སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་བཙན་པོའི་དུས་སྐབས་ཀྱི་སྙན་ཚིག་གི་ཁྱད་ཆོས།
རྩོམ་པ་པོ། བསོད་ནམས་ཕུན་ཚོགས། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-9-27 10:50:00 རྩོམ་ཁུངས། 《ཀྲུང་གོའི་བོད་ཀྱི་ཤེས་རིག》། ཀློག་གྲངས།
     བོད་ཀྱི་བཙན་པོའི་དུས་སྐབས་དེ་ནི་བོད་མི་རིགས་ཀྱི་ལོ་རྒྱུས་ཐོག་ཧ་ཅང་གལ་འགངས་ཆེ་བའི་དུས་མཚམས་ཤིག་ཡིན་ཞིང་། དུས་སྐབས་དེར་བོད་ཀྱི་དཔལ་འབྱོར་དང་། ཆབ་སྲིད། རིག་གཞུང་ཕྱོགས་གང་སར་འཕེལ་རྒྱས་ཧ་ཅང་མགྱོགས་པོ་བྱུང་ནས་གཅིག་གྱུར་མནའ་འབྲེལ་གྱི་བྲན་གཡོག་ལམ་ལུགས་ཀྱི་སྲིད་དབང་སྟོབས་འབྱོར་ལྡན་པ་ཞིག་བཙུགས་པ་རེད། སྤྱི་ཚོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་གོམ་འགྲོས་དང་བསྟུན་ཏེ་སྐབས་དེར་རྩོམ་རིག་ཀྱང་འཕེལ་རྒྱས་ཆེས་ཆེར་བྱུང་ཞིང་། དམངས་ཁྲོད་རྩོམ་རིག་གི་ཆུ་རྒྱུན་སྔར་བཞིན་རྒྱས་མུས་མ་ཟད། བཅད་ལྷུག་སྤེལ་གསུམ་གྱི་ལུས་ལས་བརྩམས་པའི་རྩོམ་པ་པོའི་རྩོམ་རིག་ཀྱང་འཕེལ་རྒྱས་ཆེན་པོ་བྱུང་ནས་རིམ་བཞིན་འགོག་ཏུ་མེད་པའི་ཆུ་རྒྱུན་གསར་པ་ཞིག་ཏུ་གྲུབ་ཡོད། ལྷག་པར་དུ་དུས་སྐབས་དེར་རྩོམ་རིག་གི་ནང་ཚན་དུ་གྱུར་བའི་སྙན་ཚིག་གི་རྩོམ་ཚུལ་འདི་རིགས་ཧ་ཅང་དར་ཁྱབ་ཆེན་པོ་ཡོད་པ་མ་ཟད། སྒྱུ་རྩལ་གྱི་ཆུ་ཚད་ཀྱང་མཐོན་པོར་སླེབས་ཡོད་པས་ཕྱི་དར་བོད་ཀྱི་སྙན་ཚིག་གི་ལོ་འདབ་རྣམ་པར་རྒྱས་པར་བྱེད་པའི་སྡོང་རྩ་ལྟ་བུར་གྱུར་བ་ཡིན། སྐབས་དེར་དམངས་ཁྲོད་དང་ཡང་ན་རྩོམ་པ་པོ་གང་རུང་ལས་བྱུང་བའི་བརྩམས་བྱ་ཇི་སྙེད་པ་ཡོད་ངེས་རུང་། ལོ་ཟླའི་འཕེལ་འགྲིབ་ཀྱི་དབང་གིས་ད་ལྟ་མིག་ལམ་དུ་སྣང་བ་ཅུང་ཟད་དཀོན་མོད། ཡིག་ལམ་ནས་མཇལ་རྒྱུ་ཡོད་བཞིན་པ་འདི་རིགས་ལ་དཔྱད་པ་ཞིབ་ཙམ་བྱས་ན་དུས་སྐབས་དེའི་སྙན་ཚིག་གི་གནས་བབས་དང་། ཁྱད་ཆོས་ལ་དངོས་དོན་དང་མཐུན་པའི་དབྱེ་ཞིབ་དང་གདེང་འཇོག་འོས་འཚམས་བྱེད་ཐུབ་ལ། དེ་ནི་བོད་ཀྱི་རྩོམ་རིག་འཕེལ་རྒྱས་ཀྱི་ལོ་རྒྱུས་ཞིབ་འཇུག་བྱ་རྒྱུར་མཚོན་ན་ཧ་ཅང་གལ་ཆེ་བའི་ཕྱོགས་གཅིག་ཡིན་པར་མཐོང་ནས“བོད་ཀྱི་བཙན་པོའི་དུས་སྐབས་ཀྱི་སྙན་ཚིག་གི་ཁྱད་ཆོས”ཞེས་པ་འདི་གླེང་གཞི་བྱས་ཏེ་ཁབ་ཀྱི་བུ་ག་ནས་བལྟས་ཏེ་མཐོང་བ་རྣམས་ཞུ་བར་བྱ་བ་ཡིན། 
དང་པོ། བཙན་པོའི་དུས་སྐབས་སུ་སྙན་ཚིག་དར་ཁྱབ་ཆེ་བའི་ཚུལ་ཅུང་ཟད་བཤད་པ།
     ད་ལྟ་རང་ཅག་ཀུན་གྱི་སྤྱན་ལམ་དུ་གྱུར་བ་བོད་ཀྱི་བཙན་པོའི་དུས་སྐབས་སུ་བྱུང་བའི་སྙན་ཚིག་ནི་གཙོ་བོ《ཏུན་ཧོང་གི་ཡིག་ཚང》ཁྲོད་དུ་ཡོད་པའི་བོད་ཡིག་གི་ཁོངས་ནས་ཐོན་པའི་སྙན་ཚིག་གི་ཆ་དེ་རེད། དེ་དག་ལ་དབྱེ་ཞིབ་བྱས་ན་གཤམ་གསལ་ཕྱོགས་ཁ་ཤས་ཀྱི་ཐད་ནས་སྐབས་དེར་སྙན་ཚིག་དར་ཁྱབ་ཆེན་པོ་བྱུང་ཡོད་པ་དེ་ར་འཕྲོད་ཐུབ་ཀྱི་འདུག་སྙམ། 
     ༡. ཚང་མས་མཁྱེན་གསལ་ལྟར《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ཡིག་ཆ》ནང་བོད་རིགས་རང་གིས་གསར་རྩོམ་བྱས་པའི་མགུར་ཚིག་མི་ཉུང་བ་ཞིག་ཡོད་ཅིང་། དེ་དག་གི་ནང་ནས་སྤུ་དེ་གུང་རྒྱལ་གྱིས་གསུངས་པའི་མགུར“འ་བ་ཉི་ཉེ་བས་ཉིད། བྱ་རོ་རོ་ན་མདུང་གི་རྩེ་རང་ནིག ཡོས་རོ་རོ་ན་ལྷམ་གྱི་གོང་ར་ནིག བརླའ་བརྡུངས་སྤུར་བཏབ། འོབ་དེ་མྱེད་སྤུ་དེ་མྱེད”ཅེས་པ་དེ་ནི་མི་ལོ་ཉིས་སྟོང་གི་སྔ་རོལ་དུ་བྱུང་བ་ཞིག་ཡིན། དེ་ཙམ་མ་ཟད་ད་དུང་དེའི་ནང་རྩོམ་པ་པོའི་མཚན་དང་བཅས་ནང་དོན་ལེ་ཚན་དུ་ཕྱེ་བའི་ལེགས་བཤད་ཀྱི་སྙན་ཚིག་དེབ་ཚད་ལོན་པ་མཐོང་རྒྱུ་ཡོད་ལ། ཐ་ན་བོན་པོ་བ་རྣམས་ཀྱིས་ལེགས་ཉེས། སྐྱིད་སྡུག་བར་ཆད་ལ་སོགས་ལ་བརྟག་ཐབས་སུ་སྤྱོད་པའི་མོ་ལུང་གི་ལུང་ཚིག་ཀྱང་ཚིགས་བཅད་ཀྱི་ལུས་ལས་བརྩམས་ཤིང་། སྒྱུ་རྩལ་གྱི་ཁྱད་ཉམས་ལྡན་པའི་སྙན་ཚིག་ཀྱང་ལེ་ཚན་བཞི་བཅུར་ཉེ་བ་མཐོང་རྒྱུ་འདུག དེ་བཞིན་སྙན་ཚིག་གི་ཚུལ་དུ་བརྩམས་པའི་སུམ་པའི་གཏམ་དཔེ་ཕྱོགས་བསྒྲིགས་ཀྱང་འདུག་པས་སྙན་ཚིག་གི་རྩོམ་སྣ་དེ་རིགས་ནི་ནང་དོན་དང་། ཡིག་སྲོལ། སྐད་བརྡ་གང་ནས་བལྟས་ཀྱང་བཙན་པོའི་དུས་སྐབས་ཀྱི་སྙན་ཚིག་ཡིན་པར་བློ་དོགས་མི་དགོས་པ་ཞིག་ཡིན་ལ། དེ་ལྟ་བུའི་རྩོམ་སྣ་འཛོམས་ཤིང་། ནང་དོན་ཟབ་རྒྱ་ཆེ་བའི་ཚད་དུ་སླེབས་ཡོད་པ་དེ་ནི་རྩོམ་སྲོལ་དེ་རིགས་སྐབས་དེར་ཧ་ཅང་དར་ཆེ་བའི་མཚོན་རྟགས་ཀྱི་ཕྱོགས་གཅིག་ཡིན་པར་ཐེ་ཚོམ་མ་མཆིས།  
