་ཞིང་ཆེན་དང་ལྗོངས་སོ་སོའི་ནང་ཁུལ་གྱི་གྲོང་སྐད་མི་འདྲ་བའི་ཤན་ཞུགས་ཐེབས་ཏེ་འགྱུར་ཡིག་ཕན་ཚུན་གྱི་བར་ཐག་ཇེ་རིང་དང་འགལ་བ་ཇེ་མང་དུ་བཏང་ཡོད། ཡང་འགའ་ཞིག་ནི་རྒྱ་རིགས་བློ་མཐུན་གྱི་སྨྲ་སྒོ་མ་དག་པའི་ཤུགས་རྐྱེན་ཐེབས་པ་ཡང་ཡོད་པ་དཔེར་ན། གླིང་གི་ཡང་རྟུལ་དམ་པ་མི་བདུན་གྱི་ཡ་གྱལ་སེང་སྟག་ཨ་དོན་གྱི་མིང་ལ། “僧达阿冬”“森达顿木”“申达阿洞”“孙塔阿东”ཞེས་པའི་སྒྱུར་སྟངས་མི་འདྲ་བའི་ནང་ནས། “森达顿木”“申达阿洞”“孙塔阿东”འདི་གསུམ་ནི་ཡིག་སྒྱུར་མཁན་རྒྱ་རིགས་བློ་མཐུན་གྱི་སྒྲ་གདངས་མ་དག་པའི་རྐྱེན་གྱིས་ཐ་དད་དུ་སོང་བ་མིན་ནམ་སྙམ།
     ད་དུང་རྒྱ་བོད་ལོ་ཙཱ་བ་འགའ་ཞིག་གིས་རང་མོས་ཅི་འདོད་ལྟར་སྒྲུང་མིང་དང་མི་མིང་ཡུལ་མིང་སོགས་བསྒྱུར་བའི་དབང་གིས་སྒྱུར་ཡིག་གི་མིང་ཚིག་ཐ་སྙད་སོ་སོར་སོང་བས་མ་ཚད། འགྱུར་མིང་འགས་བསྒྱུར་བའི་དོན་གཅིག་སྟོན་གྱི་ཡོད་པའམ་ཤིན་ཏུ་རྟོགས་དཀའ་བར་གྱུར་འདུག་པ་དཔེར་ན། སྒྲུང་དཔེ《སྲིད་པ་ཆགས་གླིང་)ལྟ་བུར་མཚོན་ན། ལོ་ཙཱ་བ་ལ་ལས་ 《岭国形成史》ཞེས་བསྒྱུར་ཡོད་པ་དང་། ཡང་འགའ་ཞིག་གིས《开天劈地》ཞེས་བསྒྱུར་ཏེ་པར་སྐྲུན་བྱས་ཡོད། སྒྲུང་དཔེ་《འཇང་གླིང་གཡུལ་འགྱེད》ལ་མཚོན་ན་ལ་ལས་《绛岭之战》དང་། སྐོར་ཞིག་གིས་《征服姜地》 《保卫盐海》ཞེས་བསྒྱུར་འདུག་པས། ངོ་མ་སྒྲུང་དཔེ་གཅིག་གི་འགྱུར་མིང་ཡིན་པ་ཤིན་ཏུ་རྟོགས་དཀའ། གཞན་ཡང་ཤེས་པ་རབ་སྣང་ལ། “西拉上朗”ལྟ་བུ་དང་། ཤར་ལུང་རི་དྲུག་རྫོང་ལ། “夏朗日周宗”ལྟ་བུ། ལྷ་བུ་གཡང་དཀར་ལ། “霞伍扬尕尔”ལྟ་བུ། རྨ་དེལ་ཡག་སྟག་ཐང་ཁྲ་མོ་ལ། “花虎滩”ལྟ་བུ། བེའུ་སྟག་རྫོང་ལ།“外武达宗不朽城”ཞེས་པར་བསྒྱུར་བ་སོགས་ལ་མཚོན་ན་མ་ཡིག་དང་རྒྱང་ཐག་ཤིན་ཏུ་རིང་བས་ཕལ་ཆེར་གོ་འཛོལ་དུ་སོང་ཡོད་ངེས་རེད། དེ་ལྟར་སྒྲུང་མིང་དང་མི