སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཀླུ་ཆུའི་མ་ངེ་ཡུལ་ཚོ་ངོ་སྤྲོད་རགས་ཙམ་བཤད་པ།
རྩོམ་པ་པོ། ལྷ་དོན། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-1-8 10:11:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
ཀླུ་ཆུའི་མ་ངེ་ཡུལ་ཚོ་ངོ་སྤྲོད་རགས་ཙམ་བཤད་པ།
ལྷ་དོན།
ནང་དོན་གནད་བསྡུས། དེ་ཡང་ཀླུ་ཆུའི་རྫོང་མཁར་དུ་ཆགས་པའི་མ་ངེ་ནི་ཡུལ་འདིའི་ས་འཛིན་གྱི་དང་བོ་ཡིན་པས།འདིར་མ་ངེ་ཞེས་པའི་མིང་ཐོགས་ཚུལ་དང་གྲོང་གཞིས་ཆགས་ཚུལ།རང་བྱུང་གི་ཁོར་ཡུག་སོགས་རང་བློས་རྟོགས་ཚོད་ཀྱིས་ཅུང་ཙམ་གླེང་བར་བྱ།
བརྡ་ཆད་གཙོ་བོ། མ་ངེ།  ས་འཛིན།  རྫོང་མཁར།  རང་བྱུང་ཁོར་ཡུག

                         ལྷུང་ལྷུང་དལ་འབབ་ཀླུ་ཆབ་སྔོན་མོའི་འགྲོས།།
                         ཕྱོགས་ཕྱོགས་མཚམས་སུ་ངལ་བ་མེད་པར་རྒྱུ།།
                         མཛེས་མཛེས་གངས་ཅན་སྰ་ལའི་སྨན་ལྗོངས་སུ།།
                         སྐྱིད་སྐྱིད་འཚོ་བའི་དབྱངས་རྟ་གླུ་རུ་འགུག།
     མ་ངེ་ཡུལ་ཚོ་ནི་བོད་ཀྱི་རུས་ཆེན་དྲུག་ལས་སྦྲ་ཡི་རིགས་ཀྱི་ནང་ཚན་མལ་དཔོན་གྱི་གདུང་རྒྱུད་ལས་མཆེད་ལ།མ་ངེ་ནི་མལ་གྱི་སྒྲ་ཟུར་ཆགས་པ་ཞིག་ཡིན།དེ་ཡང་ཡན་ལག་བརྒྱད་ལྡན་གྱི་ཀླུ་ཆབ་སྔོན་མོས་གྱ་གྱུས་འགྲོས་ཉམས་ངོམ་ལ་ས་ཡི་དགེ་མཚན་བཅུ་ཡོངས་སུ་ཚང་བའི་ཡུལ་བཀྲ་ཤིས་སྣ་ཀ་ཐང་ཞེས་བྱང་དུ་ཆུ་མགོ་དཀར་མོ་སྟེ་དཀར་དེའུ་དང་།ཤར་དུ་རིན་ཆེན་སྤུངས་པ་ལྟ་བུའི་གཡང་དེའུ།ལྷོར་གཡུ་ཡི་མཎྚལ་ལྟ་བུའི་དབང་དེའུ།ནུབ་ཏུ་དཔའ་བོ་གཡུལ་ལས་རྒྱལ་བ་ལྟ་བུའི་རྒྱལ་ཁའི་དེའུ་བཅས་ཡོད་ལ་བལྟས་ཚོད་ཀྱིས་བ་དན