སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཀླུ་ཨ་རྡོར་གྱི་སྒྲུང་ཐུང《ཨ་ཁུ་རྒྱ་ལོ་དང་འཇུར་རྟ》།
རྩོམ་པ་པོ། ཀླུ་ཨ་རྡོར། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-9-29 8:45:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
ཨ་ཁུ་རྒྱ་ལོ་དང་འཇུར་རྟ།
ཀླུ་ཨ་རྡོར།(ཀན་ལྷོ)
     དེ་རིང་། གནམ་གཤིས་དྲོད་གཤེར་ཆེ་ལ། ཉི་འོད་འཇམ་ཤ་ཆེ། ཤར་ཕྱོགས་ཀྱི་རི་རྩེ་ན་སྤྲིན་ནག་ཚོམ་བུ་ཞིག་ཁུ་སིམ་མེར་གནས།
     ཨ་ཁུ་རྒྱ་ལོ་དང་ཁྱིམ་མཚེས་བཀྲ་ཁོ། ཀླུ་འབུམ་བཅས་གཙོས་གྲོང་དུ་དབྱར་རྩྭ་བཙོང་རུ་སོང་།
     དཀར་སེར་འདྲེས་པའི་རླངས་འཁོར་དེ་གཙོས་གྲོང་གི་གཞུང་ལམ་འཕྲེད་ཀྱིས་གཤེག་གྱིན་གཤེག་ཀྱིན་འབབ་ཚུགས་སུ་སླེབས།
     ཁོང་གསུམ་གྱིས་སྲང་མདོ་ཞིག་ནས་ཕ་གའི་ཁྲོམ་སྲང་གི་མི་ཚོགས་ལ་ཅེ་རེར་ལྟ་གྱིན་ལྟ་གྱིན་མི་ཚོགས་དང་ཇེ་ཉེ་ནས་ཇེ་ཉེར་ཕྱིན།
     དལ་བ་དལ་བུར། ཁོ་ཚོ་འདུ་ལོང་ཆེ་བའི་མི་ཚོགས་དང་ཤ་འཐིམ་རུས་འཐིམ་དུ་གྱུར།
     ཚང་མའི་གདོང་ལ་ང་རྒྱལ་གྱི་རྣམ་པ་ཞིག་ཤར་ཡོད།
     “ད་ཐེངས་དབྱར་རྩྭ་བདེ་ལེགས་ངང་བཙོངས་ཐུབ་པས། རང་རང་སར་ཅ་ལག་ཉོ་རུ་འགྲོ”བཀྲ་ཁོས་སེར་སྣ་དང་བཅས་བཅོས་འཛུམ་ཞིག་བཏོན་བཞིན་དེ་སྐད་བཤད།
     ཁོ་གཉིས་རང་རང་སར་ཁྲོམ་སྲང་གི་མི་ཚོགས་དང་འདྲེས་སོང་།
     ད་ཐེངས་ཨ་ཁུ་རྒྱ་ལོ་ལ་མཚོན་ན། གཙོས་གྲོང་ལ་ཐེངས་དང་པོར་འབྱོར་མ་ཐག་ཡིན་པས།  གང་ལ་འགྲོ་དགོས་པའམ་མ་ཚོར་བར་ཉི་འོད་ཐང་ཆེན་གྱི་ཤར་ངོས་སུ་སྒྱུ་འཕྲུལ་གྱི་ཟུར་མིག་གིས་ཀུན་ནས་བཞད་པའི་ཚོང་ལས་ཐོག་ཁང་དེའི་ཕྱོགས་སུ་ག་ལེར་མིག་ཞགས་འཕངས།
