སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་ཀྱི་གཏོར་མའི་རིག་གནས་སྐོར་ཐོག་མར་གླེང་བ།
རྩོམ་པ་པོ། སོག་རུ་ཀརྨ་ཀུན་ཁྱབ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-12-28 10:25:00 རྩོམ་ཁུངས། བོད་ལྗོངས་ཞིབ་འཇུག ཀློག་གྲངས།
ནང་དོན་གནད་བསྡུས། བོད་བརྒྱུད་ནང་བསྟན་ཆོས་གཞུང་གི་ཐུན་མོང་མ་ཡིན་པའི་མཚོན་བྱེད་དུ་གྱུར་ཅིང་བོད་ཀྱི་རིག་གནས་ལས་ཀུན་གྱིས་ཡ་མཚན་ཅན་དུ་བརྩི་བ་དང་། དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་གཏོར་མའི་སྐོར་ལ་ཅུང་ཟད་ཞིབ་ཅིང་ཕྲ་བར་གླེང་ནས་ཁ་གསལ་གོ་བདེས་ངོ་སྤྲོད་བྱས་ཡོད།
བརྡ་ཆད་གཙོ་བོ། གཏོར་མ། མགྲོན་བཞི། ཞི་རྒྱས་དབང་དྲག ལྷ་འདྲེ། དུག་གསུམ། གླུད། ཟོར། སྒྱུ་རྩལ།
ཀྲུང་གོའི་དཔེ་དེབ་དབྱེ་རྟགས། B933[ཡིག་ཚང་མཚོན་བྱང་།]A[རྩོམ་གྱི་གོ་རིམ་ཨང་སྒྲིག]1002 – 946X(2006)01 --067 - 08
     བོད་ཀྱི་དགོན་སྡེ་ཁག་ཏུ་ཟན་ལས་བཅོས་པའི་གཟུགས་དབྱིབས་རྣམ་པ་སྣ་ཚོགས་ཅན་གྱི་གཏོར་མའི་རིགས་ཤིན་ཏུ་ནས་མང་པོ་མཐོང་རྒྱུ་ཡོད་ཅིང་། འགའ་ཞིག་མར་ཚོན་གྱི་རྒྱན་རིས་དུ་མས་སྤུད་པ་མཐོང་བ་ཙམ་གྱིས་ཡིད་དབང་འཕྲོག་པ་ཡོད་ལ། དྲེག་པ་དང་། ཚོན་རྩི་སྔོན་པོ་བསྐུས་ཤིང་མེ་རིས་བརྒྱན་པའི་འཇིགས་རྔམ་ཅན་གྱི་གཏོར་མའང་ཡོད།
     གཏོར་མ་ནི་བོད་མི་རིགས་ཀྱི་དམིགས་བསལ་ཁྱད་ཆོས་མངོན་ལ། མི་རིགས་ཀྱི་རིག་གནས་སྒྱུ་རྩལ་གྲས་སུ་བརྩི་ཆོག་པར་མ་ཟད། ནང་བསྟན་ཆོས་ལུགས་དཀྱིལ་ནས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དམིགས་བསལ་མཚོན་རྟགས་ཤིག་ཡིན་པ་དང་། ཡུལ་གྲུ་གཞན་གྱིས་བོད་ལ་ཡོད་པའི་གཡག་དང་གཏོར་མ་གཉིས་ནི་ཡ་མཚན་ཅན་དང་ཐུན་མོང་མ་ཡིན་པ་ཞིག་ལ་ངོས་འཛིན་པ་ཡིན། གཏོར་མ་ཆུང་པ་པ་ཡུངས་འབྲུ་ཙམ་དང་། ཆེ་བ་ཐོག་ཚད་ཙམ་ཡོད་ལ་འཕྲལ་དུ་བཟོ་ཐུབ་པའི་གཏོར་མ་ཡོད་ཅིང་།  ཉིན་ཞག་མང་པོའམ་ཟླ་བ་ཁ་ཤས་དཀའ་ལས་བརྒྱབ་ནས་བཞེངས་དགོས་པའང་ཡོད། གཏོར་མའི་མཚོན་ཚུལ་དང་དམིགས་བྱ་ལ་ནང་བསྟན་ཆོས་ལུགས་དང་། གདོད་མའི་བོན་ཆོས། བོད་རིགས་ཀྱི་ཡུལ་གོམས་གཤིས་ལུགས་བཅས་མང་པོ་གཞི་གཅིག་ཏུ་འདྲེས་པ་ཞིག་ཡིན། ཉེ་བའི་ལོ་རབས་ནང་མཁས་པ་མང་པོས་གཏོར་མ་ནི་བོད་ཀྱི་རིག་གནས་གྲས་ཤིག་དང་། ཁྱད་མཚར་བའི་གསང་བ་ཞིག་ཏུ་བརྩིས་རུང་གཏོར་མའི་སྐོར་ཞིབ་ཕྲ་བཤད་པའི་རྩོམ་ཡིག་ཅིག་ད་བར་མིག་ལམ་དུ་མ་མཐོང་བས་འདིར་རྒྱལ་ཁབ་ཕྱི་ནང་གི་མཁས་དབང་ཚོས་བོད་ཀྱི་རིག་གནས་སྤྱི་དང་བྱེ་བྲག་གཏོར་མའི་རིག་གནས་སྐོར་ལ་ཞིབ་འཇུག་བྱེད་པའི་སྔོན་འགྲོའི་ཚུལ་དུ་ཅུང་ཟད་གླེང་བ་ལ།
     དང་པོ། གཏོར་མའི་ཁུངས་བཤད་པ།
     བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཁུངས་ནི་ནང་པའི་སྟོན་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་སྟབས། གཏོར་མ་ཡང་དེ་ལས་མ་འདས་མོད། ནང་ཆོས་རིག་པ་དེ་ཡང་བོད་དུ་ཡུན་རིང་དར་བའི་དུས་ཡུན་ནང་གྲུབ་མཐའ་མི་གཅིག་པ་ཁག་མང་དུ་ཐོན་པ་དང་། འདོན་ཆ་སྣ་ཚོགས། དབྱངས་སྣ་ཚོགས། རོལ་མོ་རྔ་ལ་སོགས་མཛེས་ཆས་སྣ་ཚོགས་གསར་བཟོ་བྱས་པ་བཞིན་དུ་གཏོར་མ་ཡང་ཐོག་མར་བཅོམ་ལྡན་འདས་ཀྱིས་ཡི་དྭགས་མ་ཁ་ལ་མེ་འབར་མ་དང་ཀུན་དགའ་བོའི་དོན་དུ་གསུངས་པ་ནི། གཏོར་མ་དེ་ཉིད་བདུད་རྩིའི་དགའ་སྟོན་ལས། དེ་ཡང་ཚེ་དང་ལྡན་པ་ཀུན་དགའ་འོ། ། དབེན་བར་སྤྱོད་ཚེ་ཡི་དྭགས་མི་སྡུག་པ། ། ཁ་ནས་མེ་འབར་ཞིག་གིས་འདི་སྐད་ཅེས། ། ཁྱོད་ནི་ཉིན་ཞག་བདུན་ན་དུས་བྱས་ཏེ། ། ཡི་དྭགས་གནས་སུ་སྐྱེ་བར་འགྱུར་ཞེས་གསུངས། ། དེ་ལ་སྐྱོབ་ཕྱིར་སྟོན་པས་འདི་སྐད་ཅེས།། ། ང་སྔོན་བྲམ་ཟེ་ཞིག་ཏུ་གྱུར་པ་ན། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་དང་། ། དེ་བཞིན་གཤེགས་པ་དབང་ཕྱུག་ཡོན་ཏན་ལ། ། གཟི་བརྗིད་ཚད་མེད་དབང་དུ་གྱུར་པ་ཡི། ། འོད་ཟེར་རྣམ་པར་རྒྱལ་བའི་ཤུགས་ཞེས་པ། ། གཟུངས་སྔགས་ཟབ་མོ་འདི་ནི་ཐོས་གྱུར་ནས། ། ཡི་དྭགས་རྣམས་ལ་གཏོར་མ་བྱིན་བྱས་པས། ། ཐམས་ཅད་མཐོ་རིས་ལྷ་རུ་སྐྱེས་གྱུར་ཏོ། ། དགའ་བོ་ཁྱོད་ཀྱིས་ཟས་གཙང་ཆུ་སྦྱར་བ། ། སྔགས་ཀྱིས་བསྔོས་ནས་གཙང་བར་བླུགས་བྱས་ན། ། ཚེ་དང་བསོད་ནམས་རྣམ་པར་འཕེལ་འགྱུར་ཞིང་། ། ཁ་འབར་མས་གཙོས་ཡི་དྭགས་གངྒའི་ཀླུང་། ། བྱེ་བ་ཁྲག་ཁྲིག་འབུམ་ཁྲག་དུ་མ་ཡིས། ། བྱེ་མ་སྙེད་ཀྱི་གྲངས་དང་མཉམ་པ་ལ། ། མ་ག་དྷ་ཡི་བྲེ་ཆེན་བདུན་བདུན་གྱི། ། བཟའ་བཏུང་བྱིན་པར་འགྱུར་ཞིང་དེ་ཐོབ་ནས། ཚིམ་ཞིང་རངས་ཏེ་ལྷ་ཡུལ་སྐྱེ་བར་འགྱུར། ། ①ཞེས་གསལ་བ་ལྟར་དང་དེ་ལ་ཡང་གཏོར་མ་ཆ་བཞི་སྟེ་དཀོན་མཆོག་སྲི་ཞུའི་མགྲོན་དང་། མགོན་པོ་ཡོན་ཏན་མགྲོན། རིགས་དྲུག་སྙིང་རྗེའི་མགྲོན། ལན་ཆགས་ཤ་འཁོན་མགྲོན་བཅས་རྣམ་པ་བཞི་རུ་འདུ་ཞིང་། དེ་དག་ཕར་ཕྱིན་དྲུག་གི་ཡ་གྱལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཁོངས་སུ་འདུ་ལ། བྱམས་སྙིང་རྗེ་དང་བྱང་ཆུབ་སེམས་ཀྱི་ཐུན་མོང་མ་ཡིན་པའི་དམིགས་པ་བཟང་པོའི་སྒོ་ནས་མཆོད་སྦྱིན་གཏོང་བའི་བྱ་བ་ཞིག་ཡིན། གཏོར་མ་ཆ་བཞིའི་ལག་ལེན་ཡོད་ཀྱང་“རྒྱུད་གཞུང་དང་འཕགས་ཡུལ་གྱི་ཕྱག་ལེན་ལ་གཏོར་མའི་རྒྱུ་ཁ་ཟས་བཟང་དགུ་དང་། ལྷག་པར་བླ་མེད་ཀྱི་སྐབས་སུ་ཧེ་རུ་ཀ་ཡབ་ཡུམ་དང་ཁྲོ་བོ་དང་མཁའ་འགྲོའི་རིགས་ལོ་ཤ་ཁརག་ཆང་དང་ཉ་ཤ་སྒོག་བཙོང་ལ་ཕུག་སོགས་སྣ་ཚོགས་ལས་བྱ་བར་བཤད་པ་ཙམ་ལས་གཏོར་མའི་དབྱིབས་གསལ་ཁ་མེད་”②པར་བོད་ཀྱི་གདོད་མའི་ཆོས་ལུགས་སུ་འཇིམ་པ་ལ་ཤྭ་བ་སོགས་ཀྱི་གཟུགས་བརྙན་བཅོས་ནས་ཡས་གླུད་སྣ་ཚོགས་གཏོང་བ་དང་། ཡང་ན་ཕྱུགས་ཟོག་དམར་བཤས་ཀྱིས་མཆོད་པ་ཕུལ་ནས་ལྷ་འདྲེ་མཉེས་པར་བྱེད་པའི་རྨོངས་དད་ལུགས་སྲོལ་འགོག་པའི་ཆེད་དུ། མིའི་འདོད་བློ་དང་བསྟུན་ཏེ་ཕྱུགས་ཟོག་ཚབ་ཏུ་ཟན་ལ་གཟུགས་གང་དགོས་བཅོས་པ་དང་། ཁྲག་གི་དོད་དུ་འབྲི་མོག་གི་རྩི་བྱུག་པ་བཅས་ནི་ནང་བསྟན་ཆོས་གཞུང་རིག་པར་བོད་ཀྱི་གདོད་མའི་ཆོས་ལུགས་ཏེ་“བོན་གྱི་ཆོས་ལུགས་ལ་མི་གསོན་པོའི་སྲོག་ཚབ་ཏུ་ནོར་ཕྱུགས་སོགས་སེམས་ཅན་ངོ་མ་གསོད་མ་དགོས་པར་ཟན་དང་མར་སོགས་ལས་སེམས་ཅན་དེའི་འདྲ་གཟུགས་བཅོས་ནས་སྔགས་དང་སྨོན་ལམ་བཏབ་སྟེ་གཏོང་བའི་སྲོལ་”③ཆགས་པ་ཡིན་ལ། ནང་བསྟན་ཆོས་ལུགས་ཀྱི་ལྟ་བར་ལན་ཆགས་བུ་ལོན་གྱི་མགྲོན་ཞེས་ཚེ་འཁོར་བ་ཐོག་མ་མེད་པ་ནས་སྐྱེ་བ་གྲངས་མེད་པ་ཇི་སྙེད་ཅིག་བླངས་པའི་ནང་དུ་མཐོ་དམན་བར་གསུམ་ཀུན་ལ་འཁོན་འགྲས་དང་། བརྩི་སྐྱོང་མ་བྱས་པ་མེད་བའི་གནས་སྐབས་སུ་གཞན་གྱིས་རང་ལ་ཕན་འདོགས་བྱས་པའི་དྲིན་ལན་འཇལ་མ་ཐུབ་པ་དང་། རང་གིས་ངན་བྱས་གནོད་པ་བསྐྱལ་བའི་ལེ་ལན་རྣམས་རིམ་བཞིན་ཚེ་རབས་ཀྱི་ཕྲེང་བ་གང་རུང་ཞིག་ལ་གཞལ་དགོས་པར་བསྟན་པས། མཆོད་སྦྱིན་གྱི་ཐབས་ཤེས་དེ་ལས་བུ་ལོན་འཕྲོད་ཅིང་དག་པར་འགྱུར་བར་གསུངས་པའི་ནང་བསྟན་ཆོས་གཞུང་གི་དགོངས་པ་དང་མཐུན་པ་ཡིན་ལ། སེམས་ཅན་གྱི་སྲོག་གཅོད་པ། ཁྲག་གིས་སྦག་པར་བྱེད་པ་སོགས་མདོ་ཕྱོགས་དང་འགལ་བའི་རིགས་ཕལ་ཆེ་བ་བཅོས་སྒྱུར་དང་། དམིགས་བསལ་དྲག་པོའི་ལས་སྦྱོར་འགའ་ལ་ཕྱུགས་སོགས་ཀྱི་ཤ་ཁྲག་བརྒྱན་པ་ཡང་། བསྔོ་ཡུལ་ཤ་ཁྲག་ལ་དགའ་བ་ཚོར་དམིགས་པའི་དམར་རིགས་ཀྱི་ཆེད་དུ་སྦགས་པ་སོགས་“བོད་དུ་གསར་རྙིང་སོ་སོའི་རང་སྒྲུབ་མཆོད་སྐོང་སོགས་གཏོར་མའི་རྣམ་དབྱེ་བཟོ་དབྱིབས་དང་། དཀར་དམར་གྱི་བརྒྱན་སྒྲོས་སོགས་ཕྱག་ལེན་གསལ་ལ་མ་ནོར་མ་འདྲེས་པ་ད་ལྟའི་བར་བཞུགས་ཤིང་། གཏོར་མའི་རྒྱུ་དེ་ཉིད་ལོག་འཚོའི་བསྒྲུབས་པ་དང་ངན་རྙིང་སོགས་མ་ཡིན་པར་རྒྱུ་བཟང་པོའི་ཕུད་ལ། དམ་སེལ་མེད་པའི་བདུད་རྩིའི་ཕུར་མ་དང་། དཀར་གསུམ་མངར་གསུམ་ཅུང་ཟད་བསྲེས་ལ་བསྐ་སླ་རང་གི་ཟ་ཚོད་རན་པ་ཙམ་དུ་བྱས་ལ། གཙང་སྦྲ་དང་ལྡན་པས་གཏོར་མ་རྣམས་སླ་བཅོས་ལག་ཁྲལ་འཇལ་བ་ཙམ་མ་ཡིན་པར་མཚན་ཉིད་དང་ལྡན་པ་བཅའ་”④ཞིང་རྟེན་གཏོར་གྱི་རིགས་ལོ་ཁ་ཤས་འཇོག་རྒྱུ་རྣམས་ནི་མར་གྱི་འདྲུས་པའི་ཟན་ལ་གཟུངས་གཞུག་ཕུལ་ཏེ་འཇོག་པ་ཡིན་ནོ།།
     གཞན་དུ་བོད་རང་གི་ཡུལ་སྲོལ་གོམས་གཤིས་ཁྲོད་ཀྱི་མཚོན་བྱེད་རི་མོ་བཀྲ་ཤིས་རྟགས་བརྒྱད་དང་། སྟག་སེང་ཁྱུང་འབྲུག རྒྱ་གར་བའི་ཡུལ་ནས་དར་བར་བཤད་པའི་རྒྱལ་སྲིད་སྣ་བདུན་དང་རྫས་བརྒྱད་འདོད་ཡོན་རྣམ་ལྔ་ལ་སོགས་པ་ནང་བསྟན་ཆོས་གཞུང་དུའང་འཁོད་པ་ཁག་གཅིག་ཕན་ཚུན་འགལ་མེད་དུ་དགོངས་ནས་ཟན་ལ་གཟུགས་བཅོས་པའམ་པར་དུ་འདེབས་པ་མར་རྒྱན་དུ་བཀོད་པ་སོགས་མཛེས་ཆོས་ཀྱི་འདུ་ཤེས་སུ་རིམ་གྱིས་འཕོས་ནས་གཟུགས་དབྱིབས་ལེགས་བཅོས་དང་། མཚོན་ཚུལ་སྣེ་མང་། གོང་འོག་རྣམ་དབྱེ། དམིགས་བྱའི་རིམ་པ་སོགས་ཇེ་མང་དུ་ཕྱིན་ནས་གཏོར་མའི་རིག་གནས་དེ་ཉིད་འཕེལ་རྒྱས་སུ་ཕྱིན་ཏེ་མར་རྒྱན་ཚོན་སྤྲོས་བཅའ་སྟངས་དཔེའུ་རིས་སོགས་ཆ་ཚང་ཅན་དུ་འགྱུར་བར་སེམས་སོ།།
     གཉིས་པ། གཏོར་མའི་གོ་དོན།