་ཐང་ལ་བཏིངས་པ་བཞིན་གཞན་ཡིད་འགུག་པའི་ལྕགས་ཀྱུ་ལྟ་བུར་གྱུར་ཡོད་ལ།གཡང་ས་སྒོར་མོ་འདིའི་རྒྱབ་རི་གླང་ཆེན་ཉལ་བ་དང་མདུན་རི་བཀྲ་ཤིས་རྟགས་བརྒྱད་སོགས་བཀྲ་ཤིས་པའི་རྟགས་མཚན་གྱིས་གྲུབ་ཡོད་ལ།མ་ངེ་ཚོ་བ་ལས་གཞན།གླིང་རབ་ཚང་དང་ཀ་པན་ཚང་ལས་ཆད་པའི་ཧོར་སྐྱེས་ཚོ་བ་དང་མ་རུ་སྡེ་བ་ལས་ཆད་པའི་ཨ་གསལ་ཚོ་བ་བཅས་གསུམ་དང་།སྤྱི་ཚོགས་གསར་བའི་ཁྲོད་ཤིས་ཚང་ཚོ་དྲུག་ལས་བགོས་པའི་གཙང་སྐོར་བཅས་བཞིའི་བསྡུས་མིང་ལ་མ་ངེ་ཞེས་ཟེར།ཀླུང་ཡངས་ཀླུ་ཆབ་སྔོན་མོས་ས་འཛིན་གྱི་ཕྲེང་བ་བརྒྱུད་ནས་དར་སྔོན་ཐང་ལ་བརྡལ་བ་དང་འདྲ་ལ།དེའི་གཡས་གཡོན་ཀུན་ཏུ་མེ་ཏོག་སྣ་ཚོགས་ཀྱིས་ཕྲ་རྒྱན་བྱས་ཡོད།ལྷག་ཏུ་ཐང་ལ་འབྲུ་རིགས་སྣ་ལྔའི་མགོ་ལྕོག་ལྡེམ་ལྡེམ་བྱེད་ལ།སྤང་ལ་རྟ་ནོར་ལུག་གསུམ་གྱིས་ཅི་དགར་རྩེན་ཡོད་པས། རྗེས་སུ་དཔལ་གུར་སྡེ་བ་དང་རྒྱལ་གུར་སྡེ་བ་སོགས་རུ་སྤོར་དང་།རྒྱལ་ཁབ་ཀྱི་ལས་ཁུངས་སོགས་བཙུགས་ནས་རིམ་གྱིས་རི་མཐོ་ས་གཙང་ལ་རང་བྱུང་གི་གནོད་འཚེ་ཉུང་བའི་མ་ངེའི་གཡང་ས་འདིར་ཡུན་གྱིས་ཀླུ་ཆུའི་རྫོང་མཁར་ཆགས་པ་དང་།མ་ངེ་ནི་ཡུལ་འདིའི་ས་འཛིན་གྱི་དང་བོར་གྱུར་ཡོད།
     དེ་ལྟར་མ་ངེ་ཡུལ་ཚོ་ལ་བྲག་དམར་རྒྱལ་རའི་ཚོ་བ་དང། སྤྱང་བཞེར་ཚོ་བ་གཉིས་ཡོད་ལ།བྲག་དམར་རྒྱལ་རའི་ཚོ་བ་ནི་རི་བྱོར་གཡང་དེའུ་བྲག་དམར་ཀླད་ནས་རུ་ཆགས།རྒྱལ་རའི་རྐེ་སེར་དང་རྐེ་ནག་ཟེར་བ་ཅོ་ནེ་ཆས་པའི་གཤིས་ལ་ཆད་པས་དེང་སྐབས་ཀྱི་རྨེ་རུ་སྲིབ་པའི་རྒྱལ་རའི་ཚོ་བ་དེ་ཡིན།ཡིན་ཡང་ཁྱིམ་ཚང་རེ་འགའ་དོན་རྐྱེན་གང་ཞིག་གི་དབང་གིས་ཕྱིར་རང་ཡུལ་ལ་སླེབས་ནས་གཞིས་ཆགས་པ་ད་ལྟའི་རྒན་པ་ཚོས་ཤེས་ཚོད་རེད། 