སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་ཀྱི་ལོ་རྒྱུས་ཡིག་ཚང་ལས་འཕྲོས་ཏེ་བོད་ཀྱི་ཤེས་རིག་གི་བྱུང་འཕེལ་སྐོར་གླེང་བ།
རྩོམ་པ་པོ། མགོན་པོ་ཚེ་རིང་། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-1-22 11:18:00 རྩོམ་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། ཀློག་གྲངས།
     ནང་དོན་གནད་བསྡུས། སྤྱིར་འགྲོ་བ་མིའི་རིགས་ཀྱི་གདོད་མའི་རིག་གནས་ནི་ཤེས་བྱ་སྣ་ཚོགས་ཀྱི་འབྱུང་ཁུངས་ཤིག་ཡིན། རྩོམ་འདིའི་ནང་བོད་ཀྱི་སྔ་རབས་ཡིག་ཚང་ཁྲོད་ཀྱི་གདོད་མིའི་སྤྱི་ཚོགས་ཀྱི་ཤེས་རིག་དང་དེང་རབས་གནའ་རྫས་རྟོག་དཔྱོད་ཀྱི་ལམ་ནས་གསར་དུ་བཏོན་པའི་གདོད་མའི་རིག་གནས་གཉིས་ཀྱི་བསམ་བློ་དང་དགོངས་དོན་རྣམས་ལྷན་དུ་སྦྱར་ནས་བོད་ཀྱི་གདོད་མའི་དུས་ཀྱི་ཞིང་ཕྱུགས་ལས་རིགས་ཐོག་མར་དར་ཚུལ་དང་། བོད་ནས་ཐོན་པའི་རྡོ་ཆས་རིག་གནས་ཀྱི་སྐོར། གདོད་མའི“སྒྲུང་ལྡེའུ་བོན་”གསུམ་གྱི་ཤེས་རིག་བཅས་ཕྱོགས་གསུམ་གྱི་ཐད་ལ་དཔྱད་པ་བྱས་ཡོད།
     བརྡ་ཆད་གཙོ་བོ། བོད། གདོད་མ། རིག་གནས། བྱུང་འཕེལ།
     ཀྲུང་གོའི་དