སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
《སྦ་བཞེད》ཀྱི་རྩོམ་པ་པོ་སྦ་གསལ་སྣང་དང་དེབ་ཐེར་འདི་བཙན་པོའི་དུས་ཀྱི་ཡི་གེ་ཡིན་མིན་སྐོར་གྱི་དོགས་འདྲི།
རྩོམ་པ་པོ། ཞབས་ཤར་ཟླ་བ་ཚེ་རིང་། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-10-30 9:20:00 རྩོམ་ཁུངས། བོད་ལྗོངས་ཞིབ་འཇུག ཀློག་གྲངས།
 《སྦ་བཞེད》ཀྱི་རྩོམ་པ་པོ་སྦ་གསལ་སྣང་དང་། དེབ་ཐེར་འདི་ཉིད་བཙན་པོའི་དུས་ཀྱི་ཡི་གེ་ཡིན་མིན་སྐོར་གྱི་དོགས་འདྲི།
     དེ་ཡང་འཇམ་མགོན་ས་སྐྱ་པཎྜི་ཏས“གཏེར་ནས་བྱུང་བའི་གླེགས་བམ་དང་། །གཞན་ནས་བརྐུས་པའི་ཆོས་ལུགས་དང་། ། བརྩམས་ཆོས་དང་ནི་རྨི་ལམ་ཆོས། །བློ་བཟུང་མ་ཡི་ཆོས་ལུགས་ལ། །རྡོ་རྗེ་འཆང་ལ་བརྒྱུད་པ་སྙེག ། དེ་ལའང་གཞན་དག་ལུང་ལེན་པ། །ཆོས་དང་འགལ་བ་སྨོས་ཅི་དགོས། །རང་ཚིག་དང་ཡང་འགལ་བ་ཡིན”ཞེས་གསུངས་པ་ལྟར་རྒྱལ་པོ་འུ་དུམ་བཙན་གྱིས་ཆོས་བསྣུབས་པ་ནས་ལོ་ཆེན་རིན་ཆེན་བཟང་པོ་མ་བྱོན་པའི་བར་དང་དེའི་རྗེས་ལ་ཡང་ཆོས་ལོག་མང་པོ་དར་བ་སྟེ་ལ་ལ་གཏེར་ནས་བྱུང་ཚུལ་གྱི་གླེགས་བམ་ལ་བརྟེན་པ་དང་། ལ་ལ་གཞན་ནས་བརྐུས་ཤིང་གཞན་དང་འདྲེས་པ་དང་། ལ་ལ་ནི་སོ་སོའི་རང་འདོད་ལྟ་བུར་བྱས་པ། ལ་ལ་ནི་རྨི་ལམ་དུ་ལུང་བསྟན་ཞིང་བྱུང་བར་སྨྲ་བ་སོགས་མདོར་ན་རྒྱལ་པོའི་ཁྲིམས་ཞིག་པ་དང་དུས་མཚུངས་སྔར་གྱི་རྒྱ་བོད་ཀྱི་ལོ་པཎ་རྣམས་ཀྱིས་དཀའ་བ་དུ་མས་འབད་ཅིང་བསྒྱུར་བའི་བཀའ་བསྟན་ལ་ལྷད་འཇུག་པའི་དུས་རབས་ཤིག་ཏུ་གྱུར་པ་རེད།  
     དུས་སྐབས་དེ་འདྲ་ཞིག་གི་འོག་རྒྱལ་བའི་བཀའ་བསྟན་ལ་ལྷད་འཇུག་ནུས་ན་མཁས་པས་མཛད་པའི་བསྟན་བཅོས་ལ་ལྷད་འཇུག་པ་ནི་ལྟ་ཅི་སྨོས། དེ་དག་གི་དགོས་པ་ཡང་ལ་ལ་ནི་ཁེ་དབང་གི་དགོས་མཁོ་དང་། ལ་ལ་ནི་གྲུབ་མཐའ་སོ་སོའི་རྐང་ཚུགས་ཐབས། ལ་ལ་ནི་ནང་བསྟན་མུ་མཐུད་ནས་གནས་ཐབས་བྱེད་པ་ལ་སོགས་པའི་དགོས་མཁོ་འདྲ་མིན་ཡོད། དེ་ལྟའི་རྒྱུ་རྐྱེན་སྣ་ཚོགས་པའི་འོག་བཙན་པོའི་ཕྱག་དབའ་དང་། མཆིམས་བུ། བསམ་ཡས་ལ་སོགས་པའི་བཀའ་གཙིགས་ཀྱི་ཡི་གེ་ཞིབ་མོ་རྣམས་ཧ་ལམ་གར་སོང་ཆ་མེད་དུ་གྱུར་ཏེ་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་དང་། ཏུན་ཧོང་གི་ཡི་གེ་བོད་མིའི་མིག་གི་སྤྱོད་ཡུལ་དུ་མ་གྱུར་བའི་བར་བཙན་པོའི་དུས་རབས་ཀྱི་སྲིད་དོན་ལོ་རྒྱུས་ལ་བལྟ་བའི་མིག་མེད་པ་ལྟ་བུ་ཞིག་ཆགས་པ་རེད། ཕྱིས་ཀྱི་ཚལ་པའི《དེབ་དམར》དང《ཆོས་འབྱུང་མཁས་པའི་དགའ་སྟོན》སོགས་སུ་ཡིག་རྙིང་ཅུང་ཟད་རེ་ཡོད་པ་ཕུད་དེ་མིན་ཧ་ལམ་ཆོས་འབྱུང་ཁོ་ན་ལྟ་བུར་སྣང་།  
     ད་ལམ་སྐབས་སུ་བབས་པ《སྦ་བཞེད》ཅེས་བྱ་བ་འདི་ཉིད་ལ་ཞིབ་འཇུག་གི་དཔྱད་གཞིའི་རིན་ཐང་ཆེན་པོ་ཡོད་ལ་ཕྱིས་ཀྱི་གོང་ས་ལྔ་པའི《རྫོགས་ལྡན་གཞོན་ནུའི་དགའ་སྟོན》དང་། དཔའ་བོ་གཙུག་ཕྲེང་གི《ལྷོ་བྲག་ཆོས་འབྱུང》དེ་བཞིན་ཇོ་ནང་ཏཱ་ར་ན་ཐའི་སློབ་དཔོན་པདྨའི་རྣམ་ཐར《ཡིད་ཆེས་གསུམ་ལྡན》སོགས་སུ《སྦ་བཞེད》ཀྱི་ལུང་མི་ཉུང་བ་དྲངས་ཡོད་པ་སོགས་དེབ་ཐེར་མང་པོའི་ཁུངས་གཏུགས་སའི་གཞི་ལྟ་བུར་མཛད་ཡོད། འོན་ཀྱང་རང་ཉིད་བོད་ཀྱི་གནའ་བོའི་ཡིག་རྙིང་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ནང་དེབ་ཐེར་འདི་ཉིད་སྦ་གསལ་སྣང་གིས་བརྩམས་པར་གྲགས་པས་བཙན་པོའི་དུས་ཀྱི་ཡིག་རྙིང་འབོར་ཆེན་ཡོད་ངེས་སྙམས་ཏེ་བལྟ་ཀློག་བགྱིས་སྐབས་དེའི་ནང་ཡིག་རྙིང་ཐོ་རེ་བ་ལས་སྣང་རྒྱུ་མེད་པ་མ་ཟད་དེ་ཉིད་བཙན་པོའི་དུས་ཀྱི་ཡིག་སྲོལ་དང་རྩོམ་པ་པོ་སྦ་གསལ་སྣང་ཡིན་ཚུལ་ལ་འགལ་འདུའི་ཕུང་པོ་མི་ཉུང་བ་ཞིག་ཡོད་པ་ལྟ་བུའི་ཚོར་སྣང་བྱུང་། དེ་ཕྱིར་ད་ལམ་བྱ་ཐབས་གཙོ་བོ་མེས་འཚིག་མེར་བསྟེན་པའི་ལམ་ནས་དེ་སྐོར་ལ་དཔྱད་བརྗོད་རགས་ཙམ་ཞུ་ཁུལ་ལགས། 
དང་པོ། 《སྦ་བཞེད》ལས་ཁྲི་སྲོང་ལྡེ་བཙན་གྱི་ཡུམ་གྱི་གནད་དོན་དང་འབྲེལ་ཡོད་གཏམ་རྒྱུད་སོགས་ཀྱི་སྐོར།