《དེབ་ཐེར་རྒྱ་མཚོ》ལས།ཨ་ཆེའི་བུ་བཀྲ་ཤིས་བཟང་མ་ངེ་རྐྱལ་ཁའི་མག་པར་སོང་།དེའི་བུ་པད་མ་སྐྱབས་ཀྱི་ཁྱིམ་དུ་ཆེ་ཆེན་ནང་སོ་ཏིང་འཛིན་ཚེ་གཟུངས་ཕྱུག་བྱུང་།དེ་མཚོ་སྔོན་གྱིས་དཔོན་དུ་བསྐོས།ཚ་བོ་ལྕགས་པོ་བྱམས་ཀྱིས་བུ་དོད་བྱས།ནང་སོ་མ་ངེས་བསད་པས་རྡོ་ཕུང་ཁིས་ནས་ཟངས་ཏེ་ཆུ་མདོའི་བར་གྱི་ས་སྟོང་ལ་བླངས།རུ་རྙིང་ཚོ་གསུམ་ལ་རྒྱ་ཁྲལ་འཇལ་བཅུག་སྟེ་ས་བྱིན་པས་དེང་སང་རལ་བའི་མགོ་དགུ་མན་ཆད། ཀྱ་ཁིས་གསང་ལམ་ཚུན་ཆད།སྡོང་བོ་ཁེར་སྐྱེས་ཐུན་ཆད་ཨ་མགྲོན་ཤིས་ཚང་གི་སྤྱི་ས་ཡིན་ཞེས་པ་ལྟར།དེ་ན་ལྕགས་པོ་བྱམས་ནི་ཤིས་ཚང་དཔོན་པོ་ཡིན་པ་རྟོགས་ཐུབ།
     རང་བྱུང་ཁམས་ནི་ལྷུན་གྱིས་གྲུབ་པ་ཞིག་ཡིན་མོད་གནས་འདིའི་གཞིས་སྡོད་བྱས་པའི་ཡུལ་མི་ཚོས་ཚེ་ཚེ་རབས་རབས་ལ་རང་ནུས་ཅི་ལྕོགས་དང་བརྩོན་པ་བརྒྱ་འགྱུར་གྱིས་རིག་གནས་ཀྱི་སྒོ་མོ་ཕྱེ་བ་དང་།ས་མཚམས་ཆུ་མཚམས་བསྲུང་ནས་རང་སྲོག་ཕུད་ཡོད་པ་བགྲང་གིས་མི་ལངས་པ་ཞིག་ཡོད་ཚོད་རེད། 《དེབ་ཐེར་རྒྱ་མཚོ》ལས། ཕྱོགས་དེར་སེ་ར་དཔོན་སློབ་བློ་བཟང་ཉི་མས་བཏབ་པ་མ་ངེ་དགོན་དགའ་ལྡན་རིན་ཆེན་གླིང་ཡོད།རྗེས་སུ་ཡུལ་འདི་གའི་དགོན་ཕྲན་དག་གཅིག་བསྡུས་ཀྱིས་རབ་བྱུང་བཅུ་བཞི་བའི་ས་ཕག(སྤྱི་ལོ་༡༨༣༩)ལོར་ཀུན་མཁྱེན་མཆོག་གི་བཀའ་ལུང་དུས་བབས་ལྟ་བུས་དེ་ཉིད་ཀྱི་ཐུགས་སྲས་སྡེ་ཁྲི་རིན་པོ་ཆེ་འཇམ་དབྱངས་ཐུབ་བསྟན་ཉི་མས་ཆོས་འཁོར་སྒར་གསར་དགའ་ལྡན་ཆོས་འཁོར་གླིང་༼ད་ལྟའི་ཤིས་ཚང་སྒར་གསར༽ཕྱག་བཏབ།དད་ལྡན་གྱི་མང་ཚོགས་དག་གི་རེ་བའི་གཤིན་ས་ལ་ཆོས་ཀྱི་ཆར་རྒྱུན་བྱུང་བས་རྣམ་སྨིན་གྱི་བྱ་གཞག་ལས་སྐྱེས་འགྲོ་ཀུན་གྱི་བྱ་བ་ཡར་འགྲོ་བྱུང་བ་རེད།ཡང་༼དེབ་ཐེར་རྒྱ་མཚོ༽ལས།རང་ཡུལ་དུ་ཤིས་ཚང་སྒར་བའི་རྒྱབ་རིར་མ་ངེ་དཔོན་སློབ་ཀྱི་སྒྲུབ་ཁང་ཡོད་ཞེས་པ་ལྟར་ཡུལ་འདི་ནས་མདོ་སྔགས་ཀྱི་རིག་གནས་ལ་མཁྱེན་རྒྱ་ཡངས་པའི་སྐྱེས་ཆེན་དམ་པ་མི་ཉུང་བ་བྱུང་ཡོད་ལ།མ་ངེ་རྡོ་རམས་པ་མཆོག་གྲུབ་སོགས་སྡེ་འདི་ནས་ཡིན།