     སྤྱིར་གཏོར་མ་ལ་འཕགས་ཡུལ་དུ་བ་ལི་ཞེས་སྟོབས་དང་ནུས་པའི་གོ་དོན་ལ་འཇུག་པ་ཡིན་ཞིང་། བོད་སྐད་དུ་གཏོར་མ་ཞེས་ཆགས་མེད་ཡོངས་སུ་གཏོང་བའམ་འགྱེད་པའི་དོན་དུ་འགྲོ་ལ་མ་ནི་མིང་མཐའ་ཙམ་ཡིན་པར་སྙམ་སྟེ། ཞྭ་དམར་སྐུ་ཕྲེང་ལྔ་པས་གཏོར་མ་དེ་ཉིད་བདུད་རྩིའི་དགའ་སྟོན་དུ། བ་ལི་ཞེས་བྱ་སྟོབས་དང་ནུས་པ་ལ། ། འཇུག་སྟེ་རང་གཞན་རྒྱུད་ལ་འཆི་མེད་ཀྱི། ། སྟོབས་ཆེན་ཐོབ་ནས་བདུད་བཞི་འཇོམས་ནུས་པའི། ། དམ་རྫས་པཉྩ་ཨ་མྲྀ་ཏ་ཉིད་ཡིན། ། བྷོ་ཊའི་བརྡ་ལས་གྲངས་བའི་སྒྲ་བཤད་ན། ། ཆགས་མེད་ཡོངས་སུ་གཏོང་བས་གཏོར་ཞེས་བྱ། ། སྡང་མེད་བུ་ལྟར་བརྩེ་བས་མར་བརྗོད་དེ། ། ཉེ་རིང་མེད་པའི་བཏང་སྙོམས་གཉིས་ཀའི་གྲོགས། ། ལྟ་བ་གནས་ལུགས་སེམས་ཀྱི་གཏོར་མ་ནི། ། ཆོས་སྐུ་སྐྱེ་བ་མེད་པའི་རང་ཞལ་ལ། ། སྣ་ཚོགས་སྣང་བ་མ་ལུས་ཅིག་ཅར་བབ།གཅིག་ཆོས་ཀྱི་སྐུ་ཡི་འཚོ་གཞེས་བརྟན། ། སྒོམ་པ་རྣལ་འབྱོར་ལུས་ཀྱི་གཏོར་མ་འདི།། ཡེ་ཤེས་གཏུམ་མོ་སྒྲོན་མེ་ལྔ་སྦར་ཞིང་། ། ཐུགས་རྗེའི་ལྕགས་ཀྱུ་བདུད་རྩི་ལྔ་བཞུས་པས། ། ཕུང་ཁམས་རྒྱལ་བ་རིགས་ལྔའི་འཚོ་གཞེས་བརྟན། ། སྤྱོད་པ་བསྐྱེད་རིམ་ཕྱི་ཡི་གཏོར་མ་ནི། ། གོང་དུ་ལྷག་པའི་ལྷ་ལ་མཆོད་པ་དང་། ། འོག་ཏུ་འབྱུང་པོའི་ཚོགས་ལ་སྦྱིན་པ་དང་། ། མཉམ་པར་རྡོ་རྗེའི་སྤུན་ཚོགས་རོལ་བའི་རྫས། ། ⑤ཞེས་ཞིབ་པར་བསྟན་ཡོད་པ་དང་། སྤྱིར་ན་གཏོར་མ་ཞེས་པའི་མིང་དེ་གཏོར་མ་ཆ་བཞིའི་སྐབས་ཀྱི་གཏོར་མ་ཡིན་པ་ལས། དེང་སྐབས་སམ་བོད་དུ་དར་བའི་ཟན་གྱི་གཏོར་མ་ཐམས་ཅད་མ་ཡིན་ཏེ་གཏོར་བའམ་འགྱེད་པ་ནི་འཕྲལ་དུ་བསྔོ་བ་ཚར་བའི་རྗེས་སུ་ཕྱོགས་ཀུན་ལ་འགྱེད་པས་ན་དེ་སྐད་ཐོགས་པ་ཡིན་ལ། དེའི་ཕྱག་ལེན་མ་ཉམས་པར་གནས་ཤིང་དགེ་འདུན་པ་ཚོས་སྔ་དྲོ་ཆག་མེད་དུ་ཟན་རིལ་ཆུ་དང་མཉམ་དུ་གཏོང་བ་དེ་ག་ལགས་མོད། བཟན་ལས་བཟོས་པའི་རིགས་ཀུན་ལ་གཏོར་མ་ཞེས་རྩ་བའི་འབྱུང་གཞི་དེ་ལས་རིམ་བཞིན་ཚང་མར་ཐོགས་པ་ཡིན་སྟབས་གཏོར་མ་ཡིན་ཚད་འཕྲལ་དུ་གཏོར་ཞིང་འགྱེད་པ་མ་ཡིན་པ་བཅས་སྐབས་ཐོབ་སོ་སོར་གོ་བར་བྱ་དགོས་སོ།།
     གཏོར་མ་ལ་རིགས་མང་དུ་དབྱེ་རྒྱུ་ཡོད་ཀྱང་གཙོ་བོ་གོང་གི་མགྲོན་རིགས་རྣམ་བཞི་དང་། བླ་མ་ཡི་དམ། ཆོས་སྐྱོང་དུ་བསྐྱེད་པའི་རིགས་བཞི། ཞི་རྒྱས་དབང་དྲག་གམ་འབྱུང་བ་བཞིའི་ཁ་དོག་མཚོན་པའི་རིགས། ལྷར་བསྐྱེད་ནས་འཇོག་པའི་རྟེན་གཏོར་དང་། རྟགས་གཏོར་ཞེས་མཆོད་རྫས་སུ་དམིགས་ཏེ་འཕྲལ་དུའམ་ལོ་ཟླ་ཞག་དུས་ངེས་པའི་བརྗེ་ལེན་བྱེད་རྒྱུ་ཅན་སྤྱན་རྟེན་མཆོད་པའི་ཚུལ། བགེགས་དང་ལན་ཆགས་ལ་སྦྱིན་པར་དམིགས་པའམ་ནད་པ་སོགས་ཀྱི་ཚབ་ཏུ་གཏོར་བའི་གླུད་རྫོང་བཅས་སུ་ཧ་ལམ་འདུ་ལ། བཟོ་དབྱིབས་ཀྱི་ཆ་ནས་ཞི་བའི་ཚུལ་དུ་ཟླུམ་པོ། རྒྱས་པའི་ཚུལ་དུ་གྲུ་བཞི། དབང་གི་ཚུལ་དུ་ཟླ་གམ། དྲག་པོའི་ཚུལ་དུ་ཟུར་གསུམ། ཞི་དྲག་སྤེལ་མའི་ཚུལ་དུ་སྟོད་སྨད་གང་རུང་ཞིག་ཟླུམ་པོ་དང་། གཞན་དེ་ཟུར་གསུམ་བྱས་པ། དེ་དང་མཚུངས་པ་ཞི་རྒྱས་སྤེལ་མ་དང་། ཞི་བ་དང་དབང་ཟུང་དུ་འདྲེས་པ། དབང་དང་དྲག་པོ་ཟུང་དུ་འདྲེས་པ། དབང་དང་ཞི་བ་ཟུང་དུ་འདྲེས་པ། དབང་དང་རྒྱས་པ་ཟུང་དུ་འདྲེས་པ་བཅས་སུ་ཧ་ལམ་འདུ་ལ། ད་དུང་དབང་པོ་སྣ་ལྔ་ཞེས་འདོད་པའི་ཡོན་ཏན་ལྔའི་གོ་དོན་ཚང་ཞིང་། ཕུང་ཁམས་སྐྱེ་མཆེད་ཀྱི་ཆ་ཤས་ཚང་བ་སོགས་བོད་རང་གི་རིག་གནས་སྤྱི་དང་འབྲེལ་བའི་གོ་དོན་དང་མཚོན་བྱ་ཤིན་ཏུ་མང་བའི་རིགས་ཡོད་ལ། ཞི་བྱེད་གཅོད་ཀྱི་སྐབས་སུ་ལུས་ཚོགས་མཆོད་དུ་དམིགས་པ་སྟེ་ཡེ་ཤེས་ཀྱི་བདུད་རྩི་དང་ཟག་པ་མེད་པའི་རོར་གྱུར་ཅིང་ཟད་པ་མེད་པའི་ལོངས་སྤྱོད་དུ་བསྟབས་ནས་ཡར་མགྲོན་ལ་འབུལ་བ། ཤ་ཁྲག་འདོད་ཡོན་རྒྱ་མཚོར་དམིགས་ནས་མར་མགྲོན་ལ་སྦྱིན་པའི་བསྒོམ་བྱ་ཕྱག་ལེན་ཡོད་པ་དང་། གསང་བ་སྔགས་ཀྱི་ཐུན་མིན་ཁྱད་ཆོས་སུ་དུག་ལྔ་སྐུ་ལྔ་ཡེ་ཤེས་རྣམ་པ་ལྔའི་ངོ་བོར་གྱུར་ནས་རང་ལུས་དག་པའི་རྫས་སུ་གྱུར་པའི་ལུས་ཀྱི་གཏོར་མ་དང་། ཕྱི་སྣོད་ཀྱི་འཇིག་རྟེན་གཏོར་གཞོང་ནང་བཅུད་སེམས་ཅན་གཏོར་མ་བཅས་རྣམ་པ་མང་པོར་བསྒྱུར་བ་ནི། “གཞན་ཡང་དབང་པོ་རབ་རྣམས་ལ་ཕྱི་མི་ཟེད་རྒྱན་གཏོར། འཇིག་རྟེན་གཏོར་སྣོད། སེམས་ཅན་གཏོར་རྒྱུ་སོགས། ནང་ཕུང་པོ་གཏོར་སྣོད། ཤ་རུས་གཏོར་རྒྱུ། གསང་བ་རང་བཞིན་སྟོང་པ་སྣོད། སྣང་བ་གཏོར་མ་”⑥བཅས་ནང་བསྟན་གསང་སྔགས་གཞུང་གི་ཐབས་དང་། དམིགས་པ། ཏིང་འཛིན་ཁྱད་པར་བའི་སྒོ་ནས་རྒྱུ་མཚན་ལུང་རིགས་དང་ལྡན་པའི་གཏོར་མའི་རྣམ་བཞག་ཀྱང་མང་དུ་ཡོད་ལ། མདོར་བསྡུས་ན། འབྱུང་བ་ལྔ། ཕུང་ཁམས་སྐྱེ་མཆེད་ཀྱི་གོ་དོན་མ་ཚང་བ་མེད་པ་ནི་གཏོར་མའི་ཁྱད་ཆོས་ལགས་སོ།།
     གསུམ་པ། གཏོར་མའི་རིགས་བཤད་པ།
     (༡) ལྷར་བསྐྱེད་པའི་གཏོར་མ། བོད་ཀྱི་ཆོས་ལུགས་གྲུབ་མཐའ་ཁག་ཚང་མས་བླ་མ་ནི་ཡོན་ཏན་གྱི་འབྱུང་གནས། བྱིན་རླབས་ཀྱི་གཞི་མ། སངས་རྒྱས་པའི་ལམ་སྟོན་མཁན་དུ་ངོས་འཛིན་པས་བླ་མའི་སྒྲུབ་ཐབས་དང་། མཆོད་པའི་ཆོ་ག་མང་དུ་ཡོད་ལ། “གང་གི་བསྐལ་བ་བྱེ་བ་རུ། ། ལྷ་སྐུ་འབུམ་ཕྲག་བསྒོམ་པ་ལས། ། བླ་མ་སྐད་ཅིག་དྲན་པ་མཆོག ” ⑦ ཅེས་པའི་བློའི་འདུན་པ་ལྟར་བླ་མའི་གཏོར་མ་གྲུབ་མཐའ་ཀུན་ལ་མང་ཤོས་ཡིན་པ་དང་། བཟོ་དབྱིབས་གཙོ་བོ་ཟླུམ་གཏོར་མདོག་དམར་པོ་དང་དཀར་པོ་བྱས་པ་མང་ཞིང་། པད་འདབ་ཡོད་མེད་སྣ་ཚོགས་རྒྱན་སྤྲོས་ཆེར་མེད་པ་ལྷུན་སྟུག་བབ་ཆགས་ཀྱི་རྣམ་པ་ཅན་ཡོད། ཡི་དམ་གཏོར་མ་ནི་ནང་བསྟན་ཆོས་གཞུང་གི་གསང་བ་སྔགས་ཀྱི་གཞུང་གི་སྒྲུབ་གཞི་གཙོ་བོ་དེ་ཡི་དམ་གྱི་ལྷ་བསྒོམ་པ་དང་། དེའི་གཟུངས་སྔགས་བཟླས་བརྗོད་བྱེད་རྒྱུ་བཅས་ཡིན་སྟབས་ཡི་དམ་གྱི་གཏོར་མ་བཅའ་སྟངས་ཐད་ཞི་རྒྱས་དབང་དྲག་གི་ནང་ནས་རྒྱས་པ་དང་དབང་གི་རྣམ་པ་ཅན་གྱི་བཟོ་དབྱིབས་སུ་བཅའ་བ་ཅུང་མང་ལ། རྒྱན་སྤྲོས་མཛེས་བཟོའི་སྐབས་རྒྱས་བསྡུས་ཅི་རིགས་སྣང་བས་མཐའ་གཅིག་ཏུ་བརྗོད་དཀའ་ཞིང་ཡི་དམ་གྱི་ལྷ་གཅིག་ལ་གྲུབ་མཐའ་སོ་སོའི་ཕྱག་བཞེས་མི་འདྲ་བའི་བཅའ་ཚུལ་དུ་མ་ཡོད།
     མཁའ་འགྲོ་ནི་གསང་སྔགས་ཆོས་གཞུང་སྤྱི་དང་སྔགས་བླ་མེད་སྐབས་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་མྱུར་ལམ་སྒྲུབ་པར་ཉམས་རྟོགས་བསྐྱེད་པའི་གྲོགས་དང་། རྩ་རླུང་ཐིག་ལེའི་དངོས་གྲུབ་འདུ་བ། འཕོ་མེད་དགའ་བཞིའི་རོལ་བ་སོགས་མཁའ་འགྲོ་གྲོགས་སུ་བསྟེན་ནས་སྒྲུབ་པའི་ཐབས་མང་དུ་ཡོད་ཅིང་། དབང་གི་སྒོ་འབྱེད་པ། དཀྱིལ་འཁོར་གྱི་མཐའ་སྐྱོང་བ། དམ་ཚིག་གི་ངོ་བོ་སྟོན་མཁན་བཅས་ནི་མཁའ་འགྲོ་མ་ཡིན་པར་འདོད་པས། དེའི་གཏོར་མ་བཅའ་སྟངས་ཐད་ཞི་རྒྱས་དབང་དྲག་གང་ཡང་མང་ལ། མར་བརྒྱན་ཚོན་སྤྲོས་རྒྱས་བསྡུས་ཅི་རིགས་ཡིད་དུ་འོང་ཞིང་བཀྲག་མདངས་ཅན་མང་ངོ་།
     ཆོས་སྐྱོང་ལ། ཡེ་ཤེས་ཀྱི་ལྷ་ཐར་པའི་གོ་འཕང་ཐོབ་ཟིན་པའི་དབང་དང་རྗེས་གནང་ཡོད་པ་སྔོན་ཚེ་བཅོམ་ལྡན་འདས་དང་དཔལ་གསང་བའི་བདག་པོ་སོགས་གང་ཡང་རུང་བའི་སྤྱན་སྔར་བསྟན་པ་དང་སེམས་ཅན་གྱི་དོན་ཁོ་ན་བྱེད་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཆོས་སྐྱོང་དང་། དྲེག་བྱེད་ཀྱི་ལྷ་ཞེས་ཐར་པའི་གོ་འཕང་ཐོབ་མེད་ཀྱང་། སློབ་དཔོན་པདྨ་སོགས་སྐྱེས་བུ་དམ་པས་བཀའ་བསྒོ་དམ་བཞག་གིས་ནང་བསྟན་ཆོས་ལུགས་སྲུང་བའི་ལྷ་གྲལ་དུ་བཞག་པ་བཅས་བགྲང་གིས་མི་ལང་བ་གྲུབ་མཐའ་སོ་སོར་དམིགས་བསལ་དང་ཐུན་མོང་དུ་བརྟེན་པ་མང་དུ་ཡོད་པས་གཏོར་མའི་རིགས་མང་ཞིང་། དེ་ལའང་ཕུག་གཏོར་ཏེ་ཆོས་སྐྱོང་དེ་ཉིད་བརྟེན་པའི་གནས་སམ་སྐུ་མཁར་གྱི་ཚུལ་དུ་བཞེངས་པ་དང་། ཆོས་སྐྱོང་དངོས་སུ་བསྐྱེད་པའི་རིགས་ཡོད་ལ། འབུལ་གཏོར་ཞེས་སྲུང་མ་དེ་ཉིད་ཀྱིས་བཞེས་པར་དམིགས་པ་བཅས་རིགས་གཙོ་ཆེ་བ་གཉིས་ཏེ། བཅའ་སྟངས་ཐད་དྲག་པོའི་ཚུལ་དུ་བཞེངས་པ་མང་ལ་ཕུག་གཏོར་མར་རྒྱན་མཛེས་སྤྲོས་ཟབ་པ། འབུལ་གཏོར་ལ་མཛེས་སྤྲོས་ཆེར་མེད་པར་ཟན་པར་སྣ་ཚོགས་ཀྱིས་བསྐོར་བ་མང་ཞིང་། བྱེ་བྲག་སྲུང་མ་དེ་ཉིད་སྡེ་བརྒྱད་ཀྱི་རིགས་གང་དུ་གཏོགས་པ། ལྷ་ཀླུ་གཉན་བཙན་བདུད་སོགས་ཀྱི་རིས་གང་ཡིན་བཅས་ལ་བཅའ་ཚུལ་གྱི་རྣམ་གྲངས་ཧ་ཅང་མང་བ་དཔེར་ན། ཐེབས་ཀྱུ། ཏིང་ལོ། རིལ་བུ། འཆང་བུ། ཨེ་གཏོད་ཚུལ་སོགས་ལའང་དབྱེ་བ་ཞིབ་ཅིང་ཕྲ་བའི་ཕྱག་བཞེས་ཡོད་པ་བཅས་དེ་དག་ནི་དཀོན་མཆོག་སྲིད་ཞུའི་མགྲོན་དང་། མགོན་པོ་ཡོན་ཏན་མགྲོན་ཞེས་སྤྱན་འདྲེན་བྱས་ན་བྱོན་ལ་མ་བྱས་མི་བྱོན་པར་འདོད་དོ།
     (༢)མཆོད་རྫས་སུ་དམིགས་པའི་གཏོར་མ་ལ་དབང་པོ་རྣམ་པ་ལྔ་དང་།  ཞལ་ཟས། དྲག་ཞལ། (ཞི་དྲག་ཕྱེད་མའི་རྣམ་པ་ཅན)ཉེར་སྤྱོད་བདུན། བཀྲ་ཤིས་རྫས་རྟགས། སྨན་གཏོར། བ་ལི། རྒྱལ་སྲིད་སྣ་བདུན་ལ་སོགས་པ་མང་དུ་ཡོད་ལ་དེ་ལས་ཉེར་སྤྱོད་བདུན་དང་། བཀྲ་ཤིས་རྫས་རྟགས། རྒྱལ་སྲིད་སྣ་བདུན་སྨན་གཏོར་བཅས་ནི་བླ་མ་ཡི་དམ་ལ་འབུལ་བའི་དམིགས་པ་དང་། དབང་པོ་རྣམ་པ་ལྔ། དྲག་ཞལ། ཉེར་སྤྱོད་བདུན་གྱི་ཞབས་བསིལ་ཕུད་པའི་གཞན་དྲུག་སོགས་ཆོས་སྐྱོང་ལ་དམིགས་ནས་འབུལ་བ་མང་ཞིང་། བཀྲ་ཤིས་རྫས་རྟགས་གོ་མཚོན་སྲོག་ཆགས་རྒྱལ་སྲིད་སྣ་བདུན་རྣམས་ཕྱིས་སུ་ཤིང་ལ་བརྐོས་རྗེས་པར་འདེབས་པའམ། མར་ལ་ས་ཚོན་སྦྱར་བའི་ཚོན་ཁྲ་ཅན་དུ་བཞེངས་པ་ལས་ཟན་ལ་གཟུགས་དངོས་སུ་བཅའ་པའི་སྲོལ་མེད། དེ་དག་གི་བཅའ་སྟངས་ཐད་དབང་པོ་རྣམ་པ་ལྔ་ནི། གཟུགས་འཛིན་པའི་མིག སྒྲ་འཛིན་པའི་རྣ་བ། དྲི་འཛིན་པའི་སྣ། རོ་འཛིན་པའི་ལྕེ། རེག་བྱ་འཛིན་པའི་སྙིང་ངམ་རེག་བྱ་འཇམ་པའི་ངོ་བོ་མེ་ཏོག་གིས་སྤྲས་པ། འབྱུང་བ་ལྔ་དང་སྦྱར་ན། མེའི་ཁམས་མིག