     ༢.སྐབས་དེར་མགུར་ནི་དེང་སྐབས་ཀྱི་གླུ་གཞས་ལྟ་བུ་དེ་ཡིན་ཞིང་། སྤྱི་ཚོགས་ཀྱི་སྣང་ཚུལ་དེ་དང་དེ་དག་མགུར་གྱི་ཐོག་ནས་གསོན་ཉམས་དོད་པོས་མཚོན་པར་བྱེད་རྒྱུ་དེ་སྐབས་དེའི་སྤྱི་ཚོགས་ཀྱི་དར་སྲོལ་ཞིག་ཏུ་གྱུར་སྟབས་སྤྱི་ཚོགས་ཀྱི་བྱེད་སྒོ་ཆེ་འབྲིང་ཆུང་གསུམ་གྱི་ནང་དུ་མགུར་དེ་སྤྱོད་གོ་ཧ་ཅང་ཆེན་པོ་ཡོད་དེ། དགྱེས་སྐྱེམས་སྟོན་མོའི་སྐབས་སུ་མགུར་གྱི་ཐོག་ནས་དགྱེས་ཚོར་མཚོན་པར་བྱེད་ཀྱི་ཡོད་ལ། འཐབ་འཁྲུག་ལས་རྣམ་པར་རྒྱལ་བའི་སྐབས་སུའང་མགུར་གླུའི་ཐོག་ནས་རྒྱལ་ཁའི་དགའ་སེམས་མཚོན་པར་བྱེད་ཀྱི་ཡོད། རྗེ་བློན་གྱི་མཛད་པ་ལ་མགུར་གྱི་ལམ་ནས་བསྔགས་པ་བརྗོད་ཀྱི་ཡོད་ལ། འབངས་ཀྱི་བྱས་ཉེས་ལའང་མགུར་གྱི་ལམ་ནས་བཀྱོན་ཕབ་ཀྱི་ཡོད་པས་དེ་ནི་མཐོ་དམའི་དབྱེ་བ་དང་རྒན་གཞོན་ཕོ་མོའི་ཁྱད་པར་མེད་པ་ཀུན་གྱིས་རྒྱ་ཁྱབ་ཏུ་སྤྱོད་ཀྱི་ཡོད་པ་རེད། མགུར་གླུ་དེ་ལྟ་བུའི་དར་ཁྱབ་ཡོད་པ་དང་མཉམ་དུ་མགུར་ཚིག་ཀྱང་དེ་བཞིན་དར་རྒྱས་ཡོང་རྒྱུ་ནི་སྨོས་མེད་ཡིན། མགུར་ཚིག་ནི་ཚིགས་བཅད་ཀྱི་ལུས་ལས་བརྩམས་ཤིང་། སྒྱུ་རྩལ་གྱི་ཁྱད་ཉམས་ཆེས་ཆེར་ལྡན་པའི་སྙན་ཚིག་འཁྲུལ་མེད་ཡིན་ལ། བཙན་པོའི་དུས་སྐབས་ཀྱི་སྙན་ཚིག་གི་གྲུབ་ཆ་གཙོ་བོ་དེ་ཡིན་པར་བསམས། འདིར་དཔེ་མཚོན་གྱི་ཚུལ་དུ་དྲངས་ན་བཙན་པོ་སྟག་རི་གཉན་གཟིགས་ཀྱི་སྐབས་སུ་ཟིངས་པོ་རྗེའི་མངའ་འབངས་ལེན་རྒྱུའི་གསང་གྲོས་ལ་བཞུགས་མཁན་མྱང་ཙོང་ཀུ་སོགས་རྟ་པ་རྣམས་འཕྱིང་བ་སྟག་རྩེར་འབྱོར་སྐབས་ཉིན་ལྟར་འགྲོ་སྡོད་བྱེད་ལུགས་ལ་གསང་རྒྱ་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པའི་སྣང་ཚུལ་དེ་ཡར་ཀླུང་གི་འབངས་མིས་མཐོང་སྟེ་སྐབས་འཕྲལ་མགུར་ཚིག་འདི་འདྲ་ཞིག་བརྩམས་པ་རེད། “ད་མྱི་བཟངས་ནི་རྟ་བཟངས་ཤིག ཉིན་ཞིང་ནི་ཕག་ཚལ་ན། མཚན་ཞིང་ནི་ཕྱིང་བར་མཆིའ། དགྲ་འམ་ནི་ཞིང་ང་(ཟུན་)ཅིའུ”ཞེས་པ། དེ་ལས་སྐབས་དེར་སྤྱི་ཚོགས་ཐོག་བྱུང་བའི་དམིགས་བསལ་གྱི་སྣང་ཚུལ་ལ་དོ་སྣང་བྱེད་པའི་རྫི་ཧ་ཅང་རྣོན་པོ་ཡོད་པ་མ་ཟད། དེ་འཕྲལ་མགུར་ཚིག་གི་ཐོག་ནས་སྣང་ཚུལ་དེ་རིགས་མཚོན་པར་བྱེད་པའི་ཚད་དུ་སླེབས་ཡོད་པ་དེ་མཐོང་ཐུབ། དེ་མིན་ད་དུང་སྲོང་བཙན་སྒམ་པོའི་གཅུང་མོ་སད་མར་ཀར་བྱ་བས་ཞང་ཞུང་ནས་གཅེན་བཙན་པོར་ཕུལ་བའི་མགུར་ཚིག“......ཀྱེ་བྱང་འབྲོག་གི་ཡ་པི་ན། ཕོ་མོའི་ནི་འབྲོང་གཆིག་པ་། བྱང་འབྲོག་ནི་འབྲོང་དགུམ་ན། ཕུ་ནས་ནི་འདེབས་པའ། ལོང་ཏོང་ནི་འཕན་གྱིས་ཐོབ། མདའ་ནས་ནི་གཡབ་འདོར་བ། སྐྱིའི་ནི་ཤ་དང་སྤུན”ལ་སོགས་པ་ཚིག་རྐང་དོན་བཞི་ཅན་ཞིག་ཡོད་པ་དེས་གཅེན་བཙན་པོ་ནས་ཞང་ཞུང་རྒྱལ་པོར་འཕྲལ་དུ་དམག་དྲངས་ནས་མངའ་དབང་རྒྱ་བསྐྱེད་མཛད་དགོས་རྒྱུའི་ལྐོག་བརྡ་སྤྲད་ཡོད་ཅིང་། སྐབས་དེར་བུད་མེད་ཀྱི་ངག་ལས་དབྱངས་སུ་གྱེར་བའི་མགུར་གླུ་དེ་ལས་ཀྱང་དེ་སྐབས་སུ་མགུར་གླུ་རྒྱ་ཁྱབ་ཏུ་དར་བ་དང་ཆབས་ཅིག་མགུར་ཚིག་ཀྱང་དེ་མཚུངས་དར་ཁྱབ་ཆེན་པོ་ཡོད་ངེས་པའི་གནས་ལུགས་དེ་རྟོགས་སླ་བ་ཡིན་ནོ། །  
     ༣. སྐབས་དེའི་སྙན་ཚིག་ལས་མཚོན་པའི་བརྗོད་དོན་གྱི་ཟབ་ཚད་དང་བརྗོད་དོན་མཚོན་ཚུལ་གྱི་ཐབས་རྩལ་ཚིག་གི་སྡེབ་སྦྱོར་སོགས་ཀྱི་ཐད་ལ་བྱིས་པའི་འཁྱོར་འགྲོས་ལྟར་རང་ཚུགས་ཟིན་མ་ཐུབ་པ་ཞིག་མ་ཡིན་པར་དེ་ནི་སྐབས་དེའི་སྤྱི་ཚོགས་ཀྱི་འཚོ་བའི་ལག་ལེན་ནང་དུ་སྲེག་བཅད་བརྡར་གསུམ་གྱི་བཙོ་སྦྱངས་ཡང་ཡང་བྱས་ཏེ་སྒྱུ་རྩལ་གྱི་སྨིན་ཚད་མཐོ་ཙམ་དུ་སོན་ཡོད་པའི་རྟགས་མཚན་ཞིག་ཏུ་གྲུབ། དཔེར་ན་སྲོང་བཙན་སྒམ་པོ་དབའ་ཏེ་རོ་དབྱི་ཚབ་ཀྱི་ཁྱིམ་དུ་གདན་ཞུས་ལྟར་ཕེབས་ཏེ་གསུངས་པའི་མགུར་གྱི་འགོར་“ཡར་མོ་ནི་ཆུ་ཐུངས་ཀྱིས།མདོ་ནས་ནི་རྩང་དུ་བསྲིང་། ཡར་མོ་ནི་ཞིང་ཆུངས་ཀྱིས། ལྷོ་ནས་ནི་བྱང་དུ་བསྐྱེད།.....”