     ཚོང་ལས་ཐོག་ཁང་ནི་གཙོང་གྲོང་གི་ཚོང་ལས་ཀྱི་རྒྱ་ཆེས་ཆེ་བ་དང་མི་ཚོགས་ཀྱི་འདུ་འགོད་ཀྱང་ཆེས་འཚུབ་ས་དེ་ཡིན་པས། ཅ་དངོས་ཁྲ་ཁྲ་རིག་རིག་དང་མི་ཁྲ་ཁྲ་རིག་རིག་ཅི་རིགས་སུ་འདུག་པའི་ས་གནས་གལ་ཆེན་ཞིག་ཡིན། དེ་བས། ཡུལ་མི་དང་ཁྲོམ་སྲང་ལ་འགྲོ་བའི་རྒན་དར་གཞོན་གསུམ་ཚང་མ་གནས་འདི་རུ་འགྲོ་རྒྱུར་དགའ།
     ཨ་ཁུ་རྒྱ་ལོ་ཡང་ཡིད་དོགས་དང་ཚམ་ཚོམ་མེད་པར་ཚོང་ལས་ཐོག་ཁང་གི་ཕྱོགས་སུ་བཞུད།
     ནང་དུ་འཛུལ་མ་ཐག དཀར་ནག་སེར་གསུམ་གྱི་ཅ་དངོས་དང་མཁོ་ཆས། ལྷག་པར་ཁང་མིག་རེ་རེའི་མདུན་ན་རྐུབ་སྟེགས་ལ་ཧོར་འདུག་བྱས་པའི་ཚོང་བ་དག་མཐོང་པས་གོམ་པའི་འདེགས་འཇོག་ལ་མཚམས་ཆད།
     “ཨ། ཨ། ཅི་ཞིག་ཉོ་དགོས།”ཨ་ཁུ་རྒྱ་ལོ་ཧ་ལས་ཧུན་ཐོར་བའི་ངང་ཁེར་ལབ་ཅིག་བྱས།
     སྐབས་དེར། ཧེ་རྒན་ཚོང་བ་ཞིག་གིས་འཇུར་རྟ་ཡུ་རིང་ཞིག་ལ་སྒོར་བརྒྱ་དང་ལྔ་བཅུ་བྱས་ཏེ་བཙོངས་བས་ཧ་ཅང་ཡིད་ཚིམས་པའི་ངང་རྐང་རྩེ་ནས་ལྡིང་སྐོར་འགའ་རྒྱབ།
     དེ་མ་ཐག ཨ་ཁུ་རྒྱ་ལོ་མཐོང་འཕྲལ། སྦྱོང་བརྡར་ཐོབ་པའི་དམག་མི་ཞིག་དང་འདྲ་བར་མྱུར་མོར་ཡར་ལངས་ཏེ“ཨ་ཁུ། ཁྱེད་ཐོན་ཐ། སྐུ་འདྲ་ཉོའམ།”ཞེས་དཀར་ཞིང་གཙང་བའི་སྒོར་སྒོར་གྱི་གཞིན་རས་དེ་ལས་སྨྲ་གཙང་ལ་ངག་འཇམ་པོའི་ངང་དྲིས།
     “འདི་ལ་སྒོར་དུ་ཡིན།”ཨ་ཁུ་རྒྱ་ལོས་འོད་འཁྱུག་པའི་འཇུར་རྟ་ཞིག་བླངས་ཏེ་ལྷམ་མཐིལ་གུག་གུག་དང་ཡུ་བར་སེན་འཐོག་ཅིག་བྱས་རྗེས་དེ་སྐད་སྨྲས།
     “གཉིས་བརྒྱ་དང་ལྔ་བཅུ་རེད། ”
     “ཨ་ལ་ལ། དགོན་པ། གོང་ཆེན་དཀའ་སོང་། གཉིས་བརྒྱ་བྱས་ན་ཇི་འདྲ་རེད།”
     “ཡ་ཡ། ཆོག་གི ཆོག་གི ཁྱེད་སྐུ་མགྲོན་རྙིང་བ་རེད།”ཚོང་བས་འཛུམ་དམུལ་ལེར་དེ་སྐད་ལན་བཏབ།
     ཨ་ཁུ་རྒྱ་ལོའི་སེམས་སུ་ང་ཐེངས་དང་པོར་གཙོས་གྲོང་ལ་འབྱོར་པས། སྐུ་མགྲོན་རྙིང་བ་ཞིག་གང་ནས་ཡིན། ཕལ་ཆེར་མི་ནོར་སོང་བ་ཡིན་ཤས་ཆེ།
     ཁོས་གདོང་གི་གཉེར་མ་བསྡུ་བཞིན་དྲན་འཛིན་གྱི་རྒྱ་རུ་ཚུད་སོང་།