     མ་ངེ་ནི་འབྲོག་ལས་གཙོ་གཉེར་གྱི་ས་ཁུལ་ཞིག་ཡིན་ལ།སྒོ་ཕྱུགས་ལ་རྟ་ནོར་ལུག་གསུམ་དང་།འབྲུ་རིགས་ལ་ནས་དང་ཀེ་ཚེ་སོགས་ཡོད།དུས་བཞིའི་དབྱེ་བ་གསལ་ལ་གནམ་གཤིས་ཀྱི་དྲོད་གྲང་སྙོམས་པས་རྩྭ་དང་རྩི་ཤིང་འཛོམས་ལ།བྱ་བྱིའུ་སྐད་སྙན་སྒྲོག་པ།རི་དྭགས་སྣ་ཚོགས་ཀྱིས་ཅི་འདོད་ཀྱིས་རྩེ་དགར་རོལ་བས་ཕྱི་སྣོད་ཀྱི་ཁོར་ཡུག་མཛེས་པ་དང་།གནས་འདིར་ད་དུང་རང་བྱུང་གི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་དེ།དཔེར་ན།དབྱར་རྩྭ་དགུན་འབུ་དང་ཨ་བྷི་ཁ།ལྕུམ།རེའུ་ལྕག ཁུར་མོང་། གུར་གུམ།སེར་ཆེན།མེ་ཏོག་ལུག་མིག ལྕགས་ཀྱུ་ཆེ་བ།བོང་སེར།འཇིབ་དཀར།འདམ་བུ་ཀ་ར།སྤ་མ།སྟར་བུ།རྒྱ་སྟག་ཟིལ་བ།སྤེན་ནག གོ་སྙོད།སྲད་དཀར།ཨུཏྤལ་དཀར་བོ།སྒ་ཤོ།རྟ་རྨིག་ཆེ་བ།གླ་བ་སྲད་མ།སྐྱི་བ།འཁན་པ།སྒ་སྐྱ།ཀྱི་ལྕེ་ནག་པོ།ཚངས་པ་ལྷའི་མེ་ཏོག ཀླུང་སྒོག་ཀེ་ཛི།སྲད་དམར།ལྕམ་པ།ནད་མ།མཐའ་སྔོན་དཀྱུས་སེར།སུ་རུའི་མེ་ཏོག ར་འབུ།གངས་ལྷ་མེ་ཏོག ཁམ་པ་སེར་མགོ་སོགས་སྨན་རྩྭའི་རིགས་སྣ་མང་དང་།འཇོལ་མོ་དང་ནེ་ལེ།ཁུ་བྱུག འུག་པ། ངང་བ།ཅོ་ཀ ཐང་དཀར།ཕོ་རོག ཕུག་རོན།སྲེག་པ།རི་ཏེ།གླག ཁྭ་ཏ།  ཁུག་རྟ། ཁྲ། སྐྱ་ཀ  ཤིང་རྟ་མོ་སོགས་འདབ་ཆགས་རིགས་སྣ་མང་།ཝ་དང་གཡི་དཀར།སྲེ་མོ།ཁྱི།བྱི་ལ།གཡུ་སེར།སྤྱང་ཀི་སོགས་ཤ་གཟན་རིགས་སྣ་མང་དང་།གླ་བ་དང་ཤཱ་བ།བྱི་ལུང་།ཕྱི་བ།ཙི་གུ།ཨ་བྲ། ཡུ་མོ། གནའ། རི་བོང་།ཕག་རྒོད་སོགས་སྲོག་ཆགས་རིགས་སྣ་ཚོགས་འདུས་སྡོད་ཀྱི་ས་ཁུལ་ཞིག་ཡིན།
     ད་ནི་ཕ་ཡུལ་གཡང་སྡེ་ཕྱུག་མོ་འདིར་རྒན་པའི་ཚེ་ཐག་རིང་ལ་དར་མའི་སྙོམས་ལག་མགྱོགས་པ། ཆེི་བཀུར་ཆུང་བྱམས་ལྡན་པས་ཀུན་གྱིས་བསྟོད་བསྔགས་བྱེད་སའི་གནས་སུ་འགྲེང་ཡོད། ལྷག་ཏུ་ལོ་འདི་དག་གི་རིང་ལ་ཀླུ་ཆབ་སྔོན་མོའི་སྒེག་ཉམས་དང་།རང་བྱུང་ཁོར་ཡུག་གི་མཛེས་པ།ཡུལ་མི་ཚོའི་གཤིས་སྤྱོད་ལས་ཕྱོགས་སོ་སོའི་མཐུན་སྦྱོར་དང་རོགས་རམ་ལས་ཡུལ་མི་ཚོའི་ནང་གི་བསམ་བློ་དང་ཕྱིའི་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བཞིན་ཡོད།༼སྤྱོད་འཇུག༽ལས།སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེད་ཞེས་པ་ལྟར་ཕྱི་རབས་པར་བག་ཆགས་ཙམ་རེ་འཇོག་ཐུབ་སོང་ན།ཉིད་ཀྱི་ལས་འགན་ཡང་འགྲུབ་སོང་བས་འདི་ནི་ཕ་ཡུལ་གྱི་རིགས་མཐུན་ལ་འཕུལ་བའི་ལེགས་སྐྱེས་ཤིག་ཏུ་འཁུམས་ཡོད།འདི་བས་ད་དུང་བསམ་བཞིགས་གང་མང་བྱས་ནས་ཕ་ཡུལ་གྱི་གནས་ཚུལ་ཕྲ་ཞིབ་ཤེས་རྒྱུ་ནི་སེམས་ཀྱི་འདུན་མ་ཡིན་ལ།དགེ་ཆོས་ཀྱིས།རང་སྡེ་རིགས་ལ་ཞེན་པ་དཀར་པོའི་མདངས།།རང་བྱུང་སྙིང་གི་དབུས་ན་གནས་པ་འདིས།།རང་ཡུལ་ཁ་བ་ཅན་གྱི་རྗེ་འབངས་ལ།།རང་གི་ནུས་པས་སྲི་ཞུ་ཅུང་ཟད་སྒྲུབས།།ཅེས་གསུངས་པ་བཞིན་ནོ།།
དཔྱད་གཞིའི་ཡིག་ཆ།
《མདོ་སྨད་ཆོས་འབྱུང》བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
《མདོ་སྨད་ཀླུ་སྟོད་ཀྱི་ལོ་རྒྱུས》མ་ངེ་གྲགས་པ་རྒྱ་མཚོ།ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
《ཀན་ལྷོའི་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས》ཀན་ལྷོ་ཁུལ་སྲིད་གྲོས་ཨུ་ཡོན་ལྷན་ཁང་།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...