སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
འབྲས་རྟགས་ཡང་དག་གི་སྐོར་ལ་རགས་ཙམ་དཔྱད་པ།
རྩོམ་པ་པོ། ལྷ་མོ་ཚེ་རིང་། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-1-15 9:02:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
འབྲས་རྟགས་ཡང་དག་གི་སྐོར་ལ་རགས་ཙམ་དཔྱད་པ།
ལྷ་མོ་ཚེ་རིང་།
ནང་དོན་གནད་བསྡུས།  དཔྱད་རྩོམ་འདིར་ཐོག་མར་འབྲས་རྟགས་ཡང་དག་གི་གལ་ཆེན་རང་བཞིན་ལས་འཕྲོས་ཏེ་དེའི་མཚན་ཉིད་དང་སྦྱོར་བའི་སྐོར་ལ་དབྱེ་ཞིབ་རགས་ཙམ་བྱས་ཡོད་ལ། བར་དུ་འབྲས་རྟགས་ཡང་དག་ལ་ནང་གསེས་དབྱེ་བ་ལྔ་ཕྱེ་བར་དོགས་གནད་ཅིག་བཀོད་པའི་རྨང་གཞིའི་སྟེང་། དབྱེ་བ་ལྔར་དབྱེ་ཚུལ་གྱི་རྒྱུ་མཚན་ཐད་ལ་རང་ཚོད་ཀྱིས་དཔྱད་ཁུལ་ཅུང་ཙམ་བགྱིས་ཡོད།
བརྡ་ཆད་གཙོ་བོ།  འབྲས་རྟགས་ཡང་དག མཚན་ཉིད།  དབྱེ་བ།  སྦྱོར་བ།
གླེང་གཞི།
     རང་ཅག་གི་རྒྱུན་ལྡན་འཚོ་བའི་ཁྲོད་གནད་དོན་གང་ཞིག་ལ་ཡིན་མིན་གྱི་བརྡར་ཤ་གཅོད་པའམ་ལེགས་ཉེས་བདེན་རྫུན་གྱི་ཤན་འབྱེད་སྐབས། རྗེས་དཔག་གི་རིགས་པར་མི་བརྟེན་པ་ཧ་ལམ་མེད་ལ། སྒོས་སུ་མངོན་སུམ་ཚད་མས་རྟོགས་ཐབས་བྲལ་བའི་གསང་བ་ལྐོག་གྱུར་བ་དག་ལ་ངེས་ཤེས་གསལ་མོ་ཞིག་འདྲོངས་པར་ངེས་པར་དུ་རྗེས་དཔག་གི་རིགས་པ་ཁོ་ནར་ཅི་ནས་ཀྱང་བརྟེན་དགོས་སྟབས། རྗེས་དཔག་གི་རིགས་པས་མིའི་རིགས་ཀྱི་རིགས་ལམ་གྱི་ལམ་བུ་ཁྲོད་གོ་གནས་འགངས་ཆེན་ཟིན་ཡོད་ཅེས་བརྗོད་ཆོག་པར་མ་ཟད། རྗེས་དཔག་རིགས་པ་ནི་ཚད་མཐོ་བའི་བསམ་གཞིགས་གཏོང་སྟངས་ཤིག་ཏུའང་ངོས་འཛིན་བྱེད་ཆོགདེས་ན་བོད་བརྒྱུད་ཚད་མ་རིག་པ་ལས་རྟགས་རིགས་ཞེས་གྲགས་པའི་གཞུང་འདི་ཡང་རྗེས་དཔག་རིགས་པའི་ཁོངས་སུ་འདུས་ཏེ། དེ་ནི་རྗེས་དཔག་ཚད་མའི་རྟེན་གཞིར་གྱུར་པའི་རྟགས་ཀྱི་རྣམ་གཞག་བཤད་པའི་གཞུང་ཞིག་ཡིན་ལ། རྟགས་དང་གཏན་ཚིགས། རྒྱུ་མཚན། སྒྲུབ་བྱེད་སོགས་དོན་གཅིག་མིང་གི་རྣམ་གྲངས་ཙམ་དུ་ཟད། དེ་ཡང་། རྟགས་སུ་བཀོད་པའི་རྟགས་སམ་རྒྱུ་མཚན་དེ་ཡང་དག་ཏུ་སོང་ཡོད་མེད་ཀྱི་ཆ་ནས། རྟགས་སུ་བཀོད་པ་དེར་ཡང་སྤྱིར་བཏང་དུ་རྟགས་ཡང་དག་དང་རྟགས་ལྟར་སྣང་ཞེས་པའི་ནང་གསེས་དབྱེ་བ་གཉིས་ཙམ་དུ་ཕྱེ་བཞིན་ཡོད། ཚད་མའི་གཞུང་ལ་སློབ་གཉེར་བྱེད་མཁན་ཞིག་གམ་ལྷག་པར་དུ་རྟགས་རིགས་ཀྱི་གཞུང་ལ་འཇུག་མཁན་ཞིག་ལ་མཚོན་ན། རྟགས་ཡང་དག་དང་རྟགས་ལྟར་སྣང་གི་མཚན་ཉིད་དང་དབྱེ་བ་སོ་སོ། དེ་མིན་གཞན་དེ་གཉིས་ཀྱི་མཚན་གཞི་སྟེ་རྟགས་ཆོས་དོན་གསུམ་ཚང་བའི་སྦྱོར་བ་སོགས་ལ་ངོས་འཛིན་ཡང་དག་ཅིག་བསྐྱེད་ཐུབ་པར་བྱ་རྒྱུ་ནི་གཞུང་འདིར་འཇུག་པའི་གོམ་པ་དང་པོ་རུ་ཆགས་ཡོད་གཤིས། རྟགས་ཡང་དག་དང་རྟགས་ལྟར་སྣང་ནི་རྟགས་རིགས་ཀྱི་ནང་དོན་གལ་ཆེན་ཞིག་ཏུ་གྲུབ་ཡོད། དེ་བཞིན་ཡར་སྔོན་གྱི་དཔྱད་འབྲས་སོགས་ལ་བརྟག་ནའང་། རྟགས་ཡང་དག་དང་རྟགས་ལྟར་སྣང་སྐོར་གྱི་དཔྱད་འབྲས་ལྟོས་བཅས་ཀྱིས་ཙུང་ཙམ་མང་ལ། འདིར་དཔེ་མཚོན་འགའ་དྲངས་ན་འདི་ལྟ་སྟེ། སྐལ་བཟང་འབྲུག་གྲགས་ཞེས་པས་མཛད་ཅིང1997ལོའི་ཀྲུང་གོ་བོད་ཀྱི་ཤེས་རིག་དུས་དེབ་དང་པོར་བཀོད་ཡོད་པའི་རྟགས་ཡང་དག་གི་མཚན་ཉིད་གཏན་ལ་འབེབ་ཚུལ་གྱི་སྔ་ཕྱིའི་རིམ་པ་འགའ་གླེང་བ་ཞེས་པ་དང་། བློ་བཟང་ཆོས་གྲགས་ལགས་ཀྱིས་མཛད་ཅིང1994ལོའི་མཚོ་སྔོན་མི་རིགས་སློབ་ཆེན་གྱི་རིག་གཞུང་དུས་དེབ་ཏུ་བཀོད་ཡོད་པའི་རྟགས་ལྟར་སྣང་གི་དབྱེ་ཞིབ་ཅེས་པ། གཞན་རྟ་མཆོག་རྒྱལ་ལགས་ཀྱིས་མཛད་ཅིང་བོད་ཀྱི་ཤེས་རིག་དཔྱད་རྩོམ་ཕྱོགས་བསྒྲིགས་དེབ་གསུམ་པའི་སྟེང་བཀོད་ཡོད་པའི་རྟགས་རིགས་ཀྱི་རྩ་བའི་ཆོས་ཉིད་ལ་རོབ་ཙམ་དཔྱད་པ་ཞེས་པ་སོགས་ཀྱིས་མཚོན་ནུས། ད་དུང་། ཉེ་བའི་ལོ་འགའི་རིང་ལ་སློབ་གྲྭ་ཆེན་མོ་ཁག་ཏུ་ཚད་མའི་ཆེད་ལས་ལ་འཇུག་མཁན་གྱི་ཞིབ་འཇུག་སློབ་མ་རེ་འགས་ཀྱང་མཐར་ཕྱིན་དཔྱད་རྩོམ་དུ་རྟགས་ཡང་དག་དང་རྟགས་ལྟར་སྣང་སྐོར་བྲིས་གནང་མཛད་པ་རེ་འགའ་ཡང་མཐོང་ཐུབ་པས། རྟགས་ཡང་དག་དང་རྟགས་ལྟར་སྣང་སྐོར་ལ་གྲུབ་འབྲས་ཅུང་མངོན་གསལ་དོད་པོ་བླངས་ཡོད་པས་དགའ་འོས་པའི་གནས་ཤིག་ཏུ་འཁུམས་མོད། འོན་ཏེ་རྟགས་ཡང་དག་དང་རྟགས་ལྟར་སྣང་གི་ནང་གསེས་དབྱེ་བ་སོ་སོ་བ་དང་དེ་དག་གི་སྦྱོར་བའི་ཐད་ལ་དཔྱད་པ་བཏང་ཡོད་པ་གཅིག་ཀྱང་མིག་སྔར་མཐོང་ཆོས་སུ་མ་གྱུར་ལ། མང་ཆེ་བ་ཞིག་གིས་དབྱེ་བ་དེ་དག་གི་མིང་ཙམ་གླེང་བ་ལས་སོ་སོའི་མཚན་ཉིད་དང་སྦྱོར་བའི་ཐད་ལ་དེ་འདྲའི་དོ་སྣང་མ་བྱས་པའི་རྟགས་ཤིག་ཀྱང་སྔ་མའི་དཔྱད་འབྲས་དག་ལས་ཟུར་བསྟན་ལེབ་མཐོང་གི་ཚུལ་དུ་མངོན་ཐུབ་ཙ་ན། ཕྲན་གྱིས་འདིར་གལ་པོ་ཆེ་ལ་ནན་ཏན་གྱིས་ཚུལ་དུ་རྟགས་ཡང་དག་གི་ནང་གསེས་དབྱེ་བ་རུ་གྱུར་པའི་འབྲས་རྟགས་ཡང་དག་གི་སྐོར་ལ་རང་ཚོད་ཀྱིས་དབྱེ་ཞིབ་རགས་ཙམ་བྱ་བར་སྤྲོ་བ་ལ།  
དང་པོ། འབྲས་རྟགས་ཡང་དག་གི་མཚན་ཉིད་དང་སྦྱོར་བ་བཤད་པ།
