སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
《བོད་ཡིག་གནའ་དཔེའི་རྣམ་བཤད》ལས་གནའ་དཔེའི་མཚན་བྱང་།
རྩོམ་པ་པོ། པད་མ་བཀྲ་ཤིས། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-11-1 10:04:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     གནའ་དཔེའི་མཚན་བྱང་ཞེས་པ་ནི་གསུང་རབ་ཀྱི་དཔེ་མིང་ལ་ཟེར། དུས་རབས13ནས་བཟུང་སྙན་གཞུང་གི་འཆད་ཉན་རྒྱ་ཆེར་འཕེལ་བའི་སྟབས་ཀྱིས་སྙན་ངག་གིས་ཤན་ཞུགས་པའི་མཚན་བྱང་སྙན་ཆ་ལྡན་ཞིང་ཚིགས་བཅད་ཀྱིས་ལམ་ནས་ཀྱང་འབྲི་སྲོལ་བྱུང་། དུས་རབས16པའི་རྗེས་ནས་བོད་ཀྱི་གསུང་རབ་ཁག་ལ་ཡིག་རིགས་གཅིག་ཁོ་ན་མ་ཡིན་པར་མཚན་བྱང་སུམ་འབིད་དང་ཤན་སྦྱར་སོགས་བྱུང་།
མཚན་ཉིད་དང་དགོས་པ།
     གནའ་དཔེའི་མཚན་བྱང་ཞེས་པ་ནི་གསུང་རབ་ཀྱི་དཔེ་མིང་ལ་ཟེར་གྱི་ཡོད། རྩོམ་རིགས་དང་བྱ་དངོས་གང་ཞིག་ཡིན་རུང་དེ་དག་ལ་རང་རང་སོ་སོར་འོས་ཤིང་འཚམས་པའི་མཚན་བྱང་ངམ་ཞལ་བྱང་རེ་རེ་ཡོད་དགོས་པ་སྟེ། མདོ་ལང་ཀར་གཤེགས་པ་ལས། མིང་དུ་གདགས་པར་མ་བྱས་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་རྨོངས་པ་གསལ་བའི་ཕྱིར། །མགོན་པོས་མིང་དུ་གདགས་པར་སྣང་། །ཞེས་གསུངས་པ་ལྟར་ན་བོད་ཀྱི་སྔོན་བྱོན་སྐྱེས་ཆེན་དམ་པ་རྣམས་ཀྱིས་མཛད་པའི་གནའ་དཔེ་ལའང་རང་རང་སོ་སོའི་བརྗོད་བྱའི་གཞུང་དང་གོ་བསྟུན་ནས་དཔེ་མིང་རེ་རེ་བཏགས་དོན་ནི། གནའ་དཔེ་འབོར་ཆེན་དེ་དག་དོ་དམ་དང་ཉར་ཚགས་སོགས་བྱེད་བདེ་བའི་དགོས་པ་ཞིག་ཡིན། སྔོན་གྱི་མཁས་པ་དག་གིས་རང་རང་གིས་མཛད་པའི་གསུང་རབ་ལ་དཔེ་མིང་འདོགས་གནང་སྐབས་རང་གི་འདོད་པ་གང་ཡོད་དང་སེམས་ལ་གང་དྲན་དུ་བཏགས་པ་ཞིག་མ་ཡིན་པ་ནི་དཔལ་སྤྲུལ་འཇིགས་མེད་དབང་པོས(1808-1887)གསུངས་པར་བསྟན་བཅོས་ལ་མཚན་གསོལ་བའི་དགོས་པ་དབང་པོ་རབ་ཀྱིས་སྨན་པས་ལག་རྩ་བལྟས་པས་ལུས་མགོ་མཇུག་གི་ནད་ཐམས་ཅད་ཤེས་པ་ལྟར་མཚན་དོན་ལ་བརྟེན་ནས་གཞུང་དབུ་ཞབས་ཀྱི་དོན་ཐམས་ཅད་ཁོང་དུ་ཆུད་པའི་དགོས་པ་ཡོད་དོ། འབྲིང་གིས་དམག་མིས་མདའ་བྱང་ལྟར་ཕྱོགས་གར་གཏོགས་ཤེས་པའི་དགོས་པ་ཡོད། ཐ་མས་སྨན་གྱི་ཁ་བྱང་ལྟར་མིང་དོན་གྱི་འབྲེལ་བ་གོ་སྟེ་གླེགས་བམ་འཚོལ་སླ་བ་སོགས་ཀྱི་དགོས་པ་ཡོད་ཅེས་པ་ལས་མཚན་བྱང་གི་དགོས་པ་ཡིག་ཚོགས་མང་པོས་འགྲེལ་མི་དགོས་པར་གནད་བརྒྱ་ཚིག་གཅིག་གིས་འཆུན་པ་ལྟ་བུ་ཞིག་གསུངས་པ་སྟེ་གླེགས་བམ་བྲག་རི་བརྩིགས་བརྩིགས་འདྲ་བའི་ཁྲོད་ནས་འཚོལ་སླ་བ་དང་དཔེ་མིང་ལས་གཞུང་ཡོངས་ཀྱི་བརྗོད་དོན་ཤེས་ཐུབ་པའི་ནུས་པ་ཡོད་པ་དེ་ཡིན་ནོ། །
གནའ་དཔེའི་མཚན་ཉིད་ཀྱི་བྱུང་བ།
     བཀའ་བསྡུ་དང་པོ་དང་གཉིས་པ་གསུམ་པ་སོགས་མ་བྱས་པའི་ཡར་སྔོན་དུ་གསུང་རབ་ལ་མཚན་བྱང་ཟུར་དུ་བཏགས་མེད་པར་མངོན། གང་ཡིན་ཟེར་ན། ཐོག་མར་རྒྱ་གར་འཕགས་པའི་ཡུལ་དུ་དུས་རབས1-2པའི་ནང་དུ་གསུང་རབ་ཁག་གླེགས་བམ་དུ་བསྒྲུབ་དུས་གསུང་རབ་དེ་དག་གི་སྟེང་དུ་ལྡེབ་གྲངས་དང་མཚན་བྱང་འགོད་སྲོལ་མེད་སྟབས་གསུང་རབ་བྲིས་མ་དེ་དག་གོང་འོག་འཁྲུགས་པ་དང་ཐ་ན་གསུང་རབ་ཀྱི་ལྡེབ་གྲངས་རྒྱབ་མདུན་ཡང་འབྱེད་དཀའ་བའི་གནས་ཚུལ་ཐོན་གྱི་ཡོད། གནས་ཚུལ་དེ་དག་མི་ཡོང་བའི་སླད་དུ་གསུང་རབ་ཀྱི་མདུན་ངོས་དེ་ངོས་འཛིན་སླ་བའི་ཆེད་དུ་ལྡེབ་གྲངས་ཀྱི་མདུན་ངོས་འགོ་ཚུགས་མ་ཐག་ཏུ་ཨོཾ་ཡིག་ལ་བཅོལ་གནང་གི་ཡོད་ཙང་། གསུང་རབ་ཇི་ཙམ་འཁྲུགས་ཀྱང་ང་ཚོས་གསུང་རབ་ཀྱི་མདུན་ངོས་དང་རྒྱབ་ངོས་གཉིས་སྟབས་བདེའི་སྒོ་ནས་འབྱེད་ཐུབ་པ་ནི། གསུང་རབ་སྨྲ་བ་དགེ་འདུན་ཆོས་འཕེལ་གྱིས་དབུ་ཤོག་གི་དང་པོ་ལ་ཨོཾ་ཞིག་བྲིས་པ་མ་གཏོགས་གཞན་ལྡེབ་རེ་རེའི་མགོ་ལ་ཏིང་ཀྱོག་སོགས་བྲིས་པ་ཡང་མི་སྣང་བས་ཁ་ཐོར་ཚེ་ལྡེབ་ཀྱི་ཉིན་སྲིབ་གང་ཡིན་ཀྱང་མི་ཤེས། ཞེས་པ་ལས་དུས་རབས1-2སྐབས་སུ་གསུང་རབ་ཁག་ཡི་གེ་བས་རེག་ཟིག་ཏུ་དབབ་པའི་སྐབས་ལ་དཔེ་མིང་ཟུར་དུ་བྲིས་མེད་པར་སྣང་། རྗེས་སོར་གསུང་རབ་ཀྱི་ཐོག་ཏུ་ལྡེབ་གྲངས་འགོད་སྲོལ་བྱུང་བ་དང་སྦྲགས་ལྡེབ་གྲངས་རྣམས་གཅིག་ཏུ་སྡེབས་པ་ལས་གསུང་རབ་དེའི་ནང་དོན་རྟོགས་སླ་བའི་ཆེད་དུ་གསུང་རབ་དེའི་མཚན་བྱང་དབུ་ཤོག་ཏུ་བྲིས་པར་མངོན། དེའི་རྗེས་ནས་གསུང་རབ་ཁག་གི་མཚན་དབུ་ཤོག་ཏུ་འགོད་པའི་སྲོལ་དེ་རྒྱུན་འཛིན་གནང་བ་དང་སྦྲགས་དུས་རབས13ནས་བཟུང་སྙན་གཞུང་གི་འཆད་ཉན་རྒྱ་ཆེར་འཕེལ་བའི་སྟབས་ཀྱིས་སྙན་ངག་གིས་ཤན་ཞུགས་པའི་མཚན་བྱང་སྙན་ཆ་ལྡན་ཞིང་ཚིགས་བཅད་ཀྱིས་ལམ་ནས་ཀྱང་འབྲི་སྲོལ་བྱུང་། དུས་རབས16པའི་རྗེས་ནས་བོད་ཀྱི་གསུང་རབ་ཁག་ལ་ཡིག་རིགས་གཅིག་ཁོ་ན་མ་ཡིན་པར་མཚན་བྱང་སུམ་འབིད་དང་ཤན་སྦྱར་སོགས་བྱུང་ཞེས་པ་དེ་དག་ལས་བོད་ཀྱི་དཔེ་རྙིང་གི་མཚན་བྱང་གི་འགྱུར་བ་རགས་ཙམ་ཞིག་ཤེས་ཐུབ་བོ། །
དབྱེ་བ།
     གསུང་རབ་ཀྱི་མཚན་བྱང་དབྱེ་བ་ནི་ཕྱོགས་མང་པོའི་ཐད་ན་འཇོག་རྒྱུ་ཡོད་པ་ཞིག་ཡིན་རུང་འདིར་གཙོ་བོ་ཡིག་རིགས་དང་ལུས། ཁ་དོག་བཅས་གསུམ་གྱི་ཐད་ནས་རིམ་པ་བཞིན་ངོ་སྤྲོད་ཞུས་ན།
ཡིག་རིགས་ཐད།
     མཚན་བྱང་སུམ་འབིད་དང་མཚན་བྱང་ཤར་སྦྱར་མ། མཚན་བྱང་ལན་གཅིག་མ་བཅས་ནི་ཡིག་རིགས་ཀྱི་སྟེང་ནས་བཞག་པ་ཡིན། མཚན་བྱང་སུམ་འབིད་ཅན་ནི་གསུང་རབ་ཀྱི་མཚན་བྱང་དོན་གཅིག་དེ་ཡིག་རིགས་མི་འདྲ་བ་ཁག་གསུམ་གྱི་ཐོག་ནས་འབྲི་གནང་མཛད་པ་སྟེ། སྔོན་གྱི་གསུང་རབ་ཁག་གི་མཚན་བྱང་སུམ་འབིད་ཅན་ཡིན་ཚེ་སྤྱིར་གྱི་ཆ་ནས་ལཉྫད་དང་ཝརྟུ། བོད་ཡིག་བཅས་ཡིག་རིགས་ཁག་གསུམ་ཡིན།
     གོང་དུ་བཀོད་པའི་མཚན་བྱང་སུམ་འབིད་ཅན་དེ་ནི་ས་པཎ་གྱིས་མཛད་པའི་སྡོམ་གསུམ་རབ་དབྱེའི་མཚན་བྱང་ཡིན། དེ་མིན་ད་དུང་ཁམས་སྡེ་དགེའི་གདན་ས་སངས་རྒྱས་བསྟན་པས་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ་དང་ལོ་ཆེན་རིན་ཆེན་བཟང་པོ་སོགས་ཀྱི་ཕྱག་བྲིས་ལ་གཏུགས་ནས་བཞེངས་པའི་བརྒྱད་སྟོང་སུམ་འབིད་ཅན་དེ་ནི་མཚན་ཙམ་སུམ་འབིད་ཅན་ཡིན་པ་མ་ཟད་གཞུང་ཡོངས་སུ་རྫོགས་པ་སུམ་འབིད་ཀྱི་ལམ་ནས་དཔར་ལ་བརྐོས་གནང་བ་ཞིག་ཡིན།
     སཾ་བོད་སུམ་གྱི་མཚན་བྱང་སུམ་འབིད་ཅན་ཡང་མཇལ་རྒྱུ་ཡོད་པ་ཞིག་ཡིན། དེ་རིགས་ཀྱི་གནའ་དཔེ་ནི་རྒྱ་ནག་གི་ཡུལ་དུ་བཞེངས་པ་ཞིག་ཡིན། དཔེར་ན་འཕགས་པ་བདེན་པའི་མདོའི་མཚན་བྱང་འདི་ལྟ་བུ་སཾ་བོད་རྒྱ་གསུམ་གྱི་མཚན་བྱང་སུམ་འབིད་ཅན་ཀྱི་གྲས་ཤ་སྟག་ཡིན། གཉིས་པ་མཚན་བྱང་ཤར་སྦྱར་མ་ནི་སཾ་སྐྲྀཏ་དང་བོད་སྐད་གཉིས་ཀྱི་ཐོག་ནས་མཚན་བྱང་གསོལ་ཡོད་པ་དེ་ལ་ཤན་སྦྱར་མ་ཞེས་ཟེར། དཔེར་ན་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་མངོན་པ་མཛོད་ཀྱི་ཚིགས་ལེའུར་བཅད་པ་དེ་ལ་རྒྱ་གར་སྐད་དུ། ཨདྷིདྷརྨ་ཀོཥཀཱརིག་དང་། བོད་སྐད་དུ་ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བཅད་པ་ཞེས་པ་ལྟ་བུ་ཡིན། གསུམ་པ་དཀྱུས་མ་ལན་གཅིག་ནི་དུས་རྒྱུན་ང་ཚོ་བོད་ཀྱི་གནའ་དཔེ་ལ་རྒྱུས་མངའ་ལོན་པའི་སྐྱེ་བོ་ཞིག་ཡིན་ཚེ་དཀའ་བའི་གནས་ཤིག་མ་ཡིན་ཏེ། བོད་ཀྱི་སྐད་ཁོ་ནའི་སྟེང་ནས་མཚན་བྱང་གསོལ་ཡོད་པ་སྟེ་རྟེན་འབྲེལ་བསྟོད་པ་སོགས་བརྗོད་ཀྱིས་མི་ལངས་བས་སོ། འོ་ན་གོང་དུ་བརྗོད་པ་ལྟར་མཚན་བྱང་སུམ་འབིད་ཅན་དང་ཤར་སྦྱར་མ་སོགས་བྲིས་དགོས་དོན་གང་ཡིན་ནམ་ཞེས་ན། གསུང་རབ་རིག་པའི་གཞུང་ལས་བརྗོད་ན་གསུང་རབ་ཀྱི་གཞུ་ཁུངས་བརྗོད་པ་ཞིག་ཡིན་པས་དེའི་ཐད་ནས་ཞུས་ན་གཞུང་དེའི་ཁུངས་ཡང་དག་པར་བརྗོད་པའི་དགོས་པ་དང་མཛད་པ་པོ་རང་ཉིད་ཀྱི་ངོས་ནས་འཆད་ན་སྐད་གསུམ་མཁྱེན་པའི་འཇིག་རྟེན་མིག་དང་འདྲ་བའི་ལོ་ཙཱ་བ་ཆེན་པོའི་གོ་གནས་བཟུང་ཡོད་པའང་ཤུགས་ལ་རྟོགས་ཐུབ་པ་སྟེ། རྗེ་དགེ་འདུན་གྲུབ་ཀྱིས་བསྟན་བཅོས་ཀྱི་མཚན་སཾ་སྐྲྀ་ཏའི་སྐད་དུ་སྨོས་པ་ལ་ནི་གཞུང་ཁུངས་བཙུན་པར་བསྟན་པའི་དགོས་པ་ཡོད་པ་དེ་དུས་གསུམ་སངས་རྒྱས་ཐམས་ཅད་འཚང་རྒྱ་བའི་གནས་རྡོ་རྗེ་གདན་ཡིན། རྒྱ་གར་རིག་པའི་འབྱུང་གནས་ཏེ་རྒྱ་སྐད་སྨོས་པས། རྒྱ་གར་མར་འདུག་སྙམ་ནས་དངོས་པོ་ལ་བསྟན་བཅོས་དེ་ཙམ་ལས་མེད་ཀྱང་འབྱུང་ཁུངས་བཟང་བས་ཉན་བཤད་ལ་འཇུག་པ་སྟེ། དཔེར་ན་ཚོང་པ་ཀུན་ཀླུང་ཁམས་ཀྱི་ནས་ཡོད་བྱས་ནས་བྱུང་ས་བཟང་བས་འཚོང་ལ་འཇུག་པ་དང་འདྲའོ། རྒྱ་སྐད་མེད་ན་དངོས་པོ་ལ་བསྟན་བཅོས་ལེགས་ཀྱང་བོད་མའོ་སྙམ་ནས་ཉན་བཤད་ལ་མི་འཇུག་སྟེ། ཕུ་གསུམ་པའི་ནས་ཡོད་བྱས་ནས་དངོས་པོ་ལ་ནས་བཟང་ཡང་ངན་ནོ་སྙམ་ནས་ཚོང་ལ་མི་འཇུག་པ་བཞིན་ནོ། ཞེས་དང་རྒྱ་ནག་གི་མཁས་པ་ཅིས་ཤན་ལིན(季羡林)གྱིས་རྒྱ་གར་མི་རིགས་ནི་ཤེས་རིག་ལྡན་པའི་མི་རིགས་ཤིག་ཡིན་ཙང་གནའ་དུས་ངོ་མཚར་མཚར་སྡུག་གི་རིག་གནས་མཚན་ཉིད་རིག་པ། རང་བྱུང་གི་ཚན་རིག་སོགས་ཚང་མ་ཆུ་ཚད་མཐོན་པོ་ཞིག་གཏོད་ཡོད། དེས་འཛམ་གླིང་རིག་གནས་ལའང་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་ཅེས་གསུངས་པས་ཀྱང་གོང་གི་མཚན་བྱང་སུམ་འབིད་ཅན་དང་ཤན་སྦྱར་པའི་གལ་ཆེའི་རང་བཞིན་སོགས་གང་ཡིན་དེ་དག་དཔེ་དོན་སྤེལ་མར་གསུངས་པས་ཀྱང་གོ་བ་གནད་དུ་འཁེལ། མཚན་བྱང་སུམ་འབིད་ཅན་དང་ཤན་སྦྱར་མ་ནི་དུས་ནམ་ཞིག་ལ་བོད་དུ་དར་བ་ཡིན་ནམ་ཞེ་ན་གསུང་རབ་སྨྲ་བ་དགེ་འདུག་ཆོས་འཕེན་གྱིས་དེ་ཡང་རང་རེ་རྣམས་ཀྱི་སུམ་རྐང་བྱ་བ་བྲི་བའི་སྲོལ་འདི་སྔོན་གྱི་ལོ་ཙཱ་བ་ཉི་ཟླ་འདྲ་བ་དེ་དག་གི་རིང་ནས་བཟུང་། དུས་ཕྱིས་ཀྱི་རིགས་རལ་དང་ཀློག་ཆེན། བུ་སྟོན།། རྗེ་ཡབ་སྲས་ལ་སོགས་པའི་བར་དུ་ནི་མེད།། དེ་ནས་རབ་བྱུང་བཅུ་གཅིག་པའི་ནང་ཙམ་ན།། གསུང་སའི་སྐུ་དྲག་ཆེན་པོ་རྣམས་ཀྱིས་འགོ་མཛད་པའི་སྒྲའི་ས་རིས་ཙམ་སྦྱངས་པའི་མཁས་པ་ཐམས་ཅད་ཀྱིས་རང་རང་གི་གླེགས་བམ་རྩིག་ངོས་དང་སྒོ་འགྲམ་སོགས་ཐམས་ཅད་དུ་སུམ་རྐང་མེད་པར་བྲི་བའི་སྲོལ་དེ་མཆེད། ཅེས་པ་སོགས་ལས་མཚན་བྱང་སུམ་འབིད་ཅན་དེ་རབ་བྱུང་བཅུ་གཅིག་སྟེ་དུས་རབས16པའི་ནང་དུ་བོད་ལ་དར་བ་རེད་ཅེས་གསུངས་པ་ལ་ཐུགས་ཤིན་ཏུ་མད་དོ། །
ལུས་ཀྱི་ཐད།
     གསུང་རབ་ཀྱི་མཚན་བྱང་ལུས་ཀྱི་སྒོ་ནས་དབྱེ་བ་བཞག་ན་ཁག་གཉིས་ཡོད་དེ། གཅིག་ནི་ཚིག་ལྷུག་དང་གཞན་ཞིག་ནི་ཚིགས་བཅད་ཀྱི་རྣམ་པ་ཅན་ཞིག་ཡིན། ཚིག་ལྷུག་གི་རྣམ་པ་ནི་རྒྱུན་དུ་ནས་མཐོང་འབེལ་བའི་མཚན་བྱང་ཞིག་ཡིན་དཔེར་ན་བློ་བཟང་རྒྱ་མཚོའི་སྤྲིན་ནམ་ཅོ་ནེ་བླ་མ་རིན་པོ་ཆེས(1870-1932)མཛད་པའི་རྟེན་འབྲེལ་བསྟོད་པའི་འགྲེལ་བ་སྤེལ་བསྟོད་མ་ལྟ་བུ་ཡིན། གཞན་ཚིགས་བཅད་ཀྱི་རྣམ་པ་ནི་མཁས་པ་སོ་སོས་རང་རང་དགོས་པའི་དབང་གིས་གསུང་རབ་ལ་མཚན་བྱང་སྙན་ཆ་དོད་པོ་དང་བློ་བ་བཟུང་བདེ་བའི་སླད་དུ་ཚིགས་བཅད་ཀྱི་རྣམ་པའི་ཐོག་ནས་མཚན་བྱང་སྙན་པོ་བཏགས་ཡོད་པ་སྟེ། བློ་བཟང་ཆོས་ཀྱི་དབང་ཕྱུག་གམ་སྐལ་བཟང་གར་དབང་གི་གསུང་རབ་སྟེ་ནམ་མཁའ་རྣམ་འབྱོར་གར་གྱི་དབང་པོ་ཡིས། །འཁྲུལ་སྣང་རོལ་བར་ཤར་བའི་རྫུན་ཆོས་ལས། །རྗེ་བཙུན་སེང་ལྡེང་ནགས་སྒྲོལ་སྒྲུབ་པའི་ཐབས། །འཕྲིན་ལས་གནས་ལྡན་ཙནྡན་མ་ནི་བཞུགས། །བསྟན་པར་མི་བྱ་དམ་ཚིག་རྡོ་རྗེའི་རྒྱ། །ཞེས་པ་འདི་ལྟར་བྲིས་མཛད་མོད་ཀྱང་དོན་ཚུར་རྡོག་གཅིག་ཏུ་དྲིལ་ན་སེང་ལྡེང་ནགས་ཀྱི་སྒྲོལ་མའི་སྒྲུབ་ཐབས་ཞེས་པ་དེ་ཡིན། གཞན་ཡང་ཕོ་བྲང་པོ་ཏ་ལར་བཞུགས་པའི་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོའི(1866-)གསུང་རབ་ཀྱི་མཚན་བྱང་སྟེ། སྙིང་དང་འདྲ་བའི་སློབ་མ་ལ། །སྙིང་ནས་གདམས་པའི་བསླབ་བྱ་ནི། །སྙིང་གཏམ་བཅུ་གསུམ་ཞེས་བྱ་བ། །སྙིང་གི་རི་མོ་མཚོན་བྱེད་ལགས། །ཞེས་མཚན་བྱང་སྙན་ངག་གི་རྒྱན་ལས་སྐོར་བའི་རྒྱན་གྱི་ཐོག་ནས་ཤིན་ཏུ་སྙན་ཆ་ལྡན་པའི་དཔེ་མིང་ཞིག་བཏགས་གནང་འདུགདེ་དང་འདྲ་བ་སྨིན་གླིང་ལོ་ཆེན་དྷརྨ་ཤྲིས་མཛད་པའི་གསུང་འབུམ་གྱི་མཚན་བྱང་ལའང་ཚིགས་བཅད་ཀྱི་ལམ་ནས་མཚན་བྱང་གསོལ་བ་མང་པོ་ཞིག་མཇལ་རྒྱུ་འདུགདེ་ལྟར་རྣ་བར་སྙན་ཞིང་ཡིད་འགུགས་པའི་དཔེ་མིང་ཡོད་ཚེ་རྒྱ་ཆེའི་གསུང་རབ་རིག་པའི་ཕྱག་ལས་གནང་མཁན་དང་དཔེ་ཆ་བ་དག་གི་ཡིད་རང་དབང་མེད་པར་འཕྲོག་ཐུབ་ཙ་ན་རྒྱ་ཆེའི་དཔེ་ཆ་བ་དང་ཀློག་པ་པོས་ཆེད་མངགས་དཔེ་མིང་དེ་དག་ཡིད་ལ་བཙན་པོས་མ་བཟུང་ཀྱང་མཚན་བྱང་ཐད་ཀར་ཡིད་ལ་ཡོང་སླ་བའི་སླད་དུ་ཡིན་པ། སྔོན་གྱི་སྐྱེས་ཆེན་དམ་པ་རྒྱན་དྲུག་ཕྱོགས་གཉིས་ལ་སོགས་ཀྱིས་མཛད་པའི་རྒྱ་གཞུང་མང་པོ་ཞིག་ཚིགས་བཅད་ཀྱི་ལམ་ནས་སུག་བྲིས་གནང་བ་ཡང་རྒྱུ་མཚན་དེ་ལས་མ་འདས་སོ་ཞེས་སྔོན་བྱོན་སྐྱེ་བོ་དམ་པ་དེ་དག་མང་ཆེ་བ་ཞིག་བོད་ལ་དུས་རབས13པའི་རྗེས་ནས་དར་བ་ཞིག་ཡིན་པར་སེམས། གང་ཡིན་ཞེས་ན་ཆོས་རྗེ་ས་པཎ་གྱིས་སྙན་གཞུང་ཐོག་མར་ཁོང་གི་མཁས་འཇུག་ཏུ་ངོ་སྤྲོད་གནང་བ་དང་རྗེས་སུ་ཤོང་དཔང་རྣམ་གཉིས་ཀྱིས་སྙན་གཞུང་མེ་ལོང་མ་བོད་ཏུ་བསྒྱུར་ཏེ། འཆད་ཉན་གྱི་ལམ་དུ་དྲངས་གནང་སྟབས་བོད་ལ་ཡང་གནའ་དཔེའི་ལུས་ཙམ་མ་ཡིན་པར་གནའ་དཔེའི་མཚན་བྱང་ཡང་སྙན་ཆ་ལྡན་པ་མང་པོ་ཞིག་ཞར་དང་ཞོར་ལ་ཐོན་པ་རེད།
གསུང་རབ་གཅིག་ལ་མཚན་དུ་མ་ཡོད་པ།
     གསུང་རབ་གཅིག་ལ་མཚན་གྱི་རྣམ་གྲངས་དུ་མ་ཡོད་པ་སྟེ། དཔེར་ན་དཔེ་ཆ་གཅིག་སྟེ་ཆོས་འབྱུང་མཁས་པའི་དགའ་སྟོན་ལྟ་བུ་ཡིན་ན། གསུང་རབ་མཛད་པ་པོ་ཁོང་རང་གིས་བཏགས་གནང་བའི་མཚན་ནི་ཆོས་འབྱུང་མཁས་པའི་དགའ་སྟོན་ཞེས་བརྗོད་ཀྱི་ཡོད་པ་དང་དཔེ་ཆ་བས་དེར་མཛད་པ་པོ་རང་ཉིད་ཀྱི་འཁྲུངས་ཡུལ་ལམ་ལུང་པའི་མིང་དཔེ་ཆའི་མཚན་བྱང་ལ་འབོད་སྲོལ་ཡོད་པ་སྟེ་ཆོས་འབྱུང་མཁས་པའི་དགའ་སྟོན་ལ་དགེ་ཆོས་རིན་པོ་ཆེས་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མའི་ནང་དུ་ལྷོ་བྲག་ཆོས་འབྱུང་ཞེས་འབོད་གནང་གི་འདུགཡང་ན་མཛད་པ་པོའི་མཚན་ཐོག་ནས་འབོད་པ་སྟེ་ལྷོ་བྲག་དཔའ་བོའི་ཆོས་འབྱུང་ཞེས་འབོད་པ་སོགས་ཡིན། འོན་ཏེ་དེ་དག་འགལ་བ་ནི་མ་ཡིན་སྟེ་དཔའ་བོའི་ཆོས་འབྱུང་ཡིན་ནའང་འདྲ་ལྷོ་བྲག་ཆོས་འབྱུང་ཡིན་ན་ཡང་རེད། དོན་གྱི་བབ་ས་ནི་དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ཡིན་པ་ནི་རྟོགས་ཐུབ། དེ་འདྲ་མཚན་གྱི་རྣམ་གྲངས་མང་པོ་ཞིག་གསོ་རིག་གི་གསུང་རབ་ཁག་ལ་ཡང་ཡོད་པ་སྟེ་གོང་སྨན་དཀོན་མཆོག་བདེ་ལེགས་ཀྱིས་མཛད་པའི་གསོ་རིག་དགོས་པ་ཀུན་འབྱུང་ལ་གསོ་རིག་གི་ཕྱག་ལས་གནང་མཁན་ཚོས་པོད་དམར་ཞེས་ཞུ་ཡི་འདུགདེ་འདྲ་ཡོང་དོན་ཡང་རྗེས་འཇུག་གི་སློབ་མ་དང་དཔེ་ཆ་བ་དག་གི་ངག་རྒྱུན་དུ་ཆགས་ནས་བྱུང་བ་ཞིག་ཡིན། དཔེར་ན་དགེ་ལུགས་པའི་དཔེ་ཆ་བ་དག་གིས་རྗེ་ཙོང་ཁ་བ་བློ་བཟང་གྲགས་པས་མཛད་པའི་རྟེན་འབྲེལ་བསྟོད་པ་ལ་ངག་རྒྱུན་དུ་ལེགས་བཤད་སྙིང་པོ་ཆུང་བ་ཟེར་བ་དང་དྲང་ངེས་ལེགས་བཤད་སྙིང་པོ་ལ་ལེགས་བཤད་སྙིང་པོ་ཆེ་བ་ཞེས་ཞུ་བ་ལྟ་བུ་ཤིན་ཏུ་མང་བས་གཞན་རྣམས་དེས་རིགས་བསྒྲེའོ། །
ཁ་དོག་ལས་གསུང་རབ་ཀྱི་མཚན་བྱང་གསོལ་བ།
     རྩ་བའི་ཁ་དོག་བཞིས་གནའ་རྩོམ་གྱི་མཚན་བྱང་གསོལ་ཡོད་པ་སྟེ་ལོ་རྒྱུས་དང་གསོ་བ་རིག་པ། ཤེར་ཕྱིན་ཡུམ་སོགས་ཀྱང་ཡོད་པ་སྟེ་ལོ་རྒྱུས་ཀྱི་དེབ་ཐར་ལས་འཆད་ན། དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་དེབ་ཐེར་དཀར་པོ་དང་ཚལ་བ་ཀུན་དགའ་རྡོ་རྗེས་མཛད་པའི་ལོ་རྒྱུས་དེར་ཐེར་དམར་པོ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་དགེ་ལྡན་ཆོས་འབྱུང་ལ་དེབ་ཐེར་སེར་པོ། འགོས་ལོ་གཞོན་ནུ་དཔལ་གྱིས་མཛད་པའི་ལོ་རྒྱུས་དེབ་ཐེར་སྔོན་པོ་བཅས་ཡིན། གསོ་བ་རིག་པ་སྟེ་གོང་སྨན་དཀོན་མཆོག་བདེ་ལེགས་ཀྱིས་མཛད་པའི་པོད་དམར། པོད་ནགཔོད་ཁྲ་དང་ད་དུང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་བཻཌཱུརྱ་སྔོན་པོ་སོགས་ཡིན། བོན་གྱི་གནའ་རྩོམ་སྟེ་ཀླུ་འབུམ་ནག་པོ། ཀླུ་འབུམ་ཁྲ་བོ། ཀླུ་འབུམ་དཀར་པོ་སོགས་བརྗོད་པ་ཡང་མཇལ་རྒྱུ་འདུགའོ་ན་ལོ་རྒྱུས་དེབ་ཐེར་ཁག་ལ་མཚན་བྱང་དེ་ལྟ་བུ་ཞིག་བཏགས་དགོས་དོན་གང་ཡིན་ནམ་ཞེས་ན། དགེ་འདུན་ཆོས་འཕེལ་གྱིས་ཕྱོགས་ལྷུང་ཞེན་པས་དམར་པོ་མ་བྱས་ཤིང་། །ངོས་བསྲུང་ཚིག་གིས་སྔོན་པོར་མ་བྱས་ལ། །ཕྱིས་བྱུང་གཏམ་གྱིས་སེར་པོར་མ་བྱས་པ། །དེ་ཕྱིར་འདི་ནི་དེབ་ཐེར་དཀར་པོ་ཡིན། །ཞེས་གསུངས་པ་ལས་བརྗོད་བྱའི་དོན་གྱི་གནད་འགག་ཤེས་ཐུབ་པ་སྟེ། ལོ་རྒྱུས་ཀྱི་བདེན་པའི་རང་བཞིན་སྲོང་པོའི་མདའ་ལྟར་བརྗོད་པ་ལས་འཁྱོག་འཁྱོག་བཙན་པོས་བཀུག་པའི་གཞུ་ལྟར་མ་ཡིན་པར་བསྙད་པས་ན། དཀར་པོ་ཞེས་པའི་མཚན་བྱང་ཕུལ་བ་ཡིན་ཞེས་པ་ལས་བོད་ཀྱི་མཁས་པ་རྣམས་ཀྱི་ཁ་དོག་གི་མཚོན་བྱེད་དང་མཛེས་ཆོས་ཀྱི་རང་བཞིན་གང་ཡིན་པ་སོགས་ཞོར་དུ་གསལ་པོ་ཞིག་རྟོགས་ཐུབ། གང་ཡིན་ཟེར་ན།། བོད་ལ་ནང་ཆོས་དར་བ་ནས་བཟུང་ཁ་དོག་ནག་པོ་དེ་ལ་ཁ་དོག་གཞན་ལྟར་མཉེས་པོ་གནང་གི་མི་འདུགཁ་དོག་ནག་པོའི་མཚོན་བྱེད་ནི་ངན་པའི་རང་བཞིན་དང་འཇིགས་སུ་རུང་བ་བའི་དོན་དང་ནག་ནོག་གི་དྲི་མ་སོགས་ཀྱི་མཚོན་དོན་དུ་འཇོག་གི་འདུགདེ་ཡང་གསང་རྙིང་རྒྱན་དང་རོལ་མོའི་བསྟན་བཅོས་དུ་ཁ་དོག་དཀར་དམར་གང་ལ་ཡང་ཉེ་བའི་ཉོན་མོངས་པ་མེད་པ་མཚོན་པའི་ཕྱིར། ནག་པོའི་ར་རི་མེད་པ་ནི་ངེས་པ་དགོས་སོ་ཞེས་པས་ཀྱང་མཚོན། འོ་ན་བོད་ལ་གསུང་རབ་ཀྱི་མཚན་བྱང་སྔོ་དམར་སོགས་ཁ་དོག་གི་མཚན་བྱང་འདོགས་པའི་སྲོལ་དེ་དུས་ནམ་ཞིག་ལ་བྱུང་བ་ཡིན་ནམ་ཞེས་ན། ནང་ཆོས་མ་དར་བའི་གོང་རོལ་ནས་བོད་ཀྱི་ཡུལ་དུ་བོན་གྱི་ཆོས་ལུགས་དར་ཡོད་ཅེས་མཁས་པ་རྣམས་ཀྱིས་གསུངས་པ་ལྟར་ན། ཁ་དོག་གི་ཐོག་ནས་མཚན་བྱང་གསོལ་བ་དེ་ཡང་ཆེས་སྔོ་མོ་ཞིག་ནས་གར་ཡོད་པ་ཤེས། གང་ཡིན་ཟེར་ན།། བོན་གྱི་བསྟན་བཅོས་ཁྲོད་དུ་ཀླུ་འབུམ་དཀར་ནག་ཁྲ་གསུམ་ཞེས་པའི་མཚན་བྱང་བྱུང་བ་དེའི་རྐྱེན་གྱིས་སོ། །དེ་རྗེས་དུས་རབས7-8ནང་དུ་བྱུང་བའི་ཁྲམ་བྱང་ལའང་ཁ་དོག་ལྗང་ཁུའམ་དཀར་སྐྱ་སོགས་བྱུང་བ་དང་། ནང་ཆོས་དར་རྗེས་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་ཡ་གྱལ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ། རླངས་ཁམས་པ་གོ་ཆས་རྒྱ་གར་འཕགས་པའི་ཡུལ་དུ་བྱོན་ནས་འབུམ་ཐུགས་ལ་ཟིན་གནང་སྟེ། རྗེས་སུ་བོད་དུ་ཕེངས་རྗེས་འབུམ་ཐུགས་ལ་ཟིན་ཡོད་པ་དེ་དག་རེག་ཟིག་ཏུ་ཕབ་པ་དེ་ལ་འབུམ་ཐུགས་འགྱུར་མ་ཞེས་གྲགས་པ་དང་། དེར་བཙན་པོས་ཐེག་ཆེན་ཆོས་ལ་གུས་པ་ཆེན་པོས་ཉིད་ཀྱིས་མཚལ་ཁྲག་དང་ར་དཀར་པོའི་འོ་མ་སྦྱར་ནས་བྲིས་པ་རེག་ཟིག་དམར་པོར་གྲགས་པ་སྟེ། བཙན་པོའི་དབུ་སྐྲའི་གཞོབ་རམ་དང་ར་དཀར་མོའི་འོ་མ་ལ་སྦྱར་ནས་བྲིས་པ་རེག་ཟིག་སྔོན་པོར་གྲགས་ཞེས་དང་དེ་རྗེས་ལུ་གུ་རྒྱུད་དུ་སྤེལ་བ་ལྟར་དུས་རབས14པའི་རྗེས་ཀྱི་ལོ་རྒྱུས་དེབ་ཐེར་ཁག་གི་མཚན་བྱང་ཁ་དོག་གི་ཐོག་ནས་བཏགས་ཡོད་པ་དེ་ལས་བོད་ལ་ཆེས་སྔ་མོ་ཞིག་ནས་དར་ཡོད་པ་ཤེས་སོ། །