ཅེས་ཡར་ཀླུང་གི་བཙན་པོའི་སྲིད་དབང་དེ་སྔར་དང་མི་འདྲ་བར་འཕེལ་འགྱུར་ཧ་ཅང་ཆེན་པོ་བྱུང་བའི་ལོ་རྒྱུས་རླབས་པོ་ཆེ་དེ་བཙན་པོའི་སྲིད་དབང་གི་གནས་གཞིའི་ས་ངོས་ཀྱི་ཆུ་བོ་ཡར་ཆབ་གཙང་པོའི་དཀྱུས་དང་ཞེང་གི་འཕེལ་འགྱུར་གྱི་གཟུགས་སུ་བཀོད་དེ་ཡིག་འབྲུ་འགའ་ཤས་ཤིག་གིས་ཀློག་པ་པོར་སྐབས་དེའི་བོད་ཁམས་གཅིག་གྱུར་བཟོ་བའི་དམག་འཐབ་ཀྱི་ལོ་རྒྱུས་དེ་མངོན་སུམ་གཟུགས་ཅན་དུ་མཐོང་རྒྱུ་ཡོད་པའི་སྣང་འཆར་དབང་མེད་དུ་སྐྱེ་ཐུབ་པ་ཞིག་བྱུང་ཡོད། སྒྱུ་རྩལ་གྱི་སྙིང་བསྡུས་དེ་ལྟ་བུ་ནི་ཡུན་རིང་ལག་ལེན་གྱི་བརྡར་ཤ་བཅད་ཟིན་པའི་སྒྱུ་རྩལ་གྱི་ས་གཞིར་རབ་ཏུ་བཞད་པའི་སྒྱུ་རྩལ་གྱི་མེ་ཏོག་རྣམ་པར་བཀྲ་བ་ཞིག་ཡིན་པ་ལས་སྟབས་ལེགས་སྟེས་དབང་གིས་ཆགས་པ་ཞིག་ཡིན་མི་སྲིད། དེ་དང་དེ་འདྲའི་དཔེར་བརྗོད་མང་པོ་འདུག་ཀྱང་གཤམ་དུ་ལེ་ཚན་གཞན་ཞིག་ནང་དམིགས་བཀར་གྱིས་དབྱེ་ཞིབ་བྱ་རྒྱུར་བཞག 
     གོང་དུ་བཤད་པ་ལྟར་སྐབས་དེའི་སྙན་ཚིག་གི་རྩོམ་སྣ་དང་། མགུར་ཚིག་གི་དར་ཁྱབ།   སྙན་ཚིག་གི་སྒྱུ་རྩལ་བཅས་ཕྱོགས་གསུམ་པོ་དེ་མདོར་བསྡུས་ན་སྐབས་དེར་བྱུང་བའི་སྙན་ཚིག་གི་འབོར་ཚད་དང་སྤུས་ཚད་གཉིས་ཀྱི་ཕྱོགས་ནས་དབྱེ་ཞིབ་བྱས་པ་ཡིན་ཞིང་། ཕྱོགས་དེ་གཉིས་ནི་སྙན་ཚིག་དར་ཁྱབ་ཆེ་ཆུང་དབྱེ་ཞིབ་བྱ་རྒྱུའི་གཙོ་བོའི་ཕྱོགས་དེ་ཡིན་པར་བསམ།  གང་ལགས་ཤེ་ན། སྐབས་དེ་རང་ལ་བྱུང་བའི་སྙན་ཚིག་གི་རྩོམ་སྣ་དང་འབོར་ཚད་ངེས་ཅན་ཞིག་མེད་ན་དར་ཁྱབ་ཆེ་ཚུལ་དེ་བསྒྲུབས་མི་ཐུབ་ལ། དེ་བཞིན་ཁྱོན་ཡོངས་ནས་བལྟས་ན་སྒྱུ་རྩལ་གྱི་ཆུ་ཚད་ངེས་ཅན་ཞིག་གི་ཚད་དུ་སླེབས་ཐུབ་པར་ངེས་པར་དུ་དར་ཁྱབ་ཆེས་ཆེར་ཕྱིན་པའི་ལག་ལེན་གྱི་བརྒྱུད་རིམ་ངེས་ཅན་ཞིག་དགོས་རྒྱུ་ཡིན་པས་རེད། དེ་བཞིན་དར་ཁྱབ་ཆེར་མེད་ལ། སྒྱུ་རྩལ་གྱི་ཆུ་ཚད་ཀྱང་དེ་ཙམ་མཐོ་པོའི་སྨིན་ཚད་དུ་མ་སོན་ན་ཁྱད་ཆོས་ཞེས་པ་ནི་སྡོང་པོ་མེད་པའི་ལོ་འདབ་དང་ཤིང་སྣ་མེད་པའི་ནགས་ཚལ་ལྟར་དེ་བས་ཀྱང་བརྗོད་ཐབས་བྲལ་བ་ཞིག་ཡིན།  
གཉིས་པ། བཙན་པོའི་དུས་སྐབས་ཀྱི་སྙན་ཚིག་སྤྱིའི་ཁྱད་ཆོས།
     གོང་དུ་བཤད་པ་ལྟར་བཙན་པོའི་དུས་སྐབས་དེར་སྙན་ཚིག་གི་རྩོམ་སྲོལ་ཧ་ཅང་དར་ཁྱབ་ཆེན་པོ་བྱུང་ཡོད་པར་བརྟེན་དེའི་རིགས་དར་ཁྱབ་ཏུ་འགྲོ་བའི་བརྒྱུད་རིམ་གྱི་ནང་དུ་སྐབས་དེའི་སྤྱི་ཚོགས་ཀྱི་འཚོ་བར་གཞིགས་ཏེ་ནང་དོན་དང་རྣམ་པ་གང་སར་སྤྱི་ལ་ཁྱབ་པའི་ཁྱད་ཆོས་འགའ་རིམ་བཞིན་གྲུབ་ཡོང་གི་ཡོད་པ་དེ་ནི་ཆོས་ཉིད་ཅིག་རེད། འོ་ན་སྐབས་དེའི་སྙན་ཚིག་སྤྱི་ལ་ཁྱབ་པའི་ཁྱད་ཆོས་དེ་གང་ཡིན་ནམ་ཟེར་ན། དེར་མཚོན་པའི་ནང་དོན་གྱི་ཐད་ཁྱད་ཆོས་ཡོད་ལ། སྒྱུ་རྩལ་གྱི་ཐབས་ལམ་ཐད་ལའང་ཁྱད་ཆོས་འགའ་ཡོད་པར་སྙམ།  དེ་ཡང་སྐབས་དེའི་སྙན་ཚིག་ལས་མཚོན་པའི་ནང་དོན་གྱི་ཁྱད་ཆོས་གཙོ་བོ་ཞིག་ནི་ཕྱིས་དར་གྱི་རྩོམ་རིག་དང་མི་འདྲ་བར་ནང་པ་སངས་རྒྱས་ཀྱི་ཆོས་ལུགས་ཀྱི་ལྟ་བའི་ཤན་ཞུགས་མེད་པའམ་ཡང་ན་ཤན་ཤུགས་ཤིན་ཏུ་ཆུང་བ་དང་བོན་ཆོས་ཀྱི་ལྟ་བ་རང་ཤུགས་ཀྱིས་མཚོན་གྱི་ཡོད་པ་དེ་ཡིན། རྩོམ་རིག་ནི་སྤྱི་ཚོགས་ཀྱི་འཚོ་བ་གང་ཞིག་རྩོམ་པ་པོའི་བློ་ངོར་འཆར་བ་ལས་བྱུང་བ་ཞིག་རེད། སྐབས་དེ་དུས་ཀྱི་སྤྱི་ཚོགས་ལོ་རྒྱུས་ལྟར་ན། ཁྲི་སྲོང་ལྡེ་བཙན་གྱི་གོང་དུ་ནང་པ་སངས་རྒྱས་ཀྱི་བསྟན་པ་དེ་བསྟན་པ་གསར་པ་ཐོག་མར་དར་འགོ་ཚུགས་ཀྱི་ཡོད་པ་ཙམ་ཞིག་ལས་སྤྱི་ཚོགས་ཐོག་ཤུགས་རྐྱེན་དེ་ཙམ་མེད་པ་དང་། ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བོན་ཆོས་གཉིས་རྩོད་པ་དང་འབྲེལ་བཙན་པོས་མཐའ་གཅིག་ཏུ་ནང་ཆོས་ཤུགས་ཆེ་སྤེལ་བར་མཛད་ཀྱང་ཐ་ན་ཁྲི་རལ་པ་ཅན་གྱི་སྐབས་སུའང་ནང་པ་སངས་རྒྱས་ཀྱི་ཆོས་ལུགས་བསམ་བློ་དེ་དབང་སྒྱུར་གྱི་བསམ་བློའི་གནས་སུ་བརྟན་པོར་འཁོད་ཐུབ་མེད་པ་ལྐོག་གྱུར་བསམ་བློའི་འཐབ་རྩོད་སྔར་བཞིན་གནས་ཡོད་ཅིང་། མཐར་གླང་དར་མས་ཕྲུ་སློག་བཏང་བ་རེད། དེ་ལས་ལྡོག་སྟེ་བོན་པོའི་ཆོས་ནི་དར་རྒྱུན་རིང་ཞིང་། སྐབས་ཤིག་རིང་དབང་སྒྱུར་གྱི་བསམ་བློའི་གནས་སུ་འཁོད་དེ་ས་ཁྱབ་རྡོ་ཁྱབ་ཀྱི་མི་ཚོའི་བསམ་བློར་བསུབ་ཏུ་མེད་པའི་རི་མོ་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་བཅས་ནི་སྐབས་དེའི་སྤྱི་ཚོགས་ཀྱི་དངོས་དོན་ཞིག་ཡིན། ད་ཡོད་ཡིག་ཐོག་གི་སྙན་ཚིག་ཁོངས་ནས་ལེགས་བཤད་ཀྱི་སྙན་ཚིག་དེ་ཕུད། དེའི་བྱིངས་མོ་ལུང་གི་ལུང་ཚིག་དང་མགུར་ཚིག་ནང་སངས་རྒྱས་བསྟན་པའི་ནང་དོན་མཚོན་རིགས་ཧ་ལམ་མེད་པ་ལྟ་བུ་ཡིན། བོན་ཆོས་ཀྱི་ལྟ་བ་མཚོན་པའི་སྙན་ཚིག་ནི“གཟུས་ནི་ལྷག་བོན་ཏོ། སླེན་མཚན་སློན་བཀོལ་གཟུས་ནི། ལྷ་བོན་ཏོ། སྲིན་བྱ་རྒོད་ཀྱིས་བཏག་སྟེ། ཚེ་པོང་ནག་སེང་གིས་བཏགས་སོ། རྗེ་བདེན་གྱིས་ནི་བཀོལ་ཏོ། སྒ་བདེན་གྱིས་བསྡད་དོ། གྱི་སྨོན་རུམ་དུ་སྤུང་ངོ་། མཚོ་གཟུགས་རུམ་དུ་འཁྲུངས་སོང་།”ཞེས་པ་ལྟ་བུ་ཡིན། དེར་བརྟེན་སྙན་ཚིག་དེ་རིགས་ཀྱིས་སྐབས་དེའི་སྤྱི་ཚོགས་ཀྱི་དངོས་དོན་དེ་བདེན་པར་མཚོན་པ་ཡིན་ལ། དེ་ནི་ཕྱིས་འབྱུང་གི་སྙན་ཚིག་དང་བསྡུར་ན་ལོ་རྒྱུས་ཀྱི་དངོས་དོན་དང་འབྲེལ་བའི་ཁྱད་ཆོས་ཤིག་ཡིན་པར་མཐོང་།  འོན་ཀྱང་བཙན་པོའི་དུས་སྐབས་ཀྱི་སྙན་ཚིག་གི་ནང་དོན་ལ་ནང་པ་སངས་རྒྱས་ཀྱི་བསྟན་པའི་ཤན་ཤུགས་ཡེ་ནས་མེད་ཅེས་བཤད་པ་མ་ཡིན་གྱིས་བཙན་པོའི་དུས་སྐབས་དེའི་དུས་མཇུག་ཏུ་བྱུང་བ་འདྲ་བའི་ལེགས་བཤད་ཀྱི་སྙན་ཚིག་དེར་སངས་རྒྱས་བསྟན་པའི་ཤན་ཤུགས་མངོན་གསལ་ཏུ་མཚོན་འདུག་པ་དེ་ནི་ཁྱོན་ཡོངས་ནས་བྱས་ན་ཆ་ཤས་དང་ཕལ་པའི་ཕལ་པར་གྱུར་བའི་ཆ་དེ་ཡིན་པས་གཙོ་ཕལ་གྱི་དབྱེ་བ་དེ་མ་འཁྲུལ་བ་དགོས་གལ།  
     ནང་དོན་ཐད་ཀྱི་ཁྱད་ཆོས་གཞན་ཞིག་ནི་གནའ་རབས་བོད་ལྗོངས་སུ་ཁྲིམས་སྒོ་རང་བཙན་གྱི་ཚུལ་དུ་གནས་པའི་རྒྱལ་ཕྲན་དང་སྡེ་ཤོག་ཁག་རྣམས་རིམ་བཞིན་གཅིག་གྱུར་བྱས་པའི་ལོ་རྒྱུས་ཀྱི་དོན་ཆེན་དང་རྗེ་བློན་ཁག་གཅིག་གི་མཛད་པ་མཚོན་པ་དེ་ཡིན། བཙན་པོའི་དུས་སྐབས་དེ་ནི་གནའ་རབས་རྒྱལ་ཕྲན་སོ་སོས་ས་ཁུལ་རེ་བཅད་བཟུང་བྱས་ཏེ་གཅིག་འོག་གཅིག་ཏུ་མི་འདུ་བར་ཁ་འཐོར་སིལ་བུའི་ཚུལ་དུ་གནས་པ་དེ་གང་འགབ་ཀྱི་ཐབས་ལ་བརྟེན་ནས་རིམ་བཞིན་གྱི་གཅིག་འགྱུར་ཡོང་བར་བྱེད་པའི་དུས་སྐབས་ཤིག་དང་། བྲན་གཡོག་ལམ་ལུགས་ཀྱི་སྲིད་དབང་བཙུགས་ཤིང་། སྲ་བརྟན། འཕེལ་རྒྱས་སུ་འགྲོ་བར་བྱེད་པའི་དུས་སྐབས་ཤིག་ཡིན། དུས་སྐབས་དེ་གར་བྱུང་བའི་མགུར་ཚིག་ལས་ཀྱང་གཅིག་འགྱུར་ཡོང་བར་བྱེད་པའི་ལོ་རྒྱུས་ཀྱི་དོན་ཆེན་དེའི་ཆ་འགའ་དང་། དེ་བཞིན་དེ་དང་འབྲེལ་བ་ཡོད་པའི་མི་སྣའི་མཛད་པ་འགའ་སྒྱུ་རྩལ་གྱི་ལམ་ནས་གཟུགས་ཅན་ལྟར་མཚོན་གྱི་འདུག   དཔེར་ན་གནམ་རི་སྲོང་བཙན་གྱི་སྐབས་སུ་སེང་གོ་མྱི་ཆེན་གྱིས་དྭགས་པོ་ལོག་པ་སླར་ཡང་འབངས་སུ་བཀུགས་ནས་བཙན་པོ་རྗེ་འབངས་དགྱེས་སྐྱེམས་སྟོན་མོ་གསོལ་བའི་ཚེ་ཁྱུང་པོ་སྤུང་སད་ཟུ་རྩེ་ནས་རང་ལ་འུད་བསྟོད་དང་། རྗེ་ལ་འཁང་ར། བློན་པོ་གཞན་ལ་ཕྲག་དོག་བྱེད་པའི་མགུར་ཞིག་བླངས་པ་དེའི་ལན་དུ་མྱང་མང་པོའི་རྗེ་ཞང་སྣང་གིས་མགུར་བླངས་པ་ནི་འདི་ལྟར་ལགས།“ཀྱེ། ན་ནི་གཞི་ནི་སྔ། ཆབ་ཆབ་ནི་ཕ་རོལ་ན། ཡར་ཆབ་ནི་ཕ་རོལ་ན། དགུ་གྲི་ནི་ཟིང་པོ་རྗེ། ཉ་ལས་ནི་ཁམ་དུ་དཀོང་། ཁམ་ལས་ནི་རྨེག་དུ་བཏའ། སྐྱི་ནས་ནི་ཉ་འདོན་པ། དབྱི་ཚབ་ནི་པངས་ཏོ་རེ། ཀླུམ་ན་ནི་ཆབ་ཚོད་པ། ཙེང་ཀུ་ནི་སྨོན་ཏོ་རེ། ཁུར་ར་ནི་རགས་ཐོགས་ཤིང་། དོག་གི་ནི་ས་སྐྱེད་པ། པང་སུམ་ནི་འདྲོན་པོ་ཞིག  ཐང་ལ་ནི་རྩེ་ཆད་ཆིང་།ཤམ་པོ་ནི་རྨད་དུའ་བསྣན། ཡུལ་སྣའི་ནི་མཁར་པབ་ཆིང་། པྱིང་བའི་ནི་སྣོན་དུ་བགྱིས། སྔ་(ན་)ནི་མཐོ་བ་ལ། ད་ཙམ་ནི་དགུང་ལ་རེག ངས་པོ་ནི་སྒང་དྲས་ཤིང་། ཡར་མོ་ནི་འཁོལ་དུ་སྩལ། སྔ་ན་ནི་ཆེ་བ་ལ། ད་ཙམ་ནི་མཐའ་ཡང་ཡས.....”