     《རིགས་ལམ་འཕྲུལ་ལྡེ》ལས་བསྟན་པ་ལྟར་ན། རྟགས་ཡང་དག་ལ"ངོ་བོའི་སྒོ་ནས་དབྱེ་བ། བསྒྲུབ་བྱའི་ཆོས་ཀྱི་སྒོ་ནས་དབྱེ་བ། སྒྲུབ་ཚུལ་གྱི་སྒོ་ནས་དབྱེ་བ། བསྒྲུབ་བྱའི་སྒོ་ནས་དབྱེ་བ། མཐུན་ཕྱོགས་ལ་འཇུག་ཚུལ་གྱི་སྒོ་ནས་དབྱེ་བ། རྒོལ་བའི་སྒོ་ནས་དབྱེ་བ་དང་དྲུག"(1)ཅེས་དབྱེ་སྒོ་མི་འདྲ་བ་སྣ་དྲུག་ཏུ་ཡོད་པར་བསྟན་འདུག་མོད། དེ་དག་ལས་གཙོ་བོར་གྱུར་པ་ངོ་བོའི་སྒོ་ནས་དབྱེ་བ་དེ་ཡིན་ལ། དེར"རྣམ་འགྲེལ་ལས། དེ་ནི་རྣམ་གསུམ་ཉིད། ཅེས་པའི་རང་འགྲེལ་དུ། དེ་དག་ནི་འབྲས་བུ་དང་རང་བཞིན་དང་། མ་དམིགས་པའི་མཚན་ཉིད་ཀྱི་གཏན་ཚིགས་གསུམ་ཡིན་ཏེ"(2)ཞེས་གསུངས་པ་ལྟར། ངོ་བའི་སྒོ་ནས་ཏེ་བསྒྲུབ་བྱའི་ཆོས་ཀྱི་ངོ་བོ་དང་འབྲེལ་བ་ཅི་རིགས་ཀྱི་དབྱེ་ན་འབྲས་རྟགས་ཡང་དག་དང་། རང་བཞིན་གྱི་རྟགས་ཡང་དགམ་དམིགས་པའི་རྟགས་ཡང་དག་བཅས་གསུམ་ཡོད་པ་དངོས་སུ་བསྟན་འདུགདེ་དག་ལས་འབྲས་རྟགས་ཡང་དག་ནི་རྟགས་ཆོས་དོན་གསུམ་ལས་བསྒྲུབ་བྱའི་ཆོས་དང་རྟགས་སུ་བཀོད་པའི་སྒྲུབ་བྱེད་ཀྱི་བར་ཕན་ཚུན་རྒྱུ་འབྲས་ཀྱི་རྣམ་གཞག་ཤ་སྟག་ཏུ་གྲུབ་ཡོད་པའི་རྣམ་པ་ཅན་ཞིག་ཡིན་ལ། དེ་ཡང་འབྲས་བུ་རྟགས་སུ་བཀོད་པ་ལ་བརྟེན་ནས་རྒྱུ་དཔོག་པའི་རྗེས་དཔག་གི་རིགས་པ་ཞིག་ཡིན། སྤྱིར་བཏང་དུ་འབྲས་བུ་ལ་བརྟེན་ནས་རྒྱུ་དཔོག་པ་ལ། འབྲས་བུ་མེད་པ་ན་དེར་རྒྱུ་ཡང་མེད་ཅེས་པའི་ཁྱབ་མཐའ་འགོད་མི་རུང་ལ་ཁ་ཚོན་ནི་དེ་བས་ཀྱང་གཅོད་དཀའ་མོད། གལ་ཏེ་འབྲས་བུ་ཡོད་ན་དེར་རྒྱུ་ཞིག་ངེས་པར་དུ་ཡོད་སྲིད་པ་ལས་མེད་མི་སྲིད་པ་ནི་ལྡོག་མེད་ཀྱི་ཆོས་ཉིད་ཡང་དག་ཅིག་ཏུ་གྲུབ་ཡོད་དེ། རང་ཅག་གི་དངོས་ཡོད་འཚོ་བ་དང་སྦྱར་ཏེ་སྨྲས་ན། བུ་ཕྲུག་སྐྱེད་བྱེད་ཀྱི་ཕ་མ་གཉིས་ནི་བུ་ཕྲུག་ལ་མཚོན་ན་རྒྱུ་དང་། བསྐྱེད་བྱ་བུ་ཕྲུག་ནི་ཕ་མ་གཉིས་ལས་བསྐྱེད་པའི་འབྲས་བུ་ཡིན་ཙ་ན། གལ་ཏེ་ཕ་མ་གཉིས་ཀར་བུ་ཕྲུག་མ་སྐྱེས་པ་ཡིན་ན་ཕ་མ་མེད་ཅེས་བརྗོད་མི་རུང་མོད། འོན་ཏེ་བསྐྱེད་བྱ་འབྲས་བུ་སྟེ་བུ་ཕྲུག་སྐྱེས་པ་ལ་དེར་རྒྱུ་ཕ་མ་གཉིས་ནི་ངེས་པར་དུ་འཛོམས་དགོས་པ་ལྟ་བུའོ། ། དེར་བརྟེན། འབྲས་བུ་ཡོད་པ་ལ་དམིགས་ནས་རྒྱུ་ཡོད་པར་སྒྲུབ་པ་ནི་རིགས་ལམ་འཁྲུལ་མེད་ཡང་དག་ཅིག་རེད་འདོད། འོ་ན་སྐབས་བབ་ཀྱི་བརྗོད་བྱ་རུ་གྱུར་པའི་འབྲས་རྟགས་ཡང་དག་ཀྱང་གོང་དང་རིགས་འདྲ་བར་འབྲས་བུ་ཡོད་པ་ལ་བརྟེན་ནས་རྒྱུ་ཡོད་པར་སྒྲུབ་པའི་རྗེས་དཔག་གི་རིགས་པ་ཞིག་ཡིན་པས་རིགས་ལམ་ཡང་དག་ཅིག་ཡིན་པ་སྨོས་མེད་རེད། གཞན་ཡང་། ནང་བའི་ཚད་མ་རིག་པ་ནི་ནང་བསྟན་རིག་གཞུང་ལ་སློབ་སྦྱོང་དང་ཞིབ་འཇུག་གི་ཐབས་རྨད་དུ་བྱུང་བའི་སྤྱི་འགྲོས་ཤིག་ཡིན་ལ། མ་ཟད། རང་ཅག་གི་སྟོན་པ་བཅོམ་ལྡན་འདས་ཚད་མའི་སྐྱེས་བུ་ཡིན་པར་སྒྲུབ་པ་དང་། དེའི་བསྟན་པ་ཕྱི་རོལ་མུ་སྟེགས་པའི་བསྟན་པ་ལས་སྐྱོན་མེད་ཡིན་པར་སྒྲུབ་བྱེད་ཀྱི་རིགས་ལམ་ཡང་དག་ཅིག་ཀྱང་ཡིན་པའི་ཆ་ནས། ནང་བའི་བསྟན་པ་དང་ནང་བའི་ཚད་མ་རིག་པའི་བར་གཅིག་ལ་གཅིག་བརྟེན་གྱི་རྟེན་ཅིང་འབྲེལ་འབྱུང་གི་འབྲེལ་བ་ངེས་ཅན་ཞིག་གྲུབ་ཡོད། དེ་བཞིན། འབྲས་བུ་ལ་བརྟེན་ནས་རྒྱུ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་འདི་ཡང་ནང་བསྟན་རིག་པའི་གཞུང་གི་ས་ལམ་དང་མངོན་པར་རྟོགས་པའི་རྒྱུ་འབྲས་ཀྱི་རིམ་པ་སྒྲུབ་པར་བྱེད་པའི་ལྟ་བ་དང་དམ་དུ་འབྲེལ་ཡོད་པ་མངོན་གསལ་རེད། འབྲས་རྟགས་ཀྱི་རིགས་ལམ་འདིར་བྱང་ན་རྒྱུ་འབྲས་རྟེན་འབྲེལ་གྱི་གནས་ལུགས་ལ་རྨོངས་པའི་གེགས་དེ་སེལ་ཐུབ་ལ། མ་ཟད། ང་ཚོ་སྐྱེ་བོ་ཕལ་བ་ཞིག་གི་རང་ངོས་ནས་བཤད་ན་ཡང་། རིགས་པ་དེ་ལ་བརྟེན་ནས་རྒྱུ་མི་དགེ་བ་བྱས་པ་ལ་བརྟེན་ནས་རང་འབྲས་སྡུག་བསྔལ་འབྱུང་བ་དང་། རྒྱུ་དགེ་བ་ལ་བརྟེན་ནས་འབྲས་བུ་བདེ་བ་འབྱུང་བའི་རྒྱུ་འབྲས་ཀྱི་གནས་ལུགས་ལ་གོ་བ་ཟབ་མོ་ཞིག་ལོན་ཐུབ་པ་ཙམ་དུ་མ་ཟད། ས་ལམ་གྱི་རྟོགས་པ་རང་རྒྱུད་ལ་མངའ་བའི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་དག་ཀྱང་བྱང་ཆུབ་ཀྱི་ལམ་དུ་བགྲོད་པ་ལའང་མངོན་རྟོགས་ཀྱི་རིམ་པ་སྔ་མ་སྔ་མ་ལས་རྟོགས་པ་ཕྱི་མ་ཕྱི་མ་སྐྱེས་པའི་གཏན་བདེ་གོ་འཕང་ལ་རིམ་པར་བགྲོད་པའི་རྒྱུ་འབྲས་ཀྱི་འབྲེལ་བ་ལའང་ངེས་ཤེས་བསྐྱེད་ཐུབ་པས། འབྲས་རྟགས་ཀྱི་རིགས་པ་འདི་ནི་རྟགས་རིགས་ཀྱི་ཁྱད་ཆོས་གཙོ་བོའི་ཁོངས་སུ་གཏོགས་ཤིང་། རྗེས་དཔག་རིགས་པ་ལས་ཁྱབ་རྒྱ་ཆེ་བའམ་གལ་འགངས་ཆེ་བའི་རིགས་ལམ་ཞིག་ཏུའང་ངོས་འཛིན་བྱས་ན་ཆོག་སྙམ།
     འབྲས་རྟགས་ཡང་དག་གི་མཚན་ཉིད་ཐད་ལ། འབྲས་བུ་ཚུལ་གསུམ་ཡིན་པ་དེ། འབྲས་རྟགས་ཡང་དག་གི་མཚན་ཉིད་དུ་འཇོག་ལ། དེར《རིགས་ལམ་འཕྲུལ་ལྡེ》རུ། "ཁྱོད་དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་གང་ཞིགཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡང་ཡིན། ཁྱོད་ཀྱི་རྒྱུ་ཡང་ཡིན་པའི་གཞི་མཐུན་སྲིད་པ་དེ། ཁྱོད་དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ཡིན་པའི་མཚན་ཉིད"(3)ཅེས་བཀོད་འདུག་ལ། 