ཁམས་དང་འབྱུང་བ་ལས་མཚན་བྱང་གསོལ་བ།
     བསྟན་བཅོས་ཀྱི་མཚན་བྱང་ཁམས་དང་འབྱུང་བ་དཔེར་ལེན་ཏེ་མཚན་བྱང་གསོལ་བ་སྟེ། གུང་ཐང་བསྟན་པའི་སྒྲོན་མེས(1762-1823)མཛད་པའི་ཆུ་ཤིང་བསྟན་བཅོས། ཅོ་ནེ་གྲགས་པ་བཤད་སྒྲུབ(1675-1748)ཀྱིས་མཛད་པའི་ནམ་མཁའི་བསྟན་བཅོས། ནོམ་ཆི་མཁན་པོས་མཛད་པའི་མེའི་བསྟན་བཅོས་དང་ལྕགས་ཀྱི་བསྟན་བཅོས། དྷརྨ་སུ་རས་མཛད་པའི་སའི་བསྟན་བཅོས་སོགས་ཡིན། མཚན་བྱང་དེ་ལྟར་འདོགས་དོན་ནི་བོད་ཀྱི་མཁས་པ་སྔ་མ་དག་གིས་རང་བྱུང་ཁམས་ཀྱི་ས་ཆུ་མེ་རླུང་སོགས་ཀྱི་ངོ་བོ་དང་ཡུལ་དུས་དབང་གིས་དེ་དག་གི་བྱེད་ནུས་ལ་འགྱུར་བ་གང་ཡོད་པ་སོགས་ཉམས་ཞིབ་དང་ཞིབ་འཇུག་དཔྱིས་ཕྱིན་པ་བྱས་ཤིང་དེ་དག་གི་བྱེད་ནུས་དགྲ་གྲོགས་བརྩིས་ཡོད་པ་སྟེ། ས་དགྲ་མེ་ཡིན་མེ་དགྲ་ཆུ། །ཆུ་དགྲ་རླུང་ཡིན་རླུང་དགྲ་ས། །ས་ནི་མེ་ལ་ནུས་པ་མེད། །མེ་ནི་ཆུ་ལ་ནུས་པ་མེད། །ཆུ་ནི་རླུང་ལ་ནུས་པ་མེད། །རླུང་ནི་ས་ལ་ནུས་པ་མེད། །ས་ཆུ་ཕན་ཚུན་གྲོགས་པོ་སྟེ། །མེ་རླུང་ཕན་ཚུན་གྲོགས་པོ་ཡིན། །ཞེས་པ་སོགས་ལས་རྟོགས། གསུང་རབ་དེ་དག་ནི་སློབ་གསོའི་རང་བཞིན་ཆེ་བའི་གསུང་རབ་ཤ་སྟག་ཡིན་སྟབས་སྐྱེ་བོ་བློ་མཆོག་དམན་གང་རུང་ཞིག་གིས་དེ་དག་གི་ནང་དོན་རྟོགས་པ་ལ་གསུང་རབ་ཀྱི་མཚན་བྱང་ལས་ཀྱང་ནུས་པ་བླ་ལྷག་ཞིག་ཐོན་ཡོད།
གནའ་དཔེའི་མཚན་བྱང་འབྲི་ཚུལ་ཁག
     གནའ་དཔེ་ཡོད་དོ་ཅོག་གི་མཚན་བྱང་ཕྱག་དཔེའི་དབུ་ཕྱོགས་སུ་ཡོད་པའི་ངེས་པའང་མ་མཆིས་སྟེ་རྙིང་མ་རྒྱུད་འབུམ་དཀར་ཆག་ཐོག་གསལ་བ་ལྟར་ན། བཀའ་དང་བསྟན་བཅོས་ཀྱི་མཚན་བྱང་འབྲི་ཚུལ་ལའང་དབུ་ལྡེབས་ཀྱི་རྒྱབ་དང་མདུན། བསྟན་བཅོས་ཀྱི་མཇུག་ཏུ་འབྲི་བ་བཅས་འབྲི་ཚུལ་མི་འདྲ་བ་གསུམ་དུ་ཡོད་པ་ལས་ཕལ་ཆེ་བ་བསྟན་བཅོས་ཀྱི་མདུན་དང་འགའ་ཞིག་མཇུག་ཏུ་བྲིས་པའང་ཡོད་ཅེས་གསུངས་པ་ལས་དཔེ་མིང་ནམ་རྒྱུན་ལྟར་གཞུང་གི་དབུ་ཤོག་ཏུ་འབྲི་གནང་མ་མཛད་པར་མཇུག་ཤོག་ཏུ་བྲིས་པའང་ཡོད་པ་དེ་གསལ་བཤད་བྱས་ཡོད། དེས་ན་མཚན་བྱང་མཇུག་ཤོག་ཏུ་ཡོད་པ་གཅིག་དཔེ་ཞུས་ན། ཐིག་ལེ་མཐོང་བརྡོལ་ཡང་ཏིག་ནག་པོའི་རྒྱུད། ལྡེབ་གྲངས121ཟུར་མཆན་དུ། རྒྱུད་འདིའི་མཚན་བྱང་མཇུག་ཤོག་ན་གསལ།ཞེས་པ་དང་དེ་མིན་འཇམ་དཔལ་འདུས་པའི་རྒྱུད་ལས་བསྡུས་པའི་རྩ་རླུང་ཐིག་ལེའི་རྒྱུད། ལྡེབ་གྲངས117ཟུར་མཆན་དུ།རྒྱུད་འདིའི་མཚན་བྱང་ལེའུའི་མཇུག་ན་གསལ། ཞེས་པ་དཔེ་དེ་གཉིས་ཀྱིས་མཚན་བྱང་མཇུག་ན་ཡོད་པ་དེ་གསལ་བཤད་བྱེད་ཐུབ།
མཚན་བྱང་ལས་མཛད་པོ་བརྟག་པ།
     དེ་ཡང་ཐོག་མར་དཔེ་དང་བཅས་ཏེ་བཤད་ན་གོ་བདེ་བ་སྟེ་སྐུ་གཟུགས་ཀྱི་མཚན་ཉིད་རྒྱན་གྱི་མེ་ཏོག་ཅེས་པའི་གསུང་རབ་འདི་དུས་རབས13པའི་ནང་དུ་བྱོན་པའི་བོད་ཀྱི་གསུང་རབ་སྨྲ་བ་བཅོམ་ལྡན་རིགས་རལ་གྱིས་མཛད་པ་ཞིག་ཡིན། གསུང་རབ་དེ་ནི་འབྲས་སྤུངས་དགོན་དུ་བཞུགས་ཡོད། མཚན་བྱང་དངོས་ནི་སྐུ་གཟུགས་ཀྱི་མཚན་ཉིད་ཅེས་པ་དེ་ཡིན་ཞིང་དེའི་མཇུག་ཏུ་རྒྱན་གྱི་མེ་ཏོག་ཅེས་སྦྱར་གནང་ཡོད་པ་དེ་ནི་གསུང་རབ་དེའི་མཚན་བྱང་གི་ཁྱད་ཆོས་ཤིག་ཡིན་པར་སེམས། མཛད་པ་པོ་ཁོང་རང་གིས་དགའ་དད་གནང་སའི་གཞུང་ཆེན་ནམ་བླ་མ་དམ་པ་ཆ་གེ་མོས་སྦྱར་གནང་བའི་གསུང་རབ་གང་ཞིག་གི་མཚན་ཟུར་ཞིག་ཡིན་སྙམ། གང་ཡིན་ཟེར་ན་མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གིས་གསུངས་དོན། རྩོམ་གྱི་གཞུང་ཁུངས་ཡང་དག་སྟོན་པའི་སླད་དུ་ངས་སུམ་རྟགས་སྐོར་གྱི་བརྩམ་བྱ་ཁག་ལ་མཚན་བྱང་འདི་ལྟར་བྲིས་ཡོད། ཐོན་མིའི་ཞལ་ལུང་། ཐོན་མིའི་དགོངས་རྒྱན། ཐོན་མིའི་མཛུབ་རིས་ལ་སོགས་པ་ཡིན་ཞེས་དང་མཁན་སློབ་བར་ལ་སྒྱུ་རྩལ་གྱི་ཕྲེང་ཐག་དཔྱང་བ་འདི་ནི་གཙོ་བོ་སློབ་དཔོན་དང་དེའི་དངོས་སློབ་བམ་ཡང་སློབ་སོགས་བར་གྱི་རྩོམ་གྱི་ཁ་བྱང་སྦྱོར་ཚུལ་ལ་བྱ། དེའང་རྩོམ་པ་པོ་སོ་སོས་རང་གི་ཐོབ་ཐང་དང་རྩོམ་གྱི་རིན་ཐང་། རྩོམ་གྱི་ནང་དོན་ལྟར་ཁ་བྱང་འགོད་ཀྱི་ཡོད། དཔེར་ན་ཨ་ལག་ཤར་གདོང་གིས་མཛད་པའི་བསྟོད་ཚིག་སྙན་ངག་ངོ་མཚར་བའི་གཏམ་རྟོགས་བརྗོད་གཡུ་ཡི་མེ་ཏོག་ཅེས་པ་ནི་ཁོང་གི་སློབ་དཔོན་ཚེ་ཏན་ཞབས་དྲུང་མཆོག་གིས་མཛད་པའི་ངོ་མཚར་གཏམ་རྟོགས་བརྗོད་དངུལ་གྱི་མེ་ཏོག་ལས་ཐུགས་ལ་འཁྲུངས་ཤིང་། ཚེ་ཏན་ཞབས་དྲུང་མཆོག་གི་ཁ་བྱང་ནི་ཁོང་གི་སློབ་དཔོན་སྒིས་སྟེང་བློ་བཟང་དཔལ་ལྡན་གྱིས་མཛད་པའི་ངོ་མཚར་གཏམ་རྟོགས་བརྗོད་གསེར་གྱི་མེ་ཏོག་ཅེས་པ་ལས་བློ་ལ་འཁྲུངས། འདི་ཡང་རྩོམ་པ་པོ་སོ་སོའི་ཐོབ་ཐང་གཅིག་ལས་གཅིག་དམའ་བ་དང་གསུང་རབ་ཀྱི་ནང་དོན་གཅིག་ལས་གཅིག་དམན་པ། ཚིག་སྦྱོར་ཐད་གཅིག་ལས་གཅིག་ཉམས་པ་སོགས་མ་ཡིན་པར། གཙོ་བོ་རིགས་གཅིག་ལ་བསྒྲེས་ནས་མཁན་སློབ་བར་རིག་གནས་རྒྱུན་འཛིན་གྱི་སྤྱོད་བཟང་སྤེལ་ཞིང་། བཀུར་བསྟི་དང་བརྩེ་དུང་མཚོན་པ་སོགས་ཀྱི་སྣང་ཚུལ་ཞིག་ཡིན། ཞེས་པ་འདི་ལྟ་བུ་ཞིག་མིན་ནམ་སྙམ། གང་ལྟར་ཀྱང་གསུང་རབ་སྨྲ་བ་བཅོམ་ལྡན་རིགས་པའི་རལ་གྲིས་མཛད་པའི་གསུང་རབ་ཆེས་མང་པོ་ཞིག་གི་མཚན་བྱང་གི་མཇུག་དེར་ཚིག་རྒྱན་ཏེ་རྒྱན་གྱི་མེ་ཏོག་ཅེས་སྦྱར་གནང་ཡོད་པ་དེ་ནི་ཁོང་གི་གསུང་རབ་ཀྱི་ཐུན་མོང་མ་ཡིན་པའི་མཚན་བྱང་གི་ཁྱད་ཆོས་ཤིག་སྟེ་དཔེར་ན།
     དམིགས་བསལ་རྟགས། མཚན་བྱང་། ཡིག་གཟུགས། ལྡེབ་གྲངས།
           ཕྱི་རྩ། 114། བདེན་ཉིད་ཀྱི་བསྡུས་དོན་རྒྱན་གྱི་མེ་ཏོག དཔེ་ཚུགས། 4
           ཕྱི་ཚ། 12། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་བཤད་རྒྱན་གྱི་མེ་ཏོག དཔེ་ཚུགས། 314
           ཕྱི་ཚ། 91། ཕར་ཕྱིན་རྒྱན་གྱི་མེ་ཏོག འབྲུ་ཚ། 149
           ཕྱི་ཚ། 132། མདོ་སྡེ་རྒྱན་གྱི་མེ་ཏོག། དཔེ་ཚུགས། 14
           ཕྱི་ཛ། 61། ཆོས་མངོན་པ་ཀུན་ལས་བཏུས་པའི་རྒྱན་གྱི་མེ་ཏོག།འབྲུ་ཚ། 171
           ཕྱི་ཞ། 19། ཚད་མ་རྣམ་པར་ངེས་པའི་རྒྱན་གྱི་མེ་ཏོག། དབུ་ཅན། 267
           ཕྱི་མ། 21། སྐུ་གཟུགས་ཀྱི་ཕྱག་ཚད་རྒྱན་གྱི་མེ་ཏོག དཔེ་ཚུགས།
           ཕྱི་ར། 74། རྡོ་རྗེ་གདན་རྣམ་པར་བཤད་པ་རྒྱན་གྱི་མེ་ཏོག དཔེ་ཚུགས།13
           ཕྱི་ལ། 154། འཕགས་པའི་བདེན་པ་བཞི་རྣམ་པར་བཤད་པ་རྒྱན་གྱི་མེ་ཏོག དཔེ་ཚུགས། 19
     དེས་ན་ང་ཚོས་གོང་དུ་བཀོད་པའི་མཚན་བྱང་དག་གི་མཇུག་གི་ཚིག་རྒྱན་རྒྱན་གྱི་མེ་ཏོག་ཅེས་པ་བློ་ལ་ཡོད་ཚེ། དཔེ་ཐོར་དང་དཔེ་རྙོག་ཏུ་སོང་བའི་གནའ་དཔེ་འགའ་ཞིག་ལག་ཏུ་འབྱོར་ཏེ་ལེགས་སྒྲིགས་བྱ་སྐབས་དཔྱད་གཞིའི་ཡིག་ཆ་མང་པོ་ཞིག་ལ་སྐྱབས་བཅོལ་མི་དགོས་པར་ཁྱད་ཆོས་དེ་ཉིད་ལས╳╳╳╳╳རྒྱན་གྱི་མེ་ཏོག་ཅེས་པ་དེ་མཇལ་བ་ཙམ་གྱིས་གནའ་དཔེ་དེ་དུས་རབས13པའི་ནང་དུ་བྱོན་པའི་བོད་ཀྱི་གསུང་རབ་སྨྲ་བའི་དབང་པོ་བཅོམ་ལྡན་རིགས་པའི་རལ་གྲིའི་གསུང་ཡིན་པར་ཐག་བཅད་ཆོགང་ཚོ་གསུང་རབ་རིག་པའི་ཕྱག་ལས་གནང་མཁན་དག་གི་རྡོག་རྡོག་གཅིག་གིས་འགུལ་བ་ན་ཤེས་བྱ་ཐམས་ཅད་ཤེས་པར་འགྱུར་ཞེས་པ་ལྟར་གསུང་རབ་ཀྱི་མཚན་བྱང་ཁྱད་ཆོས་ཆུང་ངུ་ལའང་གཙིགས་མཐོང་བྱ་དགོས་པ་དེ་གལ་ཆེན་ཡིན་པ་ཤེས།