ཆུའི་ཁམས་རྣ་བ། རླུང་གི་ཁམས་སྣ། སའི་ཁམས་ལྕེ། ནམ་མཁའི་ཁམས་སེམས་ཀྱི་མཚོན་བྱེད་སྙིང་བཅས་གོ་དོན་མང་དུ་ཡོད་པ་མར་རྒྱན་གྱི་མཛེས་ཚོན་རྨད་དུ་འབྱུང་བ་ལྟ་བས་མི་ངོམ་པ་ཡོད་ལ། དེ་ནི་གཏོར་མ་རྣམས་ཀྱི་ནང་ནས་ཆེས་དམིགས་བསལ་གྱི་ཁྱད་ཆོས་ལྡན་པ་གྲུབ་མཐའ་ཀུན་གྱི་ཆོས་སྐྱོང་སྲུང་མའི་མགོན་ཁང་ནང་དུ་བཤམས་པ་མཐོང་རྒྱུ་ཡོད། ཞལ་ཟས་ནི་གྲུབ་མཐའ་སོ་སོར་བཅའ་ཚུལ་ཅུང་ཟད་མི་འདྲ་བ་ཡོད་ཀྱང་མང་ཆེ་བ་མར་ཁུ་བྱུག་པའི་མདོག་དཀར་པོ་(དམར་པོ་ཡང་འདུག་)ཚོན་སྤྲས་ཡིད་དུ་འོང་ཞིང་བབ་ཆགས་ཞི་དུལ་གྱི་ངང་ཚུལ་མངོན་པ་ཞིག་ཡིན་ལ། ལྷ་སྤྱི་ལ་འབུལ་བའི་རྫས་དང་ཁྱད་པར་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་རིགས་ཀྱི་སྣང་བརྙན་མདུན་དུ་བཞེས་པའི་ཚུལ་དུ་བདུན་ཚར་ཙམ་གྲལ་སྒྲིག་ནས་འཇོག་ཅིང་། ཁག་གཅིག་ལ་མར་རྒྱན་གྱི་ལྟེ་བར་མཆོད་པའི་ལྷ་མོ་བརྒྱད་དང་བཅུ་དྲུག འདོད་ཡོན་ལྔ། བཀྲ་ཤིས་རྫས་རྟགས། རྒྱལ་སྲིད་སྣ་བདུན། རིན་ཆེན་ཆ་བརྒྱད་ལ་སོགས་མཛེས་སྡུག་དང་གསོན་ཉམས་ལྟ་བས་མི་ངོམ་པ་བཀོད་པ་ནི་ཆོས་ལུགས་སྒྱུ་རྩལ་གྱི་ཉིང་བཅུད་མཆོག་ཏུ་གྱུར་པ་ཞིག་ཡིན།
     དྲག་ཞལ་ནི་ཞི་དྲག་ཕྱེད་མའི་མཚོན་ཚུལ་དུ་སྟོད་ལ་འབྲི་མོག་གིས་ཁ་དོག་བསྒྱུར་བ་དང་ཟུར་བཏོན་པ། མར་རྒྱན་མེ་རིས་བརྒྱན་པ། སྨད་དཀར་ཟླུམ་ཞལ་ཟས་དབྱིབས་ཅན་མར་ཁུ་བྱུག་པ་ནོར་ཕྲེང་དང་གླང་ཆེན་མཆེ་བའི་གཟུགས་ཅན་གྱི་མར་ཚོན་སྤྲས་པ་ཞིག་ཡིན་ཞིང་གཙོ་ཆེ་བ་བཀའ་རྙིང་གཉིས་ཀྱི་གྲུབ་མཐའ་ལ་དར་ཆེ་བར་སེམས་ཤིང་གྲུབ་མཐའ་འགའ་རེ་ལ་དེ་ཉིད་བཅའ་སྲོལ་མེད་པ་འདྲའོ།     གཞན་ཡང་རུ་ཊ་བསྒྲལ་བའི་ཤ་ཁྲག་རུས་གསུམ་བདུད་རྩིར་སྒྱུར་ནས་གསོལ་བའི་ཆ་ཤས་མཚོན་ཚུལ་དུ་བྲང་དབྱིབས་ཅན་སྨན་གཏོར་དང་། སྒལ་ཚིགས་ཀྱི་དབྱིབས་ཅན་བ་ལི་བཅས་ཀྱང་མཆོད་གཏོར་གྱི་རིགས་སུ་འདུ་བ་ཡིན།
     (༣)འདྲེར་དམིགས་པའི་གཏོར་མ། དེ་ཡང་མིའི་ལུས་ཀྱི་འབྱུང་བ་ལྔ་པོ་དོ་མ་སྙོམས་པར་འདུ་འཁྲུག་ནད་ཀྱི་དབང་དུ་གྱུར་པ་དང་། དེ་ལའང་ནང་སེམས་ཀྱི་དུག་གསུམ་ཤུགས་ཇེ་ཆེ་བསྐྱེད་པའི་དབང་གིས་བྱུང་བ་དཔེར་ན། འདོད་ཆགས་ལས་རླུང་། ཞེ་སྡང་ལས་མཁྲིས་པ། གཏི་མུག་ལས་བད་ཀན་བཅས་འབྱུང་བའི་གནས་སྐབས་སུ་དུག་གསུམ་ལས་འདྲེ་གཙོ་བོ་རིགས་གསུམ་བསྐྱེད་པ་ཡང་འདོད་ཆགས་ལས་མོ་གདོན་སེན་མོ། ཞེ་སྡང་ལས་ཕོ་གདོན་རྒྱང་འགོང་། གཏི་མུག་ལས་ཀླུ་གདོན་སོགས་ཐམས་ཅད་ནང་སེམས་ཉིད་ཆགས་སྡང་རྨོངས་གསུམ་གྱི་འཁྲུལ་རྟོག་ལས་བྱུང་བར་དགོངས་པ་ནི་ནང་བསྟན་ཆོས་གཞུང་གི་ལྟ་དགོངས་དྲི་མ་མེད་པ་དེ་ཡིན་པས་མཐར་ཐུག་དོན་ལ་ལྷ་འདྲེ་ཞེས་པ་དགའ་སྡང་གི་འཛིན་ཡུལ་མེད་ཀྱང་། ཀུན་རྫོབ་སྒྱུ་མ་ཙམ་དུ་སེམས་ཀྱི་འཁྲུལ་བའི་རྣམ་རྟོག་སེལ་བའི་ཕྱིར་དུ་བགེགས་དང་འདྲེ་ཞེས་ཕྱིར་བསྐྲད་པའམ་དབྱིངས་སུ་དག་པའི་ཐབས་ཤེས་ཀྱི་ཆོ་ག་ལ་བགེགས་བསྐྲད་གླུད་རྫོང་སོགས་སུ་བརྗོད།
     དེ་ལ་གླུད་རྫོང་ནི་སྐྱེས་བུ་གང་ཞིག་ནད་ཀྱིས་ཟིན་པའམ་རྩིས་ཀྱི་སྐག་ཏུ་ཚུད་པ། རྨི་ལྟས་མཚན་ངན་བྱུང་བ་སོགས་སེམས་ཀྱི་རྣམ་པར་རྟོག་པ་མ་རིག་པའི་འདྲེ་བོ་ཆེ་མེད་པ་ལ་ཡོད་པར་འཛིན་པའི་འཁྲུལ་བ་སེལ་ཆེད་དང་། སྣང་སྲིད་ཆོས་སྐུར་འཆར་ཞིང་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱི་རྩལ་མ་རྫོགས་བར་དུ་ཕྱིའི་ལྷ་འདྲེ་ཞེས་པ་སེམས་ཀྱི་ཡུལ་ནས་ཕུད་དཀའ་བས་ན། དེ་དག་ཡོད་པར་དམིགས་པའི་སྒོ་ནས་བརྔན་པ་ལྟ་བུ་སྦྱིན་ནས་སྐྱེ་བོ་དེ་ལ་མི་གནོད་པ་དང་། སྐྱེ་བོ་རང་གི་སྐྱེ་བ་སྔོན་ནས་བསགས་པའི་ལན་ཆགས་བུ་ལོན་སྦྱོང་བ་སོགས་ཀྱི་དམིགས་བྱ་དུ་མ་ལ་དམིགས་ནས་བྱམས་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་བསྐྱེད་བཟང་པོས་ཆོས་སྦྱིན་ཞིང་། ཁ་ཟས་བསྔོ་བའི་ཐབས་ཤེས་ཆོ་ག་ལ་བརྟེན་ནས་ཕྱིན་ཆད་སྐྱེ་བོ་གང་དེར་མི་གནོད་པར་ཕྱིར་བསྐྲད་པ་ཡིན།
     བགེགས་བསྐྲད་ནི་གསང་སྔགས་ཀྱི་དབང་དང་ཆོ་གའི་སྐབས་སུ་གསང་སྔགས་ཀྱི་ཆོས་ཚུལ་བཞིན་ཉམས་སུ་ལེན་པར་གནོད་པའི་མི་མིན་གྱི་འདྲེ་སོགས་དང་། ཁྱད་པར་དུ་ནང་གི་སེམས་རྒྱུད་དུག་གསུམ་གྱིས་བརླམས་པའི་བདག་འཛིན་གྱི་འདྲེ་པོ་ཆེ་ཆོས་ཀྱི་བགེགས་སུ་གྱུར་པ། སེམས་ཉིད་འོད་གསལ་མཁའ་ལྟར་དག་པ་ལ་འདྲེ་ཞེས་བྱ་བ་མེད་ཀྱང་། མ་རིག་འཁྲུལ་འཛིན་གྱི་རྒྱ་ལས་མ་ཐར་བའི་སྐབས་སུ་རྣམ་པར་རྟོག་པའི་འདྲེའི་རིགས། གཞན་ཡང་གསང་སྔགས་ཀྱི་ཆོ་ག་ཟབ་མོ་ཉན་དང་ལྟ་བའི་སྡོམ་པ་དམ་ཚིག་རྣམ་དག་མེད་པ་ལས་སྣོད་རུང་དུ་གྱུར་པ་མ་ཡིན་པ་རྣམས་ཕྱིར་བསྐྲད་པའི་ཆོ་ག་ལ་བྱ་ཞིང་གོང་མ་ནི་གླུད་ཀྱི་གཟུགས་སྣ་ཚོགས་པ་བརྗོད་ཀྱིས་མི་ལང་པ་ཡོད་ཅིང་། ཡས་རྟགས་དང་ཟས་སྣ་མང་པོས་བསྐོར་བ་དང་། གནམ་མཁའ་རྒྱང་བུ་སོགས་མ་བུ་དགྲ་གྲོགས་ལྟར་སྲད་བུ་དཀྲི་བ་བཅས་བཅའ་སྟངས་ཀྱི་རྣམ་གྲངས་མང་ལ། ཕྱི་མ་ནི་གསང་སྔགས་ཀྱི་གཞུང་ཀུན་ལ་སྔོན་ནས་གསལ་བ་ལྟར་དབང་དང་ཆོ་གའི་གོང་དུ་སྦྱོང་བ་རྣམ་གསུམ་སྟེ་ཁྲུས་བྱ་བ་དང་། ཡུངས་ཐུན་གྱིས་བྲབས་པ། གུ་གུལ་བདུགས་པ་སོགས་དང་ཆབས་ཅིག་བགེགས་ལ་གཏོར་མའི་སྦྱིན་པའི་སྲོལ་ཡང་ཕྱིས་སུ་བོད་རང་ལ་དར་བ་འདྲ་སྟེ་བཅའ་སྟངས་ཐད་གླུད་གཟུགས་དང་། ཤ་གཟུགས། ལྕོག་རྡོག་བཅས་རྣམ་པ་གསུམ་མང་ཞིང་ད་དུང་གྲུབ་མཐའ་སོ་སོར་བཅའ་ཚུལ་གྱི་ཕྱག་ལེན་མང་དུ་ཡོད་ལ། མདོར་བསྡུས་ཙམ་ལ་ཆུ་ནས་ཀྱིས་ཀྱང་འཐུས་པར་བརྩི།
     མདོར་ན་བགེགས་ཞེས་པ་སྐྱེ་བོ་ཐ་མལ་པ་སེམས་རྒྱུད་དུག་གསུམ་དང་མ་བྲལ་བའི་སྐབས་ལ་ཆགས་སྡང་གི་ལྷ་དང་འདྲེ་ཞེས་རང་གི་འཁྲུལ་རྟོགས་ལས་སྐྱེས་པ་ཡིན་སྟབས། སྟོང་ཉིད་ཀྱི་རྟོགས་པ་རྒྱུད་ལ་སྐྱེས་ཤིང་དུག་གསུམ་གྱི་དྲི་མ་དང་བྲལ་བའི་དུས་སམ་ནང་ཆོས་རིག་པའི་མཐར་ཐུག་གི་དགོངས་པ་ལ་སྡང་པ་དང་འཇིགས་པ་སྐྱེ་སའི་ཡུལ་ཞིག་ལོགས་ན་བཙལ་དུ་མེད་པར་འདོད་དོ།།
     བགེགས་བསྐྲད་དང་གླུད་རྫོང་གི་གཏོར་མ་ནི་མགྲོན་བཞི་ནས་བཤད་ན་རིགས་དྲུག་སྙིང་རྗེའི་མགྲོན་དང་། ལན་ཆགས་བུ་ལོན་གྱི་མགྲོན་ཁོངས་སུ་འདུ་བ་ཡིན།
     (༤) མཆོད་སྦྱིན་གྱི་གཏོར་མའི་རིགས། གཏོར་མའི་མཆོད་པ་ནི་གོང་དུ་བསྟན་ཟིན་ལ་ད་དུང་ཡུལ་ལྷ་གཞི་བདག་རྣམས་ལ་མཆོད་པའམ་བརྔན་པའི་གཏོར་མ་དང་། གཡག་ལུག་ར་གསུམ་གྱིས་མཚོན་པའི་ཟན་པར་སོགས་འབུལ་གཏོར་གྱི་རིགས་མང་དུ་ཡོད་ལ། གཏོར་མའི་སྦྱིན་གཏོང་ནི་བཅོམ་ལྡན་འདས་ཀྱིས་གསུངས་པའི་གཏོར་མ་ཆ་བཞི་སྟེ། དཀོན་མཆོག་སྲི་ཞུའི་མགྲོན་དང་། མགོན་པོ་ཡོན་ཏན་གྱི་མགྲོན་ལ་དམིགས་ནས་ཕུལ་བས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡོངས་སུ་རྫོགས་ཤིང་། རིགས་དྲུག་སྙིང་རྗེའི་མགྲོན་དང་། ལན་ཆགས་བུ་ལོན་མགྲོན་ལ་བསྔོས་པས་སྐྱེ་བ་སྔོན་གྱི་ལན་ཆགས་བུ་ལོན་ཐམས་ཅད་སྦྱང་ནས་སྦྱིན་པ་ཕ་རོལ་ཏུ་ཕྱིན་པ་ཐོབ་པ་སོགས་ཕན་ཡོན་དཔག་ཏུ་མེད་པ་ཡོད་པར་གྲགས་ལ། མགྲོན་རིགས་རྣམ་བཞི་རྒྱས་པར་ཕྱེ་ན་བཅུ་གཅིག་དང་བཅུ་གཉིས་སུ་དབྱེ་ཚུལ་གཉིས་ལས་ཕྱི་མ་ནི། “དང་པོ་བླ་མ་ཡི་དམ་ལྷ་ཚོགས་དང་། ། གཉིས་པ་ཡེ་ཤེས་པ་ཡི་ཆོས་སྐྱོང་དང་། ། གསུམ་པ་འཇིག་རྟེན་པ་ཡི་ཆོས་སྐྱོང་དང་། ། བཞི་པ་བྲམ་ཟེ་དྲང་སྲོང་གྲུབ་པ་དང་། ། ལྔ་པ་ལྷན་སྐྱེས་ལྷ་རྣམས་མཆོད་ཡུལ་ཡིན། ། ལྷན་སྐྱེས་བདུད་དང་དྲུག་པ་རིས་དྲུག་དང་། ། བདུན་པ་ཀླུ་དང་བརྒྱད་པ་ཡི་དྭགས་དང་། ། དགུ་པ་ལེན་ཆགས་བཅུ་པ་གཞི་བདག་སྤྱི། ། བཅུ་གཅིག་བྱེ་བྲག་ཡུལ་གྱི་གཞི་བདག་དང་། ། བཅུ་གཉིས་ཁས་ཉེན་དབང་ཆུང་མ་ཐོབ་ཅིང་། ། གློ་བུར་ལྷགས་པ་རྣམས་ཏེ་སྦྱིན་ཡུལ་ཡིན་”⑧ཞེས་པ་ལྟར་ལ། ཤིན་ཏུ་བསྡུས་ན་མཆོད་ཡུལ་དང་སྦྱིན་ཡུལ་གཉིས་སུ་འདྲ་བ་དང་“གཏོར་མ་གཏོང་བའི་དུས་ནི། སློབ་དཔོན་པད་མས་ཉ་སྟོང་བརྒྱད་ཉི་ཤུ་གཉིས་དང་བཞི་ལའོ། ། ཡང་གཙང་རིས་མགོན་པོའི་གཏོར་མ་ཉིན་མོ། མཁའ་འགྲོ་ལྕམ་དྲལ་གྱི་གཏོར་མ་ཐོ་རེངས། འབྱུང་པོའི་གཏོར་མ་ནུབ་མོ། རིགས་དྲུག་གི་གཏོར་མ་ངེས་མེད་དུ་གཏོར། ཡི་དྭགས་ལ་དགོང་མོ་སྟེ། ཡི་དྭགས་དགོང་མོ་རྒྱུ་བས་སོ། ། ཞེས་གསུངས་སོ།”⑨གཞན་གཏོར་རིལ་དང་གཏོར་ཡོས་རྣམས་བྱ་དང་རི་དྭགས་ཉ་དང་འབུ་སྲིན་སོཊ་ཡོད་སར་གཙང་ཞིང་དག་པར་གཏོར་ན་དེ་དག་བཀྲེས་སྐོམ་གྱི་གདུང་བ་མངོན་སུམ་དུ་སེལ་བ་བཅས་ནི་རིས་སུ་མ་ཆད་པའི་སྲོག་ལྡན་ཀུན་ལ་ཕན་པ་བསྐྲུན་ཞིང་བདེ་སྐྱིད་ཐོབ་པར་བྱེད་པའི་ནང་བསྟན་ཆོས་གཞུང་གི་རྩ་བའི་དགོངས་པ་མཚོན་ཚུལ་ཞིག་ཀྱང་ལགས།
     (༥) ཚོགས་མཆོད། ཚོགས་མཆོད་ནི་རང་གི་འཁོས་འབྱོར་དང་བསྟུན་པའི་བཟའ་བཏུང་ལོངས་སྤྱོད་ཀྱི་མཆོད་རྫས་རྒྱ་མཚོ་ཡུལ་གོང་མ་རྣམས་ལ་ཕུལ་ནས་ཚོགས་གཉིས་ཡོངས་སུ་རྫོགས་པར་དམིགས་པ་ལས་ལྷག་མ་དངོས་གྲུབ་ཀྱི་ཚུལ་དུ་རང་ལ་གནང་བར་མོས་པའི་སྒོ་ནས་ལོངས་སུ་སྤྱོད་ཅིང་། དེ་ལ་ཕུད་ཀྱིས་མཆོད་ཡུལ་གོང་མ་མཉེས་པ། དངོས་གྲུབ་ཀྱི་ཚུལ་དུ་བར་མ་རང་གིས་ལོངས་སུ་སྤྱོད་པ། བྱིན་རླབས་ཀྱི་ཚུལ་དུ་ཀུན་ལ་འགྱེད་པ། ལྷག་མ་དཀྱིལ་འཁོར་མཐའ་སྐྱོང་རྣམས་ལ་བསྟབས་པ་བཅས་དང་། མར་པ་མི་ལ་སོགས་ཀྱི་རྣམ་ཐར་དུ་ཡུམ་བདག་མེད་མས་ཚོགས་འཁོར་རྒྱ་ཆེན་པོ་བཤམས་ཚུལ་གྱི་ཚིག་ཟིན་ལ་བལྟས་ན་བོད་ལ་དར་ཤིན་ཏུ་སྔ་བའི་གཏོར་མའི་གྲས་ཤིག་ཡིན་པར་མངོན།