     དེང་སྐབས་ང་ཚོས་མཐོང་བཞིན་པའི་པེ་ཅིང་མི་རིགས་རིག་གནས་ཕོ་བྲང་དང་། བོད་ལྗོངས་ཡིག་ཚགས་ལས་ཁུངས། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་དེ་སྔའི་དབུ་ཁྲིད་ཕུན་ཚོགས་ཚེ་རིང་ལགས་བཅས་གསུམ་ལ་ཡོད་པའི་ཕྱག་དཔེ་གསུམ་གོ་བསྡུར་གྱིས་དཔར་འགྲེམས་བྱས་པའི《སྦ་བཞེད》དེའི་ནང་ཁྲི་སྲོང་ལྡེ་བཙན་འཁྲུངས་སྐོར་གཏམ་རྒྱུད་དང་འདྲ་བའི་ལོ་རྒྱུས་འདི་ལྟར་འཁོད་ཡོད་དེ“ཀོང་ཇོ་ལ་ཡོས་བུའི་ལོ་ལ་རྒྱལ་བུ་ཆགས། དེའི་དུས་ན་རྒྱལ་པོ་ཕོ་བྲང་བྲག་དམར་འོམ་བུའི་ཚལ་ན་བཞུགས། ཡོས་བུའི་ལོ་དཔྱིད་ཟླ་ར་བའི་ཚེས་གསུམ་ལ་བབ་པ་ན། རྒྱའི་ཧ་ཤང་མངོན་ཤེས་ཡོད་པ་གཅིག་ན་རེ། རྒྱལ་པོ་ཁྱོད་ཀྱི་བཙུན་མོ་ལ་སྲས་བྱང་ཆུབ་སེམས་དཔར་ངེས་པ་གཅིག་བཙའ་བར་ངེས། དེ་ལ་རིམ་གྲོ་སྐྱེད་ཅིག་ཟེར། རྒྱལ་པོས་ནམ་ཕྱེད་ལ་མཆོད་རྟེན་བརྒྱ་རྩ་བཞེངས། འཇིམ་པ་ལྷག་མ་ལ་ངའི་སྐུ་ཚབ་བྱེད་གསུངས་ནས་མཆོད་རྟེན་གྲེས་ཐག་ཅན་ཡང་བརྩིགས། ནངས་པར་ཕོ་ཉ་བྱུང་ཏེ་ཀོང་ཇོ་ལ་སྲས་གཅིག་བལྟམས་སོ་ཞེས་ཟེར། རྒྱལ་པོ་ཡར་ལུང་འཕང་ཐང་དུ་སྲས་བལྟམས་པ་གཟིགས་སུ་བྱོན་པའི་ཚེ། ཀོང་ཇོའི་བུ་སྣ་རྣམ་བཟའ་བཞི་སྟེངས་ཀྱིས་འཕྲོགས་ནས་འདི་ང་ལ་སྐྱེས་པ་ཡིན་ཟེར། དེར་བློན་པོ་ཀུན་གྱིས་བརྟག་པར་བྱ་བའི་ཕྱིར། ཐང་ཚིགས་ཀྱི་བུ་གར་བུ་བཞག་ནས་སུ་ཐོབ་ཕྱེད་དུ་བཅུག་པས། ཀོང་ཇོའི་སྔོན་ལ་ཟིན་པ་བཞི་སྟེངས་ཀྱིས་ཤི་ནའང་ཤི་སྙམ་སྟེ་ཕྲོགས་པས། ཀོང་ཇོས་བུ་ཤི་དོགས་ནས་ལྷོད་བཏང་སྟེ། ཡིན་དང་ངའི་ཡིན་ཏེ་དྲེ་མོ་ཁྱོད་ཟེར་ནས་བཏང་། བུ་ཀོང་ཇོས་ཡིན་པ་ཤེས་ལོ་གཅིག་ལོན་ཙ་ན་ཞབས་འཛུགས་པའི་དགའ་སྟོན་བྱས་ཏེ། སྣ་རྣམ་པ་རྣམས་བེར་ཆུང་ངུ་རེ་ལག་ན་ཐོགས་ནས་ཞང་པོའི་པང་དུ་ཤོག་ཟེར། རྒྱལ་བུ་ན་རེ། ཁྲི་སྲོང་ལྡེ་བཙན་རྒྱ་ཚ་ལགས། སྣ་རྣམ་ཞང་གིས་ཅི་བགྱི་འཚལ། གསུངས་ནས་རྒྱའི་པང་དུ་སོང་བས། མིང་ཡང་རང་གིས་བཏགས་སོ”ཞེས་བྱུང་།
     འདི་ལྟ་བུའི་གཏམ་རྒྱུད་ངོ་མཚར་ཅན་དང་སྦྱར་བའི་བཙན་པོའི་འཁྲུངས་རབས་ལྟ་བུ་བོད་ཁོ་ནར་མ་གཏོགས་མེད་དམ་ཞེ་ན།《མདོ་མཛངས་བླུན》གྱི་ཁྱིམ་བདག་དབྱིག་པ་ཅན་གྱི་ལེའུ་ལས“....རྒྱལ་པོ་དེ་ལ་ཡང་བུད་མེད་གཉིས་ཤིག་བུ་གཅིག་ལ་རྩོད་དེ་རྒྱལ་པོ་བློ་མཁས་པས་བརྟག་ནས་བུད་མེད་གཉིས་ལ་འདི་སྐད་ཅེས་སྨྲས་སོ། ཁྱེད་གཉིས་ཀྱིས་བུའི་ལག་པ་རེ་རེ་ནས་བཟུང་སྟེ་དྲོངས་ལ་གང་གིས་ཐོབ་པ་དེས་བུ་འཁྱེར་ཅིག་ཅེས་བསྒོ་བ་དང་། བུའི་མ་མ་ཡིན་པ་དེས་ནི་བུ་ལ་སྙིང་རྗེ་མེད་པས་སྣད་ཀྱིས་མི་དོགས་ཏེ་མཐུ་ཅི་ཡོད་པས་དྲངས་སོ། བུའི་མ་གང་ཡིན་པ་དེས་ནི་བུ་ལ་བྱམས་པས་སྣད་ཀྱིས་དོགས་ཏེ་སྟོབས་ཀྱིས་ཐུབ་ཀྱང་དྲག་ཏུ་མི་འདྲེན་ཏེ། རྒྱལ་པོས་ཀྱང་རྟོགས་ནས་དྲག་ཏུ་དྲངས་པ་དེ་ལ་འདི་ནི་ཁྱོད་ཀྱི་བུ་མ་ཡིན་ཏེ། བུད་མེད་གཅིག་ཤོས་ཀྱི་བུ་ཡིན་པ་ན་དྲང་པོར་སྨྲོས་ཤིག་ཅེས་བྱས་པ་དང་། དལ་གྱིས་འདྲེན་པའི་བུ་ཡིན་པར་གྱུར་ཏེ་བུ་འཁྱེར་རོ”ཞེས་དང་ཡེ་ཤུའི《དམ་པའི་གསུང་རབ》ཞལ་ཆད་རྙིང་པའི་རྒྱལ་རབས་བམ་པོ་ལེའུ་གསུམ་པར“....དེ་ནས་ཁོང་ཡེ་རུ་ཤ་ལེམ<耶路撒冷>དུ་བྱོན་ནས། ཡ་ཧོ་ལྦའི་སྒོམ་གྱི་མདུན་ལངས་ཤིང་བསྡད་དེ་སྦྱིན་སྲེག་གི་མཆོད་པ་དང་། ཞི་བདེ་བའི་མཆོད་པ་ཕུལ་ནས་རང་གི་གཡོག་པོ་རྣམས་ལ་མགྲོན་བྱས་སོ། དེའི་དུས་སུ་སྨད་འཚོང་མ་གཉིས་རྒྱལ་པོའི་དྲུང་དུ<所罗门国王>འོངས་ཏེ་ལངས་ནས་བསྡད་དེ། བུ་མེད་གཅིག་གིས་ཁོང་ལ། ཀྱེ་བདག་གི་ཇོ་བོ་ལགས། བདག་དང་མོ་འདི་ཁྱིམ་ཚང་གཅིག་ན་སྡོད་ཅིང་། དེ་དང་མཉམ་དུ་གནས་པའི་དུས་སུ་བདག་ལ་བུ་ཞིག་སྐྱེས། བདག་ལ་སྐྱེས་ནས་ཞག་གསུམ་པར་བུད་མེད་འདི་ལའང་སྐྱེས་ཏེ་ངེད་མཉམ་དུ་བསྡད་དེ་ཁྱིམ་དེ་ན་ང་ཅག་གཉིས་ལས་གཞན་སུ་ཡང་མེད་པ་ཡིན། བུད་མེད་དེས་མཚན་མོར་ཕྲུ་གུ་མནན་པས་ཤི། ཁྱེད་ཀྱི་བྲན་མོ་བདག་གཉིད་ལ་སོང་བའི་དུས་མོ་དེ་ནི་མཚན་ཕྱེད་ལ་ལངས་ཏེ་བདག་གི་བུ་བདག་གི་པང་ལས་བླངས་ཞིང་མོ་རང་གི་པང་དུ་ཉར་ཏེ་དེའི་བུ་ཤི་རོ་དེ་བདག་གི་པང་པར་བཞག་གོ། སྔ་དྲོ་བདག་བུ་ལ་ནུ་མ་བསྣུན་དུ་ལངས་བའི་ཚེ་ན། ལྟོས་ཤིག་དེ་ནི་རོའོ། སླད་སྔ་དྲོ་བདག་གིས་ཞིབ་ཏུ་བལྟ་བའི་ཚེ། དེ་ནི་བདག་ལ་སྐྱེས་པའི་བུ་མ་ཡིན་པར་མཐོང་ངོ་། ཞེས་ཞུས་སོ། བུད་མེད་གཅིག་ཤོས་ཀྱིས། དེ་བཞིན་མ་ལགས། གསོན་པོ་འདི་ངའི་བུ་དང་། ཤི་རོ་དེ་ཁྱེད་ཀྱི་བུ་ཡིན་ཟེར་ཏེ། བུད་མེད་གཞན་དེས་དེ་ལྟར་མིན། ཤི་རོ་ནི་ཁྱོད་ཀྱི་བུ་ཡིན། གསོན་པོ་འདི་ངའི་བུ་ཡིན་ཅེས་དེ་བཞིན་དུ་དེ་གཉིས་ཀྱིས་རྒྱལ་པོའི་དྲུང་དུ་གཏམ་བྱས་སོ། དེ་ནས་རྒྱལ་པོས་གསུངས་པ། ང་ལ་རལ་གྲི་ཞིག་འཁྱེར་ཤོག་བྱས་ནས་དེ་དག་གིས་རྒྱལ་པོའི་དྲུང་དུ་རལ་གྲི་ཞིག་འཁྱེར་བ་དང་། རྒྱལ་པོས་ཕྲུ་གུ་གསོན་པོ་འདི་ཁག་གཉིས་སུ་ཆོད་ཅིག