     དཔལ་ལྡན་འབྲས་སྤུངས་དང་ས་སྐྱ་དགོན་དུ་བཞུགས་པའི་གནའ་དཔེ་མི་ཉུང་བ་ཞིག་ཞལ་ཁ་ཕྱེ་བའི་གོ་སྐབས་ཐོབ་སྐབས། གནའ་དཔེ་དེའི་དབུ་ཤོག་ཏུ་བྲིས་པའི་མཚན་བྱང་མང་པོ་ཞིག་གནའ་དཔེ་དེ་འབྲི་བཞེངས་གནང་སྐབས་མཚན་བྱང་དེ་དབུ་ཤོག་གི་ཉིན་ངོར་བྲིས་པ་ཞིག་མ་ཡིན་ལགས། གསུང་རབ་དེའི་གཞུང་དངོས་ཀྱི་ཡིག་གཟུགས་དང་སྣག་མདོག་སོགས་དབུ་ཤོག་ཏུ་བྲིས་པའི་མཚན་བྱང་གི་ཡིག་གཟུགས་དང་སྣག་མདོག་གཅིག་མཚུངས་སུ་མི་འདུགདེར་བརྟེན་དབུ་ཤོག་གི་ཉིན་ངོར་བྲིས་པའི་མཚན་བྱང་དེ་ནི་རང་གི་བུ་སློབ་བམ་ཕྱིས་ཀྱི་དཀར་ཆག་བསྒྲིགས་མཁན་དག་གིས་གཞུང་དེའི་ཞབས་ཤོག་ཏུ་བཞུགས་པའི་མཇུག་བྱང་དུ་འཁོད་པའི་མཚན་བྱང་ལ་ཁུངས་བཅོལ་ཏེ་བྲིས་པར་སྣང་། དཔེར་ན་འབྲས་སྤུངས་སུ་བཞུགས་པའི་དཔེ་རྙིང་མང་པོ་ཞིག་གི་དབུ་ཤོག་གི་ཉིན་ངོར་བྲིས་པའི་མཚན་བྱང་དེ་ནི་རྒྱལ་མཆོག་ལྔ་པ་ཆེན་པོ་དགོངས་པ་རྫོགས་རྗེས། ཁོང་གི་སྐུ་སྒེར་གྱི་དཔེ་མཛོད་ཁང་གི་དཔེ་རྙིང་ལ་དཀར་ཆག་འགོད་སྐབས་དཀར་ཆག་འགོད་མཁན་གྱི་བྲིས་པའི་མཚན་བྱང་ཞིག་ཡིན་པར་སེམས། དཔེར་ན། བཅོམ་ལྡན་རིགས་པའི་རལ་གྲིའི་གསུང་པོད་དཀར་ཆག་བསྟན་པ་རྒྱས་པའི་ཉིན་བྱེད་ཞེས་པ་དེའི་དབུ་ཤོག་གི་ཉིན་མོར་མཁས་ཆེན་པོ་བཅོམ་ལྡན་རིགས་པའི་རལ་གྲིའི་དཀར་ཆག་བསྟན་པ་རྒྱས་པའི་ཉིན་བྱེད་བཞུགས་སོ།། དེར་བལྟ་བར་བྱའོ།། ཧེ་ཧེ། ཞེས་བྲིས་གནང་འདུགདེ་ལྟར་བྲིས་པ་ནི་མཛད་པ་པོ་ཁོང་རང་གིས་གཞུང་དེ་བརྩམས་པའི་དུས་དེར་བྲིས་པའི་མཚན་བྱང་ཞིག་མ་ཡིན། རྗེས་སུ་ཁོང་གི་རྗེས་འཛིན་བུ་སློབ་རྣམས་ཀྱིས་གསུང་པོད་དེ་འབྲི་བཤུ་བྱ་སྐབས། རང་རང་གིས་གུས་པས་སྦྱར་བའི་མཚན་བྱང་ཞིན་ཡིན། སྔོན་གྱི་མཁས་པ་གནམ་གྱིས་ས་བཀབ་པ་ལྟ་བུར་བྱོན་པ་དེ་དག་གིས་ལྗགས་རྩོམ་མང་པོ་ཞིག་སྤེལ་གནང་ཡོད་རུང་དེ་དག་གི་སྟེང་དུ་མཚན་བྱང་བཀོད་པའི་སྐབས་ལ་རང་གིས་རང་ལ་བསྟོད་པའི་ཚིག་དེ་མཁས་པ་ག་གེ་མོས་ཞེས་པ་མཇལ་ཡུལ་དུ་མ་མཆིས་པའི་རྐྱེན་གྱིས་སོ།། དཔེར་ན་ལྡེའུ་ཆོས་འབྱུང་འདི་ནི་ཐོག་པར་མཁས་པ་ལྡེའུས་སྤྱི་ལོའི་དུས་རབས12པའི་དུས་དཀྱིལ་ལ་བརྩམས་པ་དང་། དེ་རྗེས་དུས་རབས13པའི་སྟོད་ཆར་མཁས་པ་ཇོ་ནམ་གྱིས་ཞུས་འགྲེལ་གནང་ཞིང་། དུས་སྐབས་དེ་རང་ལ་མཁས་པ་གཞན་ཞིག་གི་སླར་ཡང་འགྲེལ་སྣོན་མཛད་པ་ཞིག་ཡིན་པ་ཞེ་སའི་ཚིག་དང་མཆོད་བརྗོད་ཀྱི་འགྲེལ་བཤད་ནང་གང་ཟག་གང་གིས་བཙལ་ན། སྔོན་བྱུང་རིག་པའི་གནས་ལ་མཁས་པའི་དགེ་བཤེས་ཇོ་འབུམ་དང་། ད་ལྟར་མཁས་པ་ཇོ་ནང་ཞེས་གཉིས་ཀར་གུས་བཀུར་གྱི་རྣམ་འགྱུར་འཁོད་པ་ལས་ཆོས་འབྱུང་དེ་མཁས་པ་གཉིས་ཀྱི་འབད་བརྩོན་ལ་བརྟེན་ནས་ལེགས་གྲུབ་བྱུང་བ་མཚན་བྱང་དང་མཇུག་བྱང་ལས་གསལ་བཤད་ཐུབ། དེས་ན་གནའ་དཔེའི་མཚན་བྱང་དེ་དག་ལས་གནའ་དཔེ་དེ་འབྲི་བཤུས་གནང་བའམ་ཡང་ན་མཛད་པ་པོ་རང་གིས་ཟིན་བྲིས་བཏབ་པའི་མ་དཔེ་གང་ཞིག་ཡིན་མིན་དེ་ཡང་གསུང་རབ་ཀྱི་མཚན་བྱང་དེ་ལས་རྟོགས་ཐུབ་བོ། །
དཔྱད་གཞིའི་ཡིག་ཆ།
     པད་མ་བཀྲ་ཤིས་ཀྱིས་བརྩམས་པའི《བོད་ཡིག་གནའ་དཔེའི་རྣམ་བཤད》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། སྤྱི་ལོ2013-11པའི་པར་གཞི་དང་པོ། ཤོག་ངོས66-80ན་གསལ།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...