     འོ་ལེ། ལོ་སྔོན་མར་སྡེ་བའི་ཨ་ཁུ་རྒྱ་རྒྱའི་འཇུར་རྟ་ཡུ་རིང་དེར་ཚེར་མོ་གཉིས་བྱིན་རབས་བཤད། དེ་མིན། ཁྱིམ་མཚེས་བཀྲ་ཁོ་ཚང་གི་མག་པ་རྡོར་ལོའི་འཇུར་རྟ་དེ་ཡང་ཕལ་ཆེར་འདྲ་དང་རིགས་འདྲ་ཡིན། དེར་ཡང་ར་མ་གསུམ་བྱིན་ཟེར་མོད། ད་ཐེངས་གོང་ལྷག་ཏུ་བདེ། གོ་སྐབས་རེད་ཡག་པོ་རེད་བསམ།
     གློ་བུར་ཨ་ཁུ་རྒྱ་ལོ་མིག་རིག་རིག་དང་མགོ་རོག་རོག་ངང་གཡས་ལྟ་གཡོན་ལྟ་ཞིག་བྱས་ཏེ། མི་ཅི་ཡང་མེད་པ་མཐོང་བས་རྐང་བར་བསྣམས་པའི་འཇུར་རྟ་ཡུ་རིང་དེ་ཤུགས་ཀྱིས་ཕུད་ཐབས་བྱས།
     “ཨ་ཁུ། ཁྱེད་ཀྱིས་ཅི་བྱེད་འདོད”ཅེས་འཚབ་འཚུབ་ངང་དྲིས།
     ཨ་ཁུ་རྒྱ་ལོས་ཅི་མི་སྙམ་པར་འཇུར་རྟ་ལས་ལྷམ་ཚ་ཕྱིར་བཏོན། མ་གཞི་ཁོས་སྒོར་མོ་ལེན་འདོད་པ་ཡིན། དེ་ནི་ཉེ་སྔོན་སྡེ་བའི་ནང་གི་རྒན་རྒོན་ཁ་ཤས་གཙོས་གྲོང་ལ་སོང་དུས་མགྲོན་ཁང་ནས་ཁོ་ཚོའི་སྒོར་མོ་དང་ཅ་ལག ཐ་ན་རྐང་མགོའི་འཇུར་རྟ་ཚང་མ་རྐུན་མས་བསྐུས་སོང་པས་ཨ་ཁུ་རྒྱ་ལོས་ཆུ་མ་ཡོང་ལ་རགས་དང་དགྲ་མ་ཡོང་ལ་དོགས་བྱས་པ་འདྲ།
     སྒོར་མོ་ལྷམ་ཚའི་འོག་ནས་བླངས་མ་ཐག རོ་ཁ་ལ་དྲི་ང་བའི་རྟུལ་དྲི་སྟུག་པོ་ཞིག་ཚོང་ལས་ཐོག་ཁང་གི་གྲུ་ཟུར་རེ་རེར་འཐིམ།
     “སྦྱིན་བདག བཀའ་དྲིན་ཆེ།”ཨ་ཁུ་རྒྱ་ལོས་དྲི་མ་ཅན་གྱི་ཤོག་སྒོར་གཉིས་བརྒྱ་ཚོང་བར་སྤྲད་དེ། སེམས་སུ་སྤྲོ་སྣང་གི་མེ་ལྕེ་ལྷོག་ལྷོག་ཏུ་ཁོལ་བས་སྣུམ་ཆིལ་ལེར་ཡོད་པའི་ཞལ་ཁྱིམ་ལ་འཛུམ་བག་ཤིག་ཤིག་ཏུ་འཚེར་བཞིན་ཚོང་ཁང་གི་སྒོར་བུད།
     བཀྲ་ཁོ་དང་བཟོད་པ་གཉིས་ཀྱིས་སྔ་མོ་ནས་ཚོང་ལས་ཐོག་ཁང་གི་སྒོ་ཁར་སྒུག་འདུག
     “དེ་རིང་ལས་ཡག་གི འཇུར་རྟ་ཞིག་གོང་སླ་མོ་ངང་ཉོ་ཐུབ་སོང་།”ཨ་ཁུ་རྒྱ་ལོ་ཁོང་གཉིས་ཀྱི་གམ་དུ་ཐོན་མ་ཐག་འཇུར་རྟ་ཡུ་རིང་དེ་ག་ལེར་སར་བཞག
     བཟོད་པས་མིག་ཧྲིག་ཧྲིག་ངང་“འ་ལ་ལ། ཀོ་ངོ་མ་རེད། རྒྱུ་བ་ཡང་བཤད་རྒྱུ་མེད་གི སྒོར་དུ་རེད།”ཅེས་དྲིས།