ཕྱེད་ཀ་དེ་གཅིག་ལ་ཐོངས་ཞིག་གཞན་ཕྱེད་ཀ་དེ་གཞན་དེ་ལ་ཐོངས་ཞིག ཅེས་བསྒོ་བས། བུ་གསོན་པོའི་མ་གང་ཡིན་པ་དེ་ལ་ཕྲུ་གུའི་ཕྱིར་ཁྲག་རླུང་ལངས་ནས་རྒྱལ་པོ་ལ། ཀྱེ་བདག་གི་ཇོ་བོ་ལགས། བུ་གསོན་པོ་འདི་མོ་ལ་སྦྱིན་ཅིག་དང་། ཅིས་ཀྱང་མ་གསོད་ཅིག ཅེས་གསོལ་ཡང་།གཞན་དེས། ཁྱོད་ལ་ཡང་མི་ལུས། ང་ལ་ཡང་མི་ལུས་པས་ཆོད་ལ་ཐོངས་ཞེས་སྨྲས་སོ། དེར་རྒྱལ་པོས་བཀའ་བསྩལ་བ། བུ་གསོན་པོ་དེ་དེ་རང་ལ་ཐོངས་ཤིག་དང་། དེ་ཅིས་ཀྱང་མ་གསོད་ཅིག དེའི་མ་ནི་དེ་རང་ཡིན་ཅེས་གསུངས་སོ། ཡང་ཡིས་ར་ཨེ(以色列)ཐམས་ཅད་ཀྱིས་རྒྱལ་པོས་ཕྱེས་པའི་བཤགས་དེ་ཐོས་པ་དང་། རྒྱལ་པོ་ལ་བསྐྲགས་སོ། ཅིའི་ཕྱིར་ཞེ་ན། ཞལ་ལྕེ་གཅོད་དུ་དཀོན་མཆོག་གི་ཡེ་ཤེས་ཁོང་གི་དྲུང་དུ་གནས་པ་དེ་དག་གིས་མཐོང་བར་གྱུར་ཏོ།”ཞེས་གསལ་ཞིང་། གཞན་ཡང་རྒྱ་ནག་ཏུ་སུང་རྒྱལ་རབས་ཀྱི་སྐབས་ཁའེ་ཧྥང་གཞུང་གི་ཁྲིམས་དཔོན་པའོ་ཆིང་ཐན་གྱི་སྐབས་རྒྱ་མོ་གཉིས་བུ་གཅིག་ལ་རྩོད་པའི་གཏམ་རྒྱུད་ཅིག་བྱུང་ཚུལ་ཡོད་པ་དང་། དེ་བཞིན་འཇར་པན་གྱི་དཔར་གཞི་འགུལ་བའི་བརྙན་འཕྲིན་འཁྲབ་ཚན《དབྱི་ཤིའུ》ཞེས་པའི་ནང་དུའང་གོང་གསལ་དེ་དག་དང་འདྲ་བའི་ལེ་ཚན་ཞིག་བྱུང་བ་སོགས་ཡོད། གཤམ་ལ་གོང་གི་གཏམ་རྒྱུད་གསུམ་པོ་དེར་དབྱེ་ཞིབ་རགས་ཙམ་བགྱི་ན་འདི་ལྟ་སྟེ།
     a. སྒྲུང་དེ་དག་རྒྱལ་པོ་ཞིག་དང་འབྲེལ་ལ་དེའི་བློ་གྲོས་གཞན་ལས་ཁྱད་དུ་འཕགས་པ།
     b. བུད་མེད་གཉིས་བྱིས་པ་ཞིག་རྩོད་པ་མཚུངས་པ།
     c. ཆོས་ལུགས་ཀྱི་རྒྱབ་ལྗོངས་རེ་ཡོད་པ།
     d. རིག་པས་དཔྱད་པ་མཚུངས་པ།
     e. མ་དངོས་དེའི་བསམ་པའི་འདུ་ཤེས་མཚུངས་པ་བཅས་ཡིན།
གཉིས། སྒྲུང་དེ་དག་གི་འབྲེལ་བ་དང་ཕན་ནུས་སྐོར།
     སྒྲུང་དེ་དག་གི་ཅུང་ཟད་མི་འདྲ་བའི་ཆ་ནི་རྒྱལ་པོ་ཟོ་ལོ་མཎ་དང་འབྲེལ་བའི་སྒྲུང་དེ་ཅུང་རྒྱས་ཤིང་ཞིབ་ལ་སྔ་ཕྱིའི་བྱུང་རིམ་འདྲ་ཆགས་པ་དང་། ཁྱིམ་བདག་དབྱིག་པ་ཅན་གྱི་ལེའུ་ནང་གི་སྒྲུང་དེ་དེའི་ནང་གི་ལེ་ཚན་གཅིག་ཡིན་ལ་དེའི་ནང་དུ་ད་དུང་མི་གཉིས་རས་ཡུག་གཅིག་རྩོད་པ་ལ་སོགས་པའི་སྒྲུང་དེ་འདྲ་བ་ཡོད་པ་དང་། བཙན་པོ་ཁྲི་སྲོང་ལྡེ་བཙན་དང་འབྲེལ་བའི་སྒྲུང་ནི་དང་པོ་བློན་པོ་རྣམས་ཀྱིས་བརྟགས། དེ་ནས་རྒྱལ་བུ་ལོ་གཅིག་འཁོར་བའི་ཞབས་འཛུགས་དགའ་སྟོན་ཚེ་རྒྱལ་བུ་རང་ཉིད་ཀྱིས་རང་གི་མ་སུ་ཡིན་པ་ཐག་བཅད་ཅིང་མཚན་ཡང་རང་གིས་རང་ལ་བཏགས་པའི་སྐོར་བཀོད་ཡོད་པ་རེད།
     འོན་ཏེ་དོན་དུ་སྒྲུང་དེ་དག་ནི་མི་རིགས་ཕན་ཚུན་རིག་གནས་སྤེལ་རེས་བྱེད་པའི་བརྒྱུད་རིམ་ནང་གཅིག་གིས་གཅིག་ལ་བརྒྱུད་པ་དང་གཅིག་ནས་གཅིག་ཏུ་འཕེལ་བའི་འཛམ་གླིང་རང་བཞིན་ལྡན་པའི་གཏམ་རྒྱུད་གཅིག་ཡིན་པ་ནི་དཔེར་ན་རང་རེ་བོད་ཀྱི་ཕ་སྤྲེལ་རྒན་བྱང་ཆུབ་སེམས་དཔའ་སྐད་ཅིག་ཉིད་དུ་རི་བོ་གྲུ་འཛིན་དུ་འཕུར་འགྲོ་བ་གང་དེ་དང་། ཉིན་གཅིག་ལ་ལེ་དབར་ཆིག་ཁྲི་བརྒྱད་སྟོང་བསྐྱོད་ནུས་པའི་རྒྱ་ནག་གི་སྤྲེལ་རྒན་སུན་ཝུའུ་ཁུང་། དེ་བཞིན་ལངྐའི་ཡུལ་ནས་རི་བོ་གངས་ཅན་དུ་སྐད་ཅིག་གིས་འཕུར་ཏེ་རི་བོ་གངས་ཅན་པང་ཁར་འཁུར་ནས་ལངྐའི་ཡུལ་དུ་འཁྱེར་འགྲོ་མཁན་མགྲིན་བཟང་གི་བློན་པོ་ཧ་ནུ་མནྡ་ཞེས་པ་ལྟ་བུ་དེ་དག་གི་སྒྲུང་ཁུངས་གཅིག་ཏུ་དེང་གི་རྩོམ་རིག་ལོ་རྒྱུས་སྨྲ་བ་དག་གིས་བཞེད་དོ།།
     འོ་ན་སྒྲུང་དེ་དག་ལ་ཕན་ནུས་ཅི་ཡོད་དམ་ཟེར་ན། 《ནང་དོན་རིག་པའི་སྤྱི་བཤད》ལས། “སྐབས་དེའི་སྤྱི་ཚོགས་ཀྱི་འདོད་བློ་དང་མཐུན་དཀའ་བར་གྱུར་བ་དང་། རང་དབང་གི་ཁྱད་ཆོས་ལྡན་ལ་ལྷ་སྒྲུང་གི་གྲུབ་ཆ་མང་བའི་ཕལ་ཆེན་སྡེའི་ལྟ་བ་ནི་སྐབས་དེའི་སྤྱི་ཚོགས་ལ་ཆ་མཚོན་ན་ཧ་ཅང་གི་རྒྱུགས་ཆེ། དེ་བས་ཐེག་ཆེན་གྱི་ཆོས་ནི་གཙོ་བོ་ཕལ་ཆེན་སྡེའི་རྨང་གཞིའི་སྟེང་ནས་འཕེལ་རྒྱས་སུ་སོང་བར་བཤད་ཆོག་མོད། ཡིན་ནའང་ཐེག་ཆེན་གྱི་ཆོས་བྱུང་རྗེས་ཕལ་ཆེན་སྡེ་རིམ་གྱིས་ཉམས་དམས་སུ་གྱུར་བ་དང་། དམངས་ཁྲོད་ཀྱི་ཆོ་ག་དང་། གྷི་རིག དབྱི་ལང་སོགས་ཀྱི་བསམ་བློ་དང་རིག་གནས་བཅས་ཀྱིས་ཐེག་ཆེན་འཕེལ་རྒྱས་ལ་ཤུགས་རྐྱེན་ཟབ་མོ་བཟོས་ཡོད”ཅེས་བཤད་པས་དེའི་ཐོག་ནས་ང་ཚོས་ཆོས་ལུགས་དང་གྲུབ་མཐའ་སོ་སོའི་རང་རང་གི་རྐང་ཚུགས་ཐབས་ཐད་ཐབས་ཇུས་འདྲ་མིན་སྣ་ཚོགས་བསྟེན་གྱི་ཡོད་ལ། རྒྱ་ཆེའི་མང་ཚོགས་ཀྱིས་གོ་རྟོགས་ཐུབ་པའི་སྒྲུང་གཏམ་ལ་བསྟེན་ནས་ཆོས་ལུགས་ཀྱི་བསམ་བློ་དྲིལ་བསྒྲགས་དང་སྲ་བརྟན་དུ་གཏོང་སྟངས་དེ་ཡང་བྱ་ཐབས་གཙོ་བོ་ཞིག་ཡིན་པ་ཤེས་རྟོགས་ལམ་ཙམ་བྱེད་ཐུབ།
