སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
སུམ་རྟགས་ཀྱི་ཕྱི་མོ་འདི་ཉིད་དུས་རབས་བདུན་པའི་ནང་གི་བརྩམས་ཆོས་ཡིན་མིན་སྐོར་གྱི་ཐོག་མའི་དཔྱད་པ།
རྩོམ་པ་པོ། སྟོབས་ལྡན། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-1-9 9:14:00 རྩོམ་ཁུངས། ཀྲུང་གོའི་བོད་རིག་པ། ཀློག་གྲངས།
སུམ་རྟགས་ཀྱི་ཕྱི་མོ་འདི་ཉིད་དུས་རབས་བདུན་པའི་ནང་གི་བརྩམས་ཆོས་ཡིན་མིན་སྐོར་གྱི་ཐོག་མའི་དཔྱད་པ།
སྟོབས་ལྡན།
     གནའ་དེང་གི་གཙུག་ལག་རི་བོའི་གཏོས་དང་མཉམ་པ་ཀུན་དུ་སུམ་རྟགས་ཀྱི་ཕྱི་མོའི་བསྟན་བཅོས་འདི་ཉིད་དུས་རབས་བདུན་པའི་དུས་སུ་ཐོན་མི་དངོས་ཀྱིས་མཛད་པ་མགྲིན་གཅིག་ཏུ་སྨྲ་ཞིང་། ལྷག་པར་བསྟན་བཅོས་རང་ཉིད་ཀྱི་མཇུག་ཏུ“བྱཱ་ཀ་ར་ཎའི་རྩ་བ་སུམ་ཅུ་པ་ཞེས་བྱ་བ་སློབ་དཔོན་ཨ་ནུས་མཛད་པ་རྫོགས་སོ།།”ཞེས་རང་ཅག་ཕྱི་རབས་པའི་མཐོང་ཡུལ་དུ་ཡོད་མོད། འོན་ཀྱང་ཞིབ་ཏུ་བསམས་ན་དོན་ལ་བསྟན་བཅོས་འདི་དུས་རབས་བདུན་པའི་ནང་གི་ཡི་གེ་དང་བརྡའི་ཁྱད་ཆོས་འབུར་དུ་དོད་པ་ཞིག་མངོན་དཀའ་བ་མ་ཟད། བསྟན་བཅོས་འདིའི་ཁྱད་ཆོས་གང་མང་ཞིག་བཙན་པོའི་དུས་ཀྱི་རྡོ་རིང་དང་ཤོག་དྲིལ། ཁྲམ་ཤིང་སོགས་དུས་རབས་བརྒྱད་པའི་ནང་གི་ཚད་ལྡན་གྱི་ཡི་གེ་དག་དང་ཡེ་ནས་མི་འདྲ་བར། དུས་རབས་བཅུ་གཅིག་པའི་ཕྱིས་ཀྱི་ཡི་གེ་དང་མིང་བརྡ། ཚིག་སྦྱོར། རྣམ་དབྱེ། ཕྲད་བཅས་ཀྱི་རང་བཞིན་མ་ཉམས་པར་རང་ཆས་སུ་གནས་པ་ཧ་ཅང་གསལ། སྤྱིར་བགྲང་བྱ་སྟོང་ཕྲག་སྔ་རོལ་གྱི་མིང་བརྡ་ཡི་གེ་ནི་ལོ་རྒྱུས་ཀྱི་འགྲོས་དང་བསྟུན་ནས་ཆུའི་གཉེར་མ་བཞིན་གཅིག་རྗེས་གཉིས་མཐུད་དུ་འཕེལ་འགྱུར་བྱུང་བའང་བགྲང་གིས་མི་ལང་བ་གོར་མ་ཆག་ལ། བཙན་པོའི་སྐབས་ཀྱི་ཡི་གེ《བཀའ་ཐང》ལྟ་བུ་བརྩམས་ཆོས་གང་མང་ཕྱིས་དུས་རིམ་ཡུན་རིང་གི་ཁྲོད་དུ་མིང་བརྡ་ཡི་གེ་མི་ཉུང་བ་བཀས་བཅད་ཀྱིས་བཟོ་བཅོས་བྱས་པ་འདི་རིགས་དོན་དུ་བརྡ་ཆད་དང་ཡི་གེ་སྦྱོར་ལུགས་སོགས་ཕྱིའི་རྣམ་པ་ཙམ་ལས་བརྗོད་དོན་རྣམས་སྔར་མུས་ལྟར་རང་གར་བཞག་པ་ལས་གཞན་གང་དུའང་བཅོས་མ་སོང་བ་བརྗོད་བྱ་དང་རྗོད་བྱེད་ཀྱི་ཆ་གཙོ་ཕལ་གྱི་སྒོ་ནས་འགྲེལ་ན་དོན་དང་འབྲེལ་ལས་ཆེ།དེ་ན་གཙུག་ལག་ཡོངས་ཀྱི་ཕྱི་མོའི་བསྟན་བཅོས་འདི་ནི་གོང་གི་སྣང་ཚུལ་དེ་དག་དང་མི་འདྲ་བར་བརྗོད་བྱ་དང་རྗོད་བྱེད་གཉིས་ཆ་ནས་ཐོན་མི་སྐུ་དངོས་འཚོ་བཞེས་དུས་ཀྱི་ཡི་གེ་དང་རྣམ་པ་ཐ་དད་དུ་སོང་བའི་དོགས་སློང་གི་གནད་མང་།
གཅིག བོད་བཙན་པོ་སྐབས་ཀྱི་བོད་ཀྱི་དབྱངས་ཡིག་གི་ངོས་ནས་དཔྱད་པ།
     རྩ་བར“ཨཱ་ལི་གསལ་བྱེད་ཨི་སོགས་བཞི།”ཞེས་པར་གསེར་ཏོག་པའི་མཆན་འགྲེལ་ངོ་མཚར་འཕྲུལ་གྱི་ལྡེ་མིག་ལས། “དབྱངས་ཨཱ་ལི་བཅུ་དྲུག་ལས་བོད་ཀྱི་སྐད་ལ་དབྱངས་ཀྱི་བྱ་བ་གསལ་བར་བྱེད་ཅིང་ཉེ་བར་མཁོ་བའི་ཡན་ལག་ཏུ་འགྱུར་བའི་དབྱངས་ཡིག་ནི། ཨི་ལ་སོགས་པ་བཞི་ཡིན་ཏེ། དེ་ཡང་བོད་ཡིག་གི་གདངས་རིང་ཆ་ཅན་ཡིན་པས་དབྱངས་ཨི་ཨྰི་གཉིས་ཀྱི་ རྗོད་པ་ཐུང་རིང་འདྲ་བའམ་མཉམ་པར་བྱས་པ་གཅིག་ཏུ་སྦྱར་བ་ཨི་སྟེ་གུག་གུ་དང་། ཨུ་ཨྰུ་གཉིས་ཀྱི་རྗོད་པ་གཅིག་ཏུ་བྱས་པ་ཨུ་སྟེ་ཞབས་ཀྱུ་དང་།རྀ་རཱྀ་ལྀ་ལཱྀ་བཞི་དང་ཨཾ་ཨཿགཉིས་ཏེ་དྲུག་པོ་བོད་སྐད་རྐྱང་པ་ལ་མི་མཁོ་བའི་ཕྱིར་དོར་རོ། ། ཨེ་ཨེེ་གཉིས་གཅིག་ཏུ་བྱས་པ་ཨེ་སྟེ་འགྲེང་བུ་དང་། ཨོ་ཨོོ་གཉིས་གཅིག་ཏུ་བྱས་པ་ཨོ་སྟེ་ན་རོ་ཞེས་པའི་བརྡ་ཆད་བཏགས་པས། བོད་ཀྱི་དབྱངས་ཡིག་རྐྱང་པ་ཨི་ཨུ་ཨེ་ཨོ་ལ་གུག་གུ་སོགས་ཀྱི་བརྡ་ཆད་བྱས་པ་བཞི་ཡིན་ནོ། །”ཞེས་དང་། ཤུགས་བསྟན་གྱིས་ཨ་ཡིག་དབྱངས་སུ་བགྲང་བས་དབྱངས་ལ་ཡི་གེ་ལྔ་ལས་བསྟན་མ་སོང་ཡང་། དོན་དུ་རྀ་དང་རཱི་གཉིས་གཅིག་ཏུ་བྱས་པས་རི་ཡིག་དང་། ལྀ་དང་ལཱྀ་གཅིག་ཏུ་བྱས་པ་ལྀ། ཨཾ་དང་ཨཿགཉིས་གཅིག་ཏུ་བྱས་པས་ཨཾ་ཡིག་དང་། ཡང་ན་གཉིས་ཀ་རང་སོར་བཞག་པ་ལྟ་བུ་རིགས་པ་ལ་གྲུབ་སྟེ། དེ་མ་ཟད་ཆེས་གནའ་དུས་ཀྱི་སྐད་དང་བརྡའི་ཁྲོད་དུ་རྀ་ལྀ་གཉིས་ཀྱི་འཇུག་པ་མངོན་གསལ་ཆེ་བ་དང་། བསྟན་བཅོས་ཁག་གཅིག་ལས་ཀྱང་དྲང་བོ་བསྒྲེང་དང་བཀུག་བ་དང་།།བསྟོད་པ་དང་ནི་སྨད་པ་དང་།།བསྒྲིམས་དང་ལྷོད་པའི་ང་རོ་འབྱུང་། །”①ཞེས་རྀ་ལྀ་གཉིས་དབྱངས་ཀྱི་གྲས་སུ་འཇོག་པ་དང་། དེ་བཞིན་གནའི་བཙན་པོའི་དུས་ཀྱི་རྡོ་རིང་གི་ཡི་གེ་ལས“སྐྱིད་པའྀ་བཀའ་དྲན་ནི་རབས་ཁྲྀའྀ་བར་དུ་ཐོབ།། སྙན་པའྀ་སྒྲ་སྐད་ནྀ་གཉྀ་ཟླས་སླེབས་སོ་ཆོག་ཏུ་ཁྱབ་སྟེ། །......”② ཞེས་དང་། “བཙན་པོ་ཁྲྀ་སྲོང་ལྡེ་བཙན་ཐུགས་སྒམ་ལའ་བཀའ་གྲོས་གྱི་རྒྱ་ཆེ་བས། ཆབ་སྲྀད་གར་མཛད་དོ་ཅོག་  དུའང་ལེགས་སྟེ།......”