     “ཕག་ཕྲུག་ཅིག་གི་རིན་རེད།”ཨ་ཁུ་རྒྱ་ལོ་ཁེངས་པ་དང་བཅས་ཅི་མི་སྙམ་པར་འགྱོགས་མྱུར་ངང་དེ་ལྟར་བཤད།
     ཁོང་གསུམ་གཅིག་རྗེས་གཉིས་མཐུད་དུ་འཇུར་རྟའི་ཚོང་ཁང་དུ་ཕྱིན།
     དེ་མུར་བཀྲ་ཁོའི་སེམས་ལ་ད་ལོ་ལོན་ནས་ལ་ཁའི་ཉི་མར་ཐོན་རག་བར་ཏུ་བརྩོན་པ་མ་བྱས་བསམ་པ་ཞིག་མེད། འོན་ཀྱང་། རྐང་མགོར་འཇུར་རྟ་ཞིག་གོན་མ་ཐུབ། དེ་རིང་། གོ་སྐབས་བཟང་གི ཁོང་གཉིས་ཀྱིས་ཉོས་ཟིན་ན་ང་གཅིག་པུ་ལག་སྟོང་མཆན་ལ་བཙིར་ནས་ཕྱིར་ཡུལ་ལ་ལོག་ན་ནང་ཁྱིམ་མའི་ངོ་ཚ་ཞིག་ཡིན་པས་འཇུར་རྟ་ཉོ་དགོས་པར་འདོད།
     བཟོད་པས་ཡང་བསྐྱར“གོང་ཧ་ཅང་བདེ་གི ཚོང་ཁང་གང་ན་ཡོད་གི ངེད་གཉིས་ཁྲིད་རོགས”ཞེས་སྨྲས་པས།
     ཁོང་གསུམ་གྱི་འཇུར་རྟ་ཡུ་རིང་ཆ་རེ་ཉོ་ཐུབ་པ་བྱུང་བས། ཇ་འཐུང་རྒྱུ་ཡང་བརྗེད་སོང་བས་བག་ལེབ་རེ་ཟ་ཞོར་ཕ་ཡུལ་དུ་ཕྱིར་ལོག
     ཧེ་རྒན་ཚོང་བས་ཁོ་གསུམ་སོང་ཤུལ་ཏུ་ག་ལེར་སྒོར་མོ་རྩི་བཞིན“གཅིག གཉིས། གསུམ། བཞི། ལྔ། དྲུག བདུན་དང་ཕྱེད་ཀ། བསྡོམས་པས་སྒོར་བདུན་བརྒྱ་ལྔ་བཅུ་རེད། ལྷམ་ཆ་བཞི་བཙོངས་ཟིན། ཁེ་སྤོགས་སྒོར་ལྔ་བརྒྱ། ཕལ་ཆེར་ཉིན་གསུམ་གྱི་ཁེ་སྤོགས་རེད།”ཁེར་ལབ་ཡང་ཡང་བྱེད་ཞོར་བདེ་མྱུར་ངང་ཚོང་ཁང་གི་སྒོར་ལྕགས་ཟྭ་རྒྱབ་སྟེ། ཚོང་ལས་ཐོག་ཁང་གི་མདུན་ཕྱོགས་ཀྱི་ཟ་ཁང་ཞིག་ཏུ་སོང་།
     ཁོའི་མདུན་དུ་ཕག་ཤ་སྡེར་མ་གང་དང་ཆང་དཀར་དེམ་བེ་གསུམ། སྐམ་ཐུག་ཕོར་བ་གང་བཅས་བཞག་ཡོད།
     ཟ་མ་ཟ་ཞོར་ཁོས་ཁོག་རྩིས་ཤིག་བྱས་པས་ཟ་རིན་ལ་བསྡོམས་པས་སྒོར་ལྔ་བཅུ་རེད། ད་དུང་སྒོར་བཞི་བརྒྱ་ལྔ་བཅུ་ལྷག་བསོགས་འཇོག་བྱ་ཆོག་པར་འདོད།
     ཡིད་ཙམ་འདས་རྗེས། ཆང་དམར་ཏེ་ཇེ་ཉུང་དུ་ཕྱིན་པ་དང་མཉམ་དུ་ནོར་འཛིན་བུ་མོའི་བཞིན་རས་ཀྱང་ཡུན་གྱིས་ཇེ་མུན་ནས་ཇེ་མོག་ཏུ་གྱུར་ནས་སྐབས་རེར་བསིལ་རླུང་ལྡང་བ་དང་མཚམས་རེར་འཚུབ་མ་འཁོར་བར་གཞིགས་ན་ཕལ་ཆེར་དྲག་ཆར་ལ་བཀོད་འདོམས་བྱེད་པ་འདྲ།