ཞེས་པ་ལ་སོགས་པ་ཚིག་རྐང་བཞི་བཅུ་ཅན་ཞིག་འདུག་ཀྱང་མང་བར་དོགས་ནས་ཆ་ཚང་མ་བཤུས། གོང་དུ་དྲངས་པའི་དུམ་བུ་དེ་ལས་གནའ་རབས་འཕན་ཡུལ་ལ་དབང་སྒྱུར་བའི་རྒྱལ་ཕྲན་ཟིང་པོ་རྗེའི་མངའ་འབངས་དམག་གིས་བཏུལ་ནས་ཡར་ཀླུང་གི་བཙན་པོ་གནམ་རི་སྲོང་བཙན་གྱི་མངའ་འོག་ཏུ་བཅུག་པའི་ཚུལ་དང་དེ་བཞིན་ལོ་རྒྱུས་ཀྱི་དོན་ཆེན་དེར་ཞུགས་མཁན་གྱི་བྱས་ཅན་ཚོའི་མཛད་པ་སོགས་གསོན་ཉམས་དོད་པར་བཀོད་ཅིང་། སྡང་ཞེན་གྱི་འདུ་ཤེས་ཀྱང་ཚིག་བརྗོད་ཀྱི་ཕྲེང་བའི་གསེང་ནས་ལྦ་ལེར་གསལ་ཐུབ་པ་ཞིག་འདུག་སྙམ། ནང་དོན་ཐད་ཀྱི་ཁྱད་ཆོས་དེ་དག་ནི་སྐབས་དེའི་དུས་རབས་ཀྱིས་ཐག་གཅོད་བྱས་པ་ཞིག་དང་། སྐབས་དེའི་སྤྱི་ཚོགས་ཀྱི་འཚོ་བ་དེ་སྒྱུ་རྩལ་གྱི་ཐོག་ནས་སླར་མངོན་པ་ཞིག་ཡིན་ཞིང་། སྙན་ཚིག་དེའི་རིགས་ནི་རྩོམ་རིག་ཙམ་མ་ཟད། ལོ་རྒྱུས་ཞིབ་འཇུག་བྱ་རྒྱུར་ཡང་རིན་ཐང་གཞལ་དུ་མེད་པ་ལྡན་ཡོད་པས་རྒྱལ་ཁབ་ཀྱི་ཕྱི་ནང་གང་སར་བོད་ཀྱི་ཤེས་རིག་ཞིབ་འཇུག་པ་ཚོས་ཧ་ཅང་རྩ་མཐོང་ཆེན་པོ་གནང་བའི་རྒྱུ་མཚན་ཡང་དེ་ཉིད་ལ་ཐུག་ཡོད།  
     འཇིག་རྟེན་ཐོག་གི་བྱ་དངོས་དེ་དང་དེ་དག་ལ་ཐོག་མར་དར་བ་དང་། དེ་ནས་རང་རང་གི་སྐྱེ་སྟོབས་ཀྱི་དཔལ་ལ་བརྟེན་ནས་འཕེལ་རྒྱས་སུ་འགྲོ་ཞིང་། ཆ་མ་རྫོགས་པ་ནས་རིམ་བཞིན་ཆ་ཇེ་རྫོགས་སུ་འགྲོ་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་མི་ཐུང་བ་རེ་ཡོད་པས། བོད་ཀྱི་བཙན་པོའི་དུས་སྐབས་ཀྱི་སྙན་ཚིག་དེ་ཡང་ཐོག་མ་དར་བ་ནས་རྒྱ་ཁྱབ་ཏུ་འཕེལ་རྒྱས་ཕྱིན་པ་དང་སྦྲགས་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ནང་སྒྱུ་རྩལ་གྱི་ཐབས་ལམ་ཐད་ལའང་རིམ་བཞིན་རང་ཤུགས་ཀྱིས་རང་མི་རིགས་ཀྱི་ཁྱད་ཆོས་དེ་དང་དེ་འདྲ་རེ་གྲུབ་པ་རེད།  
     དེ་ཡང་དང་པོར་སྙན་ཚིག་གི་ལུས་ཀྱི་ཐད་ནས་བལྟས་ན་ཚིག་རྐང་རེར་ཡིག་འབྲུ་མང་ཉུང་གཅིག་ཏུ་མ་ངེས་པ་ནས་རིམ་བཞིན་ཡིག་འབྲུ་དྲུག་རེ་བྱས་པའི་དྲུག་ཚིག་གི་ཚིགས་བཅད་གཙོ་བོ་དང་དེ་མིན་ཚིགས་བཅད་རྐང་པ་རེར་ཚིག་འབྲུ་བདུན་རེ་བྱས་པའི་བདུན་ཚིག་གི་རྩོམ་སྲོལ་དེ་ཡང་དར་ཡོད་པ་དེ་ནི་ལུས་ཀྱི་ཁྱད་ཆོས་དེ་ཡིན། དཔེར་ན་གོང་དུ་བརྗོད་པ་ལྟར་གཡུང་དྲུང་བོན་གྱི་མོ་ལུང་གི་ལུང་ཚིག་ཚིགས་བཅད་ཀྱིས་བཀོད་པ་ཁག་གཅིག་འདུག་པ་ནས་དཔེར་བརྗོད་དུ་དྲངས་ན། “མཚོ་རོ་ནི་གཡུ་ཡུས་ན། གཡུ་བཟང་ནི་ལྕང་ལོ་ལ། གཡུང་བ་ནི་བཀ་རྩེས་དང་། བཀའ་སྙན་ནི་བཟང་དགུར་སྦྱར། དེང་ཐོས་ནི་སྐྱིད་པའི་ལུགས།”ཞེས་པ་ལྟ་བུའི་ལུང་ཚིག་ཆ་ཚང་སུམ་ཅུ་སོ་གསུམ་འདུག་པ་རྣམས་ཚིགས་རྐང་ཁ་ཤས་ལ་བར་གྱི་ཡིག་འབྲུ་གསུམ་པ་ནི་སྒྲ་མེད་པ་ཙམ་ལས་གཞན་པ་རྩོམ་ལུས་ལ་མི་འདྲ་བའི་ཆ་ཅུང་ཙམ་ཡང་མེད་པར་གཅིག་མཚུངས་རེད་འདུག་པས་དཔེར་བརྗོད་འདིས་འཐུས་པ་བྱས། དེ་མིན་མགུར་ཚིག་གི་ལུས་ཀྱང་གོང་དང་གཉིས་སུ་མེད་པ་དྲུག་ཚིག་ཅན་གཙོ་བོ་རེད་འདུག དཔེར་ན་བཙན་པོ་ཁྲི་འདུས་སྲོང་འཇང་ཡུལ་དུ་དམག་གིས་དཔུང་འཇུག་པར་ཕེབས་ཐོན་མཛད་དགོས་རྒྱུའི་སྐོར་བློན་པོ་ཁེ་རྒད་རྒྱལ་ཏོ་རེ་མདོ་སྨང་གིས་མཆིད་བླངས་པར། “ཆུ་ཐུང་ནི་བསར་ང་བ། ཀོང་ཁྱིམ་ནི་སྤྱན་བུ་ཅུང་། རིས་བཀྲ་ནི་བསར་ང་བ། མོན་ཀའི་ནི་སྟན་ཚིག་པ། བཙན་ཏེ་མི་མྱི་མཁས་པ། རྒྱ་དྲུག་ནི་དགུང་མཐའི་རྗེ།”ཞེས་པ་སོགས་ཚིག་རྐང་བཞི་བཅུ་ཅན་ཞིག་ཏུན་ཧོང་ནས་ཐོན་པའི་བོད་ཡིག་ནང་འདུག་པ་ལས་དྲངས་པ་ཡིན་ཞིང་། དེ་མིན་རྗེ་བློན་འབངས་ལ་སོགས་པ་གཞན་རྣམས་ཀྱིས་གསུངས་པའི་མགུར་ཚིག་ཀྱང་མང་ཆེ་བ་ལུས་ཀྱི་ཆ་ནས་མི་འདྲ་བ་འདུག་པས་དཔེར་བརྗོད་གཞན་མ་བཀོད།  
     གོང་དུ་བཀོད་པ་ལྟར་ཏུན་ཧོང་ནས་ཐོན་པའི་བོད་ཡིག་ཁོངས་སུ་ལེགས་བཤད་དེབ་ཚད་ལོན་པ་ཞིག་འདུག་པ་དང་། དེའི་རྩོམ་ལུས་ནི་གོང་གསལ་ཚིག་དང་མི་འདྲ་བར་ཚིག་རྐང་རེར་ཡིག་འབྲུ་བདུན་རེ་བྱས་ཏེ་བདུན་ཚིག་གིས་བརྩམས་པ་ཞིག་རེད་འདུག་པ་དང་།བརྗོད་བྱའི་དོན་གྱི་ཐད་ལའང་ནང་པ་སངས་རྒྱས་ཀྱི་བསྟན་པའི་ཤུགས་རྐྱེན་མངོན་གསལ་ཆེ་ཙམ་འདུག་པ་དཔེར་ན“ལྷའི་ཆོས་དང་བཀཱ་ན་རེ། མྱི་ལུས་ཐོབ་པ་ཤིན་ཏུ་བཀཱ། ཡུལ་གྱི་དབུ་རུ་སྐྱེ་བ་དཀོན། མྱི་ལུས་ཐོབ་པའི་ཚེ་དུས་ལ། ལྷ་ལ་ཡིད་ཆེས་ཆོས་བྱས་ན། ལྷ་ལམ་བཟང་པོ་མྱུར་དུ་ཐོབ། ལོག་པའི་འདུ་ཤེས་མ་སྤངས་ན། སྡིག་ལམ་གསུམ་ལས་ཐར་མྱི་མྱོང”ལྟ་བུ་ལ་སོགས་པ་ནི་བདུན་ཚིག་གི་ལམ་ནས་བྲིས་ཤིང་། མགུར་ཚིག་སོགས་དང་མི་འདྲ་བར་ཡིག་འབྲུ་གསུམ་པའི“ནི”སྒྲ་ཡང་འབྲི་སྲོལ་མེད་པར་གྱུར། ལེགས་བཤད་ཀྱི་དེབ་དེ་ལས་མཚོན་པའི་བརྗོད་དོན་དང་། ལུས། ཚིག་སྦྱོར་བྱེད་སྟངས། ཐ་སྙད་ཀྱི་སྤྱོད་སྲོལ་སོགས་ནས་བལྟས་ན་གོང་གསལ་མགུར་ཚིག་སོགས་ལས་འབྱུང་ཕྱི་སྟེ་བཙན་པོའི་དུས་སྐབས་ཀྱི་དུས་སྨད་ལ་གཞི་ནས་དར་བ་ཞིག་ཡིན་པར་བསམ། དེ་དག་ལ་གཞིགས་ནས་བདུན་ཚིག་གི་ཚིགས་བཅད་རྩོམ་སྲོལ་དེ་དྲུག་ཚིག་གི་ཚིགས་བཅད་དེ་རིགས་ཀྱི་རྨང་གཞིའི་ཐོག་གཞི་ནས་དར་བ་ཞིག་ཡིན་པ་མིན་ནམ་སྙམ།  