③སོགས་རྀ་ལྀའི་ཡི་གེ་སྟེ་གུག་གུ་ཕྱིར་ལོག་ཅན་བྲིས་པ་ཧ་ཅང་མང་བ་དང་། ཏུན་ཧོང་ནས་ཐོན་པའི་ཤོག་དྲིལ་ཡི་གེ་ནའང་རྀ་ལྀ་གཉིས་མཚོན་པའི་ཡི་གེ་མང་པོ་བྲིས་པ་དཔེར་ན། “ཁྲི་འི་བདུན་ཚྀགས་ཀྱི་སྲས། ། ཁྲི་ཉག་ཁྲི་བཙན་པོ། ། ས་དོག་ལ་ཡུལ་ཡབ་ཀྱྀ་རྗེ། ། དོག་ཡབ་ཀྱི་ཆར་དུ་གཤེགས་སྰོ། ། ”④“རྟའྀ་ལོ་ལ། བཙན་པོ་མེར་ཀ་ན་བཞུགས་ཤིང་། བློན་ཆེ་སྟོང་རྩན་སྙིང་དྲུང་གྱྀ་སྣ་རྀངས་ན་མཆྀས་པར་ལོ་ཆིག”⑤ཅེས་སོགས་རྀ་ལྀ་གཉིས་ཀྱི་ཡི་གེ་གང་སར་ཁྱབ་པ་དང་། ཨཾ་སྟེ་སྣ་ལྡན་ཅན་དང་ཨཿཡིག་རྣམ་བཅད་ཅན་གྱི་ཡི་གེ་ཡང་གོང་གི་རྀ་ལྀའི་ཡི་གེ་བར་ཧ་ཅང་མང་དུ་མཐོང་རྒྱུ་ཡོད་དེ“ནཾ་ཞར་རབས་ཆད་དཾ། སྐཿགྱོད་ལ་ཐོགས་ན་ཡང་། ......ནཾ་ནཾ་ཞར་ཞར་གཙྀགས་རྣཾས་གཉིས་ཀྱི་ཡི་གེ་ལས་འབྱུང་བ་དང་། རྡོ་རིངས་ནི་གཉྀས་ལ་བྲྀས་པ་ལས་མྱྀ་དབྲྀ་མྱྀ་བཅོས་མྱྀ་བསྒྱུར་བར་གྱིས་ཤིག”⑥ཅེས་དང་། ཡང“ལྷ་རྗེ་ཆེན་པོ་གནཾ་ལྷའི་སྲས་ལས། ཆོ་ཕྱི་ཚེ་གསུཾ་དྔ། ཙེ་ཙེ་གསུཾ་དྔ། ཕྱུག་པོ་ཚེ་གསུཾ་དྔ། གྱྀམ་པོ་ཙེ་གསུམ་ལས་སྩོགས་པ་སྤུན་མྱི་འཕགས་རྀགས་སུ་གྱེས་སོ ”⑦“རྡོ་རིངས་ལ་བྲྀ་བར། ༔བཙན༔པོའི་བཀའས་གནང་སྟེ་བྲིས་པའ། ༔......གདུང་རབསཿསུ་དམ་པའི་ཆོས་མྱི་གཏང་ཞིང་མཛད་པརཿཆོས་གཙིགས་དང་། གཙིགས་ཀྱྀ་འོད་དཔེ་འཕྲཿམེད་གྱི་སྒྲོམ་བུཿནི། གཙུག་ལགཿཁང་འདྀའི་མཛོད་དུ་བཞག་པར། བཀའས་གནང་ངོ་། །”⑧ཞེས་སོགས་ད་དུང་མང་ཡང་འདིར་ཡིག་ཚོགས་ལ་འཇིགས་ནས་མང་པོ་མ་བཀོད། “ཡི་གེ་ཨཱ་ལི་ཀཱ་ལི་གཉིས”ཞེས་པས་བོད་ཀྱི་དབྱངས་གསལ་གྱི་ཕྱི་མོ་འདི་ཉིད་རྒྱ་གཞུང་ལེགས་སྦྱར་གྱི་ཡི་གེ་ལ་ཁུངས་བཅོལ་ཡོད་པ་རྣམ་གླིང་བ་དང་ཀརྨ་སི་ཏུ།པྲ་ཏི་རིན་ཆེན་དོན་གྲུབ། གསེར་ཏོག་ཚང་སོགས་བསྟན་བཅོས་རང་ཉིད་ཀྱི་རྗེས་སུ་འབྲངས་པའི་བོད་ཀྱི་མཁས་དབང་སྔ་རབས་པ་ཀུན་གྱི་དགོངས་པ་གཅིག་མཐུན་ཡིན་ནའང་། དབྱངས་ཀྱི་ཡི་གེ་ལ་བསྟན་བཅོས་རང་ཉིད་ཀྱི་དགོངས་དོན་དང་བོད་བཙན་པོའི་དུས་ཀྱི་ཡི་གེའི་རྣམ་གཞག་གཉིས་རྣམ་པ་ཐ་དད་དུ་སོང་བ་འདིས་བསྟན་བཅོས་རང་ཉིད་བོད་བཙན་པོའི་དུས་ཀྱི་བརྩམས་ཆོས་མ་ཡིན་པ་ཤུགས་ནས་ཕུད་དེ། གལ་སྲིད་བསྟན་བཅོས་འདི་བཙན་པོའི་དུས་ཀྱི་བརྩམས་ཆོས་རྣལ་མ་ཞིག་ཡིན་ཕྱིན། ལོ་རྒྱུས་ཀྱི་ཆོས་ཉིད་དང་བརྡ་སྤྲོད་ཀྱི་འཕེལ་རྒྱས་སོགས་གང་ལ་གཞིགས་ཀྱང་མ་མཐའ་ཡང་བསྟན་བཅོས་ཀྱི་ནང་དུ་གོང་ནས་དྲངས་པའི་བཙན་པོའི་དུས་ཀྱི་ཡི་གེའི་ཁྱད་ཆོས་དེ་དག་ངེས་པར་ཚང་དགོས་པ་ལུང་དང་རིགས་པ་གཉིས་ཀ་ལ་གྲུབ་པ་དེ་ལྟ་ཡིན། དེང་དུས་ཤོག་དྲིལ་གྱི་ཡི་གེ་ཚད་མར་འཛིན་མཁན་དང་མི་འཛིན་པ་སོགས་སྣང་ཚུལ་སྣ་ཚོགས་པ་ཡོད་རུང་། རྡོ་རིང་གི་ཡི་གེ་ནི་བཙན་པོའི་སྲིད་གཞུང་དངོས་ཀྱིས་བྲིས་པ་ཡིན་པས་ཡིག་མཁན་དེ་ཡི་གེ་ལ་བྱང་ཆ་ཆེ་བ་ཞིག་ཡིན་ངེས་པ་དང་། དེས་ཀྱང་གང་བྱུང་ཅི་འདོད་ཀྱིས་བྲིས་པ་མ་ཡིན་པ་འདིར་རྒྱས་སྤྲོས་བྱ་མི་དགོས། ལྷག་པར་ཆེས་གནའ་དུས་ཀྱི་ཀློག་ལ་གདངས་དམ་ལྷོད་ཀྱི་རིག་པ་ཧ་ཅང་དར་སོ་ཆེ་བར་བརྟེན་གནའ་དུས་ཀྱི་ཡི་གེ་ལ་དབྱངས་བཞི་ལས་ལྷག་པའི་ཡི་གེ་རྀ་ལྀ་གཉིས་དང་། ས་ད་དྲགས་ཀྱི་ཡི་གེ་སོགས་གང་སར་མཐོང་ཐུབ་ན་ཡང་། ཕྱིས་སྐད་གསར་བཅད་དང་མིང་བརྡ་གཅིག་གྱུར། སྐད་ཆའི་འཕོ་འགྱུར་སྣ་ཚོགས་ཀྱི་ཁྲོད་ཡི་གེ་འགའ་ཞིག་རིམ་གྱིས་མི་མཁོ་བར་དོར་བ་འདྲ། གང་ལྟར་གནའ་དུས་བཙན་པོའི་དུས་ཀྱི་ཡི་གེ་ནི་རྒྱ་གཞུང་ལེགས་སྦྱར་བའི་ཡི་གེའི་ཁྱད་ཆོས་མང་པོ་རང་ཆས་སུ་ཡོད་པས་སྒོ་ཀུན་ནས་ལེགས་སྦྱར་གྱི་ཡི་གེ་དང་ཕྱོགས་མཐུན་པར་ཞིབ་འཇུག་བྱེད་གང་ཐུབ་བྱ་བ་དེ་འདིར་སྐབས་སུ་བབ་པའི་གནད་དམ་པ་ལགས།
གཉིས། དུས་རབས་བདུན་པའི་ནང་ཡས་མས་ཀྱི་གསལ་བྱེད་ཡི་གེའི་ངོས་ནས་དཔྱད་པ།
     རྩ་བར་ཀཱ་ལི་སུམ་ཅུ་ཐམ་པའོ”ཞེས་པར་གསེར་ཏོག་པའི་མཆན་འགྲེལ་ངོ་མཚར་འཕྲུལ་གྱི་ལྡེ་མིག་ལས། “ཀཱ་ལི་གསལ་བྱེད་སོ་བཞི་ལས་ཀ་སྡེའི་བཞི་པ་གྷ་སོགས་དོར་བས་ཀ་ཁ་ག་ང་བཞི་ནི་ཀ་སྡེའོ། ཙ་སྡེའི་དང་པོ་གསུམ་གྱི་ཙ་རྟགས་དང་བཞི་པ་ཛྙ་དོར་བས་ཅ་ཆ་ཇ་ཉ་བཞི་ནི་ཅ་སྡེའོ། ། ཊ་སྡེ་ཡི་གེ་ལྔ་དང་། དྲོ་བའི་ནང་གི་ཥ་དང་། མཐར་ཟད་ཀྵ་སྟེ་བདུན་པོ་བོད་ཡིག་རྐྱང་པར་མི་མཁོ་བས་དོར། ཏ་སྡེའི་བཞི་པ་དྷ་དོར་བས་ཏ་ཐ་ད་ན་བཞི་ནི་ཏ་སྡེའོ།། པ་སྡེའི་བཞི་པ་བྷ་དོར་བས་པ་ཕ་བ་མ་བཞི་ནི་པ་སྡེའོ།། ཙ་སྡེའི་དང་པོ་གསུམ་གྱི་རྗེས་སུ་མཐར་གནས་ཀྱི་བཞི་པ་སྦྱར་བས་ཙ་ཚ་ཛ་ཝ་བཞི་ནི་ཙ་སྡེའོ། །དྲོ་བའི་ཤ་ཡིག་གི་རྗོད་པ་ཡང་བར་བྱས་པ་ཞ་དང་། མཐར་གནས་ཀྱི་དང་པོ་ཡང་འདིར་སྦྱར་བས་ཞ་ཟ་འ་ཡ་བཞི་ནི་ཞ་སྡེའོ། ། མཐར་གནས་ཀྱི་གཉིས་པ་དང་གསུམ་པ། དྲོ་བའི་དང་པོ་དང་གསུམ་སུམ་རྟགས་ཀྱི་ཕྱི་མོ་འདི་ཉིད་དུས་རབས་བདུན་པའི་ནང་གི་བརྩམས་ཆོས་ཡིན་པ་རྣམས་སྦྱར་བས་ར་ལ་ཤ་ས་བཞི་ནི་ར་སྡེའོ། དྲོ་བའི་བཞི་པ་དང་དབྱངས་ཀྱི་དང་པོ་སྟེ། ཧ་ཨ་གཉིས་ནི་ཧ་སྡེ་ཕྱེད་པའི་བརྡ་ཆད་ཅན་ཡིན་པས། ཀ་ནས་ཨའི་བར་བོད་ལ་མཁོ་བའི་གསལ་བྱེད་ནི་སུམ་ཅུ་ཐམ་པའོ”སོགས་འགྲེལ་ཚུལ་འདི་འདྲ་བ་མང་དུ་འབྱུང་མོད། ཡིན་ནའང་ཆེས་གནའ་དུས་བོད་ཀྱི་ཡི་གེ་ལ་གསལ་བྱེད་སུམ་ཅུ་གྲངས་ཚང་བར་ཡོད་པ་མ་ངེས་ཏེ། རྒྱ་གཞུང་ལེགས་སྦྱར་བའི་ཡི་གེ་ལཉྫའི་འབྲི་སྟངས་ལ་བ་དང་ཝ་ཡིག་གི་གཟུགས་དབྱིབས་འདྲ་བ་དང་།”⑨དེར་བརྟེན་རྒྱ་གར་བའི་སྐད་དུ་དེང་སང་རང་ཅག་གིས་ཀློག་བཞིན་པའི་ཝ་དང་བ་གཉིས་ཁྱད་པར་ཆེ་བའི་ཀློག་འདི་འདྲ་བ་ཞིག་ཡེ་ནས་མེད་པ་འདྲ། “འོན་ཀྱང་ཝ་ཡིག་ཀྱང་རྒྱ་སྐད་ལ་མེད་ཟེར་བ་ག་ལ་འཐད་སྙམ་ན། ཤིན་ཏུ་ཡང་འཐད་དེ་རྒྱ་སྐད་ཀྱི་ནང་དུ་ཝ་ཡིག་རང་རེའི་སྒྲ་བཞིན་ཀློག་པ་གཏན་ནས་མེད་ཅིང་། ཝར་ཧི་སོགས་བྲིས་པ་ལ་ཡང་རྨ་ཆུའི་ལྷོ་རྒྱུད་ཀྱི་ཨ་མདོ་རྣམས་ཀྱིས་བ་གླང་། བ་མོ། བ་གམ་སོགས་ཀྱི་བ་ཡིག་གི་ཀློག་ཚུལ་དང་བར་ཧི་ཞེས་པའི་བ་ཡིག་གི་ཀློག་ཚུལ་གཉིས་ཁྱད་པར་ཕྲ་མོ་ཙམ་་ཡང་མེད་ཅིང་དེ་ཡང་མཆུ་ཡས་མས་གཉིས་མ་འཕྲད་པར་བ་ཡིག་བརྗོད་པ་ཙམ་ཡིན་ལ།དེས་ན་ཝ་ཞེས་རྐན་ངོས་ལ་བརྡར་བའི་སྒྲ་དེ་རྒྱ་སྐད་ལ་ཡེ་མེད་དོ།”⑩གཞན་གནའ་དུས་ཡི་གེ་ཀློག་སྟངས་ལ་སྒྲའི་འབྱིན་ཚུལ་དང་བྱེད་རྩོལ་གྱི་སྦྱོར་བ་གཙིགས་ཆེ་བར་འཛིན་པ་དང་། བོད་སྐད་ལ་གདངས་རིང་བས་རིང་ཆ་ཅན་ནམ་བརྩེགས་མའི་ལུགས་ཀྱི་ཡི་གེ་བྱུང་བ་ཧ་ཅང་མངོན་གསལ་ཆེ་བས་ཝ་ཡིག་གི་འ་ལ་བ་ཟུར་དུ་བཏགས་པ་མཚོན་ཞིང་། ཏུན་ཧོང་ནས་ཐོན་པའི་ཤོག་དྲིལ་ཡི་གེ་སོགས“ཡིག་རྙིང་མང་པོར་ཝ་ཡིག་གི་གཟུགས་ཀྱང་“འྭ”འདི་ལྟར་སྣང་ཞིང་། དེ་ལས་དབུ་མེད་ཀྱི་ཝ་ཡིག་གི་གཟུགས་ཀྱང་བྱུང་བར་གསལ་བའི་ཕྱིར་དང་། འདིའི་ཀློག་ཚུལ་ཡང་འ་དང་བ་གཉིས་བསྲེས་པ་རང་ཡིན་ཏེ། ཁམས་ཕྱོགས་པ་ཕལ་ཆེར་གྱི་སྐད་ལ་འ་དང་ཝ་གཉིས་ཕན་ཚུན་ནོར་འགྲོ་བ་ཙམ་དུ་ཀློག་ཅིང་འ་དང་ཝ་གཉིས་སྒྲ་བསྲེས་པས་དགེ་ཕྲུག་རྣམས་ལ་ཡང་འགྲམ་ལྕག་མང་པོ་འོང་བ་ཞིག་ཡོད། དབུས་སྐད་ལ་ཡང་ཝ་མོ་ལ་འ་མོ་དང་། ཝ་ཞྭ་ལ་འ་ཞྭ་ཞེས་ཅུང་ཟད་འ་སྒྲ་ཐོན་ཙམ་དུ་ཀློག་པ་དེའི་རྒྱུ་མཚན་ཡང་བ་ཟུར་བཏགས་པའི་ཡི་གེ་རྣམས་ལ་རང་རེ་རྣམས་ཀློག་དེ་ལྟར་བྱས་པས་སོ། །”⑾དེས་ན་གནའ་དུས་ཀྱི་སྐད་ལ་ཝ་ཡིག་གི་གདངས་དེ་མེད་པ་གསལ་ཞིང་། དེ་བཞིན་སྐད་ལ་མེད་ཚེ་ཡི་གེ་ལ་དེ་འདྲ་ཞིག་རྩ་བ་ནས་འབྱུང་ཐུབ་པ་མ་ཡིན་ཏེ། རང་རེའི་ཡི་གེ་འདི་སྐད་ཀྱི་གདངས་དང་སྐད་ཆའི་གོ་རིམ་མ་ཉམས་པར་སྒྲའི་རྣམ་པ་ཇི་བཞིན་དུ་མཚོན་པར་བྱེད་པའི་ཡི་གེ་ཡིན་པས་གདངས་དེ་འདྲ་ཞིག་མེད་ཚེ་དེ་ཡི་གེར་འགོད་པའི་རི་མོ་དེ་འདྲ་ཞིག་དོན་གྱིས་མེད་པར་སོང་བ་དེ་ཡིན། རྒྱུ་མཚན་དེ་རིགས་ལ་བརྟེན་འདིར་གསལ་བར་ངེས་ཐུབ་པ་ནི་ཝ་ཡིག་གསལ་བྱེད་ཀྱི་ཡི་གེ་རྐྱང་བ་མ་ཡིན་པར་འ་དང་བ་གཉིས་ཚོགས་པའི་བདག་ཉིད་ཅན་དུ་གྲུབ་པས་གསལ་བྱེད་རྐྱང་བའི་གྲས་སུ་བགྲང་མི་ནུས་པར་དོན་གྱིས་སོང་བས། དེ་ན་ཝ་ཡིག་ནི་གསལ་བྱེད་རྐྱང་བའི་ཡི་གེ་མིན་ཞིང་གསལ་བྱེད་ཀྱི་གྲངས་ལའང་གོང་གི་རྩ་ཚིག་དང་གཅིག་མཐུན་མ་ཡིན་པའི་གནོད་པ་འབྱུང་བ་མ་ཟད།“ཀྰ་ལི་སུམ་ཅུ་ཐམ་པའོ”ཞེས་པའི་བསྟན་བྱ་དེ་ཉིད་རང་བཞིན་གྱིས་འགགས་པའོ།། འོན་ཀྱང་ཁ་ཅིག་གིས་འ་ལ་ཝ་བཏགས་པ་གསལ་བྱེད་རྐྱང་བའི་ཡི་གེའི་གྲས་སུ་བགྲང་ན་མི་ཆོག་པ་མེད་དོ་སྙམ་ན། དེ་ནི་ཧ་ཅང་རིགས་པ་མ་ཡིན་ཏེ། “འདོགས་དང་མགོ་མ་སྦྱར་བའི་ཡི་གེ་ལ་རྐྱང་བའི་ཡི་གེ་ཞེས་བྱ་ཞིང་།”⑿ མགོ་འདོགས་གང་རུང་ཅན་གྱི་ཡི་གེ་ལ་གསལ་བྱེད་རྐྱང་བ་ཞེས་པའི་བརྡ་ཆད་མི་འཇུག་པ་བྱིས་པ་གསར་དུ་ཀློག་སློབ་པ་ཞིག་ལ་དྲིས་ནའང་ཤེས། ཝ་ཡིག་གི་འབྲི་གཟུགས་ལ་བཞེད་ཚུལ་མི་མཐུན་པ་མང་པོ་ཡོད་ཀྱང་། དབུ་མེད་ལ་བྲིས་པ་ལས་འ་དང་བ་བསྲེས་པའི་གཟུགས་དང་། དབུ་ཅན་ལ་བྲིས་པས་ལ་དང་བ་བསྲེས་པ་ལྟ་བུ་འབྱུང་བ་འདི་དག་འབྲི་གཟུགས་ག་འདྲ་རུང་གིས་ཡི་གེ་གཉིས་འདུས་པའི་གཟུགས་སུ་གྲུབ་པ་བློ་གཟུར་བོར་གནས་པ་ཞིག་གིས་ཞིབ་ཏུ་བལྟས་ན་སྣང་ཚུལ་འདི་རྩོད་མེད་ཡིན་པ་དེའོ། །
གསུམ། བཙན་པོའི་དུས་ཀྱི་འཕུལ་རྟེན་དང་བསྟན་བཅོས་རང་ཉིད་ལས་བསྟན་པའི་འཕུལ་རྟེན་གྱི་ཡི་གེའི་ངོས་ནས་དཔྱད་པ།