     བཅའ་ཚུལ་ཐད་ལྟོ་བ་ལྡིར་ཞིང་རྩེ་མོ་རྡོ་རྗེས་མཚན་པ་ཅན་ནམ་རིལ་མོའི་རྣམ་པ་ཅན། ཞི་བྱེད་གཅོད་ཀྱི་ལུགས་ལ་བམ་ཚོགས་ཞེས་མི་གཟུགས་ཅན་སོགས་ལ་དམིགས་བསལ་རེ་ཙམ་ལས་འབྲི་མོག་གི་རྩི་བྱུག་པ་དང་། མར་རྒྱན་དཀར་པོ་ཁོ་ནས་ཉི་ཟླ་ནོར་བུ་བཀྲ་ཤིས་རྫས་རྟགས་སོགས་ཀྱིས་དབུས་དཀར་ཚེགས་གྲངས་མེད་རྒྱག་པ་བཅས་སོ།།
     (༦)གཏོར་ཟོར། གཏོར་མའི “ཟོར་ནི་བོན་པོའི་རྟ་ཟོར་འཕེན་པ་བཟློག་ཅེས་པའི་ཚིག་ལ་བལྟས་ན་དང་པོ་བོན་པོའི་དྲག་སྦྱོར་གྱི་བྱེད་ཚུལ་ཞིག་ཡིན་པར་མངོན་”⑩ལ། དེ་སྔ་བོད་ཀྱི་དགོན་སྡེ་རྣམས་ཀྱིས་ལོ་རེའི་དགུ་གཏོར་ཆེན་མོ་ཞེས་པར་གཏོར་ཆེན་དམར་པོ་ཁྲོ་ཞལ་ཅན་སྟེང་དུ་གདུགས་དང་ནམ་མཁའ། རྩངས་ཕུར་སོགས་དུ་མས་བརྒྱན་པ་གང་ཞིག་དགྲ་བགེགས་དངོས་སུ་དམིགས་ནས་ལོ་རེའི་འགལ་རྐྱེན་བར་ཆད་དང་། མི་མིན་གནོད་བྱེད་འབྱུང་པོ་ཞིང་བཅུ་ཚང་བའི་བསྟན་དགྲ་དང་བཅས་པ་ཆོས་སྲུང་རྣམས་ནས་བསྒྲལ་བའི་ལས་ལ་བསྐུལ་ཏེ་རྣམ་ཤེས་ཞིང་ཁམས་སུ་སྤོར་བ་དང་། ཚེ་སྲོག་རང་ལ་བསྟིམ་པ། ཤ་ཁྲག་བདུད་རྩིར་བསྒྱུར་བ་སྲུང་མས་གསོལ་བ་སོགས་རིམ་གཉིས་ཀྱི་གདེང་དང་ལྡན་ཞིང་གྲུབ་པའི་ཚད་གཞི་མཐོན་པོར་སླེབས་པ་ཞིག་གིས་གཏོར་མ་མེར་བསྲེག་པའམ་རྒྱང་རིང་དུ་གཡུག་པ་སོགས་ཀྱི་སྐབས་སུ་ཐུན་དང་ཟོར་གྱིས་འབྲབས་པར་བྱེད་པ་བཅས་སོ།།
     བཞི་པ། གཏོར་མའི་བསྒོམ་བྱ།
     དེ་ཡང་བླ་མ་དང་ཡི་དམ་གྱི་གཏོར་མ་སོགས་ནི་ལྷར་དངོས་སུ་བསྐྱེད་ནས་འོད་ཟེར་གྱི་སྤྲོས་བསྡུ་དང་། སློབ་མར་དབང་བསྐུར་བྱེད་དུ་སྤྱོད་པ། ཟན་ཁོ་ན་ཙམ་མ་ཟད་གསེར་དངུལ་ཟངས་ལྕགས་སོགས་མགར་བས་བརྡུངས་པའང་ཡོད་པ། ཕྱིར་གཤོམ་པའི་སྐབས་སུ་གཤེགས་གསོལ་བྱེད་དགོས་པ། བཅའ་དུས་གཟུངས་གཞུག་འབུལ་བ། དུས་ཡུན་རིང་པོར་བསྒོམ་སྒྲུབ་ཀྱི་རྟེན་བྱེད་པ་བཅས་དང་། ཆོས་སྐྱོང་སོགས་ཀྱི་གཏོར་མ་ཁག་གཅིག་སྲུང་མའམ་སྲུང་མའི་ཕྱག་མཚན་དངོས་སུ་བསྐྱེད་ནས་དགྲ་བགེགས་འདྲེ་གདོན་སོགས་ཀྱི་སྟེང་དུ་འཕངས་པའི་ལོ་རྒྱུས་ཀྱང་ཡོད།
     དེ་དག་མཐའ་གཅིག་ཏུ་ལྷ་ཁོ་ནར་བསྐྱེད་པ་ཡང་མ་ཡིན་པ་ནི་སྐབས་འགར་ལྷ་དང་སྲུང་མའི་གཞལ་ཡས་ཁང་དང་ཕོ་བྲང་སོགས་སུ་བསྒོམ་པ་དང་། མཆོད་པའི་ཞལ་ཟས་སོགས་ལ་སྲིད་ན་མཆིས་པའི་ནོར་རྫས་ཡོད་དོ་ཅོག་ཏུ་དམིགས་ནས་འབུལ་བ། གླུད་དང་ཟོར་གྱི་གཏོར་མ་ལ་དམིགས་བྱ་འབྱུང་པོའམ་དགྲ་བགེགས་འགུག་བསྟེམ་དངོས་སྐྱེད་ཀྱི་དམིགས་པ་སོགས་བསྒོམ་བྱའི་ཁ་ཕྱོགས་ཤིན་ཏུ་མང་བ་ཡོད་པས་དེར་འགའ་ཞིག་གོང་དུ་ཐོར་བུའི་ཚུལ་དུ་བསྟན་ཟིན་པ་དང་། མཐའ་དག་ཡིག་ཚོགས་མང་བའི་རྒྱུར་མཐོང་བས་དེ་ཙམ་གྱིས་ཆོག་པ་བྱས་ཤིང་། གཞན་ཡང་རི་ཁྲོད་པ་ཟན་སོགས་གཏོར་མ་བཅའ་བའི་ཆ་རྐྱེན་མེད་པ་རྣམས་ལ་ངེས་པར་དུ་བཅའ་དགོས་པའང་མ་མཆིས་ཏེ་སྣོད་ཀྱི་འཇིག་རྟེན་གཏོར་མར་བསྐྱེད་པ། བཅུད་ཀྱི་དངོས་པོ་མཆོད་རྫས་སུ་དམིགས་པའམ། རང་ལུས་ཀྱི་ཤ་རུས་གཏོར་མ། ནང་ཁྲོལ་མཆོད་རྫས། ཁྲག་ཆུ་སེར་བདུད་རྩིར་དམིགས་པ་སོགས་ཡིད་སྤྲུལ་གྱི་གཏོར་མའི་བསྒོམ་བྱ་མང་དུ་ཡོད་དོ།
     ལྔ་པ། གཏོར་མའི་གཟུགས་དབྱིབས།
     གཏོར་མའི་གཟུགས་དབྱིབས་ཐད་བོད་ཀྱི་གྲུབ་མཐའ་ཁག་གི་ཕྱག་བཞེས་རྣམ་པ་སྣ་ཚོགས་ཀྱིས་བཅའ་ཚུལ་བགྲང་ལས་འདས་ཤིང་། ཆེ་བ་ཐོག་ཚད་ལ་མཉམ་པར་མར་རྒྱན་ཚོན་སྤྲས་མཛེས་པ་དང་། ཆུང་བ་གཏོར་རིལ་སོགས་ཡུངས་འབྲུ་ལ་འགྲན་བཟོད་པ་སོགས་ཀྱིས་མཚོན་མང་དུ་ཡོད་ལ། སྤྱིར་བླ་མའི་གཏོར་མ་མང་ཆེ་བ་ཟླུམ་གཟུགས་བབ་ཆགས་ཤིང་བརྗིད་ཉམས་ལྡན་པ། ཡི་དམ་གྱི་གཏོར་མ་གཟུགས་དབྱིབས་སྣ་ཚོགས་གཅིག་ཏུ་མ་ངེས་པ། མཁའ་འགྲོའི་གཏོར་མ་མཛེས་སྡུག་ཡིད་ལ་ཉམས་དགའ་བ། ཆོས་སྐྱོང་གི་གཏོར་མ་རྒྱུ་ནས་ནག་རྗེན་པ་སོགས་ཀྱིས་གྲུ་གསུམ་ཅན་མང་ལ་མཐོང་བ་ཙམ་གྱིས་བྲེད་ཤ་སྦྱིན་པ། བགེགས་ཀྱི་གཏོར་མ་ཉམས་ཐག་གི་རྣམ་པ་ཅན། གླུད་གཏོར་ཁ་ཟས་ཀྱིས་བསྐོར་བའི་གཟུགས་དབྱིབས་མཐའ་ཡས་པ། མཆོད་པའི་གཏོར་མ་ཡིད་དུ་འོང་ཞིང་སེམས་ལ་དགའ་བ་བསྐྱེད་པ། ཆབ་གཏོར་གྱི་རིགས་སྲོག་ཆགས་རྣམས་ཀྱིས་ཟ་བདེ་བ་དང་ཁྱབ་ཆེར་དམིགས་པའི་རིལ་མ་ཞིབ་པ། ཟོར་གྱི་རིགས་འཇིགས་རུང་ཟིལ་རྔམ་ཆེ་བ་སོགས་དང་། གཞན་ཡང་ལྷ་བཤོས་དང་ཀླུ་བཤོས་དཀར་ཟླུམ། བཙན་བཤོས་དམར་པོ་གྲུ་གསུམ། བདུད་བཤོས་ནག་པོ། ཐེའུ་བྲང་མཁར་ཐབ། འབྱུང་པོ་ལན་ཆགས་ལ་འཆང་བུ་སོགས་བཅའ་བ། ཞི་བའི་ཚུལ་དུ་ཟླུམ་པོ། དབང་གི་ཚུལ་དུ་ཟླ་གམ། རྒྱས་པར་གྲུ་བཞི། དྲག་པོར་གྲུ་གསུམ་བཅས་མང་ཞིང་། ལྷ་སྨན་བཀྲ་ཤིས་ཚེ་རིང་མ་དང་། གཉན་ཆེན་ཐང་ལྷ་སོགས་གཞི་བདག་འགའ་ཡི་མཆོད་གཏོར་གངས་རིའི་གཟུགས་དང་། ཕོ་བྲང་། རི་རབ་བང་རིམ་ཅན་གྱི་རྣམ་པ་བཅས་“བོད་དུ་བླ་མ་གོང་མ་རྣམས་ལ་ལྷག་པའི་ལྷ་དང་ཆོས་སྲུང་སོགས་ཀྱིས་འདི་ལྟར་བཤམས་ཞེས་དངོས་ཉམས་རྨི་ལམ་དུ་གསུངས་པ་སོགས་ལ་བརྟེན་ནས་སོ་སོར་དབྱིབས་སོགས་མི་འདྲ་བའི་ཕྱག་ལེན་མང་དུ་དར་”  ⑾སྐད་དོ།