     ད་དུང་བཙན་པོའི་དུས་སྐབས་ཀྱི་དུས་སྟོད་དང་། གནམ་རི་སྲོང་བཙན་གྱི་སྐབས་སུ་བྱུང་བའི་མགུར་ཚིག་གི་ལུས་དང་ཅུང་ཟད་མི་འདྲ་བར་དེང་སྐབས་ཀྱི་ཤོད་སྲོལ་ལྟར་ན“རང་མོས་སྙན་རྩོམ”ཞེས་པ་དེ་ལྟར་ཚིག་རྐང་སོ་སོའི་འབྲུ་གྲངས་དོ་མཉམ་མི་དགོས་པར་མང་ཉུང་རང་མོས་ལྟར་བྲིས་ན་འཐུས་པ་ཞིག་ཡིན་འདུག དེ་ཡང་དཔེར་ན“འ་བ་ཉི་ཉེ་བས་ཉིད། བྱ་རོ་རོ་ན་མདུང་གི་རྩེ་རང་ནིག ཡོས་རོ་རོ་ན་ལྷམ་གྱི་གོང་ར་ནིག བརླའ་བརྡུང་། སྤུར་བཏབ། འོབ་དེ་མྱེད། སྤུ་དེ་མྱེད།”ཅེས་པ་གོང་བཀོད་ལྟར་དང་། དེ་དང་བསྟུད་མར་“སླར་ཕྱིང་བ་སྟག་རྩེར་གཤེགས་སོའོ། ཡུལ་ཡབ་ཀྱི་རྗེ་རུ་གཤེགས་སོ། ཡུལ་པྱི་འབྲོག་གདེངས་མྱི་པྱོལ་མྱི་ཆ་འོ། དོག་ཡབ་ཀྱི་ཆབ་མཆིས་ཀྱིས། ས་འོག་བུ་སྤུར་མྱི་ཁོག་གི་ཆ་འོ། དེ་ཞེས་མགུར་གསུངས་སོ”ཞེས་བཀོད་འདུག་ལ། རྗེས་བྱུང་གི་རྗེ་བློན་ཁག་གི་མགུར་ཚིག་ཏུ་ཡང་འབྲུ་གྲངས་དོ་མི་མཉམ་པའི་ཚིག་རྐང་འགའ་རེ་འདུག་ཀྱང་གོང་གསལ་ལྟ་བུར་མངོན་གསལ་ཆེ་བ་མི་འདུག་པས་འདིར་རེ་རེ་བཞིན་མ་བཀོད།  
     གོང་བཀོད་བོད་ཀྱི་བཙན་པོའི་དུས་སྐབས་ཀྱི་སྙན་ཚིག་གི་ལུས་ཀྱི་ཁྱད་ཆོས་ལས་མགུར་ཚིག་གཙོར་བཞག་གིས་དབྱེ་ཞིབ་བྱས་ན་དུས་སྐབས་དེའི་སྙན་ཚིག་གི་ལུས་ཀྱི་ཐད་ལའང་འཕེལ་མེད་སོར་གནས་མ་ཡིན་པར་རིམ་བཞིན་འཕེལ་འགྱུར་བྱུང་ཡོད་པ་ཚོད་དཔག་བྱེད་ཐུབ་ཀྱི་འདུག མ་གཞི་དཔྱད་ཡིག་དེ་ཙམ་མང་པོ་མིན་རུང་། ད་ཡོད་དཔྱད་ཡིག་གི་ལོ་དུས་ཀྱི་རིམ་པ་བསྒྲིགས་ན་སློན་བཙན་སློན་བཀོལ་གོང་གི་མགུར་ཚིག་ནི་ཚིག་རྐང་སོ་སོའི་འབྲུ་གྲངས་དོ་མི་མཉམ་པར་རང་དབང་གི་འབྲི་སྲོལ་ཡོད་པ་ཞིག་ཡིན་པ་དེ་རྗེས་སུ་དེ་ཙམ་གྱི་སྙན་ཆ་དང་མཛེས་ཆ་དོད་པོ་རང་མིན་པར་མཐོང་། ལག་ལེན་གྱི་བརྒྱུད་རིམ་ནང་རིམ་བཞིན་ལེགས་བཅོས་ཀྱིས་ཚིག་རྐང་མང་ཉུང་ལ་མ་ལྟོས་པར་ཚིག་རྐང་སོ་སོའི་འབྲུ་གྲངས་དྲུག་ཚིག་དོ་མཉམ་དུ་བྱས་ཤིང་། འབྲུ་གསུམ་པའམ་ཚེག་ཁྱིམ་གསུམ་པར“ནི”སྒྲ་རེ་གཅིག་མཚུངས་ཀྱིས་སྦྱར་ནས་ཚིག་གི་གཅོད་མཚམས་བདེ་ཞིང་། གདངས་ཀྱི་འགྱུར་ཁུག་གསལ་ཁ་དོད་པའི་རྩོམ་ཚུལ་ཞིག་ཏུ་འཕེལ་རྒྱས་བྱུང་བར་མཐོང་། དཔེར་ན་གནམ་རི་སྲོང་བཙན་གྱི་སྐབས་སུ་མྱང་དབའས་ཀྱི་མཆིད་བླངས་པར“གཟུས་ནི་ལྷ་བོན་ཏོ། སློབ་མཚན་སློབ་བཀོལ་-གཟུས་ནི་ལྷ་བོན་ཏེ། སྲིན་བྱ་རྒོད་ཀྱིས་བཏག་སྟེ། ཚེ་ནག་སེང་གིས་བཏགས་སོ། རྗེ་བདེན་གྱིས་ནི་བཀོལ་ཏེ། སྒ་བདེན་གྱིས་ནི་བསྡད་དེ། མྱི་སྨོན་རུམ་དུ་སྤུང་ངོ་། མཚེ་གཟུགས་རུམ་དུ་འཁྲུངས་སོ།”ཞེས་ཚིག་རྐང་བརྒྱད་ཅན་འདིར་རིམ་བཞིན་ལྔ་ཚིག་དང་། དགུ་ཚིག་དྲུག་ཚིག་སྣ་ཚོགས་ཡོད་ཁར། ནི་སྒྲ་ཡང་ཡོད་པ་སྣ་ཚོགས་འདུག་པ་ལྟ་བུ་དང་། ཡང་དཔེར་ན་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ཡིག་རིགས་ཁོངས་སུ་མགར་བློ་བ་རིང་བའི་ཚེ་བཙན་པོ་འདུས་སྲོང་གིས་མགུར་བླངས་པའི་མགུར་ཚིག་ཏུ“ཀྱེ་གནའ་འི་ནི་ཐོག་མ་རུ། གཞི་འི་ནི་དང་པོ་ལ། དགུང་སྟོན་ནི་མ་འོག་གི། དོག་མོན་ནི་ཡ་སྟེངས་ན། གཙུག་གཙུགས་ནི་བཙུགས་ལེགས་སྟེ།མཐོས་ཏེ་ནི་དགུང་མྱི་རྡིབ། དོག་མོན་ནི་སྡིང་མྱི་ཉམས། དགུང་ལ་ནི་གཉི་ཤར་བ། དྲོ་དྲོ་ནི་ས་ལ་དྲོ།”ཞེས་པ་ཚིག་རྐང་བརྒྱ་དང་བཅོ་ལྔ་ཅན་ཞིག་འདུག་པ་ནི་ད་ཡོད་མགུར་ཚིག་གི་ཁྲོད་ནས་རིང་ཤོས་དེ་ཡིན་པ་འདིར་ཚིག་རྐང་སོ་སོའི་ཡིག་འབྲུ་ཡོངས་སུ་དོ་མཉམ་པ་དང་། འབྲུ་གསུམ་པར“ནི”སྒྲ་རེ་ཞེ་མཚུངས་ཀྱིས་སྦྱར་འདུག་ཅིང་། དེ་མིན་མོ་ལུང་ལྟ་བུའི་སྙན་ཚིག་གི་ལུས་ཀྱང་འདི་དང་འདྲ་བས་སྔ་མ་འབྲུ་གྲངས་དོ་མི་མཉམ་པ་དེ་རིམ་བཞིན་དར་འཕེལ་བྱུང་ནས་འབྲུ་གྲངས་དོ་མཉམ་གྱི་རྩོམ་ལུས་འདི་གྲུབ་པ་ཡིན་ལ། དེ་ཡང་རིམ་བཞིན་འཕེལ་རྒྱས་ཕྱིན་པ་ལས་གོང་དུ་བཀོད་པའི་ལེགས་བཤད་དང་འདྲ་བར་ཚིག་རྐང་སོ་སོར་ཡིག་འབྲུ་བདུན་རེ་བྱེད་པའི་བདུན་ཚིག་གི་རྩོམ་ལུས་འདི་རིགས་དར་བ་ཡིན་པར་འདོད། གང་ལགས་ཤེ་ན།དུས་ཀྱི་ཐད་ནས་དྲུག་ཚིག“ནི”སྒྲ་ཅན་གྱི་རྩོམ་ལུས་འདི་རིགས་དར་ཁྱབ་ཏུ་འགྲོ་བཞིན་པའི་དུས་དེར་བྱུང་བའི་བདུན་ཚིག་གི་རྩོམ་ལུས་སྤྱད་དེ་བརྩམས་པའི་བརྩམ་བྱ་ད་ལྟ་མཐོང་རྒྱུ་མེད་པ་ཙམ་དུ་མ་ཟད། ཕྱོགས་གཞན་ཞིག་ནས་བསམ་ན་ཡིག་འབྲུ་ཉུང་བ་ནས་མང་བ་དང་བསྡུས་པ་ནས་རྒྱས་པར་འཕེལ་རྒྱས་སུ་འགྲོ་བ་དེ་ནི་ངོས་འཛིན་གྱི་ཆོས་ཉིད་དང་། ལག་ལེན་གྱི་ཆོས་ཉིད་གཉིས་ཀ་དང་ཡོངས་སུ་མཐུན་པ་ཞིག་ཡིན་པས་སོ། །  
     གཞན་ཡང་ཚིག་རྒྱན་སྦྱོར་ཚུལ་གྱི་ཐད་ལ་ཕྱི་དར《སྙན་ངག་མེ་ལོང་མའི》གཞུང་ནས་བསྟན་པའི་དཔེ་རྒྱན་དང་། གཟུགས་རྒྱན། སྒྲ་རྒྱན་ལ་སོགས་པའི་རྒྱན་གྱི་རྣམ་གྲངས་ཇི་སྙེད་པ་ཞིག་གནའ་སྔ་མོ་ནས་ས་ཁྱབ་རྡོ་ཁྱབ་དུ་སྤྱད་དང་སྤྱོད་བཞིན་དུ་ཡོད་པ་དེས་བརྗོད་དོན་འདྲེན་ཐབས་ཕུན་སུམ་ཚོགས་པ་དང་། གསོན་ཉམས་ཇེ་དོད་དུ་ཕྱིན་ཡོད་པ་མ་ཟད།  ལྷག་པར་དུ་དཔེ་མང་སྤྱི་བསྡུས་ཀྱིས་སྐབས་བབ་ཀྱི་བརྗོད་དོན་གང་ཞིག་གཟུགས་ཀྱི་ངོ་བོར་བསྐྲུན་ཏེ་མངོན་སུམ་གསོན་རྗེན་ལྟར་མཚོན་པར་བྱེད་པའི་བརྡ་དོན་སྤྲོད་ཐབས་དེ་རིགས་ནི་བཙན་པོའི་དུས་སྐབས་ཀྱི་སྙན་ཚིག་ལས་གསལ་བར་མཚོན་པའི་ཁྱད་ཆོས་གཞན་ཞིག་ཡིན་པར་འདོད། དེ་ཡང་དཔེར་ན་བཙན་པོ་ཁྲི་འདུས་སྲོང་གི་མགུར་ལས“........ཀྱེ། དེ་རིང་ནི་ཡང་ལྟ་ན། དོག་སྲིང་ནི་སྦུར་བུ་འིས། བྱ་ལྟར་ནི་བཙོས་བཙོས་སྟེ། གནམ་དུ་ནི་འཕུར་འདོད་ཀྱང་། འཕུར་དུ་ནི་འདབ་མ་མཆིས། དགུང་སྔོན་ནི་ཕང་མཐོས་ཏེ། སྤྲིན་དཀར་ནི་གོ་མྱི་འདའས། ས་རུ་ནི་དགུང་མ་སླེབས། མ་རུ་ནི་དོག་མ་སླེབས། མ་མཐོ་ནི་མ་དམའ་སྟེ།  ཁྲ་འི་ནི་གཟན་དུ་གྱུར། བ་པུ་ནི་ལུང་ཆུང་ན། འབངས་ཤིག་ནི་རྗེ་རུ་རེ། མགར་བུ་ནི་རྗེ་རུ་རེ། སྦལ་པ་ནི་འཕུར་རུ་རེ། འབངས་ལས་ནི་རྗེ་རེ་བ། མཐིང་བྲང་ནི་གྱེན་དུ་འགྱུར། པ་བོང་ནི་རི་ལ་འདྲིལ། བྱ་མདའི་ནི་སྒྲ་འོར་གྱིས། གྱེན་དུ་ནི་འདྲིལ་འདྲིལ་ཡང་། ཤམ་པོ་ནི་རྩེ་མོ་རུ། ཕྱིན་ཟམ་ནི་ལེང་མི་བགྱིད། ཤམ་ལེ་ནི་གངས་དྲུང་དུ། སྣང་དང་ནི་བཞུགས་བལྟམ་ཡང་། ཤམ་པོ་ནི་གངས་མྱི་ཞུ། ཡར་ཆབ་ནི་སྔོན་པོ་ལ། ཆུ་བཆད་ནི་ཡུར་དྲངས་ཀྱང་། ཡར་ཆབ་ནི་གཟུང་མྱི་སྙམ། བོད་ཀྱི་ནི་སྤུ་རྒྱལ་དུ། སེམས་ཤིང་ནི་རེ་རེ་ཡང་། སྤུ་རྒྱལ་ནི་གདུང་མྱི་འཆད”ཅེས་པ་དེར་སྦལ་པ་འཕུར་དུ་རེ་བ་དང་། མཐིང་བྲང་གྱེན་དུ་འགྱུར་བ། ཕ་བོང་རི་ལ་འདྲིལ་བ་སོགས་འདྲ་དཔེ་གསུམ་བསྟུད་མར་དྲངས་ནས་འབངས་རྗེ་རུ་རེ་བ་དེ་འགྲུབ་ཐབས་མེད་པ་ཞིག་ཡིན་པའི་བརྗོད་དོན་དེ་བསྟན་ཅིང་། དེ་བཞིན་ཕ་བོང་གྱེན་དུ་འདྲིལ་ཡང་ཡར་འདྲིལ་ཤམ་པོའི་རྩེར་མི་སླེབས་པ་དང་། འོད་སྣང་མེ་ལྕེ་སྦར་ཡང་ཤམ་པོའི་གངས་ཞུ་མི་ཐུབ་པ། ཡར་ཀླུང་གཙང་ཆབ་བཅད་ནས་དྲངས་ཀྱང་ཡར་ཆབ་གཙང་པོ་སྐམ་མི་སྲིད་པ་སོགས་དཔེ་དུ་མ་དྲངས་ནས་སྤུར་རྒྱལ་ལ་འགྲན་པར་འདོད་ཀྱང་དེའི་གདུང་བརྒྱུད་ལ་གནོད་པར་མི་འགྱུར་ཞེས་པའི་བརྗོད་དོན་དེ་མཚོན་པར་བྱས་པ་རེད། མགུར་ཚིག་གཞན་པ་ཕར་ཞོག་གོང་གསལ་མགུར་ཚིག་དེ་རང་ཆ་ཚང་ཞིག་བལྟས་ནའང་དཔེ་མང་སྤྱི་བསྡུས་ཀྱིས་བརྗོད་དོན་གང་རུང་དེ་མཚོན་པར་བྱེད་པའི་བརྡ་དོན་སྤྲོད་ཐབས་ཀྱི་ཁྱད་ཆོས་དེ་གསལ་ལེར་མངོན་ཐུབ། ད་དུང་དཔེར་བརྗོད་མང་པོ་ཞིག་འདུག་ཀྱང་མང་བར་དོགས་ནས་རེ་རེ་བཞིན་མ་ཞུས།  