་མིང་རྫོང་མིང་སོགས་ཀྱི་འགྱུར་ཡིག་གཅིག་གྱུར་མེད་པར་རང་འདོད་ལྟར་ཅི་རིགས་སུ་བསྒྱུར་བ་ཡིན་ན། མི་གཅིག་ལ་མིང་འགའ་བཏགས་པའི་དཔེ་བཞིན་མཐའ་མར་རང་མིང་རང་གིས་ཀྱང་ངོ་མི་ཤེས་པའི་གནས་སུ་འགྱུར་བར་མ་ཟད། མི་རབས་རྗེས་མའི་ཀློག་པ་པོ་རྣམས་ལའང་རྙོག་དྲ་ཆེན་པོ་བཟོ་བ་གདོན་མི་ཟའོ། །
     སྒྲུང་ཡིག་སྒྱུར་ཐབས་ཀྱི་ཕྱོགས་ནས་བལྟས་ན། སྒྲུང་མིང་ཡུལ་མིང་རྫོང་མིང་སོགས་སྒྱུར་བའི་སྐབས་སུ་སྒྲ་སྒྱུར་དང་དོན་སྒྱུར། ཐད་སྒྱུར། ཐད་དོན་ཟུང་འབྲེལ་གྱི་སྒྱུར་སྟངས་སོགས་སྤྱོད་ཆོག་ཀྱང་། གཙོ་བོ་སྒྱུར་མིང་གཅིག་གྱུར་དང་བརྟན་ཆགས་ཡོང་རྒྱུ་དེ་ཧ་ཅང་གལ་ཆེན་རེད། དམིགས་ཡུལ་དེ་འདྲ་ཞིག་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག་སྒྱུར་སྟངས་ཇི་འདྲ་ཞིག་སྤྱད་ཀྱང་ཆོག་མོད། འདིར་གསལ་བཤད་ཅིག་བྱེད་དགོས་པ་ནི། མི་མིང་སྒྱུར་བའི་སྐབས་སུ། ངེས་པར་དུ་སྒྲ་སྒྱུར་གཙོ་བོར་བཟུང་སྟེ་མ་བསྒྱུར་ན་བོད་མིང་དང་རྒྱ་མིང་ཐ་དད་དུ་གྱེས་ནས་མི་དང་མིང་ངོ་འཕྲོད་དཀའ་བའི་གནད་དོན་འབྱུང་བ་དཔེར་ན་གེ་སར་ནོར་བུ་དགྲ་འདུལ་ཞེས་པ་དེ་ལ། སྒྲུང་དཔེ་ལ་ལའི་ནང“罗布扎堆”ཞེས་སྒྲ་སྒྱུར་བྱས་ཡོད་པ་དང་། ཡང་སྒྲུང་དཔེ་འགའ་ཞིག་ནང“珠宝制敌”ཞེས་དོན་སྒྱུར་བྱས་ཡོད་པ་འདི་གཉིས་ལ་ཞིབ་ཏུ་དཔྱད་ན་མི་མིང་དོན་སྒྱུར་བྱས་པས་མིང་གི་ནུས་པ་ཤོར་འགྲོ་བར་མ་ཟད། ཕལ་མོ་ཆེས་འདི་གཉིས་མི་གཉིས་ཡིན་པར་འཁྲུལ་འགྲོ་བ་རྟོགས་ཐུབ། གཞན་ཡང་རྟ་མིང་དང་མཚོན་མིང་ཡུལ་མིང་སོགས་ཀྱང་སྒྲ་གྱུར་གཙོ་བོར་བྱས་ཏེ་བསྒྱུར་ན་བོད་མིང་གི་སྒྲ་མི་འགྱུར་བས་ཕྱིས་སུ་མིང་ངོས་འཛིན་བྱ་རྒྱུར་ཕན་པ་རྒྱ་ཆེན་པོ་ཡོད།
     ད་དུང་ཡིག་སྒྱུར་སྐབས་སུ་ཡིད་འཇོག་བྱ་དགོས་པ་གཅིག་ནི་སྔོན་ཆད་རྒྱ་བོད་ལོ་རྒྱུས་ཡིག་ཆའི་སྟེང་དུ་འགྱུར་མིང་ཡོད་པ་རྣམས་སོར་འཇོག་བྱེད་པ་མ་གཏོགས་གསར་དུ་བསྒྱུར་ན་རྙོག་དྲ་འབྱུང་བ་དཔེར་ན། སྒྲུང་དཔེའི་ནང་གི་ཤཱཀྱ་ཤེད་ཆེན་ལྟ་བུར་ཆ་མཚོན་ན། ཤཱཀྱ་ཞེས་པར་“释迦”ཞེས་ལོ་རྒྱུས་ཀྱི་ཡིག་ཆ་ཐམས་ཅད་ལ་འཁོད་པ་གཞིར་བཟུང“释迦歇庆”ཞེས་བསྒྱུར་ན་མ་གཏོགས། “释迦歇庆”“什加协庆”“史佳歇却尔”ཞེས་བསྒྱུར་བ་ཐམས་ཅད་ཀྱིས་མིང་དེ་གང་ལ་འཇུག་པའི་དོན་རྟོགས་པར་བྱེད་པ་ལ་ཕན་པ་ཅི་ཡང་མེད་པར་འགྱུར་ངེས། ད་དུང་ཐང་སྟོང་རྒྱལ་པོའི་མཚན་ལ་མཚོན་ནའང་སྔོན་གྱི་ལོ་རྒྱུས་དེབ་ཐེར་སྟེང་དུ། “唐东杰波”ཞེས་བསྒྱུར་ཏེ་ཚང་མའི་ཡིད་ལ་གསལ་ངེས་ཡོད་མོད། ཡིན་ནའང་ད་ལྟའི་སྒྲུང་དཔེ་སྐོར་ཞིག་གི་ནང་དུ། “汤冬协布”“桑冬主傅”“冈冈巴勒善”ཞེས་གང་འདོད་ལྟར་བསྒྱུར་ཡོད་པས་ཀློག་པ་པོས་གོ་བ་ཧ་ཅང་ལོན་དཀའ་བར་གྱུར་འདུག   དེའི་ཕྱིར། ལོ་ཙཱ་བ་རྣམས་ཀྱིས་ཡིག་སྒྱུར་སྐབས་ལོ་རྒྱུས་སྟེང་ཡོད་པའི་འགྱུར་མིང་རྣམས་ཅི་ནས་ཀྱང་སོར་འཇོག་བྱེད་དགོས་པར་སྙམ། སྤྱིར་སྒྲུང་དཔེའི་སྒྱུར་ཐབས་ཀྱི་སྐོར་ལ་ད་དུང་གནད་དོན་མི་ཉུང་བ་ཞིག་བགྲང་རྒྱུ་ཡོད་མོད་འདིར་ཞིབ་ཏུ་བརྗོད་ན་ཧ་ཅང་མང་བས་གོང་དུ་བརྗོད་ཟིན་པའི་སྙིང་བོ་ལས་གཞན་མ་བརྗོད་པ་རྣམས་ཀྱང་ཞོར་དུ་རྟོགས་པར་གྱུར་ཅིང་། ཕྱིས་སུ་གེ་སར་སྒྲུང་གི་མིང་དང་མི་མིང་རྫོང་མིང་ཡུལ་མིང་སོགས་མདོ་དབུས་ཁམས་གསུམ་ཀུན་ཏུ་ཚད་ལྡན་གྱི་འགལ་མེད་གཅིག་གྱུར་ཞིག་ཡོང་བའི་སླད་དུ། འདིར་རེ་བ་འགའ་བརྗོད་པར་བྱ་སྟེ།