     དྲུག་པ། གཏོར་མའི་སྒྱུ་རྩལ་རིན་ཐང་།
     ཟན་ལ་གཟུགས་སྣ་ཚོགས་བཅོས་པའི་གཏོར་མའི་རིག་གནས་སྒྱུ་རྩལ་ནི་ཕལ་ཆེར་སྤྱི་ལོའི་དུས་རབས་བཅུ་གཅིག་ཙམ་ལ་དར་བ་དང་། དུས་རབས་བཅུ་བཞི་བཅོ་ལྔའི་སྐབས་སུ་རིམ་བཞིན་ཆ་ཚང་བའི་རིག་གནས་མ་ལག་ཅིག་ཆགས་ཏེ་གྲུབ་མཐའ་མང་པོ་གསར་ཐོན་བྱུང་སྐབས་མཉམ་དུ་དར་ཁྱབ་བྱུང་བར་མངོན། བོད་ཀྱི་གཏོར་མ་ལ་གཟུགས་བརྙན་རྣམ་པ་སྣ་ཚོགས་དང་། མཚོན་ཚུལ་བགྲང་ལས་འདས་པ། ཆོས་ལུགས་ཀྱི་གསང་བ་ལྐོག་གྱུར་ཟབ་པ། ཁྱད་པར་དུ་བཅའ་སྟངས་ཀྱི་ཚད་གཞི་དང་ལག་ལེན་གྱི་རྣམ་གྲངས་མཐའ་ཡས་པར་མར་རྒྱན་ཚོན་རྩི་སྣ་ཚོགས་ཀྱིས་ཤིང་ལོ་དང་། མེ་ཏོག མེ་རི། ནོར་ཕྲེང་། བོད་རང་གི་རི་མོ་སྣ་ཚོགས་བཀོད་སྲོལ་ཡོད་པ་མ་ཟད། གྲུབ་མཐའ་རང་རང་གི་བླ་མ་བརྒྱུད་པ་སོགས་ཀྱི་ལྷ་སྐུ་བཅས་མཛེས་ཤིང་ལྟ་ན་སྡུག་པ། ཚོན་འགྲོས་ཞིབ་ཚགས་པ། གཟུགས་བརྙན་འབུར་དུ་ཐོན་པ། མར་གྱི་བརྐོས་དཀྲོལ་ལག་པས་ལས་དཀའ་བ་སོགས་བོད་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་དང་འབྲེལ་བའི་དགོན་སྡེའི་དགེ་འདུན་པའི་ལག་ཤེས་བཟོ་རིག་ཁྱད་པར་དུ་འཕགས་པ་ཞིག་དང་། མི་རིགས་རིག་གནས་ཀྱི་སྒྱུ་རྩལ་ཡ་མཚན་ཅན་ཞིག་ཡིན།
     ལྷག་པར་ལྷ་ལྡན་སྨོན་ལམ་ཆེན་མོའི་མཆོད་སྤྲིན་ལྟ་བུ་ནི་ཀོ་བ་སོགས་ཀྱི་ལྡེབས་ལ་མར་བཟོས་ཀྱི་ཚོན་རིས་དུ་མས་བརྒྱན་པ་དང་། ཆེ་ཆུང་ཐོག་ཚད་ལོན་པ། གསང་ཐག་སྣ་ཚོགས་ཀྱིས་གཡོ་འགུལ་གཏོང་བ་སོགས་མིག་གི་ལོངས་སྤྱོད་མཆོག་ཏུ་གྱུར་པའི་ལྟད་མོ་ཞིག་ཡིན་པར་གྲགས་ལ། མཚོ་སྔོན་སྐུ་འབུམ་དགོན་གྱི་མེ་ཏོག་མཆོད་པ་ནི་ལོ་ངོ་མང་པོར་གསོག་ཉར་བྱས་པའི་ལྷ་སྐུ་གཙོ་བོར་བྱས་པའི་དེ་སྔ་དུས་རབས་རིམ་བྱུང་གི་མར་རྒྱན་ཚོན་སྦྱོར་མཁན་གྱི་བརྩམ་བྱ་སྣ་ཚོགས་ཀྱི་རིག་གནས་ཤིག་ཡིན་པ་མ་ཟད། དེང་སྐབས་ཡང་མར་ཚོན་རྒྱན་རིས་ལག་ལེན་གྱི་གསར་རྩོམ་མང་པོས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་རྣམས་ཀྱི་ཡིད་དབང་ཆེ་ཆེར་འཕྲོག་པའི་མི་རིགས་ཀྱི་སྒྱུ་རྩལ་ཞིག་ཏུ་གྱུར་བཞིན་ཡོད་པ་སོགས་བོད་བརྒྱུད་ནང་བསྟན་ཆོས་གཞུང་གི་གཏོར་མའི་རིག་གནས་ལ་ཀུན་གྱིས་ངོ་མཚར་ཅན་དང་། དོ་སྣང་ཉམས་ཞིབ་བྱེད་པའི་རིན་ཐང་ཤིན་ཏུ་ཆེན་པོ་ལྡན་པའི་གནད་ཅིག་ཏུ་བརྩི་བཞིན་ཡོད་དོ།
མཇུག་གི་གཏམ།
     དེ་ལྟར་བོད་ཀྱི་གཏོར་མའི་རིག་གནས་སྐོར་ལ་གུས་པས་ལོ་མང་རིང་སློབ་སྦྱོང་དང་ཉམས་ཞིབ་བྱས་པའི་འབྲས་བུའི་ཚུལ་དུ་དཔྱད་རྩོམ་འདི་བཞིན་བྲིས་པ་ཡིན་ཡང་། དཔྱད་བྱའི་ནང་དོན་རྒྱ་ཆེ་བ། དཔྱད་གཞིའི་ཡིག་རིགས་ཉུང་བ། གུས་པ་སྐྱེས་སྦྱང་གི་ཡོན་ཏན་ཞན་པ་སོགས་ཀྱིས་དཔྱད་པས་མ་ཁྱབ་པ་དང་། མ་རྟོགས་ལོག་རྟོགས་སུ་གྱུར་པ། ཟློས་པ་དང་འགལ་བར་སོང་བ། གོང་འོག་གོ་རིམ་འཆོལ་བ་སོགས་སྐྱོན་གྱི་རྙོག་མ་ཇི་སྙེད་ཅིག་ཡོད་ངེས་པས་གཟུར་གནས་རྣམ་དཔྱོད་ལྡན་པ་དག་གིས་མཁྱེན་དཔྱོད་ནོར་བུར་ཀེ་ཏ་ཀས་བགྲུངས་པར་གནང་ན་སྙིང་ནས་བཀའ་དྲིན་ཆེ་ཆེ་ཞུ། །
     ཟུར་བལྟའི་དཔྱད་གཞི།
     ①⑤⑧《གཏོར་མ་དེ་ཉིད་བདུད་རྩིའི་དགའ་སྟོན།》ཤིང་པར་ཤོག་གྲངས་༣.༡.༦.བཅས་སུ་གསལ། ཞྭ་དམར་སྐུ་ཕྲེང་ལྔ་པས་བརྩམས།
     ②④⑥《མཚུར་ལུགས་གཏོར་མའི་དཔེའུ་རིས་བེེཌཱུརྱའི་མེ་ལོང་།》 ལག་བྲིས་མ་ཤོག་གྲངས་༦. ༧.༨བཅས་སུ་གསལ། རུམ་བཏེག་དགོན་གྱི་འབོ་དཀར་སྤྲུལ་སྐུ་དང་བསྟན་འཛིན་འགྱུར་མེད་ཀྱིས་བརྩམས།
     ③⑩《དུང་དཀར་ཚིག་མཛོད་ཆེན་མོ།》2002ལོར་ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི་ཤོག་གྲངས་༥ ༨༣.༩༧༤ལ་གསལ།
     ⑦《ཀུན་བཟང་བླ་མའི་ཞལ་ལུང་།》2001 ལོར་ཞང་ཀང་ཐེན་མཱ་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི་ཤོག་གྲངས་༣༤ ༨ལ་གསལ། རྫ་དཔལ་སྤྲུལ་གྱིས་བརྩམས།
     ⑨《བོད་ཀྱི་དགོན་སྡེའི་རིག་གནས་སྤྱི་བཤད་མེ་ཏོག་ཕྲེང་བ།》 2005ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན་པའི་ཤོག་གྲངས་༢༦༠ལ་གསལ། རང་སྒྲ་སོགས་ཀྱིས་བརྩམས།
     ⑾《བོད་ལྗོངས་ནང་བསྟན། 》1999ལོའི་བོད་ཡིག་དུས་དེབ་ཤོག་གྲངས་༡༠༡ལ་གསལ།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...