གསུམ། ལོ་རྒྱུས་ཀྱི་བདེན་དཔང་ཐུབ་པའི་ཡུམ་དངོས་ཀྱི་སྐོར།
     བཙན་པོ་ཁྲི་སྲོང་ལྡེ་བཙན་བྱོན་པའི་དུས་ནི་རྒྱ་གར་དང་དམ་པའི་གསུང་རབ་ལས་བྱུང་བའི་སྒྲུང་དེ་དག་ལས་ལྷག་པར་ཕྱི་ཞིང་། བཙན་པོའི་འཁྲུངས་ཚུལ་དང་སྒྲུང་དེ་ཉིད་སྦྱོར་བའི་དུས་ནི་དེ་བས་ཀྱང་ཕྱི་བར་སེམས།
     《སྦ་བཞེད》ནང“མདོ་མཛངས་བླུན”དེ་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་ཡོད་ཚུལ་བསྟན་ཞིང་དེའི་ནང་སྐྱེ་འགྲོ་ཆོས་ལ་བསྐུལ་ཚུལ་བཤད་པ་སྟེ“ཀླུ་རྒོད་ནི་དབའ་བཟའི་ནང་ནས་དད་པ་ཆེ་བ་དབའ་བཟའ་ལེགས་བཙུན་བློན་ཆེ་བླངས་ནས་མནའ་མར<བརྩལ>ཏེ་བོན་བཅད་དེ་ལྷ་ཆོས་བགྱིས་དད་པ་སྐྱེས་པས་ཕྱིན་ཆད་ལེགས་པ་མང་། དྷརྨ་མཛངས་བླུན་མཐོང་ནས་ཀླུ་རྒོད་རབ་ཏུ་བྱུང་། སུམ་པ་སྤོག་མདའ་ཕན་ཆད་ཆོས་ལ་དགའ་བར་གྱུར།”ཞེས་འཁོད་པས་དེས་དོན་དུ《མདོ་མཛངས་བླུན》དེ་དུས་རབས་བཅུ་པ་དང་བཅུ་གཅིག་གང་རུང་གི་སྐབས་སུ་ཆོས་སྤེལ་བྱེད་ཀྱི་ལག་ཆ་ཞིག་ཏུ་བྱས་ཏེ་དེའི་ནང་གི་གཏམ་རྒྱུད་དེ་དུས་རབས10-11ནང་གི་མཁས་པ་གང་རུང་ཞིག་གིས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་འཁྲུངས་རབས་ལ་སྦྱར་བ་མངོན་རྗེན་དུ་གསལ་ཞིང་དེ་མིན་ན《མདོ་མཛངས་བླུན》ནི་བཙན་པོ་ཁྲི་རལ་པ་ཅན་སྐབས་འགོས་ལོ་ཙཱ་བ་ཆོས་འགྲུབ་ཀྱིས་རྒྱ་ནག་གི་སྐད་ལས་བོད་སྐད་དུ་ཕབ་ཅེས《བོད་རྒྱ་ཚིག་མཛོད་ཆེན་མོའི》ནང་གསལ་བས་རྒྱུ་མཚན་དེས་ཀྱང《སྦ་བཞེད》ཀྱི་རྩོམ་པ་པོ་སྦ་གསལ་སྣང་མིན་པ་མ་ཟད་དེབ་ཐེར་འདི་ཉིད་ཁྲི་སྲོང་དུས་སྐབས་ཀྱི་ཡིག་ཆ་མིན་པའི་ར་སྤྲོད་ཀྱང་གསལ་རྗེན་དུ་བྱས་པ་རེད། གཞན་དུ་ན་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དང་ལྷན་ཅིག་ཏུ་འཚོ་ཞིང་གཞེས་པའི་སྦ་གསལ་སྣང་གིས་བཙན་པོའི་ཡུམ་སུ་ཡིན་མ་མཁྱེན་པ་ནི་ཡ་མཚན་ཆེ་ལ་དེ་བས་ཀྱང་ཁྲི་སྲོང་འཁྲུངས་པའི་སྐབས་དེར་བཙུན་མོ་གཉིས་ཀྱི་གཟིམ་སྦུག་ཏུ་བློན་འཁོར་ཕོ་མོ་གཅིག་ཀྱང་མེད་པ་ལྟ་བུ་ནི་དེ་བས་ཡ་མཚན་ཆེའོ།།
     གཞན་ཡང་རྒྱའི་ཐང་ཡིག་སོགས་སུ་གྱིམ་ཤིང་ཀོང་ཇོས་རྒྱ་བོད་བར་འདུམ་བྱས་པ་ལ་སོགས་པའི་ལོ་རྒྱུས་ཀྱི་དོན་ཆེན་མང་པོ་ཞིག་འཁོད་ཡོད་ཀྱང་ཀོང་ཇོ་ལ་བཙན་པོ་བལྟམས་པའི་ལོ་རྒྱུས་ཟུར་ཙམ་ཡང་འཁོད་མེད་པ་རེད། གལ་ཏེ《སྦ་བཞེད》ལས་བྱུང་བའི་གཏམ་རྒྱུད་དེ་ལྟ་བུ་ལོ་རྒྱུས་ཀྱི་དངོས་དོན་ཞིག་ཡིན་ཚེ་རྒྱའི་ལོ་རྒྱུས་འབྲི་བ་པོ་ཚོས་རང་ཉིད་ལ་ཡང་ངོ་མཚར་ཆེ་བའི་ལོ་རྒྱུས་ཀྱི་དངོས་དོན་དེ་རྒྱའི་ཐང་ཡིག་སོགས་སུ་མི་འགོད་ན་ལོ་རྒྱུས་གཞན་མང་པོ་ཞིག་འགོད་རིན་མེད་པ་ལྟ་བུར་གྱུར་ཏོ། །
     ཏུན་ཧོང་ཡིག་རྙིང་ནང་གི་བཙན་པོའི་རྒྱལ་རབས་ཀྱི་ལོ་ཚིགས་ལྟར་ན། ཀོང་ཇོ་འདི་ཉིད་མེས་ཨག་ཚོམ་དགུང་ལོ་བདུན་གྱི་ཐོག་བོད་ཡུལ་དུ་འབྱོར་བ་སྟེ་དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས་ཤོག་དྲིལP. T1288ལས“འབྲུགྀ་ལོ་ལ་བབ་སྟེ། དཔྱྀད་ཁོ(ཕོ)བྲང་ཙལདུ:རྒྱལ་གཙུག་རུ་བལྟམ.......”ཞེས་མེས་ཨག་ཚོམ་སྤྱི་ལོ704ལོར་བལྟམས་པར་བཤད་པ་དང་། དེ་ནས་རྩིས་པའི་ལོ་བདུན་པ་ཁྱིའི་ལོ་སྟེ་ཤོག་དྲིལ་དེ་ལས“༄:།ཁྱྀ་ལོ་ལ་བབ་སྟེ། བཙན་པོ:བལ་པོ:ན་བཞུགས། བྱྀ་དྲོན་ན་བཞུགས། མཁྲྀས་ཕ་ཏང་དུ་འདུན་:འདུསྟེ:བཙན་མོ:ཁོང་ཅོ་གཤེགས:པའྀ་ཡོ་བྱད་བཀྲལ། ཞང་བཙན་ཏོ་རེ་ལྷས་བྱྀ་ན་ལས:སྩོགས་པས། གཉེ་བོ་བགྱི་སྟེ། བཙན་མོ་ཀྀམ་ཤང་ཁོང་ཅོ:ར་སའྀ་ཤ་ཙལ་དུ་གཤེགས་་....”