     དེ་ཡང་ཐོག་མར་གེ་སར་སྒྲུང་གི་ལས་དོན་སྒྲུབ་མཁན་འབྲེལ་ཡོད་ལས་ཁུངས་དང་མི་སྣ། ལྷག་པར་དེའི་རྒྱལ་ཡོངས་ཀྱི་འགོ་ཁྲིད་ཚོགས་ཆུང་བཅས་ནས་གེ་སར་སྒྲུང་གི་ཡིག་སྒྱུར་བྱ་བར་གཙིགས་འཛིན་གནང་སྟེ་མི་འགྱངས་བར་འབྲེལ་ཡོད་ཞིང་ཆེན་སོ་སོ་ནས་རྒྱ་བོད་ཡིག་རིགས་གཉིས་ལ་མཁས་པའི་མི་སྣ་རྩ་འཛུགས་ཀྱིས་གེ་སར་སྒྲུང་གི་མིང་དང་མི་མིང་ཡུལ་མིང་རྫོང་མིང་སོགས་ཀྱི་འགྱུར་མིང་གཅིག་གྱུར་བྱས་པའི་རྒྱ་བོད་མིང་མཛོད་ཅིག་བསྐྲུན་རྒྱུ་ནི་ཧ་ཅང་གལ་ཆེར་མཐོང་། བགྲང་བྱ་བཞི་བཅུ་ལྷག་གི་རིང་ལ་འབྲེལ་ཡོད་ཞིང་ཆེན་དང་རང་སྐྱོང་ལྗོངས་མང་པོས་ཡིག་སྒྱུར་གྱི་བྱ་བར་འབད་འབུངས་གནང་སྟེ་སྒྲུང་དཔེ་མང་པོ་པར་སྐྲུན་བྱས་ཡོད་རུང་གེ་སར་སྒྲུང་གི་འགྱུར་མིང་སྐོར་གཅིག་གྱུར་ཡོང་བའི་ཐད་ད་ཕན་འོས་འཚམས་ཀྱི་འཆར་གཞི་ཞིག་གཏན་ནས་བཟོས་མེད་པའི་གནས་ཚུལ་འདི་ལོ་རབས་དགུ་བཅུའི་ནང་དུའང་ད་དུང་སྣང་མེད་དུ་བསྐྱུར་ན་ཕྱིས་སུ་རྒྱ་འགྱུར་མང་པོ་པར་སྐྲུན་བྱས་ཟིན་རྗེས་གཅིག་གྱུར་ཡོང་རྒྱུ་དེ་བས་དཀའ་བས་མཐའ་མ་འགྱོད་སེམས་དྲག་པོ་སྐྱེ་དགོས་པ་ཞིག་འོང་ངེས་རེད། ད་ལྟ་ངེད་ཚོས་མཐོང་བའི་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་བོད་རྒྱ་ཤན་སྦྱར་གྱི་གེ་སར་ཚིག་མཛོད་ཅེས་པ་དེས་ཁོ་ཚོ་ནང་ཁུལ་གྱི་འགྱུར་མིང་རྙོག་དྲའི་རྣམ་པ་བསྒྱུར་རྒྱུར་ནུས་པ་ཕྲན་བུ་ཐོན་ཡོད། ཡིན་ནའང《ཚིག་མཛོད》ཆུང་ཆུང་ཞིག་གི་ནང་དུ་སྒྲུང་དཔེ་ཉིས་བརྒྱ་ལྷག་གི་མིང་ཚིག་ཐ་སྙད་ཐམས་ཅད་སྡུད་ཐབས་མེད་ན་དེ་ཙམ་ལ་ཡིད་ཚིམས་ནས་བསྡད་པས་ག་ལ་འགྲིག 
     གཉིས་ནས་འབྲེལ་ཡོད་ཞིང་ཆེན་དང་ལྗོངས་སོ་སོས་ཀྱང་གོང་རིམ་དང་ཞིང་ཆེན་གཞན་པ་ཁོ་ནར་བརྟེན་ནས་མ་བསྡད་པར་རང་ཁོངས་གེ་སར་སྒྲུང་གི་ལས་དོན་སྒྲུབ་མཁན་འབྲེལ་ཡོད་ལས་ཁུངས་དང་མི་སྣའི་ཁོངས་ནས་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་རྩ་འཛུགས་བྱས་ཏེ་མགྱོགས་མྱུར་ངང་རང་རང་ཞིང་ཆེན་དང་རང་སྐྱོང་ལྗོངས་ནང་ཁུལ་གྱི་འགྱུར་མིང་གཅིག་གྱུར་བྱས་པའི་མིང་མཛོད་རྩོམ་སྒྲིག་གི་ལས་དོན་སྒྲུབ་འགོ་འཛུགས་དགོས། གལ་ཏེ་ཞིང་ཆེན་དང་ལྗོངས་སོ་སོས་ཐོག་མར་གཅིག་གྱུར་བྱེད་ཐུབ་ན། ཕྱིས་སུ་མདོ་དབུས་ཁམས་གསུམ་སྤྱི་ཁྱབ་ཏུ་གཅིག་གྱུར་བྱེད་པའི་བྱ་བ་ཡང་ཅུང་ཟད་སྒྲུབ་སླ་བ་ཞིག་ཡོང་གི་རེད།
     གསུམ་ནས་གེ་སར་སྒྲུང་གི་ཡིག་སྒྱུར་པས་ཀྱང་བྱ་བ་འདིར་གཟབ་ནན་གནང་སྟེ་གང་ནུས་ཀྱིས་ཡིག་སྒྱུར་གྱི་སྤུས་ཚད་ཇེ་ལེགས་སུ་གཏོང་དགོས་པ་དང་། ལྷག་པར་མདོ་དབུས་ཁམས་གསུམ་ཀུན་ཏུ་འགལ་མེད་གཅིག་གྱུར་ཡོང་བའི་ཐད་དེ་བས་འབད་བརྩོན་གནང་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེ་བ་ཞིག་རེད། ད་ལྟ་སྒྲུང་མིང་དང་མི་མིང་གཅིག་ལ་འགྱུར་མིང་སྣ་ཚོགས་རེ་ཡོད་པ་ཡང་གཙོ་བོ་རྒྱ་བོད་ལོ་ཙཱ་བ་རྣམ་པའི་སྨྱུག་རྩེ་ལས་ཐོན་པ་ཡིན་པས། གལ་ཏེ་ལོ་ཙཱ་བ་རྣམས་ཀྱིས་ད་དུང་མུ་མཐུད་དུ་རང་གི་ཅི་འདོད་ལྟར་བསྒྱུར་བ་ལས་མིང་ཚིག་གཅིག་གྱུར་བྱ་རྒྱུའི་ཐད་སྣང་འཇོག་མ་གནང་ན། སྒྲུང་དཔེའི་ཐ་སྙད་རྙིང་བ་སྐོར་ཞིག་གཅིག་གྱུར་བྱས་པའི་དབང་དུ་བཏང་ཡང་མིང་ཚིག་གསར་བའི་ཐད་ད་དུང་རྙོག་དྲ་འབྱུང་བས་འདིར་ངེས་པར་གཟབ་ནན་གནང་རྒྱུ་ནི་ངེད་ཅག་མི་རབས་འདིའི་ཕྲག་ཏུ་བབས་པའི་ལས་འགན་ཞིག་ཡིན།
     སླད་ཕྱིན་ངེད་ཅག་གོང་འོག་བར་གསུམ་གྱིས་དུས་རྒྱུན་དུ་ཡིག་སྒྱུར་གྱི་བྱ་བ་འདི་ལྷོད་མེད་དམ་འཛིན་གནང་སྟེ། ཞིང་ཆེན་དང་རང་སྐྱོང་ལྗོངས་སོ་སོའི་བར་འབྲེལ་འདྲིས་དམ་ཙམ་ཡོང་བ་དང་། ཡིག་སྒྱུར་གྱི་ཉམས་མྱོང་སྤེལ་རེས་སོགས་ཀྱི་བྱ་ཐབས་སྤེལ་ན། གེ་སར་སྒྲུང་གི་ཡིག་སྒྱུར་སྤུས་ཚད་ཇེ་ལེགས་དང་སྒྲུང་གི་མིང་ཚིག་སོགས་གཅིག་གྱུར་ཡོང་བའི་ཐད་ལ་ཕན་པ་ཆེན་པོ་ཐོན་ཐུབ། དེའང་གཙོ་བོ་གེ་སར་སྒྲུང་གི་གཞུང་སྒྱུར་གྱི་ཐད་ནས་ཚད་ལྡན་ཚུལ་མཐུན་ཞིག་ཡོང་བར་འབད་པ་བགྱིད་དགོས་ཞེས་པ་མ་གཏོགས་ཐམས་ཅད་གཅིག་གྱུར་ཡོང་བ་བྱ་དགོས་ཞེས་སྨྲས་པ་མིན། དཔེར་ན་ལོ་ཙཱ་བ་བརྒྱ་ཡོད་ན་བརྒྱ་ལ་སྒྱུར་སྟངས་སོ་སོ་དང་སྟོང་ཡོད་ན་སྟོང་ལ་སྒྱུར་ཐབས་སོ་སོ་ཡོད་པར་བརྟེན། སྒྲུང་གཞུང་གི་འགྱུར་ཡིག་གཅིག་གྱུར་ཡོང་བའི་ཐབས་ཤེས་ནི་ལོ་འཁོར་བརྒྱ་ཕྲག་འདས་ཀྱང་ཡོད་མི་སྲིད། འོན་ཀྱང་ངེད་ཅག་གིས་ངེས་པར་རྟོགས་དགོས་པ་ནི། བསྒྱུར་བྱའི་མ་ཡིག་གི་བསམ་བློའི་ནང་དོན་ཇི་བཞིན་དུ་བརྗོད་དགོས་པ་དེ་གཅིག་གྱུར་ཡོང་དགོས་པ་ལས་གཞན། ད་དུང་བསྒྱུར་བྱའི་མ་ཡིག་གི་རྩོམ་ལུགས་དང་རྩོམ་རིགས་ཀྱི་ཁྱད་ཆོས་སོགས་ཅི་ནུས་ཀྱིས་སོར་འཇོག་བྱེད་དགོས་པ་དེ་ལགས།
     གོང་དུ་གེ་སར་སྒྲུང་གི་ཐ་སྙད་སྐོར་ཞིག་གི་སྒྱུར་སྟངས་ཐད་ཁོ་བོས་གང་འཆར་ཅུང་ཟད་སྨྲས་པའི་དམིགས་ཡུལ་ནི། གཙོ་བོ་གླིང་གེ་སར་རྒྱལ་པོའི་སྒྲུང་གི་ཡིག་སྒྱུར་བྱ་བ་འདིར་སྤྱི་ཚོགས་ཡོངས་ནས་གཙིགས་འཛིན་གནང་སྟེ། རྒྱ་འགྱུར་སྒྲུང་དཔེའི་སྤུས་ཚད་ཇེ་བཟང་དང་། འགྱུར་མིང་གི་ཐ་སྙད་སྐོར་ཞིག་གང་མགྱོགས་ཀྱིས་གཅིག་གྱུར་ཡོང་བ་བྱས་ཏེ། བོད་གངས་ཅན་གྱི་ལོ་རྒྱུས་སྙན་རྩོམ་རིང་པོ་གླིང་གེ་སར་རྒྱལ་པོའི་སྒྲུང་འདི་རྒྱ་ཡིག་དང་དབྱིན་ཡིག་སོགས་སུ་བསྒྱུར་ནས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། ཐ་ན་འཛམ་གླིང་ཡོངས་ཀྱི་མི་དམངས་ལ་མཚམས་སྦྱོར་གསལ་པོ་ཞིག་བྱ་རྒྱུའི་ཆེད་དུ་རང་རེའི་ལོ་ཙཱ་བ་བགྲེས་གཞོན་ཀུན་གྱིས་སྤོབས་པ་ཆེར་བསྐྱེད་ནས་འབད་འབུངས་ལྷོད་མེད་གནང་རྒྱུའི་རེ་འདུན་ཞུས་པ་ལགས་སོ། །

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...