     ཁོས་སྡེར་མ་སོགས་སྟོང་བར་ཟས་རྗེས་སྒོར་བརྒྱ་ཤོག་ཅིག་མཛུབ་རྩེར་བཟུང་ནས་སྒེག་ཉམས་ལྡན་པའི་ཞབས་ཞུ་མ་དེར་སྤྲད།
     སྟོད་གོས་ཕྲག་ལ་གཡུག་སྟེ་གླུ་ཨ་ལ་ལ་མོ་ངག་ལ་ཟློ་བཞིན་ཟ་ཁང་གི་སྒོ་ཐེམ་བརྒལ་བར་འདོད་པས་རྐང་པ་གཡས་པ་སྒོའི་ཕྱི་ལོག་ཏུ་རག་ཙམ་བྱ་དུས། གློ་བུར་ཏུ།
     “སྐུ་ཞབས་ལགས། ཁྱེད་ཀྱི་སྒོར་མོ་རྫུན་མ་རེད”ཞབས་ཞུ་མས་འཕུར་མ་ལྡང་གི་ངང་ཁོང་གི་རྒྱབ་གཞུང་ནས་ཕྱིར་འཐེན་བྱས།
     ཁོས་ཤུགས་ཅི་ཙམ་བཏོན་ཡང་ངལ་བ་འབྲས་མེད་དུ་གྱུར་བ་ལས་ཐབས་གཞན་མ་མཆིས།
     “སྒོར་རྫུན་མ་མིན། གང་ཏེ་ཡིན་ན་ཉེན་རྟོག་པར་ཤོད”ཅེས་རྫིག་ཉམས་བསྟན།
     འོན་ཀྱང་། ཞབས་ཞུ་མས་སྐད་ཆ་གཅིག་ཀྱང་མ་བཤད་པར་ཁ་པར་བཏང་སོང་།
     “ཁོ་རེད། ཁོས་སྒོར་རྫུན་མ་སྟེར་མཁན་ཁོ་རེད། ངོ་ཚ་མེད་པའི་ཁྱི་རྒན། ཉིན་མོ་དཀར་དཀར་ལ་རྒྱུ་འབྲས་ནོག་གི”ཞབས་ཞུ་མ་ཁ་སྤོ་ཁ་ནས་ལངས་ཞེ་འཁོན་གཏིང་ནས་ལངས།
     ཉེན་རྟོག་པ་དེས་“ཁྱེད་དེ་རིང་ནས་ཉིན་གསུམ་ལ་བཀག་ཉར་དང་ཆད་པ་སྒོར་ལྔ་བརྒྱ་སྤྲོད་དགོས།”ཞེས་བཤད་མ་ཐག བྱ་ཆུང་ཁྲ་ཡིས་འཛིན་པ་ལྟར་སྟབས་མྱུར་ངང་ཁྲིད་སོང་།
     ཤར་ཕྱོགས་ཀྱི་རི་རྩེའི་ཕག་ནས་སྐྱ་རེངས་བུ་མོ་ཁོང་དགོད་དང་སྐྱེངས་པའི་ཚུལ་གྱིས་ག་ལེ་ག་ལེར་འཛུམ་པའི་ཚེ། གཙོས་གྲོང་གི་མཐའ་བཞིའི་ཐོར་ཚུགས་ཀྱི་རི་གྲོང་ན་དམ་པོར་འཁྱུད་པའི་སྤྲིན་ཕུང་དེ་དག་ཀྱང་ད་ནི་ཆར་ཆུ་བྱེ་ཚན་དུ་འཐིམ་པ་ཇི་བཞིན་མཐའ་ནས་མཐའ་རུ་བསྐྲད།
     བསེར་བུ་འཇམ་པོ་ཞིག་དལ་ལྷོད་ལྷོད་ཀྱིས་ནུབ་ནས་ཤར་ལ་ལྡང་བ་ན། ཨ་ཁུ་རྒྱ་ལོས་འཇུར་རྟ་ཡུ་རིང་དེ་བསྐྱོན་ནས་ཡང་བསྐྱར་གཙོས་གྲོང་ལ་འབྱོར།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...