     བཙན་པོའི་དུས་སྐབས་ཀྱི་སྙན་ཚིག་ལས་མཚོན་པའི་ཚིག་རྒྱན་སྦྱར་ཐབས་དེ་རིགས་ནི་གནའ་སྔ་མོ་ནས་དར་ཞིང་འཕེལ་རྒྱས་སུ་ཕྱིན་ཏེ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་བཟང་པོ་ཞིག་ཆགས་པ་དང་། ཕྱི་རབས་པ་རྣམས་ཀྱི་ངག་ཐོག་གི་གཏམ་བཤད་དང་ཡིག་ཐོག་གི་ཕྱག་རྩོམ་བཅས་ལའང་སྲོལ་རྒྱུན་དེའི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་ནི། དཔེར་ན《མི་ལ་རས་པའི་མགུར་འབུམ》ལས་བྱུང་བའི་མགུར་ཚིག་དང་། 《གླིང་གེ་སར་རྒྱལ་པོའི་སྒྲུང》ལས་བྱུང་བའི་སྒྲུང་གླུ་སོགས་ལ་ཅུང་ཟད་བལྟས་པ་ཙམ་གྱིས་མིག་ལམ་དུ་མངོན་ཐུབ་རྒྱུ་རེད། དེ་ལྟར་ཡིན་སྟབས་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གིས་ཀྱང“སྔོན་གྱི་དུས་བོད་རྣམས་ཀྱི་གནས་སྐབས་དང་ཚུལ་ལུགས་ཅི་ལྟར་ཡོད”གསུང་པའི་སྐབས་སུ“མཁས་པར་བགྲང་བ་རྣམས་ནི་སྨྲ་བརྗོད་གཙང་ཞིང་། གཏམ་རིང་པོ་དཔེ་སྣ་ཚོགས་དང་སྦྲེལ་ཏེ་ལབ་ནུས་པ་དག་ཡིན”ཞེས་གསུངས་ཡོད་པ་དེ་ཡང་གནས་ཚུལ་དེ་རིགས་ལ་དགོངས་ཏེ་གསུངས་པར་ལྟར།  
     བཙན་པོའི་དུས་སྐབས་ཀྱི་སྙན་ཚིག་ནི་མི་ལོ་ཆིག་སྟོང་བརྒྱ་ཕྲག་ཁ་ཤས་ཀྱི་སྔ་རོལ་ནས་བྱུང་བ་ཞིག་ཡིན་ཞིང་། ལོ་ངོ་སྟོང་ཕྲག་གི་རིང་ལ་སྤྱི་ཚོགས་ཀྱི་ཐོན་སྐྱེད་འཕེལ་རྒྱས་ཕྱིན་པ་དང་ཆབས་ཅིག་བོད་ཀྱི་སྐད་ཡིག་དང་། བརྡ་དག   ཐ་སྙད་སོགས་ཀྱི་ཐད་ལའང་འཕེལ་འགྱུར་ཆེན་པོ་བྱུང་བའི་དབང་གིས་བར་སྐབས་ཀྱི་སྙན་ཚིག་དང་བསྡུར་ན་བཙན་པོའི་དུས་སྐབས་ཀྱི་སྙན་ཚིག་དེར་ད་དུང་སྐད་བརྡ་དང་། ཡིག་སྲོལ་ཐད་ཀྱི་ཁྱད་ཆོས་ཤིག་ཀྱང་ཡོད་པ་སྟེ་བརྡ་རྙིང་མང་ཞིང་། བརྡ་དག་གི་ངེས་སྲོལ་ཁག་ཅིག་གནའ་རབས་ཀྱི་འབྲི་སྲོལ་ལྟར་བྲིས་ཡོད་པ་དེ་རེད། དེ་ཡང་དཔེར་ན་མིང་གཞིའི་ཡི་གེ་ཕ་ཡི་ཚབ་ཏུ་པ་འབྲི་བ“གུང་བཀྲོས་ནི་ཕྱག་ཏུ་པུལ”ལྟ་བུ་དང་། ཅ་ཡི་ཚབ་ཏུ་ཆ་འབྲི་བ“རྩི་འིག་ནི་ཟོར་མཆད་དམ། ཟོར་གྱི་རྩད་གཆད་པ”ལྟ་བུ། ཙ་ཡི་ཚབ་ཏུ་ཚ་འབྲི་བ“ཀླུམ་ན་ནི་ཆབ་གཆོད་པ”ཞེས་པ་ལྟ་བུ། སྡེ་པ་གཅིག་པ་ཡིན་པ་སྒྲའི་སྐྱེ་གནས་ཀྱང་ཆ་འདྲ་བའི་མིང་གཞི་འགའ་ཤས་གཅིག་ཚབ་ཏུ་གཅིག་བྲིས་པ་འཐུས་པར་བྱས་པ་ལྟ་བུ་སྟེ། དག་དོན་གྱི་ཡིག་སྲོལ་ངེས་ཅན་ཞིག་གྲུབ་ཐུབ་མེད་པའི་ལོ་རྒྱུས་ཀྱི་འཕེལ་མཚམས་ཤིག་ཡིན་པ་མཐོང་ཐུབ་ཀྱི་ཡོད། དེ་མིན་ད་དུང་གཙུག་གཙུགས(ཕོ་བྲང་དང)། བཙའ།(རྩེ) བཙོས་བཙོས། (སྤོབས་པ་བྱས་པ)ཕོ་མོ།(ཕྱུ་བ) འདུར་པུ།(འདུག)མཚུལ། (མྱུར)ཟ་དུར། (ཟས་ལྷག) མུ་པུ། (མཐའ་དང་རྒྱ)ལ་སོགས་པ་(གུག་རྟགས་ནང་གི་མཆན་རྣམས་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》ཞེས་པའི་དེབ་དེ་གཞིར་བཟུང་ནས་བྲིས་པ་ཡིན)བརྡ་སྙིང་མང་དག་ཅིག་འདུག་པ་རྣམས་ནི་སྐབས་དེར་ཡོངས་སུ་གྲགས་པའི་ཐ་སྙད་ཤ་སྟག་ཡིན་བཟོ་ཆེ་རུང་མིང་ཚིག་བརྡ་དག་གི་འཕེལ་འགྱུར་དབང་གིས་ད་ལྟ་ནི་ཤོད་རྒྱུན་ལྟ་ཅི། ཚིག་མཛོད་ཆེན་མོ་ཁག་ཏུ་བཙལ་ཡང་རྙེད་དཀའ་བའི་བརྡ་རྙིང་དུ་ཆགས་ནས་གོ་དོན་རྟོགས་དཀའ་བར་གྱུར་མོད། བོད་ཀྱི་སྐད་ཡིག་འཕེལ་འགྱུར་ལ་ཞིབ་འཇུག་བྱ་རྒྱུར་ནི་གཞལ་དུ་མེད་པའི་རིན་ཐང་ལྡན་ཡོད་པ་སྨོས་ཅི་དགོས།   
གསུམ་པ། མཇུག་བསྡུ་བ།
     གོང་གསལ་གྱི་བརྗོད་དོན་སྙིང་པོ་དེ་མདོར་བསྡུས་ནས་བརྗོད་ན་བཙན་པོའི་དུས་སྐབས་སུ་སྙན་ཚིག་གི་རྩོམ་སྲོལ་དེ་ཧ་ཅང་དར་ཁྱབ་ཆེན་པོ་བྱུང་ཡོད་པ་དང་། དེས་ཕྱིས་འབྱུང་གི་སྙན་རྩོམ་དར་ཁྱབ་ཡོང་རྒྱུར་རྨང་གཞི་ཧ་ཅང་ལེགས་པོ་བཙུགས་ཡོད་པས་དེ་ནི་ཕྱིས་དར་སྙན་ཚིག་གི་ཆུ་འགོ་དང་ས་བོན་ལྟ་བུ་ཞིག་ཡིན་པར་འདོད་པ་དང་གཅིག སྐབས་དེར་སྙན་ཚིག་དར་ཁྱབ་ཆེ་བའི་དབང་གིས་དེའི་བསམ་བློའི་ནང་དོན་དང་སྒྱུ་རྩལ་གཉིས་ཀའི་ཐད་ལ་ཕྱིས་དར་སྙན་ཚིག་དང་བསྡུར་ན་དམིགས་བསལ་གྱི་ཁྱད་ཆོས་འགའ་ཞིག་ཡོད་པ་དང་། སྙན་ཚིག་གི་ལུས་དང་རྒྱན་གྱི་ཁྱད་ཆོས་དེས་ཕྱི་དར་སྙན་ཚིག་ལ་ཤུགས་རྐྱེན་གང་འཚམས་ཐེབས་ཡོད་པར་འདོད་པ་དང་གཉིས་བཅས་ཡིན་ཞིང་། བཙན་པོའི་དུས་སྐབས་ཀྱི་སྙན་ཚིག་འཕེལ་རྒྱས་ལ་ཐེབས་པའི་ཤུགས་རྐྱེན་བཅས་ཇི་མ་ཇི་བཞིན་ཆ་རྒྱུས་ལོན་པ་བྱ་རྒྱུ་དེ་ནི་བོད་ཀྱི་རྩོམ་རིག་འཕེལ་རྒྱས་ཀྱི་ལོ་རྒྱུས་ཞིབ་འཇུག་བྱ་རྒྱུའི་གལ་ཆེའི་ཆ་ཞིག་ཡིན་པར་སྙམ་ནས་རྩོམ་ཐུང་འདི་བྲིས་པ་ལགས་ན་གཟུར་གནས་མཁས་དབང་རྣམས་ནས་མ་ཤེས་བཀའ་སློབ་ཡོད་པའི་རེ་བ་ཞུ་བཞིན་ཡོད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...