     རྩ་བར། “མི་འཇུག་པ་ནི་འདི་ལྟ་སྟེ། ཕོ་ནི་མ་ནིང་ལ་མི་འཇུག ། མོ་ཡང་ཕོ་ལ་འཇུག་མི་འགྱུར། ། མ་ནིང་རང་ལ་རང་མི་འཇུག ། རང་གི་སྡེ་དང་ཕྲད་པ་ན། །ཕོ་ཡང་མོ་ལ་འཇུག་མི་འགྱུར། མ་ནིང་མོ་ཡང་དེ་བཞིན་ནོ། །”⒀ཞེས་པར་གསེར་ཏོག་ལས། “སྔོན་འཇུག་གི་ཕོ་བ་ཡིག་ནི། མིང་གཞིའི་མ་ནིང་གི་ཡི་གེ་ཁ་ཆ་ཐ་ཕ་ཚ་ལྔ་ལ་མི་འཇུག་ཅིང་། སྔོན་འཇུག་གི་མོ་འ་ཡིག་དང་། ཤིན་ཏུ་མོ་མ་ཡིག་གཉིས་པོ་ཡང་། རྨང་གཞིའི་ཕོ་ཡིག་ཀ་ཅ་ཏ་པ་ཙ་ལྔ་ལ་འཇུག་པར་མི་འགྱུར་་ལ།མིང་གཞིའི་མ་ནིང་གི་ཡི་གེ་ཁ་ཆ་ཐ་ཕ་ཚ་ལྔ་པོ་རང་ལ། སྔོན་ཇུག་གི་མ་ནིང་ག་ད་གཉིས་པོ་རང་མི་འཇུག་པ་ཡིན་ནོ། ། སྔོན་འཇུག་རྣམས་རང་གི་སྡེ་པ་དང་སྡེ་ཚན་གྱི་མིང་གཞིའི་ཡི་གེ་དང་ཡང་ཕྲད་པ་ན། སྔོན་འཇུག་གི་ཕོ་བ་ཡིག་ཡང་། མིང་གཞིའི་རང་སྡེའི་མོ་ཡིག་བ་མ་གཉིས་དང་། ཕོ་ཡིག་པ་སྟེ་གསུམ་ལ་འཇུག་པར་མི་འགྱུར་རོ། ། སྔོན་འཇུག་གི་མ་ནིང་ག་ད་གཉིས་ལས། ག་ཡིག་ནི། མིང་གཞི་རང་སྡེའི་ཕོ་ཡིག་ཀ་དང་། མོ་ཡིག་ག་ང་སྟེ་གསུམ་ལ་མི་འཇུག་ཅིང་། ད་ཡིག་ནི། མིང་གཞི་རང་སྡེ་ཕོ་ཡིག་ཏ་དང་། མོ་ཡིག་ད་ན་སྟེ་གསུམ་ལ་མི་འཇུག་གོ ། སྔོན་འཇུག་གི་མོ་འ་ཡིག་ནི། མིང་གཞི་རང་སྡེའི་མོ་ཡིག་ཞ་ཟ་འ་ཡ་བཞི་ལ་མི་འཇུག་གོ །སྔོན་འཇུག་གི་ཤིན་ཏུ་མོ་མ་ཡིག་ཡང་ནི་དེ་བཞིན་ཏེ་མིང་གཞི་རང་སྡེའི་ཕོ་ཡིག་པ་དང་། མོ་ཡིག་བ་མ་སྟེ་གསུམ་ལ་ནམ་ཡང་འཇུག་པ་མ་ཡིན་ནོ། །”ཞེས་སོགས་སྔོན་འཇུག་གི་ཡི་གེ་དེ་དག་དེང་དུས་ཀྱི་ཡི་གེ་དང་འདྲ་བར་མིང་གཞིའི་ཡི་གེ་ཆེས་མང་པོ་ཞིག་ལ་མི་འཇུག་པར་བཤད་ན་ཡང་། གནའ་དུས་ཀྱི་སྐད་ཆ་དང་ཏུན་ཧོང་ནས་ཐོན་པའི་ཤོག་དྲིལ་སོགས་ན་དེ་ལས་ལྡོག་ཏེ། སྔོན་འཇུག་གི་ཕོ་བ་ཡིག་མིང་གཞིའི་མ་ནིང་གི་ཡི་གེ་ཁ་ཆ་ཐ་ཕ་ཚ་སོགས་ལ་འཇུག་པ་ནི“ཐང་ལ་ནི་རྩེ་བཆད་ཆིང་།⒁“ཁོང་ཏ་རྣམས་ཀྱི་སུག་རྒྱ་དང་སུག་ཡིག་ཚད་ཀྱིས་བཐབ་ཕ”⒂“ནས་ཀལ་ཕྱེད་དང་བཆུ་བདུན་དང་བྲེ་གསུམ་”⒃“བང་མོ་བང་ཀར་དུཿབློ་ཁྲྀ་འབྲྀང་བཙན་བྲོད་བློན། ཆེན་ཕོར་བཆུག”⒄ཅེས་དང་། སྔོན་འཇུག་གི་མོ་འ་ཡིག་དང་ཤིན་དུ་མོ་མ་ཡིག་གཉིས་མིང་གཞིའི་ཡི་གེ་ཀ་ཅ་ཏ་པ་ཙ་བཅས་ཀྱི་ཡི་གེ་ལ་འཇུག་པ།“རྒྱའ་ཕོ་ཉ་འྭང་འདོ་ཤི་ཕྱག་འཙལད”ལྟ་བུ་དང་།⒅“སྟོད་པྱོགས་གྱྀ་ཕོ་ཉ་པྱག་འཙལད”⒆“ཁྲོམ་གྱྀ་མཀོས་ཆེན་པ་བགྱྀས”⒇ཡང་སྔོན་འཇུག་མ་ནིང་གི་ཡི་གེ་ག་ད་གཉིས་མིང་གཞིའི་མ་ནིང་གི་ཡི་གེ་ཁ་ཆ་ཐ་ཕ་ཚ་རྣམས་ལ་འཇུག་པ་ནི།“དགུན་བཙན་པོ་བྲག་མར་ན་བཞུགས་པར་ལོ་གཆིག”(21)ལྟ་བུ་དང་།“ཁྱེད་གློ་བ་རིངས་ན་དབུ་སྙུང་ལས་གཐོགས”(22) “ཆུ་མྱིག་གཆིག་གི་དངོའ་ནའ།”(23)ལྟ་བུ་མང་པོ་ཡོད་པ་དང་། མ་ཡིག་ཀྱང་མ་ནིང་གི་ཡི་གེ་ལ་འཇུག་པ་ནི།“དབའས་ཁྲི་གཟིགས་ཞང་ཉེན་བློན་ཆེན་པོར་བཀའ་སྩལ་དེ། སེ་རྀབ་ལོག་པར་ལོ་མཆིག(24)”སོགས་འདི་ལྟ་བུའི་དཔེ་མཚོན་ཅན་འདི་དག་བརྗོད་བྱ་དང་རྗོད་བྱེད་ཀྱི་རྣམ་པ་བཅས་གང་གི་ཆ་ནས་བལྟས་ན་བཙན་པོ་སྲོང་བཙན་གྱི་རྗེས་ནས་བྱུང་བ་ཧ་ཅང་གསལ་ན་ཡང་། ཡི་གེའི་ཕྱི་མོ་བསྟན་བཅོས་ཆེན་མོ་འདི་ཉིད་ཀྱི་དགོངས་པ་དང་འགལ་པ་ལྟག་སྤྲོད་དུ་འདུག་པ་དང་། དེར་མ་ཟད་ཆེས་གནའ་དུས་ཀྱི་བརྡ་དང་ཐ་སྙད་ཀྱི་འབྲི་གཟུགས་ལ་གསལ་བྱེད་ཡི་གེ་སྡེ་པ་གཅིག་པའི་ནང་དུ་མིང་གཞིའི་ཡི་གེ་ཕན་ཚུན་གོ་བརྗེས་པ་མཁོསམཀོས། བཅུབཆུ། བདུངསབཐུངས། བཏབའཐབ།ཕབཔབ།འཚལདབཙལད། ཁྲིམསགྲིམས། ཅདའཇད་ལྟ་བུ་དང་། རྗེས་འཇུག་གི་ཡི་གེ་ཕན་ཚུན་གོ་བརྗེས་པ། ཆེནཆེད། བོདབོན། བཙནབཙད། བཀལབཀར་སོགས་ལྟ་བུ། མགོ་ཅན་ཕན་ཚུན་གོ་བརྗེས་པ་ནི། རྟགལྟག བསྟུདབརྟུད  བསྣམབརྣམ་ལྟ་བུའོ།། ཡང་འདོགས་ཅན་གྱི་ཡི་གེ་ཕན་ཚུན་གོ་བརྗེས་པ་གྲངསགྱངས།འགྲོའགྱོ། གྲིགྱི། གྲངགྱང་སོགས་འདི་རིགས་བོད་ཀྱི་བརྡ་དང་སྐད་ཆའི་ནང་འདིའི་ཐད་ཀྱི་ཡི་གེ་དང་འབྲི་གཟུགས་སྣ་ཚོགས་ཆེས་གནའ་དུས་ནས་བརྒྱུད་སྐད་ལ་རང་ཆས་སུ་ཡོད་པའི་བརྡའི་རྣམ་གཞག་འགའ་ཞིག་བསྟན་བཅོས་འདི་ཉིད་ཀྱི་གཞུང་དུ་ཟུར་ཙམ་ཡང་མ་བསྟན་པ་འདིས་བསྟན་བཅོས་རང་ཉིད་ཐོན་མི་སྐུ་དངོས་ཀྱིས་མཛད་པ་ཡིན་མིན་ཧ་ཅང་གསལ།
བཞི། ཆེས་གནའ་དུས་ཀྱི་མགོ་འདོགས་དང་དེའི་སྦྱོར་ཀློག་གི་ངོས་ནས་དཔྱད་པ།