ཞེས་བཙན་པོ་མེས་ཨག་ཚོམ་དགུང་ལོ་བདུན་བཞེས་པའི་ཚེ་གྱིམ་ཤིང་ཀོང་ཇོ་བོད་དུ་འབྱོར་བ་དང་། དེ་ནས་ལོ་ཉི་ཤུ་རྩ་དགུ་འདས་པ་བཙན་པོ་མེས་ཨག་ཚོམ་དགུང་ལོ་སོ་དྲུག་བཞེས་པ་ཡོས་བུའི་ལོ(སྤྱི་ལོ739)ཀོང་ཇོ་འདས་པ་སྟེ། གོང་གསལ་ཤོག་དྲིལ་ལས“ཡོས:བུའྀ་ལོ་ལ། བཙན་པོ:དབརད་ཆབ་སྲྀད་ལ:བེག་དུ:གཤེག་སྟེ། སྲས་ལྷས་བོན་དྲོན་ན་བཞུགས། བཞུགས་པ་ལས་ནོངས། བཙན་པོ:ཡབ:དགུན་བོད་ཡུལ་དུ་སླར་གཤེགས། བཙན་མོ:ཀྀམ་ཤེང:ཁོང་ཅོ་ནོངས་པར་ལོ་ཆིག”ཅེས་དོན་དུ《སྦ་བཞེད》ལས་འཇང་ཚ་ལྷ་དབོན་སྔོན་ལ་འདས་ཚུལ་བཤད་པ་ལྟར་མ་ཡིན་པར་ལོ་གཅིག་གི་ནང་དུ་གཉིས་ཀ་འདས་པ་མ་ཟད། ཀོང་ཇོ་ཡང་འཇང་ཚ་ལྷ་དབོན་གྱི་བཙུན་མོར་ཕེབས་པ་མ་ཡིན་པ་ཡང་ཤེས་ཐུབ། དེ་ནས་བརྩིས་པའི་ལོ་གསུམ་རྟའི་ལོ་སྟེ་སྤྱི་ལོ742ལོར་བཙན་པོ་ཁྲི་སྲོང་ལྡེ་བཙན་གཞི་ནས་སྐུ་བལྟམས་པ་སྟེ་ཤོག་དྲིལ་ལས།“༄:རྟའི་ལོ་ལ། བཙན་པོ་:པོ་བྲང་དབརད་ཚལ་བུ:སྣ་ན་བཞུགས། རྒྱའྀ:ཕོ་ཉ:ཨན་ད་ལང་དྔ། མྱུ་ནག་པོ:ཕོ་ཉ་བྲྀ:པྱག་འཙལད། ཟློར་ཤུད་བུ:ཁོང་ཟུང་དྔ། ལང་གྲོ་ཁོང་རྩན་གཉྀས། འབྱུང་འཇུགྀ་རྩིས་བགྱྀསྟེ། ཐང་ཁྲམ:བཏབ། ཁུ་ཉེ་མོན་གངསུ་བློན་མང་པོ་རྗེས་འ་ཞའྀ་མཁོས་བགྱྀས། བཙན་པོ་སྲོང་ལྡེ་བཙན:བྲག་དམར་དུའ་བལྟམ། ཡུམ་མང་པོ་རྗེ་ནོངས་ཕར་ལོ་གཅྀག”ཅེས་འཁོད་པ་འདིས་དོན་དུ་ཁྲི་སྲོང་གི་ཡུམ་དངོས་སྣ་རྣམ་བཟའ་མང་པོ་རྗེ་ཡིན་པ་མ་ཟད། བཙན་པོ་འཁྲུངས་པའི་ལོ་དེ་གར་ཡུམ་འདས་པ་ཡིན་པ་གསལ་པོར་མངོན།
བཞི། 《སྦ་བཞེད》ལས་སྟོན་རྩེན་སོགས་ཀྱི་སྐོར།
     ༡.《སྦ་བཞེད》ནང་རྒྱ་དཀར་ནག་གི་སངས་རྒྱས་ཆོས་ལུགས་པའི་ལྟ་བའི་སྐོར་ལ་ལངས་པའི་སྟོན་རྩེན་དབར་གྱི་འཐབ་རྩོད་དང་དེ་རིགས་ལམ་གྱིས་དཔྱད་དེ་གང་ཞིག་ཡང་དག་པ་ཡིན་ལུགས་སྐོར་རྒྱས་ཙམ་འཁོད་ཡོད་པ་རེད། འོན་ཀྱང་རྩོད་པའི་ནང་དོན་མི་འདྲ་བའི་ལུགས་གཉིས་བཀོད་ཡོད་པ་དེས་ང་ཚོས《སྦ་བཞེད》དེ་སྦ་གསལ་སྣང་གིས་མཛད་པ་མིན་པ་ཤེས་རྟོགས་ཐུབ། ཅི་ཕྱིར་ཞེ་ན། 《སྦ་བཞེད》དུ་འཁོད་པའི་སྟོན་རྩེན་གྱི་རྩོད་དོན་མི་འདྲ་བའི་རྩོད་ལུགས་གཉིས་ཀ་དང་སྦ་གསལ་སྣང་འབྲེལ་བ་ཡོད་པ་མ་ཟད། རྩོད་ལུགས་དང་པོ་བཤད་པའི་སྐབས་སྦ་གསལ་སྣང་གིས་དངོས་སུ་རྩོད་པ་བྱས་སྐོར་འཁོར་ཡོད་པ་རེད། གལ་ཏེ《སྦ་བཞེད》དེ་སྦ་གསལ་སྣང་གི་ཡིན་ན། སྟོན་རྩེན་གཉིས་རྩོད་དུས་རང་ཉིད་དངོས་སུ་ཞུགས་ནས་རྩོད་གཞི་གང་ཡིན་མ་ངེས་པ་ཅི་ལ་སྲིད། དེ་ནི་ཕྱིས་ཀྱི་མིས་སྦ་གསལ་སྣང་གི་བཞེད་པ་ཡིན་ཁུལ་གྱིས་བྲིས་པས་དོན་ལ་རང་ཉིད་འཐོམས་པའི་ཞྭ་མོ་དེ་སྦ་གསལ་སྣང་གི་དབུ་ལ་གཡོགས་པར་ངེས།
     ༢.《སྦ་བཞེད》ལས“ཕྱིས་དགེ་བའི་བཤེས་གཉེན་མཁས་པ་རྣམས་ན་རེ། རྒྱ་ནག་མཁན་པོ་ཆོས་མི་ཤེས་ཀྱང་ལྟས་ཅུང་ཟད་ཤེས་པ་ཞིག་སྟེ། དེང་སང་ཆོས་ཁུངས་མ་རྣམས་བོར་ནས་སེམས་ངོ་འཕྲོད་པས་སངས་རྒྱས་པར་འདོད་པ། དཀར་པོ་ཆིག་ཐུབ་དུ་འགྲོ་བའི་རྒྱུ་མཚན་དེ་ཡིན་གསུངས་་་་་་”ཞེས་འཁོད་ཡོད་པས་འདི་ལ་ཁ་ནང་དུ་ཕྱོགས་ཏེ་བསམ་ན་ཐོག་མར་་ཕྱིས”ཞེས་པ་འདིར་བསམ་རྒྱུ་གཅིག་སྟེ“ཕྱིས”ཞེས་པའི་དུས་དེ་གང་འདྲ་ཞིག་ལ་ངོས་འཛིན་དགོས་སམ། གལ་ཏེ་སྟོན་རྩེན་གྱི་འཐབ་རྩོད་མཇུག་འགྲིལ་བ་ནས་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐུ་མ་གཤེགས་པའི་བར་ཡིན་ན་ནི་དེའི་བར་རྒྱལ་པོས་བཀས་བཅད་དེ་གལ་ཏེ་དཀར་པོ་ཆིག་ཐུབ་བྱས་པ་བྱུང་ན་ཁྲིམས་གཅོད་པའི་ཚུལ་ཡང《སྦ་བཞེད》དུ་འཁོད་ཡོད་པས་སྦ་གསལ་སྣང་གི་དུས་སུ་དཀར་པོ་ཆིག་ཐུབ་དར་མི་ཐུབ་པ་ཤེས་ཐུབ་ལ། སྦ་གསལ་སྣང་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་གོང་ལ་གྲོངས་པ་ཡང《སྦ་བཞེད》དུ་བཤད་པས་དེའི་ཐོག་ནས“ཕྱིས”ཞེས་པ་དུས་དེ་ཙམ་ལ་གོ་དགོས་ན་ནི་དེ་ཙམ་གྱི་ཕྱི་རྒྱུའང་མེད། དོན་དུ་དེ་ནི་འུ་དུམ་བཙན་གྱིས་བསྟན་པ་བསྣུབས་པ་ནས་ལོ་ཆེན་རིན་ཆེན་བཟང་པོའི་བར་དུ་མ་ཟད། ཕལ་ཆེར་ས་པཎ་གྱི་སྐུ་དུས་སུ་བྱུང་བའི་དོན་ཞིག་ཀྱང་ཡིན་པར་ངེས་ཏེ་ས་པཎ་གྱི《སྡོམ་གསུམ་རབ་དབྱེ》ཡི་ནང་མཁན་པོས་ལུང་བསྟན་པ་དང་ཀ་མ་ལ་ཤཱི་ལ་གདན་དྲངས་ཤིང་རྩོད་པས་ཧ་ཤང་ཕམ་པར་བྱས་ཚུལ་སོགས《སྦ་བཞེད》དང་མཚུངས་པར་འཁོད་པའི་འོག་ཏུ“ཕྱིས་ནས་རྒྱལ་ཁྲིམས་ནུབ་པ་དང་། །རྒྱ་ནག་མཁན་པོའི་གཞུང་ལུགས་ཀྱི། །ཡི་གེ་ཙམ་ལ་བརྟེན་ནས་ཀྱང་། །དེ་ཡི་མིང་འདོགས་གསང་ནས་ནི། །ཕྱག་རྒྱ་ཆེན་པོར་མིང་བསྒྱུར་ནས། །ད་ལྟའི་ཕྱག་རྒྱ་ཆེན་པོ་ནི། །ཕལ་ཆེར་རྒྱ་ནག་ཆོས་ལུགས་ཡིན། །ནཱ་རོ་པ་དང་མཻ་ཏྲཱི་པའི། །ཕྱག་རྒྱ་ཆེན་པོ་གང་ཡིན་པ། དེ་ནི་ལས་དང་ཆོས་དང་ནི། །དམ་ཚིག་དང་ནི་ཕྱག་རྒྱ་ཆེ། །གསང་སྔགས་རྒྱུད་ནས་ཇི་སྐད་དུ། །གསུངས་པ་དེ་ཉིད་ཁོང་བཞེད་དོ།”ཞེས་དང་། “སངས་རྒྱས་སྐར་རྒྱལ་བར་སྣང་ལ། །སྐྱིལ་ཀྲུང་བཅས་ནས་ཆོས་འཆད་ཚེ། །རིན་ཆེན་བཟང་པོས་གཟིགས་ཙམ་གྱིས། །ས་ལ་ལྷུང་ནས་བརྒྱལ་ཞེས་གྲགས།།”སོགས་མང་དུ་བྱུང་བར་གཞིགས་ན་གོང་གསལ《སྦ་བཞེད》ཀྱི་གཏམ་དང་ས་པཎ་གྱི་གསུང་གཉིས་སྟབས་འགྲིག་པས《སྦ་བཞེད》ཀྱི་རྩོམ་པ་པོས“ཕྱིས”ཞེས་པ་དང“དེང་སང”ཞེས་པའི་ཚིག་གཉིས་ཀྱིས་རྩོམ་པ་པོ་རང་ཉིད་འཚོ་གཞེས་ཀྱི་དུས་ནི་བོད་སིལ་བུའི་སྐབས་ཡིན་པ་དེ་བསྟན་པ་རེད།  