《ཚད་མ་སྡེ་བདུན་གྱི་རྒྱན་ཡིད་ཀྱི་མུན་སེལ》ལས"དེ་སྒྲུབ་ཀྱི་རྟགས་ཀྱིས་དངོས་སུ་ཟིན་པར་བཀོད་པའི་འབྲས་བུ་དེའི་རྒྱུ་བསྒྲུབ་བྱའི་ཆོས་ཀྱིས་དངོས་སུ་ཟིན་པར་བྱེད་པའི་སྒོ་ནས་རང་གི་ཤེས་འདོད་ཅན་གྱི་སྟེང་དུ་སྒྲུབ་པ་ལ་ཚུལ་གསུམ་ཚང་བའི་གཏན་ཚིགས"(4)ཞེས་དེའི་མཚན་ཉིད་དུ་བསྟན་འདུགཚད་མའི་བསྟན་བཅོས་འདི་གཉིས་ལས་བྱུང་བའི་འབྲས་རྟགས་ཡང་དག་གི་མཚན་ཉིད་ཐད་ལ་བརྗོད་ཚུལ་མི་འདྲ་བས་ཚིག་ཟིན་གྱི་ཆ་ཅུང་ཙམ་བྱུང་བ་ལས། དོན་གྱི་གནད་འབབ་ས་གཅིག་ཏུ་འཁེལ་ཡོད་པར་འདོད་དེ། འབྲས་རྟགས་ཡང་དག་འདི་ཡང་རྟགས་ཡང་དག་གི་ནང་ཚན་དུ་གྱུར་པའི་དབྱེ་བ་ཞིག་ཡིན་པའི་ཆ་ནས། ཐོག་མར་ཚུལ་གསུམ་སྟེ་ཕྱོགས་ཆོས་དང་རྗེས་ཁྱབ། ལྡོག་ཁྱབ་གསུམ་ཀ་ཚང་བའི་རྟགས་ཡང་དག་ཅིག་ངེས་པར་དུ་ཡིན་དགོས་པའི་ཆ་རྐྱེན་སྟེང་། རྟགས་ཆོས་དོན་གསུམ་ལས་རྟགས་སུ་འབྲས་བུ་བཀོད་པ་དང་། བསྒྲུབ་བྱའི་ཆོས་སུ་འབྲས་བུ་དེའི་རྒྱུ་བཀོད་པ་ཞིག་ཡིན་དགོས། གོང་དུ་བརྗོད་པའི་ཆ་རྐྱེན་འདི་དག་ཚང་བ་ཡིན་ན་འབྲས་རྟགས་ཡང་དག་གི་མཚན་ཉིད་ཚང་ཡོད་པའི་རྟགས་སྦྱོར་ཞིག་ཏུ་ངོས་འཛིན་བྱེད་ཆོགདེ་ཡང་ཚད་མའི་བསྟན་བཅོས་གང་མང་ཞིག་ཏུ། དུ་ལྡན་གྱི་ལ་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར། ཞེས་པའི་སྦྱོར་བ་འདི་འབྲས་རྟགས་ཡང་དག་གི་མཚན་གཞིར་བཞག་ཡོད་པས། ད་ནི་འདིར་འབྲས་རྟགས་ཡང་དག་གི་མཚན་ཉིད་རྟགས་སྦྱོར་འདི་དང་འབྲེལ་ཏེ་གསལ་བཤད་རགས་ཙམ་བྱས་ན། དུ་ལྡན་གྱི་ལ་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར་ཞེས་པའི་རྟགས་སྦྱོར་འདི་ལ་མཚོན་ན། ཐོག་མར་སྦྱོར་བ་འདི་རྟགས་སྦྱོར་ཡང་དག་ཡིན་མིན་ལ་དཔྱད་དགོས་ཤིང་། རྟགས་ཡང་དག་དེ་ཡང་ཚུལ་གསུམ་ཚང་ཡོད་མེད་ཀྱི་སྒོ་ནས་འཇོག་དགོས་སྟབས། སྦྱོར་བ་འདིར་ཕྱོགས་ཆོས་དང་རྗེས་ཁྱབ། ལྡོག་ཁྱབ་རེ་རེ་ནས་གྲུབ་ཡོད་མེད་ལ་དབྱེ་ཞིབ་ཞིབ་མོར་བྱ་བའི་དགོས་པ་ནི་ཆེ་བར་མཐོང་མོད། ཚུལ་གསུམ་ཚང་མིན་དེ་རྟགས་ཡང་དག་སྐབས་ཀྱི་བརྗོད་བྱ་གཙོ་བོ་ཡིན་པས་འདིར་རགས་ཙམ་དབྱེ་ཞིབ་བྱས་ན། སྤྱིར་ཕྱོགས་ཆོས་ནི་གཙོ་བོ་ཤེས་འདོད་ཆོས་ཅན་སྐྱོན་མེད་དང་རྟགས་གཉིས་ཀྱི་འབྲེལ་བ་ལ་དམིགས་ནས་བརྗོད་པ་ཡིན་ལ། སྦྱོར་བ་འདིའི་ཕྱོགས་ཆོས་གྲུབ་ཚུལ་ཡོད་དེ། ཤེས་འདོད་ཆོས་ཅན་སྐྱོན་མེད་དུ་ལྡན་ལའི་སྟེང་དུ་རྟགས་དུ་བ་འགོད་ཚུལ་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པས་ཕྱིར། རྗེས་ཁྱབ་དང་ལྡོག་ཁྱབ་གཉིས་ནི་རྟགས་དང་བསྒྲུབ་བྱའི་ཆོས་ཀྱི་འབྲེལ་བ་ལ་དམིགས་ནས་བཤད་པ་ཡིན་ལ། རྗེས་ཁྱབ་ཀྱི་ལྟོས་གཞི་ནི་མཐུན་ཕྱོགས་དང་། ལྡོག་ཁྱབ་ཀྱི་ལྡོས་གཞི་ནི་མི་མཐུན་ཕྱོགས་ཡིན། སྦྱོར་བ་འདིའི་རྗེས་ཁྱབ་གྲུབ་ཚུལ་ཡོད་དེ། རྟགས་དུ་ཡོད་དེ་སྒྲུབ་མཐུན་ཕྱོགས་མེ་ཡོད་ཁོ་ན་ལ་འགོད་ཚུལ་དང་མཐུན་པ་ཡོད་པ་ཉིད་དུ་ཚད་མས་ངེས་པས་ཕྱིར། ལྡོག་ཁྱབ་གྲུབ་ཚུལ་ཡོད་དེ། རྟགས་དུ་ཡོད་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་མེ་མེད་ལ་མེད་པ་ཁོ་ནར་ཚད་མས་ངེས་པས་ཕྱིར། དེར་བརྟེན། རྟགས་དུ་བ་ནི་དུ་ལྡན་ལའི་སྟེང་དུ་མེ་ཡོད་པར་སྒྲུབ་པའི་ཚུལ་གསུམ་ཀ་ཡིན་པས། སྦྱོར་བ་འདི་རྟགས་སྦྱོར་ཡང་དག་ཏུ་གྲུབ་ཡོད་དོ། ། ཞིབ་དུ་ཚུལ་གསུམ་གྱི་མཚན་ཉིད་དང་སྦྱར་ཏེ་རེ་རེ་ནས་དབྱེ་ཞིབ་བྱས་ན་མང་བར་དོགས་ཏེ་འདིར་དེ་ཙམ་གྱིས་འཐུས་པར་བྱ། གོང་དུ་སྦྱོར་བ་འདི་རྟགས་སྦྱོར་ཡང་དག་ཏུ་སོང་ཡོད་པ་བསྒྲུབས་ཚར།
    ད་ནི་ཞོར་དུ་བསྒྲུབ་བྱའི་ཆོས་དང་རྟགས་བར་གྱི་འབྲེལ་བར་ཅུང་ཙམ་བརྟག་ན། སྦྱོར་བ་འདིའི་བསྒྲུབ་བྱའི་ཆོས་སུ་མེ་བཞག་པ་ལ། མེ་དེ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡིན་ཏེ། དུ་བའི་རྟགས་ཀྱིས་ཤེས་འདོད་ཆོས་ཅན་དུ་ལྡན་ལའི་སྟེང་དུ་མེ་ཡོད་པར་སྒྲུབ་པ་ཡིན་པས་མེ་འཇོག་དགོས་ལ། ཡང་སྐབས་ཀྱི་ཕྱི་རྒོལ་གཙོ་བོ་དུ་ལྡན་ལའི་སྟེང་དུ་མེ་ཡོད་མེད་ལ་ཤེས་འདོད་ཞུགས་པས་མེ་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་དང་། རྟགས་སུ་བཀོད་པའི་དུ་བའི་དངོས་རྒྱུ་ཡང་ཡིན་པས་དེ་འདྲའི་གཞི་མཐུན་པར་སོང་བ་ཡིན། རྒྱུ་མཚན་དེའི་དབང་གིས་དུ་བ་དུ་བའི་རྟགས་ཀྱིས་དུ་ལྡན་ལར་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཏུ་སོང་བ་ཡིན་ལ། འདིར་བཀོད་པའི་རྟགས་སྦྱོར་འདི་ཡང་འབྲས་རྟགས་ཡང་དག་གི་སྦྱོར་བ་དངོས་ཡིན་ནོ། ། ཚིག་བརྒྱ་མདོར་དྲིལ་ན། འབྲས་བུ་རྟགས་སུ་བཀོད་ཡོད་ཅིང་། དེའི་རྒྱུ་བསྒྲུབ་བྱའི་ཆོས་སུ་བཟུང་བའི་སྒྲུབ་རྟགས་ཡང་དག་ཞིག་ལ་འབྲས་རྟགས་ཡང་དག་ཅེས་ངོས་འཛིན་བྱེད་ཆོག་གོ།
     གཞན་ཡང་། དུ་ལྡན་གྱི་ལ་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར། ཞེས་པའི་འབྲས་རྟགས་ཡང་དག་གི་སྦྱོར་བ་འདིའི་རྟགས་ཆོས་དོན་གསུམ་རེ་རེ་ནས་ངོས་བཟུང་ཙམ་བྱས་ན་འདི་ལྟ་སྟེ། ཁྱོད་དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རྩོད་གཞིར་བཟུང་བ་ཡང་ཡིན། ཁྱོད་དུ་ལྡན་ལའི་སྟེང་དུ་མེ་ཡོད་མེད་ལ་ཤེས་འདོད་ཞུགས་པའི་གང་ཟག་སྲིད་པ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ་ཡོད་པས། དུ་ལྡན་ལ་ནི་སྦྱོར་བ་འདིའི་ཤེས་འདོད་ཆོས་ཅན་ཡིན། རྟགས་སྦྱོར་འདིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་སུ་མེ་བཀོད་ཡོད་པས། མེ་ཡོད་པ་ནི་སྦྱོར་བ་འདིའི་བསྒྲུབ་བྱའི་ཆོས་ཡིན། དུ་ལྡན་ལའི་སྟེང་དུ་མེ་ཡོད་པར་སྒྲུབ་པའི་སྒྲུབ་བྱེད་དུ་དུ་བ་བཀོད་ཡོད་པས་དུ་བ་ནི་སྦྱོར་བ་འདིའི་རྟགས་ཡིན། དེ་སྒྲུབ་ཀྱི་བསྒྲུབ་བྱའམ་དམ་བཅའ་ནི་ཤེས་འདོད་ཆོས་ཅན་དང་བསྒྲུབ་བྱའི་ཆོས་ཀྱི་ཚོགས་དོན་ལ་འཇུག་པས། སྦྱོར་བ་འདིའི་བསྒྲུབ་བྱ་ནི་དུ་ལྡན་ལར་མེ་ཡོད་པ་དེ་ཡིན་ནོ། །
གཉིས་པ། འབྲས་རྟགས་ཡང་དག་གི་དབྱེ་བ་དང་དེའི་ཐད་ཀྱི་དོགས་གནད།
གཅིག འབྲས་རྟགས་ཡང་དག་གི་དབྱེ་བ།
     འབྲས་རྟགས་ཡང་དག་གི་ནང་གསེས་དབྱེ་བའི་ཐད་ལ། 《རིགས་ལམ་འཕྲུལ་ལྡེ》རུ"གཉིས་པ་དེ་ལ་དབྱེ་ན། རྒྱུ་དངོས་སྒྲུབ་ཀྱི་འབྲས་རྟགས་ཡང་དག རྒྱུ་སྔོན་སོང་སྒྲུབ་ཀྱི་འབྲས་རྟགས་ཡང་དག རྒྱུ་སྤྱི་སྒྲུབ་ཀྱི་འབྲས་རྟགས་ཡང་དག རྒྱུ་ཁྱད་པར་སྒྲུབ་ཀྱི་འབྲས་རྟགས་ཡང་དག རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས་ཡང་དག་དང་ལྔ"(5)ཞེས་དབྱེ་བ་ལྔ་ཡོད་པར་བཀོད་འདུག་མོད། 《ཚད་མ་མདོ་དང་སྡེ་བདུན་གྱི་གཞུང་དོན་ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་རིགས་ལམ་གསེར་གྱི་ཐེམ་སྐས》ཞེས་པ་རུ"དེ་དག་ནི་རྒྱུ་དངོས་སྒྲུབ་ཀྱི་འབྲས་རྟགས་དང་། རྒྱུ་སྔོན་སོང་སྒྲུབ་ཀྱི་དེ། རྒྱུ་སྤྱི་སྒྲུབ་ཀྱི་དེ། རྒྱུ་ཁྱད་པར་སྒྲུབ་ཀྱི་དེ། རྒྱུ་ཆོས་རྗེས་དཔོག་པའི་དེ་དང་ལྔ་དང་མཐའ་དཔྱོད་དུ་རྒྱུ་ཚོགས་གྲངས་ཚང་སྒྲུབ་ཀྱི་འབྲས་རྟགས་སོགས་ཡོད་པར་གསུངས་ཀྱང་དངོས་སུ་མདོ་དང་བསྟན་བཅོས་ཁུངས་གཏུགས་ནས་རྒྱུ་ཚོགས་གྲངས་ཚང་སྒྲུབ་ཀྱི་འབྲས་རྟགས་གསུངས་སོ"(6)ཞེས་འབྲས་རྟགས་ཡང་དག་གི་དབྱེ་བ་རུ་རྒྱུ་ཚོགས་གྲངས་ཚང་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ཅེས་པ་ཞིག་ཀྱང་ཤུགས་སུ་ཡོད་པ་བསྟན་པས་དེ་བསྣན་ན་དབྱེ་བ་དྲུག་ཡོད་པར་སྣང་མོད། 《ཚད་མ་སྡེ་བདུན་གྱི་རྒྱན་ཡིད་ཀྱི་མུན་སེལ》དང《སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་རྣམ་འགྲེལ་མཐའ་དཔྱོད》གཉིས་སུའང《རིགས་ལམ་འཕྲུལ་ལྡེ》དང་མཚུངས་པར་ནང་གསེས་དབྱེ་བ་ལྔ་བསྟན་ཡོད་པ་ལས་དྲུག་བཀོད་མེད་པས། འདིར་ཡོངས་ཁྱབ་ཀྱི་དབང་དུ་འབྲས་རྟགས་ཡང་དག་ལ་ནང་གསེས་དབྱེ་བ་ལྔ་ཡོད་པའི་རྗེས་སུ་འབྲངས་རྒྱུ་ཡིན།
     འབྲས་རྟགས་ཡང་དག་ལ་ནང་གསེས་དབྱེ་བ་ལྔ་ཡོད་པ་ལས་དང་པོ"རྒྱུ་དངོས་སྒྲུབ་ཀྱི་འབྲས་རྟགས་ཡང་དག་གི་གོ་དོན་ནི། དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་གང་ཞིགདེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་རྟགས་སུ་འགྲོ་རྒྱུ་དེའི་དངོས་རྒྱུ་བཟུང་ནས་སྒྲུབ་པའི་རྟགས་དེ། དེ་སྒྲུབ་ཀྱི་རྒྱུ་དངོས་སྒྲུབ་ཀྱི་འབྲས་རྟགས་ཀྱི་གོ་དོན་ཡིན། ལ་ལས་རྟགས་སུ་འགྲོ་རྒྱུ་དེའི་རྒྱུ་གང་ཡིན་པ་དེ་བསྒྲུབ་བྱའི་ཆོས་ལ་དངོས་སུ་བཀོད་པས་དེ་ལྟར་བརྗོད་པ་ཡིན་ཟེར། "(7)དེའི་མཚན་གཞི་དཔེ་བརྗོད་དུ་གོང་དུ་བརྗོད་ཟིན་པའི་རྟགས་སྦྱོར་ཏེ། དུ་ལྡན་གྱི་ལ་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར་ཞེས་པ་འདི་འཇོགསྦྱོར་བ་འདི་རྒྱུ་དངོས་སྒྲུབ་ཀྱི་འབྲས་རྟགས་ཡང་དག་གི་མཚན་གཞིར་འཇོག་པར་རྒྱུ་མཚན་ཡོད་དེ། དེ་སྒྲུབ་ཀྱི་རྟགས་སུ་བཀོད་པའི་དངོས་རྒྱུ་མེ་དེ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་སུ་བཀོད་ཡོད་པའི་ཆ་ནས་རྒྱུ་དངོས་སྒྲུབ་ཀྱི་འབྲས་རྟགས་ཡང་དག་གི་མཚན་གཞིར་བཞག་པ་མངོན་གསལ་རེད་ལ། དོན་དུ་ཡང་ཀུན་ནས་མཐུན་པ་ཞིག་རེད་སྙམ། དབྱེ་བ་གཉིས་པ"རྒྱུ་སྔོན་སོང་སྒྲུབ་ཀྱི་འབྲས་རྟགས་ཡང་དག་གི་གོ་དོན་ནི། དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་གང་ཞིགདེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ལ་རང་རྒྱུ་སྔ་མ་སྔོན་དུ་སོང་བ་བཟུང་བ་ཡང་ཡིན་པའི་གཞི་མཐུན་པ་དེ། དེ་སྒྲུབ་ཀྱི་རྒྱུ་སྔོན་སོང་སྒྲུབ་ཀྱི་འབྲས་རྟགས་ཡང་དག་གི་དོན་ཡིན། "(8)དེའི་མཚན་གཞི་དཔེ་བརྗོད་དུ་ཚད་མའི་བསྟན་བཅོས་མང་པོ་ཞིག་ཏུ། བར་སྣང་གི་དུ་བ་སྔོ་ལོང་བོ་ཆོས་ཅན། རང་རྒྱུ་མེ་སྔ་མ་སྔོན་དུ་སོང་བ་ཡིན་ཏེ། དུ་བ་ཡིན་པའི་ཕྱིར། ཞེས་པའི་རྟགས་སྦྱོར་འདི་བཞག་འདུག་ལ། འདི་བཞག་པར་ཡང་རྒྱུ་མཚན་ཡོད་དེ། བར་སྣང་གི་དུ་བ་སྔོ་ལོང་བོ་དེ་རང་རྒྱུ་སྔ་མ་རྒྱུ་མེ་ལ་བརྟེན་ནས་བྱུང་བ་ཡིན་ཕྱིར་རང་རྒྱུ་མེ་སྔ་མ་སྔོན་དུ་སོང་བ་ཡིན་ལ། རང་རྒྱུ་མེ་སྔ་མ་སྔོན་དུ་སོང་བར་དེའི་འབྲས་བུ་དུ་བ་ཡིན་པའི་རྟགས་ཀྱིས་སྒྲུབ་པས་ན། རྟགས་སྦྱོར་འདི་རྒྱུ་སྔོན་སོང་སྒྲུབ་ཀྱི་མཚན་གཞི་རུ་བཞག་པའང་དོན་དང་མཐུན། དབྱེ་བ་གསུམ་པ"རྒྱུ་སྤྱི་སྒྲུབ་ཀྱི་འབྲས་རྟགས་ཡང་དག་གི་དོན་ནི། དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་གང་ཞིགདེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ལ་རང་གི་རྒྱུ་སྤྱི་ཙམ་བཟུང་བ་ཡིན་པའི་གཞི་མཐུན་པ་དེ། རྒྱུ་སྤྱི་སྒྲུབ་ཀྱི་འབྲས་རྟགས་ཡང་དག་གི་དོན"(9)ཞེས་བཀོད་འདུག་ལ། དེའི་མཚན་གཞི་དཔེ་བརྗོད་དུ། ཉེར་ལེན་གྱི་ཕུང་བོ་ཆོས་ཅན། རང་རྒྱུ་དང་བཅས་པ་ཡིན་ཏེ། རེས་འགའ་སྐྱེས་པའི་དངོས་པོ་ཡིན་པའི་ཕྱིར། ཞེས་པའི་རྟགས་སྦྱོར་འདི་བཞག་འདུགསྦྱོར་བ་འདི་མཚན་གཞི་རུ་བཞག་པ་ལ་ཡང་རྒྱུ་མཚན་ཡོད་དེ། རེས་འགའ་བའི་དངོས་པོ་དེ་ཉེར་ལེན་གྱི་ཕུང་བོའི་སྟེང་དུ་རང་རྒྱུ་གང་ཡིན་ངེས་མ་བཟུང་བར་སྤྱི་ཙམ་ནས་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་པའི་ཕྱིར། དབྱེ་བ་བཞི་བ"རྒྱུ་ཁྱད་པར་སྒྲུབ་ཀྱི་འབྲས་རྟགས་ཡང་དག་གི་གོ་དོན་ནི། དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་གང་ཞིགདེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ལ་རང་གི་རྒྱུ་ཁྱད་པར་བ་ཞིག་བཟུང་བ་ཡིན་པའི་གཞི་མཐུན་པ་དེ། རྒྱུ་ཁྱད་པར་སྒྲུབ་ཀྱི་འབྲས་རྟགས་ཡང་དག་གི་དོན"(10)ཡིན་ལ། དེའི་མཚན་གཞི་དཔེ་བརྗོད་དུ། སྔོན་སྣང་དབང་ཤེས་ཆོས་ཅན། རང་གི་དམིགས་རྐྱེན་དང་བཅས་པ་ཡིན་ཏེ། རང་གི་དམིགས་རྐྱེན་མེད་པར་མི་སྐྱེས་པའི་དངོས་པོ་ཡིན་པའི་ཕྱིར། ཞེས་པའི་རྟགས་སྦྱོར་འདི་བཞག་འདུགསྦྱོར་བ་འདི་མཚན་གཞི་དཔེ་བརྗོད་དུ་འཇོག་པའི་རྒྱུ་མཚན་ཡོད་དེ། སྔོན་སྣང་དབང་ཤེས་རང་གི་རྒྱུ་ཁྱད་པར་བ་དམིགས་རྐྱེན་དུ་གྱུར་པའི་སྔོན་པོ་མེད་ན་མི་སྐྱེ་བའི་དངོས་པོ་ཡིན་ཙ་ན་སྔོན་སྣང་དབང་ཤེས་རང་གི་དམིགས་རྐྱེན་དང་བཅས་པར་བསྒྲུབས་པས། སྦྱོར་བ་འདི་རྒྱུ་ཁྱད་པར་སྒྲུབ་ཀྱི་འབྲས་རྟགས་ཡང་དག་གི་མཚན་གཞི་རུ་སོང་ཡོད། དབྱེ་བ་ལྔ་བ"རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས་ཡང་དག་གི་དོན་ནི། དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་གང་ཞིགདེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ལ་རང་རྒྱུའི་ཚོགས་པ་གཅིག་ལ་རག་ལས་པའི་འབྲས་བུ་གཞན་བསྐྱེད་པའི་ནུས་པ་བཟུང་བ་ཡང་ཡིན་པའི་གཞི་མཐུན་པ་དེ། རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས་ཡང་དག་གི་དོན་ཡིན"(11)ཞེས་བཀོད་འདུགདེའི་མཚན་གཞི་དཔེ་བརྗོད་དུ། ཁ་ནང་བུ་རམ་གོང་བུའི་སྟེང་ན་ཆོས་ཅན། བུ་རོ་སྔ་མས་བུར་གཟུགས་ཕྱི་མ་སྐྱེད་པའི་ནུས་པ་ཡོད་དེ། བུ་རོ་ད་ལྟ་བ་ཡོད་པའི་ཕྱིར། ཞེས་པའི་རྟགས་སྦྱོར་འདི་འཇོག་ལ། རྟགས་སྦྱོར་འདི་བཞག་པར་ཡང་སྔ་མ་དག་དང་འདྲ་བར་རྒྱུ་མཚན་ཡོད་དེ། རྟགས་སུ་བཀོད་པའི་བུ་རོ་ད་ལྟ་བའི་རྒྱུ་ནི་བུ་རོ་སྔ་མ་དེ་ཡིན་ལ། དེའི་རྒྱུར་གྱུར་པའི་དངོས་པའི་ཆོས་རོ་སྔ་མའི་གཟུགས་ད་ལྟ་བ་ཕྱི་མ་སྐྱེད་པའི་ནུས་པ་ཁ་ནང་བུ་རམ་གོང་བུའི་སྟེང་དུ་ཡོད་པར་དཔོག་པའི་ཆ་ནས་རྟགས་སྦྱོར་འདི་ནི་རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས་ཡང་དག་གི་མཚན་གཞི་རུ་འགྲོའོ། །
གཉིས། དབྱེ་བའི་ཐད་ཀྱི་དོགས་གནད།
     གོང་དུ་འབྲས་རྟགས་ཡང་དག་གི་དབྱེ་བ་ལྔའི་གོ་དོན་ལ་ངོས་འཛིན་ཚུལ་དེ་དག་གི་མཚན་གཞི་སྟེ་རྟགས་སྦྱོར་དང་སྦྲགས་ཏེ་རེ་རེ་ནས་རགས་ཙམ་བཤད་ཟིན་ལ། ཞོར་དུ་མཚན་གཞི་སྦྱོར་བ་དེ་དག་དབྱེ་བ་སོ་སོའི་གོ་དོན་དང་ཇི་ལྟར་འཕྲོད་པའི་རྒྱུ་མཚན་ཡང་ཟུར་ཙམ་དབྱེ་ཞིབ་བྱས་ཟིན། ཡིན་ཡང་། བློ་སེམས་ཞིབ་མོར་གནས་ཏེ་མནོ་བསམ་རེ་བཏང་ན། འབྲས་རྟགས་ཡང་དག་ལ་ནང་གསེས་དབྱེ་བ་ལྔ་དབྱེ་བའི་ཐད་ལ་ཧ་མི་གོ་བ་དང་རྒྱུ་མཚན་ཅི་ཡིན་མི་ཤེས་པའི་དོགས་གནད་ཅིག་མཆིས་ཏེ། རྒྱུ་དངོས་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ནི་རྟགས་སུ་བཀོད་པ་གང་དེའི་དངོས་རྒྱུ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་སུ་བཀོད་དེ་བསྒྲུབ་བྱ་སྒྲུབ་པ་དེ་འདྲ་ཞིག་ལ་ངོས་འཛིན་བྱེད་པ་སྟེ། དེ་ནི་དེ་སྒྲུབ་ཀྱི་རྟགས་དེས་རང་གི་དངོས་རྒྱུ་སྒྲུབ་པ་དེ་འདྲ་ཞིག་ཡིན་ཚེ། ཕྱི་མའི་དབྱེ་བ་བཞི་ཡི་གོ་དོན་ཡང་འདི་དང་འདྲ་བར་འགྲེལ་ཐུབ་སྟེ། དཔེར་ན། དབྱེ་བ་གཉིས་པ་རྒྱུ་སྔོན་སོང་སྒྲུབ་ཀྱི་མཚན་གཞི་སྟེ། བར་སྣང་གི་དུ་བ་སྔོ་ལོང་བོ་ཆོས་ཅན། རང་རྒྱུ་མེ་སྔ་མ་སྔོན་དུ་སོང་བ་ཡིན་ཏེ། དུ་བ་ཡིན་པའི་ཕྱིར། ཞེས་པའི་རྟགས་སྦྱོར་འདི་ལ་མཚོན་ནའང་། དུ་བ་ཡིན་པའི་རྟགས་ཀྱིས་བར་སྣང་གི་དུ་བ་སྔོ་ལོང་བོ་དེ་རང་རྒྱུ་སྔ་མ་མེ་སྔོན་དུ་སོང་བ་ཡིན་པར་སྒྲུབ་པའི་རྟགས་སྦྱོར་ཞིག་རེད་ལ། རང་རྒྱུ་མེ་སྔ་མ་སྔོན་དུ་སོང་བ་དེ་ཡང་དུ་བའི་དངོས་རྒྱུ་ཡིན་པས། རྟགས་སྦྱོར་འདི་ཡང་རྒྱུ་དངོས་སྒྲུབ་ཀྱི་འབྲས་རྟགས་ཡང་དག་གི་མཚན་གཞི་དཔེ་བརྗོད་དུ་བཞག་ཀྱང་འགལ་བའི་རྒྱུ་རུ་མི་འགྲོ་སྙམ། དེ་དང་འདྲ་བར་རྒྱུ་སྤྱི་སྒྲུབ་ཀྱི་འབྲས་རྟགས་ཡང་དག་གི་མཚན་གཞི་རྟགས་སྦྱོར་ཏེ། ཉེར་ལེན་གྱི་ཕུང་བོ་ཆོས་ཅན། རང་རྒྱུ་དང་བཅས་པ་ཡིན་ཏེ། རེས་འགའ་བའི་དངོས་པོ་ཡིན་པའི་ཕྱིར། ཞེས་པའི་རྟགས་སྦྱོར་འདི་ལ་མཚོན་ནའང་རང་རྒྱུ་གང་ཡིན་ངེས་མ་བཟུང་བ་མ་གཏོགས། རང་རྒྱུ་དང་བཅས་པ་ནི་རེས་འགའ་བའི་དངོས་པོ་ཡི་དངོས་རྒྱུ་ཡིན་པས་སྦྱོར་བ་འདི་ཡང་རྒྱུ་དངོས་སྒྲུབ་ཀྱི་འབྲས་རྟགས་ཡང་དག་གི་གོ་དོན་དང་མཐུན། འོག་མའི་དབྱེ་བ་གཉིས་ཏེ་རྒྱུ་ཁྱད་པར་སྒྲུབ་ཀྱི་འབྲས་རྟགས་ཡང་དག་དང་། རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས་ཡང་དག་གི་མཚན་གཞི་སྦྱོར་བ་གཉིས་ཀྱང་གོང་མ་དག་དང་འདྲ་བར་རིགས་བསྒྲེས་ཆོགགཞན་ཡང་། དབྱེ་བ་བཞི་བ་རྒྱུ་ཁྱད་པར་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ནི་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ལ་རང་གི་རྒྱུ་ཁྱད་པར་བ་ཞིག་བཟུང་བ་ལ་ངོས་འཛིན་བྱེད་དགོས་ན། རྒྱུ་དངོས་སྒྲུབ་ཀྱི་འབྲས་རྟགས་ཡང་དག་གི་མཚན་གཞི་སྦྱོར་བ་སྟེ། དུ་ལྡན་གྱི་ལ་ལ་ཆོས་ཅན། དུ་བ་ཡོད་དེ། མེ་ཡོད་པའི་ཕྱིར་ཞེས་པའི་རྟགས་སྦྱོར་འདི་ལ་མཚོན་ནའང་། རྟགས་སུ་བཀོད་པའི་དུ་བ་དེ་རྒྱུ་མེ་མེད་ན་མི་སྐྱེ་བས་མེ་དེ་ཡང་དུ་བའི་རྒྱུ་ཁྱད་པར་བ་ཞིག་ཏུ་ངོས་འཛིན་བྱེད་ཆོག་ལ། རྒྱུ་དངོས་སྒྲུབ་ཀྱི་འབྲས་རྟགས་ཡང་དག་གི་སྦྱོར་བ་འདི་ཡང་རྒྱུ་ཁྱད་པར་སྒྲུབ་ཀྱི་འབྲས་རྟགས་ཡང་དག་གི་སྦྱོར་བར་བཞག་ཆོག་པར་སྣང་། སྤྱིར་དབྱེ་གཞི་གཅིག་ལ་དབྱེ་སྒོ་མི་འདྲ་བའི་དབྱེ་བ་དུ་མ་དགར་བའི་ཚེ་ན། དབྱེ་བ་དེ་དག་ཕན་ཚུན་བར་མི་མཐུན་པའི་ཆ་ཡོད་པས་དེ་ལྟར་དབྱེ་དགོས་པ་ཡིན་པས་དེ་དག་ཕན་ཚུན་བར་འགལ་བའི་ཚུལ་དུ་གནས་དགོས་པ་ཞིག་ཡིན་མོད། གོང་དུ་བཀོད་པའི་དབྱེ་ཞིབ་ལས་འབྲས་རྟགས་ཡང་དག་གི་དབྱེ་བ་སོ་སོའི་མཚན་གཞི་སྦྱོར་བ་དེ་དག་བར་མཐུན་པའི་ཆ་མང་དུ་འདུག་པ་ཤེས་རྟོགས་བྱེད་ཐུབ་པས། འབྲས་རྟགས་ཡང་དག་ལ་ནང་གསེས་དབྱེ་བ་ལྔ་ཕྱེ་བའི་ཐད་ལ་རྒྱུ་མཚན་ཅི་ཡིན་མི་ཤེས་པས་མག་མོག་གི་ཚུལ་དུ་གནས་པའི་ཆ་ཞིག་འདུགདེར་མ་ཟད། ཚད་མའི་བསྟན་བཅོས་ཕལ་མོ་ཆེ་རུའང་འབྲས་རྟགས་ཡང་དག་ལ་ནང་གསེས་དབྱེ་བ་ལྔ་ཡོད་པ་རེ་རེ་ནས་བསྟན་པ་ལས་དེ་ལྟར་དབྱེ་དགོས་པའི་རྒྱུ་མཚན་གསལ་བོ་ཞིག་བཀོད་མེད་པས། དབྱེ་བ་ལྔ་རུ་དབྱེ་དགོས་པའི་དབྱེ་ཚུལ་ལམ་རྒྱུ་མཚན་གྱི་ཐད་ལ་དོགས་གནད་ཅིག་མི་འགོད་རང་འགོད་དུ་གྱུར་ཏོ། །
གསུམ་པ། འབྲས་རྟགས་ཡང་དག་གི་དབྱེ་བ་དགར་ཚུལ་ལས་འཕྲོས་པའི་མཐའ་དཔྱད།
     གོང་གི་དོན་ཚན་དུ་དོགས་གནད་བཀོད་པ་ཇི་བཞིན། རྒྱུ་སྔོན་སོང་སྒྲུབ་ཀྱི་འབྲས་རྟགས་ཡང་དག་དང་རྒྱུ་ཁྱད་པར་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ལ་སོགས་ཀྱང་རྒྱུ་དངོས་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ཏུ་སོང་ཡོད་པ་དང་། གཞན་རྒྱུ་དངོས་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ཀྱང་རྒྱུ་ཁྱད་པར་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ཏུ་སོང་ཡོད་ཙ་ན། དེ་དག་ཕན་ཚུན་བར་ཕར་བསྲེས་ཚུར་བསྲེས་ཀྱི་ཚུལ་དུ་གནས་ཡོད་པས། ནང་གསེས་དབྱེ་བ་ལྔ་རུ་ཕྱེ་བ་ལ་དགོས་པ་ཆེན་པོ་མེད་སྙམ་པའི་བློ་མི་སྐྱེས་པའི་ངེས་པ་མེད་མོད། སྔོན་བྱོན་མཁས་པ་རྣམས་པའི་རིགས་པའི་བརྒལ་བརྟགས་ཧ་ཅང་ཟབ་ཅིང་བརླིང་ཕྱིར་འདི་འདྲའི་གནད་དོན་སླ་མོ་ཞིག་ལ་བྱིས་བློའི་ནོར་འཁྲུལ་ནི་བཟོ་མི་སྲིད་སྙམ་ལ། འབྲས་རྟགས་ཡང་དག་ལ་ནང་གསེས་དབྱེ་བ་ལྔ་རུ་དབྱེ་བར་དེ་འབྲེལ་གྱི་རྒྱུ་མཚན་ཞིག་ནི་འགོད་དུ་ཡོད་ངེས། དོགས་གནད་འདིའི་ཐད་ལ། 《ཚད་མ་སྡེ་བདུན་གྱི་རྒྱན་ཡིད་ཀྱི་མུན་སེལ》དུ"འདི་དག་ཀྱང་ཕྱི་རྒོལ་གྱི་ཤེས་འདོད་དང་སྔ་རྒོལ་གྱི་དཔག་འདོད་ཀྱི་དབང་གིས་རྟགས་ཀྱི་འགོད་ཚུལ་ཇི་ལྟར་འབྱུང་བ་དང་མཐུན་པར་ཐ་སྙད་བྱེད་པ་ཙམ་ཡིན་གྱི། ཤེས་འདོད་དང་དཔག་འདོད་ཀྱིས་རྟགས་ཀྱི་འགོད་ཚུལ་མཐའ་ཡས་པའི་ཕྱིར། "(12)ཞེས་གསལ་བཤད་མཛད་འདུགམདོར་དེད་ན་རྩོད་པའི་གང་ཟག་སྔ་རྒོལ་དང་ཕྱི་རྒོལ་གཉིས་རྩོད་གཞི་གཅིག་ལ་འཇུག་པའི་ཚེ་ན། ཕྱི་རྒོལ་གྱི་ཤེས་འདོད་དང་སྔ་རྒོལ་གྱི་དཔག་འདོད་ཀྱི་དབང་གིས་དེ་དང་བསྟུན་པའི་རྟགས་སུ་འགོད་ཚུལ་ཡང་མི་འདྲ་བ་བྱུང་བ་དང་། ནང་གསེས་དབྱེ་བ་ལྔ་བོ་དེ་དག་ཀྱང་རྟགས་སུ་འགོད་ཚུལ་མི་འདྲ་བའི་ཆ་ནས་དབྱེ་བ་སོ་སོར་དགར་བ་མངོན་གསལ་རེད། ཡང་གཅིག་བཤད་ན་རྟགས་ཡང་དག་ཅིག་བཀོད་པ་ལ་བརྟེན་ནས་དེ་སྒྲུབ་ཀྱི་བསྒྲུབ་བྱ་སྒྲུབ་པའི་སྒྲུབ་ཚུལ་མི་འདྲ་བའི་ཆ་ནས་དབྱེ་བ་ལྔ་རུ་དབྱེ་བ་རེད། དེ་ཡང་གོང་དུ་བཤད་ཟིན་པའི་འབྲས་རྟགས་ཡང་དག་གི་དབྱེ་བ་ལྔའི་མཚན་གཞི་སྦྱོར་བ་དང་འབྲེལ་ཏེ་སྨྲས་ན། རྒྱུ་དངོས་སྒྲུབ་ཀྱི་འབྲས་རྟགས་ཡང་དག་གི་སྦྱོར་བས་རྟགས་དུ་བ་ཡོད་པ་ལ་བརྟེན་ནས་དེའི་དངོས་རྒྱུ་མེ་སྒྲུབ་ཀྱིན་ཡོད་ལ། རྟགས་སྦྱོར་འདི་ཡང་ཕྱི་རྒོལ་དང་སྔ་རྒོལ་གྱིས་དུ་ལྡན་ལ་ལ་དུ་བའི་དངོས་རྒྱུ་མེ་ཡོད་མེད་ཤེས་འདོད་དང་དཔག་འདོད་ཀྱི་དབང་གིས་དངོས་རྒྱུ་སྒྲུབ་པའི་སྒྲུབ་ཚུལ་འདི་བྱུང་བ་རེད། "རྩ་བ་ལས། རྒྱུ་ལ་རང་བཞིན་ཇི་སྙེད་ཅིག། མེད་ན་མི་འབྱུང་འབྲས་བུ་ནི། ། གཏན་ཚུགས། ། ཞེས་གསུངས། དེ་ལྟར་གསུངས་པའི་དགོས་པ་ནི། བརྡ་སྤྲོད་པ་སོགས་ཀྱིས་མེ་མེད་བརྒྱ་བྱིན་གྱི་སྤྱི་བོར་དུ་བ་འབྱུང་བར་འདོད་པའི་ལོག་རྟོག་འགོག་ནུས་པ་དང་འགོག་པའི་ཆེད་དུ་བསྟན་པ་ཡིན"(13)ཞེས་པ་ལས། རྒྱུ་དངོས་སྒྲུབ་ཀྱི་འབྲས་རྟགས་ཡང་དག་གི་སྒྲུབ་ཚུལ་འདིའི་བྱུང་རྐྱེན་ནི་རྒྱུ་མེད་པ་ལས་འབྲས་བུ་འབྱུང་བར་འདོད་པའི་ལོག་རྟོག་དེ་སེལ་ཆེད་ཡིན་པ་གསལ་བོར་བསྟན་འདུགདེ་བཞིན་རྒྱུ་སྔོན་སོང་སྒྲུབ་ཀྱི་འབྲས་རྟགས་ཡང་དག་གི་རྟགས་སྦྱོར་གྱིས་ཀྱང་རང་རྒྱུ་སྔ་མ་མེ་སྔོན་དུ་སོང་ཡོད་མེད་སྒྲུབ་པ་ལ། ཕྱི་རྒོལ་དང་སྔ་རྒོལ་གཉིས་ཀྱང་རང་རྒྱུ་མེ་སྔ་མ་སྔོན་དུ་སོང་ཡོད་མེད་ཀྱི་ཐད་ལ་ཤེས་འདོད་དང་དཔག་འདོད་ཡོད་པའི་དབང་གིས། རྒྱུ་སྔོན་སོང་སྒྲུབ་པའི་སྒྲུབ་ཚུལ་འདི་བྱུང་བ་རེད། འདིར"དགོས་པ་ཡོད་དེ། རྒྱུ་འབྲས་དུས་མཉམ་དུ་འདོད་པའི་རང་སྡེ་བྱེ་བྲག་སྨྲ་བ་དང་། གཞན་སྡེ་གྲངས་ཅན་པ་སོགས་ཀྱིས་རྒྱུ་དུས་སུ་འབྲས་བུ་ཡོད་པར་འདོད་པའི་ལོག་རྟོག་གཙོ་བོར་འགོག་པའི་ཆེད་དུ་བཀོད་པ་ཡིན་པའི་ཕྱིར"(14)ཞེས་གསུངས་ཡོད་པས། རྒྱུ་སྔོན་དུ་སོང་བ་སྒྲུབ་པའི་འབྲས་རྟགས་ཡང་དག་གི་སྒྲུབ་ཚུལ་འདི་ཡང་རྒྱུ་འབྲས་དུས་མཉམ་དུ་འདོད་པའི་ལོག་རྟོག་དེ་དགག་ཆེད་བྱུང་བ་ཤེས་ཐུབ། རྒྱུ་སྤྱི་སྒྲུབ་ཀྱི་འབྲས་རྟགས་ཡང་དག་གི་སྦྱོར་བ་སྟེ། ཉེར་ལེན་གྱི་ཕུང་བོ་ཆོས་ཅན། རང་རྒྱུད་དང་བཅས་པ་ཡིན་ཏེ། རེས་འགའ་བའི་དངོས་པོ་ཡིན་པའི་ཕྱིར་ཞེས་པའི་རྟགས་སྦྱོར་འདི་ཡང་སྒྲུབ་ཚུལ་གྱི་ཆ་ནས་རྒྱུ་སྤྱི་ཙམ་སྒྲུབ་པ་ཡིན་ལ། སྒྲུབ་ཚུལ་འདི་ཡང་སྔ་རྒོལ་དང་ཕྱི་རྒོལ་གྱི་དཔག་འདོད་དང་ཤེས་འདོད་ཀྱིས་བྱུང་བ་ཡིན་ལ། འདིའི"དགོས་པ་ནི་དངོས་པོ་ཐམས་ཅད་རྒྱུ་མེད་ངོ་བོ་ཉིད་ལས་བྱུང་བར་འདོད་པའི་རྒྱང་འཕེན་པའི་ལོག་རྟོག་སོགས་གཙོ་བོར་འགོག་པའི་ཆེད་དུ་ཡིན"ཞེས་པ་ལས། སྒྲུབ་ཚུལ་འདིའི་བྱུང་བ་ཡང་དངོས་པོ་ཐམས་ཅད་རྒྱུ་མེད་ངོ་བོ་ཉིད་ལས་བྱུང་བར་འདོད་པའི་ལོག་རྟོག་འགོག་ཆེད་དང་འབྲེལ་བ་ཡོད་པ་ཤེས་ཐུབ། ཕྱི་མའི་དབྱེ་བ་གཉིས་ཏེ་རྒྱུ་ཁྱད་པར་སྒྲུབ་ཀྱི་འབྲས་རྟགས་ཡང་དག་གིས་རང་གི་དམིགས་རྐྱེན་དུ་གྱུར་པའི་རྒྱུ་ཁྱད་པར་བ་ཞིག་མེད་ན་འབྲས་བུ་ཡོད་མི་སྲིད་པ་སྒྲུབ་པའི་ཆ་ནས་རྒྱུ་ཁྱད་པར་སྒྲུབ་ཀྱི་སྒྲུབ་ཚུལ་བྱུང་བ་དང་། རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས་ཡང་དག་གིས་བུ་རོ་ད་ལྟ་བ་ཕྱི་མའི་རྒྱུ་ནི་བུ་རོ་སྔ་མ་ཡིན་ལ། དེའི་ཆོས་རོ་སྔ་མས་གཟུགས་ད་ལྟ་བ་ཕྱི་མ་བསྐྱེད་པའི་ནུས་པ་ཁ་ནང་བུ་རམ་གོང་བུའི་སྟེང་དུ་ཡོད་པར་དཔོག་པའི་ཆ་ནས་རྒྱུ་ཆོས་རྗེས་དཔོག་གི་སྒྲུབ་ཚུལ་འདི་བྱུང་། "འདི་དང་སྔ་མ་རྒྱུ་ཁྱད་པར་སྒྲུབ་ཀྱི་རྟགས་གཉིས་ཀྱི་དགོས་པ་ནི་མི་མཐུན་པའི་རྒྱུ་ལས་སྐྱེས་པར་འདོད་པའི་ལོག་རྟོག་འགོག་པའི་ཆེད་ཡིན་པ་དང་པོ་མཚུངས་སོ"(15)ཞེས་འདི་གཉིས་ཀྱང་སྔ་རྒོལ་དང་ཕྱི་རྒོལ་གྱིས་རྒྱུ་མི་མཐུན་པ་ལས་འབྲས་བུ་འབྱུང་མིན་ཤེས་འདོད་ཀྱི་དབང་གིས་རྒྱུ་ཁྱད་པར་སྒྲུབ་ཀྱི་འབྲས་རྟགས་དང་རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས་བྱུང་བ་ཡིན་པ་རྟོགས་ཐུབ། མདོར་ན། ཕྱི་རྒོལ་གྱི་ཤེས་འདོད་དང་སྔ་རྒོལ་གྱི་དཔག་འདོད་ཀྱིས་རྟགས་སུ་བཀོད་པས་དེ་སྒྲུབ་ཀྱི་བསྒྲུབ་བྱ་སྒྲུབ་ཚུལ་མི་འདྲ་བ་བྱུང་བ་དང་། བསྒྲུབ་བྱ་སྒྲུབ་ཚུལ་མི་འདྲ་བ་ལས་འབྲས་རྟགས་ཡང་དག་ལ་ནང་གསེས་དབྱེ་བའང་མི་འདྲ་བ་ལྔ་བྱུང་བ་རེད། ད་ནི་གོང་དུ་བཀོད་པའི་དོགས་གནད་ཀྱི་ཆ་ཡོངས་སུ་གྲོལ་ཐུབ་པར་བྱུང་སྟེ། འབྲས་རྟགས་ཡང་དག་ལ་ནང་གསེས་དབྱེ་བ་ལྔ་རུ་ཕྱེ་བའི་རྒྱུ་མཚན་ནམ་དབྱེ་ཚུལ་ནི་བསྒྲུབ་བྱ་སྒྲུབ་ཚུལ་དང་སྦྱོར་བ་འགོད་ཚུལ་མི་འདྲ་བའི་ཆ་ནས་དབྱེ་བ་དེའོ། །
     ད་རུང་འདིར་གླེང་འོས་པ་ཞིག་ཡོད་པ་ནི། 《ཚད་པ་སྡེ་བདུན་གྱི་རྒྱན་ཡིད་ཀྱི་མུན་སེལ》དུ"འབྲས་རྟགས་ཀྱི་རྟགས་ཀྱི་འགོད་ཚུལ་ནི་རིགས་ཇི་སྐད་བཤད་པ་འདི་དག་ཏུ་གྲངས་ངེས་པ་ནི་མ་ཡིན་ཏེ། འདི་ལྟར། མྱུ་གུ་ཆོས་ཅན། ཁྱོད་རང་གི་རྒྱུ་རྐྱེན་དུ་མ་ཚོགས་པ་ལས་སྐྱེ་དགོས་ཏེ། ཁྱོད་རང་གི་ཉེར་ལེན་དང་ལྷན་ཅིག་བྱེད་རྐྱེན་གྱི་ཚོགས་པ་གྲངས་མ་ཚང་ན་མི་སྐྱེ་བའི་དངོས་པོ་ཡིན་པའི་ཕྱིར། ཅེས་བཀོད་པ་ལ་སོགས་པ་མང་དུ་སྲིད་པའི་ཕྱིར་རོ། ཇི་སྐད་བཤད་པའི་འབྲས་རྟགས་ཀྱི་དབྱེ་བ་དེ་དག་ཐ་སྙད་མ་གཏོགས་དོན་ཐ་དད་པ་ནི་མ་ཡིན"(16)ཞེས་བཀོད་ཡོད་པ་ལྟར། 《ཚད་མ་མདོ་དང་སྡེ་བདུན་གྱི་གཞུང་དོན་ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་རིགས་ལམ་གསེར་གྱི་ཐེམ་སྐས》སུ་འབྲས་རྟགས་ཡང་དག་གི་ནང་གསེས་དབྱེ་བ་རུ་རྒྱུ་ཚོགས་གྲངས་ཚང་སྒྲུབ་ཀྱི་འབྲས་རྟགས་ཤིག་ཀྱང་ཤུགས་སུ་བསྟན་ཡོད་པ་གོང་དུ་བཤད་པ་བཞིན། མྱུ་གུ་ཆོས་ཅན། ཁྱོད་རང་གི་རྒྱུ་རྐྱེན་དུ་མ་ཚོགས་པ་ལས་སྐྱེ་དགོས་ཏེ། ཁྱོད་རང་གི་ཉེར་ལེན་དང་ལྷན་གཅིག་བྱེད་རྐྱེན་གྱི་ཚོགས་པ་གྲངས་མ་ཚང་ན་མི་སྐྱེ་བའི་དངོས་པོ་ཡིན་ཕྱིར་ཞེས་པའི་རྟགས་སྦྱོར་འདི་རྒྱུ་ཚོགས་གྲངས་ཚང་སྒྲུབ་ཀྱི་འབྲས་རྟགས་སུ་སོང་ཡོད་ལ། བསྒྲུབ་བྱ་སྒྲུབ་ཚུལ་ལམ་རྟགས་སྦྱོར་འགོད་ཚུལ་གྱི་ཆ་ནས་འདི་ནང་གསེས་དབྱེ་བ་ལྔ་དང་མི་འདྲ་བས་འདི་ཡང་འབྲས་རྟགས་ཡང་དག་གི་ནང་གསེས་དབྱེ་བ་རུ་བཞག་ཆོག་པར་སྣང་ལ། དེར་མ་ཟད། ཕྱི་རྒོལ་དང་སྔ་རྒོལ་གྱི་ཤེས་འདོད་དང་དཔག་འདོད་ཀྱིས་རྟགས་ཀྱི་འགོད་ཚུལ་མཐའ་ཡས་པ་ཡོད་པའི་ཆ་ནས། དེ་འབྲེལ་གྱི་བསྒྲུབ་བྱ་སྒྲུབ་ཚུལ་ཡང་ཅི་རིགས་ཤིག་ཡོད་སྲིད་པས། འབྲས་རྟགས་ཡང་དག་གི་ནང་གསེས་དབྱེ་བར་ཡང་ལྔའམ་དྲུག་ཏུ་ངེས་པའི་མ་ཁྱབ་ཅིང་མང་དུ་ཡོད་ཆོག་སྟེ། སྒྲུབ་ཚུལ་མི་འདྲ་བ་ཅི་ཙམ་ཡོད་པ་ཡིན་ན་དབྱེ་བའང་དེ་ཙམ་ཡོད་ཆོག་ལ། དབྱེ་བ་དེ་དག་ཀྱང་རྟགས་ཀྱི་འགོད་ཚུལ་ཙམ་ལ་གཞིགས་ཏེ་ཐ་སྙད་པའི་དབང་དུ་དབྱེ་བ་ཕྱེ་བ་ལས་དོན་གྱི་ངོ་བོའི་སྒོ་ནས་དབྱེ་བ་མ་ཡིན་པ་རྟོགས་དགོས་སོ། །
མཇུག་བསྡུ་བ།
     འབྲས་རྟགས་ཡང་དག་གི་མཚན་ཉིད་དང་དེའི་སྦྱོར་བ། གཞན་དེའི་དབྱེ་བ་དང་དབྱེ་བ་སོ་སོའི་སྦྱོར་བ་ལ་དབྱེ་ཞིབ་རགས་ཙམ་བྱས་པ་ལས། འབྲས་རྟགས་ཡང་དག་གི་ཁྱད་ཆོས་གཙོ་བོ་ནི་འབྲས་བུ་རྟགས་སུ་བཀོད་པ་ལ་བརྟེན་ནས་དེའི་རྒྱུ་བསྒྲུབ་བྱའི་ཆོས་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་སྒྲུབ་པའི་རྗེས་དཔག་གི་རིགས་པ་ཡང་དག་ཅིག་ཡིན་ལ། བསྒྲུབ་བྱའི་ཆོས་དང་རྟགས་གཉིས་ཀྱི་བར་དངོས་རྒྱུ་དངོས་འབྲས་ཀྱི་འབྲེལ་བའི་རྣམ་གཞག་གྲུབ་ཡོད་པ་ཞིག་ཀྱང་ཡིན་པ་ཤེས་རྟོགས་བྱེད་ཐུབ་ལ། འབྲས་རྟགས་ཡང་དག་གི་དབྱེ་བ་ལྔ་བོ་ཡང་རྟགས་སུ་འགོད་ཚུལ་དང་བསྒྲུབ་བྱ་སྒྲུབ་ཚུལ་ཙམ་མི་འདྲ་ན་ཡང་གཙོ་བོ་རྒོལ་བའི་ཤེས་འདོད་དང་དཔག་འདོད་ལ་བརྟེན་ནས་ནང་གསེས་དབྱེ་བ་མི་འདྲ་བ་ལྔ་བྱུང་བ་ཤེས་ཐུབ། སྤྱིར་འབྲས་རྟགས་ཡང་དག་གི་མཚན་ཉིད་དང་དབྱེ་བ་སོ་སོ་གང་ཡིན་པ་ཚད་མའི་བསྟན་བཅོས་དག་ཏུ་རེ་རེ་ནས་གསལ་བོར་བསྟན་ཡོད་པས་ན། རང་བློ་དམན་པ་ཞིག་ལ་སྔ་མ་དག་གིས་བསྟན་མེད་པའི་ལྟ་ཚུལ་གསར་བ་ཞིག་བརྗོད་དུ་མེད་མོད། འབྲས་རྟགས་ཡང་དག་གི་མཚན་ཉིད་ལ་ངེས་ཟིན་ཟབ་མོ་ཞིག་ཐོབ་པར་དེ་སྦྱོར་བ་དང་སྦྱར་ཏེ་དབྱེ་ཞིབ་བྱས་ན་རྟོགས་སླ་བར་འདོད་ལ། དེར་ནང་གསེས་དབྱེ་བ་ལྔ་ཕྱེ་བར་ཡང་དཔྱད་རྩོམ་འདིའི་དཔྱད་གཞི་རུ་བཟུང་བའི་ཚད་མའི་བསྟན་བཅོས་དག་ཏུ་དེ་ལྟར་དབྱེ་དགོས་པའི་རྒྱུ་མཚན་བཀོད་མེད་པས། ཐོག་མར་དོགས་གནད་བཀོད་པ་དང་རྗེས་སུ་དོགས་གནད་ལ་དབྱེ་ཞིབ་བྱས་ན། དབྱེ་བ་དབྱེ་ཚུལ་གྱི་རྒྱུ་མཚན་གང་ཡིན་པ་ཡང་གསལ་བོར་རྟོགས་ཐུབ་པས། འབྲས་རྟགས་ཡང་དག་གི་ཐད་ལ་ངོས་ཟིན་ཟབ་མོ་ཞིག་ཐོབ་སྲིད་སྙམ་སྟེ་དཔྱད་པ་ཐུང་ངུ་འདི་འདྲ་ཞིག་སྤེལ་བ་ཡིན།