     མགོ་འདོགས་དང་མགོ་འདོགས་ཀྱི་ཡི་གེ་སྤྱིའི་དབྱེ་ཚུལ་སོགས་གཞུང་འདི་ཉིད་ཀྱི་ནང་དུ་གང་ཡང་བསྟན་མ་བྱུང་བས། “སླ”དང“རླ”ལྟ་བུའི་ཡི་གེ་བོད་བྱིངས་ཀྱི་བརྡ་སྤྲོད་སྨྲ་བ་དག་གིས་འདོགས་ཅན་གྱི་གྲས་སུ་བགྲང་ནའང་། ཡིག་བཤད་མཁས་པའི་ཁ་རྒྱན་དུ་ཡི་གེ་འདི་གཉིས་མགོ་ཅན་གྱི་ནང་དུ་བཞག་ཏེ་མགོ་ཅན་གྱི་ཡི་གེར་བརྩི་བ་སོགས་མགོ་འདོགས་ཀྱི་ཡི་གེ་ལ་འདོད་ཚུལ་སྣ་ཚོགས་དང་། དེར་མ་ཟད་གནའ་དུས་ནས་བཟུང་བརྡ་སྤྲོད་ཀྱི་གཞུང་མང་དུ་དྲངས་པའི་མགོ་འདོགས་ཀྱི་ཡི་གེ་སོ་སོའི་གྲངས་ཀ་གཅིག་མཚུངས་མ་ཡིན་པ་དང་།གཞན་མགོ་འདོགས་ཀྱི་ཡི་གེ་ལས་ཡི་གེ་ཕན་ཚུན་གྱི་གོ་བརྗེས་པས་ཀློག་སྟངས་ཧ་ཅང་མི་འདྲ་བར་ཆགས་པ་རྐ_ཀྲ་ལྟ་བུ་སྟེ་ར་ཡིག་སྟེང་འོག་བསྣོལ་བས་ཀློག་ལ་ཁྱད་པར་ཆེན་པོ་བྱུང་བ་དང་།ཡང་ཡི་གེ་གཉིས་ལས་གཅིག་བརྗེས་ཤིང་གཅིག་མ་བརྗེས་པ་རྐ_སྐ་ལྟ་བུ་སྟེང་གི་ཡི་གེ་མི་འདྲ་ལ་འོག་གི་ཡི་གེ་གཉིས་གཅིག་འདྲ་ཡིན་པ་དང་། ཡང་ཀྲ_ཀྱ་ལྟ་བུ་སྟེང་གི་ཡི་གེ་འདྲ་ཡང་འོག་གི་ཡི་གེ་གཉིས་མི་འདྲ་བ་འདི་དག་དེང་སང་གི་ཀློག་ལ་སྔ་མ་གཉིས་གདངས་འདྲ་ཆེ་ཡང་། ཕྱི་མ་གཉིས་ཀློག་ལ་ཁྱད་པར་ཆེན་པོ་འབྱུང་བ་དང་།དེ་མིན་ད་དུང་སྔོན་རྗེས་མིང་གཞི་གསུམ་ག་ལ་བྱེ་བྲག་ཏུ་སྒྲ་དྲག་ཞན་གྱི་དབྱེ་ཚུལ་ཡོད་ཀྱང་མགོ་འདོགས་ལ་སྒྲ་དམ་ལྷོད་ཀྱི་དབྱེ་ཚུལ་ཞིབ་ཏུ་ཉུང་ཙམ་ཡང་མ་བཀོད་པ་འདི་དག་ལ་བསམས་ན་བསྟན་བཅོས་འདི་དུས་རབས་བདུན་པའི་ནང་གི་བརྩམས་ཆོས་ཡིན་མིནདོགས་སློང་གི་གནད་ཆེ་སྟེ།གལ་སྲིད་ཀྱི་ཐོན་མི་སྐུ་དངོས་ཀྱིས་མཛད་པ་ཡིན་ཕྱིན་མགོ་འདོགས་ཀྱི་སྦྱོརལུགས་དང་སྒྲ་དམ་ལྷོད་སོགས་ཀྱི་རྣམ་གཞག་ཅི་སྟེ་བསྟན་བཅོས་འདི་ཉིད་ཀྱི་ནང་སྔོན་རྗེས་ཀྱི་ཡི་གེ་དང་འདྲ་བར་ཞིབ་ཏུ་མ་བཀོད།
     སྤྱིར་ཡོངས་གྲགས་ལ་མགོ་འདོགས་ཀྱི་ཡི་གེ་ཞེས་མགོ་ཅན་དང་འདོགས་ཅན་གྱི་ཡི་གེ་རིགས་གཉིས་སུ་བཀར་ཡང་མགོ་ཅན་གྱི་ཡི་གེ་ཀློག་ཚེ“ཀའི་སྟེང་ལ་ར་བཞག”ལྟ་བུར་མི་ཀློག་པར་“ར་ལ་ཀ་བཏགས”ཞེས་འདོགས་ཅན་གྱི་ཡི་གེ་ཀློག་སྟངས་དང་འདྲ་བར་ཀློག་ནས། མགོ་འདོགས་ཅན་གྱི་ཡི་གེ་གང་ཡང་རུང་གིས་“བཏགས་”ཞེས་པའི་སྒྲ་གཉིས་ཀ་ལ་ཁྱད་མེད་དུ་འཇུག་པ་འདིས་དོན་དུ་ཡི་གེ་རྣམས་བརྩེགས་པའི་སྔ་ཕྱིའམ་རིམ་པ་ཙམ་མ་གཏོགས་མགོ་ཅན་དང་འདོགས་ཅན་གྱི་ཡི་གེ་ལ་ཁྱད་པར་ཆེ་བ་ཡེ་ནས་མེད་པ་དང་། མགོ་ཅན་དང་འདོགས་ཅན་ཞེས་རིགས་གཉིས་སུ་བསྡུས་པ་ནི་དུས་ཕྱིས་ཀྱི་ཡི་གེ་དང་བརྡ་སྤྲོད་སྨྲ་བ་ཚོའི་དབྱེ་ཚུལ་ཁོ་ན་ཙམ་དུ་ཟད། མགོ་འདོགས་སམ་བརྩེགས་མའི་ལུགས་འདི་ནི་བཙན་པོ་སྐུ་དུས་ཀྱི་རྡོ་རིང་ཡི་གེ་ལས།“ང་སྐུ་ཆུ་ངུ་ནྶ(25)”ཞེས་དང་། ཡང་སྔོན་གྱི་ཟླ་དེབ་དྔ་སྦྱར་ཞྀང་། བཀཱཿདྲིན་འོས་བྼ་སྦྱིན་བྼ་བླ་དགོངས་པ་ལས། བན་དེ་ཉིད་རྗེས་འབངས་ཀྱིཿལུགས་དྔ། དགེ་སློང་གི་ཚུལ་འཛིན་ཅིང་། བྐ་དྲིན་མྱྀ་ནོད་པར་གསོལ་གྱིས་ཀྱང་། ཞོ་ཤའི་ལན། བྐ་དྲིན་སྦྱིན་པའྀ་ཆོས་ཡིན་པས། ངའྀ། བཀས། བན་དེ་ཏིང་ངེ་འཛིན། གཅིགས་བརྩན་པ་བྱིན་ཏེ། སྲིད་གཡུང་དྲུང་དུ་གནང་པ། ཡུན་དུ་བརྟན་ཞྔྀ།བདེ་བར་བྱ་བ་དྔ། ཀུན་གྱིས་ཤེས་པར་བྱ་བའི་ཕྱིར(26)”ལྟ་བུ་ནྶདང་། དྔ། བཀཱ། པྼ། བྼ། བྐ།  བྐ། ཞྔྀ། དྔ་སོགས་ནི་དེང་སང་གི་འབྲི་སྟངས་ལ་ནས་དང་། བཀའ། པར། བར། བཀ(འ)། དང་སོགས་སུ་འབྲི་ཞིང་ཀློག་དང་ནང་དོན་བཅས་པ་གཅིག་འདྲ་ཡིན་པ་དང་། ད་དུང་མགོ་འདོགས་བརྩེགས་མ་རྣམས་དབུ་མེད་ཀྱི་ཡི་གེར་བྲིས་ཚེ་དེང་སང་དབུ་ཅན་དུ་བྲིས་པའི་མགོ་འདོགས་བརྩེགས་མའི་འབྲི་གཟུགས་ལྟར་མ་ཡིན་པར་ཞིབ་ཏུ་བལྟས་ན་ཡི་གེ་རྣམས་སྲིད་དུ་བྲིས་པའི་གཟུགས་གསལ་བར་མངོན་ཞིང་། དེར་མ་ཟད་རྡོ་རིང་གི་ཡི་གེ་དངོས་དང་། ཁྲམ་ཤིང་། ཤོག་དྲིལ་ཡི་གེ་སོགས་སུ་བྲིས་པའི་ཆེས་གནའ་དུས་ཀྱི་ཡིག་རྙིང་འགའ་ཞིག་ཏུ་མགོ་འདོགས་བརྩེགས་མའི་ཡི་གེ་རྣམས་དབུ་མེད་ཀྱི་ཡི་གེ་བྲིས་པ་ལྟར་གྱི་ཅུང་གཟེག་པའི་རྣམ་པ་ཅན་དུ་བྲིས་པ་སཀ། སང། སཔ། སབ། སཔྱ། ལད། ལཧ་ལྟ་བུ་ཧ་ཅང་མང་པོ་འདུག་པ་འདི་རིགས་ས“་གསལ་བྱེད་མི་འདྲ་དུ་མ་བརྩེགས། རང་སྒྲ་ཐོན་ཙམ་མྱུར་བར་བཀླག”(27)ཅེས་པ་བཞིན་གྱིས་དེང་སང་གི་རྗེས་འཇུག་གི་ཡི་གེ་ཀློག་པ་དང་ཕན་ཚུན་ཧ་ཅང་ཉེ། “དེའི་ཕྱིར་སྔོན་གྱི་བླུན་པོ་རྣམས་ཀྱིས་ཡི་གེ་བྲིས་པ་ལ་རག་དང་རྒ་གཉིས་ཕན་ཚུན་ནོར་བ་སོགས་ཡང་སྲིད་ལ།”(28)སྔོན་དང་ད་ལྟའི་ཀློག་མི་འདྲ་བའི་དབང་གིས་ཡི་གེ་གཅིག་ཀློག་སྟངས་གཉིས་སུ་གྱེས་ནས་གནའ་དུས་ཀྱི་མིང་བརྡ་མང་པོ་ཧ་ང་འགྲེལ་དཀའ་བར་ཆགས་པ་ནི། “བྲུུ་ཤའི་ཡུལ་བྱ་བ་ཡང་བུར་ཤ་བྱ་བའི་ཡུལ་གྱི་མིང་ཡིན་པས་སྔོན་གྱི་ཀློག་ལ་དག་ཀྱང་དེང་དུས་ཊུ་ཤ་ཞེས་ཀློག་པས་ངོས་མ་ཟིན།”(29)དེར་བརྟེན་གནའ་དུས་ཀྱི་ལུགས་ལ་ཡི་གེ་བརྩེགས་མ་དང་མ་བརྩེགས་པར་བྲིས་པ་གཉིས་ལ་སྒྲ་དལ་བྲེལ་གྱི་ཁྱད་པར་ཙམ་མ་གཏོགས་དབྱེ་བ་ཆེར་མེད་ཅིང་།“་སྔོན་གྱི་ཀློག་ལ་སྔོན་རྗེས་ཐམས་ཅད་སྒྲ་འཐོན་པར་ཀློག་པས། དལ་བུའམ་ཕྲལ་ནས་ཀློག་ཚེ་ས་ག་དང་། དེ་ལས་མྱུར་བར་ཀློག་ཚེ་སག་དང་དེ་ལས་ཀྱང་མྱུར་བར་བྱས་ཚེ་སྒ་འོངས་པ་ལས་དེང་སང་གི་སྒྲ་བཞིན་མི་འདྲ་བ་གསུམ་བཀླགས་སུ་མི་གཏུབ་ལ།་་་་་ ད་དུང་ཡང་འབྲས་་་་་་་ལྗོངས་པ་རྣམས་ཁྱིམ་ལ་ཁྱི་མ་དང་འགོ་ལོག་རྣམས་ངེད་ཅག་ལ་ངེད་ཆ་ག་ཞེས་ཕྲལ་ནས་ཀློག”(30)པས་སྔོན་རྗེས་ཀྱི་སྒྲ་རྣམས་གསལ་བར་ཐོན་པ་མ་ཟད། ད་དུང་མགོ་འདོགས་བརྩེགས་མའི་ཡི་གེ་རེ་རེ་བའི་སྒྲ་ཡང་གསལ་བར་ཀློག་པ་དེ་འདྲ་ཡིན་ནའང་། ཕྱིས་སྤྱི་ཚོགས་དང་ལོ་རྒྱུས། སྐད་ཆའི་འཕེལ་འགྱུར་གྱི་ཆོས་ཉིད་བཅས་གོ་རིམ་སྣ་ཚོགས་པའི་ནང་འདི་འདྲ་བའི་ཀློག་སྟངས་དང་སྣང་ཚུལ་ཤུགས་ཆུང་བར་སོང་བ་འདྲ་སྟེ། སྦྲ་བྱ་བ་ལ་དེང་དུས་ཀྱི་ཨ་མདོ་རྨ་ཆུའི་ལྷོ་རྒྱུད་པ་ཚོའི་ཁ་སྐད་ཀྱི་ནང་དུ་ཡི་གེ་སྟེང་མ་གཉིས་ཏེ“སྦ”དང་།བྱང་རྒྱུད་པ་དག་གིས་ཡི་གེ་འོག་མ“ར”ཡིག་གི་སྒྲ་ཐོན་པ། དེ་བཞིན་སྦྲིད་ལྟ་བུ་ལས་“སྦིད་”དང་“རིད”། སྤྲུལ་ལ་“སྤུལ”(སྦུལ)དང་“རུལ”སོགས་མིང་བརྡ་གཅིག་རིགས་མང་དུ་གྱེས་པས་ཡིག་ཐོག་དང་ངག་ཐོག་གི་སྐད་ཆ་ལའང་རིམ་གྱིས་ཁྱད་པར་བྱུང་བ་འདྲ། དེ་བཞིན་དེང་“ཟླ་”དང“ཟལ”གཉིས་ཀྱི་ཀློག་ལ་གནམ་ས་ལྟར་གྱི་ཁད་རིང་བའི་ཁྱད་ཧ་ཅང་ཆེན་པོ་འདུག་པ་ཀློག་མཁན་པོ་ཚོས་ཡུལ་སྐད་ཆུང་ངུ་རེར་གཞི་བཅོལ་ཏེ་ཀློག་པས་སོ་སོར་ཀློག་སྟངས་མི་འདྲ་བ་མང་དུ་གྱེས་པར་སྙམ། དེ་ན་གནའ་དུས་ཀྱི་ཀློག་ལ་བརྩེགས་མའི་ཡི་གེ་རྣམས་ཡི་གེ་རེ་རེ་བའི་སྒྲ་ཐོན་པར་ཀློག་པ་རྩོད་མེད་ཡིན་པ་ཀྱེ་བྱ་བ་ཀ་དང་ཡ་སོ་སོར་ཕྲལ་ཏེ་ཀ་ཡེ་ཞེས་ཀློག་ཅིང་། དེར་མ་ཟད་ཨ་མདོའི་འབྲོག་སྐད་ཀྱི་ནང་དུ་རྡོ་རྗེ་བྱ་བ་ལ་རྡོར་ཇེ་ལྟ་བུ་ཚིག་གྲོགས་ཕྱི་མའི་སྟེང་གི་ར་ཡིག་དེ་སྔ་མའི་རྗེས་འཇུག་ལྟར་གྱིས་ཀློག་པ་དང་། དེ་བཞིན་བློ་བཟང་བྱ་བར་བློབ་ཟང་དང་རྒྱ་མཚོ་ལ་རྒྱམ་ཚོ་སོགས་སུ་ཀློག་པ་ཆེས་མང་པོ་ཡོད་པ་དག་ལ་གཞིགས་ན་གནའ་དུས་ཀྱི་ཀློག་ལས་མིང་གཞིའི་ཡི་གེ་དེང་སང་གི་དབྱེ་ཚུལ་ལྟར་གྱིས་ངོས་འཛིན་བྱེད་དཀའ་སྟེ།ཀྱེ་བྱ་བ་ལ་ཀ་ཡིག་མིང་གཞིར་འདོད་ཀྱང་། ཀ་ཡེ་ཞེས་ཀློག་དགོས་ཚེ་ཀ་ཡིག་ཁོ་ན་དེ་མིང་གཞིའི་ཡི་གེ་མ་ཡིན་ལ། བློ་བྱ་བར་ཡང་བྱེ་བྲག་ཏུ་དབྱངས་ཡིག་བ་དང་ལ་གང་གི་སྟེང་དུ་སྦྱོར་དགོས་པ་ངེས་དཀའ་བ་དང་། རླ་ཡིག་ལྟ་བུ་མགོ་འདོགས་གཉིས་ཀ་ལ་འཇུག་ན་འདིའི་རིགས་ནི་དེ་བས་ཀྱང་ཁ་ཚོན་གཅོད་དཀའ། དོན་དངོས་སུ་མགོ་འདོགས་བརྩེགས་མའི་ལུགས་འདི་ནི་ཐོན་མིས་ལེགས་སྦྱར་གྱི་དཔེ་བོད་ཀྱི་ཡི་གེ་ལ་གསར་དུ་ནང་འདྲེན་བྱས་པར་མངོན་ཏེ། ལེགས་སྦྱར་གྱི་ཡི་གེ་རྣམས་དང་ཐོག་བོད་ཡིག་ཏུ་འབྲི་བར་“གྷ་ཛྷཌྷདྷབྷརྣམས་ནི། ། ཡི་གེ་གཉིས་གཉིས་འདོད་པ་འཁྲུལ། །(31)”ཞེས་འབྱུང་བས་རྒྱ་གར་ཡི་གེ་འགའ་བོད་ཀྱི་ཡི་གེ་གཉིས་ཀྱིས་མཚོན་པར་བྱས་པ་དང་། ཀྵ་བོད་ཡིག་གི་ཆ་དང་སྒྲ་འདྲ་བར་ཀློག་ཀྱང་འདིར་ཡི་གེ་གཉིས་བརྩེགས་མར་བྲིས་པ། ལེགས་སྦྱར་བ་ལ་ཧ་ཀྵ་མ་ལ་ཝ་ར་ཡཾ་ལྟ་བུ་དཀྱུས་དང་སྲིད་གཉིས་ཀར་འབྲི་བ་དག་ནི་མགོ་འདོགས་ཀྱི་ཐོག་མའི་འབྱུང་ཁུངས་ཡིན་པ་འདྲ་ཆེ་སྟེ། གནའ་དུས་སྡེ་པ་གཅིག་པའི་ཡི་གེ་རྣམས་སྐྱེ་གནས་དང་བྱེད་རྩོལ་ཆ་འདྲ་བའི་དབང་གིས་ནང་ཕན་ཚུན་བརྗེས་པ་མང་བ་བཞིན་གྱིས་བོད་ལ་ར་ལ་ས་གསུམ་གྱི་ཡི་གེ་སྡེ་པ་གཅིག་པས་མགོ་ཅན་གྱི་ཡི་གེ་དང་། རྒྱ་གཞུང་ལ་ཡ་ར་ལ་ཝ་(བ)སྟེ་ཡི་གེ་བཞི་སྡེ་པ་གཅིག་པར་སོང་བས་འདོགས་ཅན་གྱི་ཡི་གེ་བཞག་པར་སྙམ། གང་ལྟར་ལེགས་སྦྱར་གྱི་ཡི་གེ་བོད་ཀྱི་ཡི་གེར་བྲིས་པ་ཇི་སྙེད་བོད་ཀྱི་དབྱངས་གསལ་གྱི་གཟུགས་མ་ཉམས་པར་འཐོན་ཅི་ཐུབ་བྱས་ཏེ་བརྩེགས་མའི་ལུགས་ཀྱི་འབྲི་གཟུགས་འདི་ཐོག་མར་སྲོལ་ཕྱེ་པར་འདུག་ཀྱང་། བསྟན་བཅོས་རང་ལས་བརྩེགས་པའི་རྣམ་གཞག་ཟུར་ཙམ་ཡང་བསྟན་མ་བྱུང་བས་ཐོན་མི་སྐུ་དངོས་ཀྱིས་མཛད་མིན་ཤུགས་ནས་ཧ་ཅང་གསལ་བར་གོ་ཐུབ་པ་དེ་རེད།
ལྔ། རྡོ་རིང་ཡི་གེ་སོགས་བཙན་པོའི་དུས་ཀྱི་ཕྲད་དང་དེང་དུས་ཀྱི་ངོས་ནས་དཔྱད་པ།