     ༣.《སྦ་བཞེད》ཀྱི“སྦ”ལ“འབའ”དང“རྦ”དང“དབའ”སོགས་འབྲི་ཚུལ་མི་འདྲ་བ་མང་ཡང་གཞན་ཕལ་ཆེར་སྒྲ་མཚུངས་ཤིང་། “དབའ”སྔར་གྱི་ཡིག་རྙིང་རྣམས་སུ་“སྦ”ཡི་སྒྲ་དང་མཚུངས་པར་ཀློག་གི་ཡོད་པ་འདྲ་ཞེས་ཁོ་བོའི་དགེ་རྒན་ཆེན་མོ་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་མཆོག་གིས་གསུང་གི་འདུག་པ་དོན་ལ་གནས་ཤིང་། དེ་བཞིན《སྦ་བཞེད》དང《དབའ་བཞེད》《སྦ་བཞེད་ཞབས་བཏགས་མ》ཟེར་བ། གཞན་ཡང《སྦ་བཞེད》ངོ་མ་དང་རྫུན་མ་ཟེར་བ་སོགས་བཤད་སྲོལ་སྣ་ཚོགས་ཡོད་ཀྱང་དོན་དུ་སྔར་གྱི་ཡིག་རྙིང་ཅུང་ཟད་རག་པ་ལ་དམངས་ཁྲོད་ཀྱི་གཏམ་རྒྱུད་ཚད་མ་རུ་བྱས་ཏེ་བསྲེས་ཤིང་ཕྱིས་ཀྱི་བལྟ་ཚུལ་སོགས་བསྣན་ཏེ་སྦ་གསལ་སྣང་འདས་རྗེས་ཀྱི་དོན་ཡང་མུ་མཐུད་ནས་བྲིས་པ《སྦ་བཞེད་ཞབས་བཏགས་མ》ཟེར་བ་ལྟ་བུ་ཡོད། ད་ལྟ་ང་ཚོར་མཐོང་རྒྱུ་ཡོད་པའི《སྦ་བཞེད》ལྕགས་དཔར་མའི་མཇུག་ཏུ་ཡང“འདི་རིགས་མི་གཅིག་འདྲ་མིན་རྒྱས་བསྡུས་འབྲིང་གསུམ་ལས་འབྲིང་པོ་དེ་ལ་རྒྱས་ཤོས་ཀྱི་མཆན་བཏབ་ཅིང་བར་དུ་བཅུག་བྱས་ཏེ་དཔེ་ཕྱི་དེ་ལ་འདི་ནི་བྲིས”ཞེས་བྱུང་བས་སྦ་གསལ་སྣང་ངམ་སང་ཤི་གང་རུང་གི་བཀའ་གཙིགས་ཀྱི་ཡི་གེ་ཞིག་ཡོད་པ་ལྟ་བུ་ལ་ལྷད་བཅུག་སྟེ་བྲིས་སམ་སྙམ།  
ལྔ།《སྦ་བཞེད》དང་རྗོད་བྱེད་ཚིག་གི་སྐོར།
     《སྦ་བཞེད》ཀྱི་རྗོད་བྱེད་ཚིག་གི་ཐད་ནས་བཤད་ན། དེའི་ནང་བརྡ་རྙིང་ཅུང་ཟད་རེ་ཡོད་ཀྱང་ཏུན་ཧོང་གི་གཏེར་ཡིག་དང་། དྲིལ་བུ། རྡོ་རིང་སོགས་ཀྱི་ཡི་གེའི་གྲོས་དང་བསྡུར་ན་ཁྱད་པར་ཤིན་ཏུ་ཆེན་པོ་ཡོད་པ་སྟེ《སྦ་བཞེད》ཀྱི་ཡིག་བགྲོས་དང་ཡིག་སྲོལ་གང་ནས་བལྟས་ཀྱང་མིང་ཚིག་གི་མིང་གཞི་སྡེ་པ་གཅིག་གི་གསལ་བྱེད་ཕོ་དང་མ་ནིང་སོགས་ཕན་ཚུན་བརྗེས་པའི་རིགས་མཐོང་རྒྱུ་མེད་ལ། སུམ་རྟགས་ཀྱི་རྣམ་དབྱེ་དང་ཕྲད་ཀྱི་སྦྱོར་ཚུལ་དང་ཡང་སྤྱིར་ཡོངས་སུ་མཚུངས་པ། དེ་བཞིན་གི་གུ་ལོག་པ་དང་། བརྡ་རྙིང་སོགས་གོ་དཀའ་བའི་རིགས་སྤྱིར་ན་མཐོང་རྒྱུ་མེད། འོན་ཏེ་བཙན་པོའི་དུས་རབས་ཀྱི་ཡི་གེ་ནི་ཐོན་མིས་སུམ་རྟགས་མཛད་ཀྱང་དར་ཁྱབ་ཏུ་ཆེར་མ་ཕྱིན་པ་དང་། ཡིག་སྲོལ་གཅིག་གྱུར་མ་བྱུང་བ་ལ་སོགས་པའི་རྐྱེན་གྱིས་ཡིག་གཟུགས་ཀྱི་ཐད་ནས་དབུ་ཆེན་དང་དབུ་མེད་འདྲེས་པ་འདྲ་བ། མིང་གཞི་སྡེ་པ་ནང་ཕན་ཚུན་བརྗེ་སྤྱོད་བྱས་པ། སྐུང་ཡིག་གི་རྣམ་པ་འདོགས་ཅན་ལྟ་བུར་བརྩེགས་ནས་སྦྱར་བ། བརྗོད་དོན་ཡང་མདོར་བསྡུས་ཤིང་དོན་ཟབ་པ་ལ་སོགས་པའི་ཁྱད་ཆོས་ལྡན་པས་གཤམ་དུ་ཡིག་དུམ་འགའ་ཞིག་བསྡུར་བ་བྱ་རྒྱུ་སྟེ། 《སྦ་བཞེད》ལས“སྐྱེ་བོ་ཐམས་ཅད་རྗེའི་བཀའ་ཉན་ཅིང་རྗེ་འབངས་ཐམས་ཅད་ཀྱིས་རབ་ཏུ་བྱུང་བ་ལ་དབུའི་མཆོད་གནས་སུ་ཕྱུང་ལ་ཕྱག་དང་མཆོད་པ་བྱ་བ་དང་། བཀུར་བ་ལ་སོགས་འབངས་ཕྱོགས་སུ་ཆོས་ཀྱི་བཀའ་དྲིན་ཆེན་པོ་བརྩལ(བསྩལ)བ་སོགས་པའི་བཀས་བཏགས། དེ་ལྟར་བྱ་བའི་ཆེད་དུ་བཙན་པོ་ཡབ་སྲས་དང་སྣ་ཆེན་པོ་མ་གཏོགས་པ་བློན་ཆེན་མན་ཆད་ནས་སྣ་ལ་གཏོགས་པ་རིལ་གྱིས་བྲོ་བོར་ཏེ་མནའ་བསྐྱལ་བའོ། ཆོས་རྩིགས་མཛད། བཀའ་བརྩིགས་ཀྱི་རྡོ་རིང་བཙུགས”ཞེས་འབྱུང་བ་དང་། བསམ་ཡས་ཀྱི་རྡོ་རིང་ཡི་གེར“༅།ར་ས་དང་། བྲག་དམར་གྱི་གཙུག་ལག་ཁང་ལས་སྩོགས་པར། དཀོན་མཅོག ། གསུམ་གྱི་རྟེན་བཙུགས་པ་དང་།སངས་རྒྱས་ཀྱྀ་ཆོས:།མཛད:པ:འདྀ། ནམ:དུ་ཡང་མྱྀ:གཏང:མའི་ཞིག་པར་བགྱྀ:འོ:།ཡོ:བྱད:སྦྱརད། པའ་ཡང་། དེ་ལས:མྱྀ:དབྲྀ:མྱྀ:བསྐྱུང་བར་བགྱྀ་འོ:།དའ:ཕྱིན་ཅད།གདུང་རབས:རེ་རེ:ཞིང:ཡང:བཙན་པོ:ཡབ་སྲས:གྱིས:འདྀ:བཞིན་ཡྀ་དམ:བཅའོ:།དེ་ལས:མནའ:ཁ:དབུད:པ་དག:ཀྱང:མྱྀ:བགྱྀ:མྱི་བསྒྱུར:བར:། འཇིག་རྟེན་ལས:། འདའས:པའ:དང་འཇྀག:རྟེན་གྱི་ལྷ་དང་། མྱྀ་མ:ཡིན:པའ། ཐམས:ཅད་གྱང:དཕང་དུ་གསོལ:ཏེ། བཙན་པོ:ཡབ་སྲས་དྔ:རྗེ་བློན་ཀུན་གྱིས་དབུ་སྙུང:དང་བྲོ:། བོར་རོ། གཙིགས:གྱྀ:ཡི་གེ་ཞྀབ་མོ་གཅྀག་ནི་གུད་ན་མཚྀས་སོ”ཞེས་བྱུང་བས་གོང་གསལ་འདི་གཉིས་བསྡུར་ན་གོ་དཀའ་སླ་དང་ཡིག་སྲོལ་གྱི་ཁྱད་པར་ཧ་ཅང་མངོན་གསལ་དོད་པོ་ཡིན། ད་དུང་ཏུན་ཧོང་དང་ཁྲམ་བྱང་གི་ཡི་གེ་གཞན་དང་བསྡུར་ན་བསམ་ཡས་རྡོ་རིང་གི་ཡི་གེ་འདི་ཡང་གོ་སླ་བ་དང་ཡིག་སྲོལ་ཅུང་ལེགས་སོ། །
     ཡང《སྦ་བཞེད》ལས“བློན་པོ་འགོས་ཀྱི་མཆིད་ནས། ཆོས་ནི་རྒྱས་པར་མཛད་ལགས་ཏེ། ད་མི་ཆོས་ཀྱི་ལོ་རྒྱུས་ཀྱི་བྱ་བ་ཅི་གནང་ཞེས་ཞུས་པས། རྗེའི་གདུང་རབས་དང་།འབངས་ཀྱི་ས་བཅད་དང་། དཀོན་མཆོག་ལ་ཕྱག་མཆོད་དང་། ཡ་རབས་ལ་ཞེ་ས་དང་། གཏམ་དང་ལོ་རྒྱུས་བཟང་པོའི་ལས་ཐབས་དང་། ལག་རྗེས་དང་། ཕ་མེས་ཀྱི་དགེ་དང་། ཡིག་ཚང་གི་ལུགས་རྒྱས་པར་བྱ་བ་གནང་ངོ”ཞེས་བྱུང་། ཏུན་ཧོང་གི་གནའ་ཡིག《ཕུ་བོས་ནུ་བོར་གཏམས་ཤིང་བསྟན་པའི་མདོ》ཞེས་པ་ལས“ནུ་ན་རེ། མྱིའི་ཆོས་ནི་གང་། མྱི་ཆོས་མ་ཡིན་པ་ནི་གང་། ཕུ་ན་རེ། མྱིའི་ཆོས་ནི། དྲང་ཞིང་སྲི་ཞུ་དང་། དེས་ཤིང་མཉེན་བ་དང་།  སྙིང་རྗེ་འེ་ཞིང་། དངན་ཆན་མྱེད་རྗེས་དང་ཁྲེལ་ཡོད། སྙིང་ཆུང་ཞིང་བརྩོན་འགྲུས་ཆེ་བ་ཡིན་ཏེ། འཛངས་ཡིད་མྱུར་མྱེད་གྱང་། འདི་རྣམས་ལུས་ལ་ཡོད་ན། ཀུན་གྱི་སྙིང་དུ་འོང་ཞིང་སྲིད་བརྟནད་ནོ། མྱི་ཆོས་མ་ཡིན་པ་ནི་ཡོ་ཞིང་གཐུམ། ཡང་ཞིང་ཁྲེལ་དང་རྗེས་མྱེད། སྙིང་རྗེ་མྱི་ཤེས་ཞིང་དངན་ཆན་ཆེ་བླ་ཁྱད་བྱེད་ཆིང་ལེ་ལོ་ཆེ་བ་ཡིན་ཏེ། འདི་རྣམས་ལུས་ལ་ཡོད་པ་དང་། ཀུན་གྱི་ཡིད་དུ་མྱི་འོང་བ་ཡིན་ནོ”ཞེས་པ་གཉིས་བསྡུར་ན་འདི་གཉིས་བོད་ཡིག་ཡིན་པར་མཚུངས་ཀྱང་གོ་དོན་དང་ཡིག་སྲོལ་ཐད་ཁྱད་པར་ཆེན་པོ་ཡོད་པ་ང་ཚོས་བལྟས་པ་ཙམ་གྱིས་མཐོང་བས་རྒྱས་བཤད་ཞུ་དགོས་པ་ནི་མ་མཆིས་སོ། །
     འོ་ན《སྦ་བཞེད》ཀྱི་ཡིག་སྲོལ་འདི་དུས་ཚོད་གང་ཞིག་གི་ཡིག་སྲོལ་དང་འདྲ་འམ་ཞེ་ན།《སྦ་བཞེད》དུ་འཁོད་པའི་རྒྱལ་བློན་ལོ་ཙཱ་བ་དང་། སྐུ་སྲུང་བ་དང་། ཆོས་དཔོན་གྱི་ཕོགས་ཐོབ་སྐོར་འཁོད་པའི་དུམ་བུ་ཞིག་དང་། ཉང་ཉི་མ་འོད་ཟེར(1124-1192)གྱི《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》ནང་གོང་གི་དོན་ཇི་བཞིན་འཁོད་པའི་ཡིག་སྲོལ་གཉིས་བསྡུར་ན་རགས་ཙམ་ཤེས་ནུས་ཏེ། 《སྦ་བཞེད》ལས“དེ་ནས་ཆོས་འཁོར་གྱི་རྐྱེན་ཉིས་བརྒྱ་ལྔ་བཅུ་བླ་ནས་གནང་སྟེ། བཅོམ་ལྡན་འདས་ཀྱི་རིང་ལུགས་ལ་ལོ་རེའམ་ཟླ་བ་གཅིག་ལ་ཟེར། དེ་ལ་ནས་ཁལ་བདུན་ཅུ་རྩ་ལྔ། ན་བཟའ་ནི་མང་ལ། འཕན་གྱི་བྲུངས་ལས་སྦྱོར་ཡང་ཟེར། ན་བཟའ་ཕྲུག་དགུ་རེ་རེ། སྤོས་མར་སྲང་སྟོང་གཅིག་བརྒྱ། ཆིབས་འོག་ཐེག་པ་རེ་རེ། ཤོག་བུ་དེབ་བཞི། གནག་ཚ་ཡུག་གསུམ། ལན་ཚྭ་ཟད་ལེན། མཆིམས་བུའི་སྒོམ་ཆེན་ཉི་ཤུ་རྩ་ལྔ་ལ། ནས་ཁལ་ལྔ་བཅུ་ལྔ་ལྔ། སྤོས་མར་སྲང་བརྒྱད་བརྒྱ་བརྒྱད་བརྒྱ། ཆིབས་པ་རེ་རེ་ན་བཟའ་དྲུག་ཕུགས་རེ། ཆོས་གྲྭའི་སློབ་དཔོན་དུ་བསྐོས་པ་བཅུ་གསུམ་ལ་ནས་ཁལ་ལྔ་བཅུ་རྩ་ལྔ་ལྔ། ན་བཟའ་ཕྲུག་རེ། ཆབ་མར་སྲང་བརྒྱད་བརྒྱ་བརྒྱད་བརྒྱ། མཆིམས་ཀྱི་བརྙེ་རང་ག་བ་རྣམས་ལ། གང་ཟག་རེ་རེ་ལ་ནས་ཁལ་བརྒྱད་བརྒྱ། ཤོག་བུ་དེབ་གཉིས་གཉིས། གནག་ཙ་ཡུག་རེ། སློབ་གཉེར་བ་ཉི་ཤུ་རྩ་ལྔ་རེ་རེ་ལ་ནས་ཁལ་ཉི་ཤུ་རྩ་ལྔ་ལྔ། གོས་གསུམ་ཕྲུག་རེ་རྒྱུན་དུ་གནང་ནས། དཀོན་མཆོག་གསུམ་གྱི་རྟེན་ཡུན་རིང་དུ་གནས་པའི་ཆེད་དུ་རིན་པོ་ཆེའི་རྟེན་ལ་འབངས་མི་ཁྱིམ་བརྒྱ། བནྡྷེ་རེ་ལ་འབངས་མི་ཁྱིམ་གསུམ་གསུམ་བཅད། འབངས་ལྷ་རིས་ལ་བླ་ནས་དབང་མི་བྱ་བར་བཅད་ནས་དབང་དགེ་འདུན་ལ་བསྐུར་ནས། ལྷ་ཆོས་དར་བར་མཛད་པས་རྗེ་བཀའ་དྲིན་ཆེ་བ་ལགས།”ཞེས་གསལ་བ་དང་། 《མྱང་ཆོས་འབྱུང》ལས“ལོ་ཙཱ་བའི་གསོལ་ཐང་ནི་བློན་པོ་ཆེན་པོ་ཀུན་དང་མཉམ་མོ། བློན་པོ་ཆེན་པོའི་ཟ་ཐང་ནི་རྒྱལ་པོས་གསོལ་བའི་སུམ་ཆ་གཅིག་ཡིན་ནོ། རྒྱལ་པོ་ཆེན་པོའི་གསོལ་ཐང་ནི། སྐུ་སྲུང་བརྒྱ་བརྒྱའི་ཆས་དང་བཅས་པ་ན་མ་རེ་རེ་ལ་ཡོད་དོ”ཞེས་དང“ཆོས་དཔོན་ལ་ལོ་རེ་རེར་ནས་ཁལ་བདུན་ཅུ་རྩ་ལྔ། ན་བཟའ་དགུ་ཕྲུག་རེ་རེ་སྤོས་མར་སྲང་སྟོང་ཆིག་བརྒྱ། ཆིབས་འོག་ཐེག་རྟ་རེ། ཤོག་བུ་དེབ་བཅུ་བཞི། སྣག་ཚ་ཡུག་གསུམ། ལན་ཚྭ་ཟད་ལེན། མཆིམས་བུའི་སྒོམ་ཆེན་ཉི་ཤུ་རྩ་ལྔ་ལ། ནས་ཁལ་ལྔ་བཅུ་རྩ་ལྔ་རེ། སྤོས་མར་སྲང་བརྒྱད་བརྒྱ་རེ། ན་བཟའ་དྲུག་ཕྲུག་རེ། མཆིམས་ཀྱི་བན་དྷེ་རང་ཁ་མ་རྣམས་ལ་ནས་ཁལ་བརྒྱད་བརྒྱད། ཤོག་དེབ་གཉིས་རེ། སྣག་ཚ་ཡུག་རེ། སློབ་དཔོན་གྱི་གཉེར་པ་ཉི་ཤུ་རྩ་ལྔ་ལ། ནས་ཁལ་ཉི་ཤུ་རྩ་ལྔ་ལྔ།  གོས་གསུམ་ཕྲུག་རེ་རེ། ཐོས་བསམ་དང་དགེ་བ་ཉམས་དང་དཔག་ནས་ཕྱེད་པ་རྣམས་ལ་ཟན་དང་ཚོད་མའི་ཚུལ་རྒྱུན་དུ་གནང་། ཡོན་བདག་ཕོ་མོ། ཉ་མ་ཆོས་ཉན་རྣམས་ལ་ཡང་དུས་དུས་སུ་དགའ་སྟོན། བཟའ་མགྲོན་གྱི་བྱ་དགའ་ཡང་རྒྱུན་དུ་གནང་ནས་ཆོས་དར་བར་བྱས་པས་རྗེ་བཀའ་དྲིན་ཆེ་བ་ལགས”ཞེས་འཁོད་པས་གོང་གསལ་ལོ་རྒྱུས་དེབ་ཐེར་སོ་སོ་ནས་དྲངས་པའི་ལེ་ཚན་འདི་དག་གི་བརྗོད་དོན་ཧ་ལམ་འདྲ་ལ་ཡིག་སྲོལ་ལ་ཡང་དག་ཆ་རེ་གཉིས་ལས་ཁྱད་པར་ཆེར་མེད་པ་ནི་དེ་དག་གཅིག་ནས་གཅིག་ཕར་བཤུས་ཚུར་བཤུས་གང་རུང་ཞིག་བྱས་པ་དང་འདྲ་བ་མངོན་སུམ་གྱི་སྤྱོད་ཡུལ་རེད། རྒྱུ་མཚན་དེའི་ཐོག་ནས《སྦ་བཞེད》འདི་ཉིད་ཀྱི་བརྩམས་དུས་སྔ་ཤོས་ལའང་བོད་སིལ་བུའི་དུས་རབས་ཡན་ལ་མི་བརྒལ་ལ་གལ་ཏེ་འདི་ཉིད《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》ལས་སྔ་བའི་དབང་དུ་བཏང་ནའང་བཙན་པོའི་དུས་རབས་ཀྱི་ཡི་གེར་ཇི་ལྟར་བསམ་ཡང་འཛུད་མི་ཤེས་པ་ཞིག་རེད།
     《སྦ་བཞེད》ནང་ང་ཚོས་ཀློག་མི་ཤེས་པའི་ཡི་གེ་དང་། བརྗོད་དོན་རྩ་བ་ནས་རྟོགས་མི་ཐུབ་པའི་རིགས་སྤྱིར་ན་མེད་ལ་བརྗོད་པ་བདེ་ཞིང་དོན་རྟོགས་སླ་བའི་དགེ་མཚན་ཕྱིས་ཀྱི་ཡིག་སྲོལ་དང་མཚུངས་སོ།   འོན་ཏེ་བཙན་པོའི་དུས་རབས་ཀྱི་ཡི་གེ་ནི་གོང་ཞུས་ལྟར་བརྗོད་བྱ་རྗོད་བྱེད་གང་གི་ཐད་ནས་ཀྱང་དཀའ་ཚེགས་ཆེན་པོ་ཡིན་པས་དེ་ཕྱིར་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གིས་མཛད་པའི《དེབ་དཀར》ལས“བོད་ཡིག་གི་སྲོལ་གསར་དུ་ཕྱེས་ནས་བཟུང་། ད་བར་ལོ་ཆིག་སྟོང་སུམ་བརྒྱ་ཙམ་རིང་སོང་ཟིན་མོད། དེའི་རིང་ལ་བོད་ཀྱི་བརྡ་དང་ཡིག་གཟུགས་གཉིས་ཀ་ཆེས་མི་འདྲ་བ་ཞིག་ནི་མ་འགྱུར་བས། ད་ལྟ་ཡང་རྒྱལ་པོའི་དུས་ཀྱི་རྡོ་རིང་སོགས་ལ་བལྟས་ཚེ་ཚིག་དོན་རགས་རིམ་ཙམ་རེ་གོ་ཐུབ་པ་ནི་བོད་མི་ཡི་གེ་བྱང་བ་ཀུན་ལ་ཡོད”ཅེས་གསུངས་པ་ལ་དགེ་རྒན་ཆེན་མོ་ཆབ་སྤེལ་མཆོག་ནས“ཆེས་མི་འདྲ་བ་ཞིག་ནི་མ་འགྱུར”ཞེས་པས་དོན་དུ་གང་ལ་གང་འཚམས་ཤིག་འགྱུར་བར་ཤུགས་ཀྱིས་བསྟན་པ་དང་། “ཚིག་དོན་རགས་རིམ་ཙམ་རེ་གོ་ཐུབ་པ”ཞེས་པས་ཕྲ་ཞིང་ཞིབ་པ་ཞིག་གོ་མི་ཐུབ་པ་བསྟན་ལ། “བོད་མི་ཡི་གེ་བྱང་བ་ཀུན་ལ་ཡོད”ཅེས་པས་ཡི་གེ་ཤེས་པའི་ཚད་གཞི་ནི་སྤྱིར་བཏང་ཞིག་མ་ཡིན་པ་ཤུགས་ནས་བསྟན་གྱི་ཡོད་གསུངས་པ་ནི་དོན་ལ་གནས་པ་འབའ་ཞིག་ཏུ་འཁུམས་པས་དེ་ཕྱིར《སྦ་བཞེད》ཀྱི་རྩོམ་པ་པོ་སྦ་གསང་སྣང་དང་དེབ་ཐེར་དེ་ཉིད་བཙན་པོའི་དུས་ཀྱི་ཡི་གེ་ཞིག་ཨེ་ཡིན་ཞེས་བློ་ལྡན་རྣམས་ལ་དགོངས་སྐོར་ཞུ་རྒྱུའོ། །
དཔྱད་གཞིའི་ཡིག་རིགས།
     1.《སྦ་བཞེད》མི་རིགས་དཔེ་སྐྲུན་ཁང་།
     2.《ཆབ་སྤེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས》ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།
     3.《ཕུ་ནུའི་མདོ》མི་རིགས་དཔེ་སྐྲུན་ཁང་།
     4.《མྱང་རལ་ཆོས་འབྱུང》བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།
     5.《རྡོ་རིང་གི་ཡི་གེ་དང་དྲིལ་བུའི་ཁ་བྱང》མི་རིགས་དཔེ་སྐྲུན་ཁང་།
     6.《བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས》ཀྲུང་དབྱང་མི་རིགས་སློབ་ཆེན་དཔེ་སྐྲུན་ཁང་།
     7.《ནང་དོན་རིག་པའི་སྤྱི་བཤད》ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།
     8.《འཛམ་གླིང་ཆོས་ལུགས་ཁག་བཅུའི་ངོ་སྤྲོད》ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།
     9.《མདོ་མཛངས་བླུན》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
     10.《སྡོམ་གསུམ་རབ་དབྱེ》ཤིང་དཔར་མ།
     11.《དམ་པའི་གསུང་རབ་ཞལ་ཆད་རྙིང་མ》།Tibetan Bible
     12.《དགེ་ཆོས་གསུང་རྩོམ༣》བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།
     13. 《བོད་རྒྱ་ཚིག་མཛོད་ཆེན་མོ》མི་རིགས་དཔེ་སྐྲུན་ཁང་།
     དཔྱད་རྩོམ་འདི་ཉིད《བོད་ལྗོངས་ཞིབ་འཇུག》2001ལོའི་དུས་དེབ་གསུམ་པར་བཀོད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...