ལུང་ཁུངས།
(1)ཡོངས་འཛིན་ཕུར་ལྕོག་པ་བློ་བཟང་ཚུལ་ཁྲིམས་བྱམས་པ། རིགས་ལམ་འཕྲུལ་ལྡེ། [M] ལན་གྲུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2005.6  P310
(2)བློ་བཟང་ཆོས་གྲགས། ཚད་མ་རིག་པའི་སྤྱི་དོན། [M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1998.8 P492
(3)ཡོངས་འཛིན་ཕུར་ལྕོག་པ་བློ་བཟང་ཚུལ་ཁྲིམས་བྱམས་པ། རིགས་ལམ་འཕྲུལ་ལྡེ། [M] ལན་གྲུཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2005.6 P310
(4)ཨ་རིག་དགེ་བཤེས་ཆེན་མོ་བྱམས་པ་དགེ་ལེགས་རྒྱལ་མཚན་གྱིས་མཛད། 《དགའ་ལྡན་བཀྲ་ཤིས་འབྱུང་གནས་ཀྱི་བཅའ་ཡིག》[O](རྭ་རྒྱ་དགོན་པའི་པར། ) P33
(5)ཡོངས་འཛིན་ཕུར་ལྕོག་པ་བློ་བཟང་ཚུལ་ཁྲིམས་བྱམས་པ། རིགས་ལམ་འཕྲུལ་ལྡེ། [M]ལན་གྲུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2005.6  P311
(6)འོད་ཟེར་རྒྱ་མཚོ། ཚད་མ་མདོ་དང་སྡེ་བདུན་གྱི་གཞུང་དོན་ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་རིགས་ལམ་གསེར་གྱི་ཐེམ་སྐས། [M]ལན་གྲུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2009.4  P89
(7)འོད་ཟེར་རྒྱ་མཚོ། ཚད་མ་མདོ་དང་སྡེ་བདུན་གྱི་གཞུང་དོན་ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་རིགས་ལམ་གསེར་གྱི་ཐེམ་སྐས། [M]ལན་གྲུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2009.4 P89
(8)གོང་དང་མཚུངས།  P90
(9)འོད་ཟེར་རྒྱ་མཚོ། ཚད་མ་མདོ་དང་སྡེ་བདུན་གྱི་གཞུང་དོན་ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་རིགས་ལམ་གསེར་གྱི་ཐེམ་སྐས། [M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2009.4 P90
(10)གོང་དང་མཚུངས།  P90
(11)གོང་དང་མཚུངས།  P90
(12)མཁས་གྲུབ་དགེ་ལེགས་དཔལ་བཟང་། ཚད་མ་སྡེ་བདུན་གྱི་རྒྱན་ཡིད་ཀྱི་མུན་སེལ།  [M] པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། 1984.10 P281
(13)འོད་ཟེར་རྒྱ་མཚོ། ཚད་མ་མདོ་དང་སྡེ་བདུན་གྱི་གཞུང་དོན་ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་རིགས་ལམ་གསེར་གྱི་ཐེམ་སྐས།  [M] ལན་གྲུ།   ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  2009.4 P89
(14)གོང་དང་མཚུངས། P90
(15) གོང་དང་མཚུངས། P90
(16)མཁས་གྲུབ་དགེ་ལེགས་དཔལ་བཟང་། ཚད་མ་སྡེ་བདུན་གྱི་རྒྱན་ཡིད་ཀྱི་མུན་སེལ། [M] པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། 1984.10 P281
དཔྱད་གཞིའི་ཡིག་ཆ།
[1]མཁས་གྲུབ་དགེ་ལེགས་དཔལ་བཟང་། ཚད་མ་སྡེ་བདུན་གྱི་རྒྱན་ཡིད་ཀྱི་མུན་སེལ། [M] མི་རིགས་དཔེ་སྐྲུན་ཁང་། 1984.10.
[2] སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན། སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་རྣམ་འགྲེལ་མཐའ་དཔྱོད་བཞུགས་སོ། ། [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2006.7
[3] ཡོངས་འཛིན་ཕུར་ལྕོག་པ་བློ་བཟང་ཚུལ་ཁྲིམས་བྱམས་པ། རིགས་ལམ་འཕྲུལ་ལྡེ། [M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2005.6.
[4]འོད་ཟེར་རྒྱ་མཚོ། ཚད་མ་མདོ་དང་སྡེ་བདུན་གྱི་གཞུང་དོན་ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་རིགས་ལམ་གསེར་གྱི་ཐེམ་སྐས། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2009.4.
[5] བློ་བཟང་ཆོས་གྲགས། ཚད་མ་རིག་པའི་སྤྱི་དོན། [M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1998.8.
[6]ཆུ་སྐྱེས་དགེ་འདུན་བསམ་གཏན། ཚད་མའི་དགོངས་དོན་གསལ་བར་བྱེད་པ་གཏན་ཚིགས་དུས་ཀྱི་སྒྲོན་མེ། [M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1995.3
[7] དགེ་འདུན་རབ་རྒྱས། ཚད་མ་རིག་པའི་དོན་བསྡུས་ཕྱོགས་གླང་དགོངས་རྒྱན། རྟགས་རིགས། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2011.10
[8]རྟ་མཆོག་རྒྱལ། རྟགས་རིགས་ཀྱི་རྩ་བའི་ཆོས་ཉིད་ལ་རོབ་ཙམ་དཔྱད་པ་བློ་གསར་ཡིད་ཀྱི་དགའ་སྟོན། [A] བོད་ཀྱི་ཤེས་རིག་དཔྱད་རྩོམ་ཕྱོགས་བསྒྲིགས། དེབ་གསུམ་པ། [C] ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1992.11
     རྩོམ་པ་པོ་ལྷ་མོ་ཚེ་རིང་ནི་ད་ལྟ་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་དུ་བྱ་བ་སྒྲུབ་བཞིན་ཡོད། ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་བོད་ཀྱི་གནའ་རབས་རྩོམ་རིག་ཡིན།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...