     རྩ་བར“རྗེས་འཇུག་ཡི་གེ་བཅུ་པོ་ནི། ཨི་དང་མཐུན་ལུགས་འདི་ཞེས་བྱ། དང་པོ་གཉིས་ལ་དང་པོ་མཐུན། གསུམ་ལྔ་བཅུ་ལ་ཀྱ་དང་སྦྱར།། བདུན་པ་ཉིད་ལ་བདུན་པ་སྟེ། ལྷག་མ་རྣམས་ལ་གྱ་སྦྱར་བ། དེ་དག་ཨི་སྦྱར་འབྲེལ་བའི་ས་”ཞེས་པར་གསེར་ཏོག་མཆན་འགྲེལ་དུ“དེ་ཡང་རྗེས་སུ་འཇུག་པའི་ཡི་གེ་བཅུ་པོ་གང་རུང་དང་ལྡན་པའི་མིང་རྣམས་ལ་ནི། ཨི་སྟེ་དབྱངས་ཀྱི་བརྡ་ཆད་གུག་གུ་དང་མཐུན་པའི་རྣམ་དབྱེ་སྦྱར་ལུགས་འདི་ལྟར་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཚུལ་ནི། རྗེས་འཇུག་བཅུའི་དང་པོ་ག་དང་ང་ཡིག་གཉིས་ལ་ནི་དང་པོ་སྟེ་ག་ཡིག་མཐུན་པར་སྦྱར་བ་དང་། གསུམ་པ་ད་དང་། ལྔ་པ་བ་དང་། བཅུ་པ་ས་ཡིག་གསུམ་ལ་ནི་ཀྱ་དང་མཐུན་པར་སྦྱར་བ་དང་། བདུན་པ་འ་ཡིག་ཉིད་ལ་ནི་བདུན་པ་སྟེ་འ་ཡིག་རང་ཉིད་སྦྱར་བར་བྱ་སྟེ། ལྷག་མ་ན་མ་ར་ལ་རྣམས་ལ་ནི་གྱ་ཡིག་དང་མཐུན་པར་སྦྱར་བ་ཡིན་ནོ། ། དངོས་བསྟན་གྱི་སྦྱར་གཞི་དེ་དག་རྣམས་ལ་དབྱངས་ཀྱི་ཨི་སྟེ་གུག་གུ་སྦྱར་བས་རྣམ་དབྱེའི་ནང་ཚན་དུ་གྱུར་པའི་གི་ཀྱི་འི་གྱི་བཞི་དང་། ཁ་སྐོང་ལ་མཁོ་བའི་རྣམ་དབྱེ་ཡི་དང་བཅས་པ་ལྔ་པོ་ནི། རྟེན་གཞིའམ་ཁྱད་གཞིའམ་ལྡན་གཞི་དེ་དང་འབྲེལ་བའི་བདག་པོའི་ཆོས་ཀྱིས་སྟེ་འབྲེལ་གཞི་སྟོན་བྱེད་ཀྱི་སྒྲའོ”ཞེས་རྗེས་འཇུག་ཡི་གེ་ག་ང་གཉིས་ཀྱི་རྗེས་སུ་གི་དང་།ད་བ་ས་དྲགས་ཀྱི་རྗེས་སུ་ཀྱི། ན་མ་ར་ལ་འ་དང་མཐའ་རྟེན་མེད་པར་གྱི། ཁ་སྐོང་དང་དགོས་དབང་གིས་ཡི་ཡིག་བཅས་གསལ་བར་བསྟན་ཡོད་ནའང་། བཙན་པོའི་དུས་ཀྱི་ཆེས་སྔ་བའི་རྡོ་རིང་སོགས་སུ་ཨི་ལྡན་གྱི་རྣམ་གཞག་འདི་འདྲའི་ཆ་ཡོངས་སུ་ཚང་བ་ཞིག་མ་ཡིན་པར་རྗེས་འཇུག་ག་ང་གཉིས་མ་གཏོགས་པའི་ལྷག་མ་བརྒྱད་དང་ད་དྲགས་མཐའ་མེད་ཀྱི་མཐར་ཁྱད་མེད་དུ་གྱི་ཡིག་འཇུག་པ་མང་བར་མཐོང་སྟེ། “ཟླ་གོང་གི་བུ་ཚ་པེལད་ལས་ལ་ལ་ཞིག རབས་ཆད་ན་རབས་ཆད་གྱྀ་ཁོལ་ཡུལ་དང་། ནོར་ཕྱུགས། བླར་མྱི་བཞེས་པར། བུ་ནུ་བོ་གང་ཉེ་བ་སྩལད་པར་གནོངོ”(32) ཞེས་དང་། ཡངས་བློན་སྟག་སྒྲ་ཀླུ་ཁོང་གི་ཕ་ཟླ་གོང་གི་བུ་ཚ་རྒྱུད་འཕེལད་གྱི་རྣམས་ཞང་ལོན་ཡི་གེ་པའྀ་ཐང་དང་། དམག་སུམ་རྒྱར་གནང་ངོ”(33)ལྟ་བུ་རྗེས་འཇུག་ད་བ་ས་དང་ད་དྲགས་བཅས་ཀྱི་མཐར་གྱི་ཡིག་སྦྱོར་པ་དང་། དེ་བཞིན་ཤོག་དྲིལ་ཡི་གེ་ལས“མདོ་སྨད་གྱི་དགུན་འདུན། གཙེར་བློན་ཁྲྀ་སྒྲ་སྟག་ཚབ་གྱྀས་བསྡུས། རྒྱའྀ་དཔྱ་དར་ཕྱོགས་སུ། སྟོང་དཔོན་ཡན་ཅད་བྱ་སྒར་སྩལ”(34) སོགས་དེང་སང་གི་བརྡ་སྤྲོད་ཀྱི་ལུགས་དང་བསྡུར་ཚེ་བྲིས་ནོར་དུ་འདུག་སྙམ་པ་ཞིག་བློ་ངོར་སྐྱེས་ཀྱང་། དོན་དངོས་སུ་སྐབས་དེ་དག་ཏུ་ཀྱི་ཡིག་དེ་ཉིད་བརྡ་སྤྲོད་ཀྱི་གཞུང་དུ་མ་གྲགས་ཤིང་། ལྷག་པར་སྐབས་དེའི་སྐད་ཆའི་ནང་དུའང་ཀྱི་ཡིག་གི་སྒྲ་འདི་མེད་པར་མངོན་ཏེ། “ཡིག་རྙིང་དེ་རྣམས་ཀྱང་སྐབས་དེའི་སྐད་ཆ་གཞིར་བཟུང་ནས་སྒྲ་གདངས་ལྟར་བྲིས་པ་ཡིན་པས་སྐད་ཆ་མཚོན་ཡོད་པ་དང་ཡི་གེའི་ཆོས་ཉིད་ཀྱང་མཚོན་ཡོད་སྟབས་དུས་སྐབས་དེར་རྣམ་དབྱེ་རྐྱེན་གྱི་ཡི་གེ‘ཀྱི’མེད་པ་ཡིན་ནོ། །”(35)དེ་བཞིན་ཏུ་དང་དུ་གཉིས་རང་དེ་གཅིག་ཅིང་གནས་དང་བྱེད་རྩོལ་སོགས་ཆ་འདྲ་བས་རྗེས་འཇུག་ག་བ་སོགས་ཀྱི་རྗེས་སུ་དུ་ཡིག་གཅིག་པུ་སྦྱར་བ་དང་། དེ་མིན་ད་དུང་ཀྱང་ལ་གྱང་བྲིས་པ་ཡང་སྣང་སྟེ། “ནམ་ཞར་གྱང་སྡེ་སྐུ། སྲུངས་སུ་གནང་བ་་ལས། སྡེ་ཆ་གུདུ་མྱྀ་སྤོའ་མྱྀ་བསྒྱུར་བར་གནང་ངོ་”(36)ལྟ་བུ་ཕྲད་ཀྱི་ཡི་གེ་དེ་དག་དེང་དུས་ཀྱི་བརྡ་སྤྲོད་པའི་ལུགས་དང་འདྲ་མིན་སྣ་ཚོགས་འབྱུང་བ་དག་ནི་ཡི་གེ་དང་བརྡ་སྤྲོད་ཀྱི་རྣམ་གཞག་ལ་རིམ་བཞིན་འཕེལ་རྒྱས་བྱུང་བ་སྟེ། ལྷག་པར་བཙན་པོའི་དུས་ཀྱི་བཀས་བཅད་བྱས་པ་བརྡ་ཆད་ཙམ་མ་ཡིན་པར་ཕྲད་དང་རྣམ་དབྱེ་སྐོར་ལའང་བསྒྱུར་བཅོས་གང་མང་བྱས་པར་མངོན། ཆེས་ཐོག་མའི་རྡོ་རིང་སྟེ་ཞོལ་རྡོ་རིང་དུ་གྱི་དང་དུ་དག་རྗེས་འཇུག་གི་ཡི་གེ་བཅུའི་རྗེས་སུ་ཁྱད་མེད་དུ་འཇུག་ནའང་། དབོན་ཞང་རྡོ་རིང་ན་དེ་ལས་ལྡོག་སྟེ་དེང་དུས་ཀྱི་ཕྲད་ཀྱི་རྣམ་གཞག་ལྟར་ཡོད་པ་ལ་བསམས་ན། སྔ་མ་སྔ་མ་རྨང་གཞིའི་ཐོག་ཕྱི་མ་ཕྱི་མ་འཐུས་ཚང་ཅན་དུ་བཏང་པ་འདིར་སྨྲོས་མ་དགོས་ན། སུམ་རྟགས་ཀྱི་ཕྱི་མོའི་བསྟན་བཅོས་འདི་བཙན་པོ་སྲོང་བཙན་སྐབས་ཀྱི་བརྩམས་ཆོས་ཡིན་ཕྱིན་ངེས་པར་གོང་གི་སྣང་ཚུལ་དེ་དག་དང་ཆ་མཐུན་དགོས་པ་འདིར་རིགས་པས་གྲུབ་པ་དེའོ། །
མཇུག་བསྡུ་བའི་གཏམ།
     མེ་ལོང་མ་ལས་“དེ་ནི་ད་ལྟའང་རྣམ་རྟོག་སྟེ། དེ་དག་མ་ལུས་སུས་འཆད་ནུས”ཞེས་པ་ལྟར་ཤེས་བྱ་ཡོད་དོ་ཅོག་འདི་དང་དེ་མ་ཡིན་ཅེས་སུས་ཀྱང་གཅིག་ཆོད་དཀའ་བ་དང་། ལྷག་པར་སུམ་རྟགས་ཀྱི་ཕྱི་མོའི་གཞུང་འདི་ནི་ཐོན་མི་དངོས་ཀྱི་བརྩམས་ཆོས་ཡིན་མིན་སྐོར་ལ་དོགས་སློང་བྱ་རྒྱུ་དེ་ཕྲན་ལྟ་བུའི་འོལ་ཚོད་ཀྱི་གནས་མ་ཡིན་མོད། འོན་ཀྱང་ཤོག་དྲིལ་དང་རྡོ་རིང་ཆེས་སྔ་བའི་ཡི་གེ་སོགས་ད་སྔ་རང་རེས་ཀྱི་ལག་ཏུ་སོན་པའི་དཔྱད་གཞིའི་རྒྱུ་ཆ་གང་འཛོམས་ན་བསྟན་བཅོས་འདི་ནི་ཐོན་མིས་མཛད་མིན་སྐོར་གྱི་གནས་ཚུལ་ཟུར་ཙམ་ཡང་མ་བཀོད་པ་དང་། ཡང་ཁ་ཅིག་གིས་ཐོན་མིའི་བརྩམས་ཆོས་ཀྱི་རྨང་གཞིའི་སྟེང་བོད་ཕྱི་རབས་པས་ཁ་སྣོན་དང་བཟོ་བཅོས་གང་མང་བྱས་པ་བརྒྱུད་དེང་དུས་ཀྱི་གཞུང་ལུགས་འདི་ལེགས་གྲུབ་བྱུང་བར་འདོད་ཀྱང་། དེ་ལྟར་ན་བསྟན་བཅོས་རང་ཉིད་ལ《སུམ་ཅུ་པ》དང《རྟགས་ཀྱི་འཇུག་པ》ཞེས་པའི་མཚན་འདོགས་ཚུལ་གྱི་ལུགས་ཆེ་བ་གཉིས་གང་ཡང་རུང་གིས་གོང་ནས་མང་དུ་སྤྲོས་པའི་རྒྱུ་མཚན་དེ་དག་ལ་བསམས་ན་བཤད་ཚུལ་འདི་རིགས་ལུང་དང་རིགས་པ་གཉིས་ཆ་ནས་རང་བཞིན་གྱིས་ཞིག་པར་འགྱུར་ཏེ། “སྐད་ཆའི་ཆགས་ཚུལ་དང་། བརྡ་སྤྲོད་པའི་སྒྲིག་གཞི། རྩ་བའི་མིང་ཚིག་ལ་སོགས་པ་དུས་རབས་ག་གེ་མོ་ཞིག་ལ་བྱུང་བ་མ་ཡིན་པར། ལོ་རྒྱུས་ཀྱི་དུས་ཡུན་རིང་མོའི་འཕེལ་རིམ་ལས་བྱུང་བ་ཞིག་གོ”(37)། དེ་ན་རང་རེས་བོད་ཀྱི་ཡི་གེ་ཕྱི་མོའི་བསྟན་བཅོས་འདི་སྤྱི་ཚོགས་འཕེལ་རིམ་དང་ལོ་རྒྱུས་ཀྱི་ཁོར་ཡུག་ངེས་ཅན་ཞིག་ལ་གཞི་བཅོལ་ཏེ་དགག་བཞག་གི་རྣམ་གཞག་སྤེལ་བ་ནི་དཔྱད་བརྗོད་པ་ཚོས་ནན་ཏན་བྱ་དགོས་པའི་གནད་དམ་པར་སེམས།
མཆན་འགྲེལ།
     ①མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་《སྨྲ་སྒོ་མཚོན་ཆ》ཞེས་པའི་ཤོག་ངོས་16ན་གསལ།
     ②མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《བོད་ཀྱི་རྡོ་རིང་ཡི་གེ་དང་དྲིལ་བུའི་ཁ་བྱང》ཞེས་པའི་ཤོག་ངོས་25ན་གསལ།
     ③གོང་གི་ཤོག་ངོས་66ན་གསལ།
     ④ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས》ཞེས་པའི་ཤོག་ངོས་8ན་གསལ།
     ⑤ གོང་གི་ཤོག་ངོས་61ན་གསལ།
     ⑥《བོད་ཀྱི་རྡོ་རིང་དང་དྲིལ་བུའི་ཁ་བྱང》ཞེས་པའི་ཤོག་ངོས་86ན་གསལ།
     ⑦ གོང་གི་ཤོག་ངོས་99ན་གསལ།
     ⑧ གོང་གི་ཤོག་ངོས་114ན་གསལ།
     ⑨ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《ཐོན་མིའི་ཞལ་ལུང》ཞེས་པའི་ཤོག་ངོས་73ན་གསལ།
     ⑩⑾བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་དུ་སྐྲུན་པའི་《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་》དེབ་དང་པོའི་ཤོག་ངོས་269ན་གསལ།
     ⑿མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན》ཞེས་པའི་ཤོག་ངོས་15ན་གསལ།
     ⒀ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《གསེར་ཏོག་སུམ་རྟགས》ཞེས་པའི་ཤོག་ངོས་133ན་གསལ།
     ⒁《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》ཞེས་པའི་ཤོག་ངོས་60ན་གསལ།
     ⒂⒃⒄མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《བོད་ཀྱི་རྡོ་རིང་དང་དྲིལ་བུའི་ཁ་བྱང》ཞེས་པའི་ཤོག་ངོས་11གསལ།
     ⒅⒆གོང་གི་ཤོག་ངོས་12ན་གསལ།
     ⒇གོང་གི་ཤོག་ངོས་10ན་གསལ།
     (21) 《བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས》ཞེས་པའི་ཤོག་ངོས་98ན་གསལ།
     (22)《བོད་ཀྱི་རྡོ་རིང་དང་དྲིལ་བའི་ཁ་བྱང》ཞེས་པའི་ཤོག་ངོས11ན་གསལ།
     (23) གོང་གི་ཤོག་ངོས་16ན་གསལ།
     (24)《བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས》ཞེས་པའི་ཤོག་ངོས་89ན་གསལ།
     (25)《བོད་ཀྱི་རྡོ་རིང་དང་དྲིལ་བའི་ཁ་བྱང》ཞེས་པའི་ཤོག་ངོས་84ན་གསལ།
     (26) གོང་གི་ཤོག་ངོས་85ན་གསལ།
     (27)ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《སྒྲ་རིག་པའི་འཇུག་སྒོ་》ཞེས་པའི་ཤོག་ངོས་55ན་གསལ།
     (28)(29)(30)《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་》དེབ་དང་པོའི་ཤོག་ངོས་292ན་གསལ།
     (31)《སྒྲ་རིག་པའི་འཇུག་སྒོ་》ཞེས་པའི་ཤོག་ངོས་59ན་གསལ།
     (32)《བོད་ཀྱི་རྡོ་རིང་དང་དྲིལ་བུའི་ཁ་བྱང》ཞེས་པའི་ཤོག་ངོས་61ན་གསལ།
     (33) གོང་གི་དེབ་ཀྱི་ཤོག་ངོས་62ན་གསལ།
     (34) ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོས་སྣུམ་པར་དུ་བཏབ་པའི་《བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས》ཞེས་པའི་དེབ་དང་པོའི་ཤོག་ངོས་186ན་གསལ།
     (35)《ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ་》(1996.1)ཞེས་པའི་ཤོག་ངོས་19ན་གསལ།
     (36)《བོད་ཀྱི་རྡོ་རིང་དང་དྲིལ་བུའི་ཁ་བྱང》ཞེས་པའི་ཤོག་ངོས་62ན་གསལ།
     (37)  སི་ཏ་ལིན་གྱིས་བརྩམས་པའི་《མར་ཁེ་སི་རིང་ལུགས་དང་སྒྲ་རིག་པའི་གནད་དོན་》ཞེས་པའི་ཤོག་ངོས་22ན་གསལ།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...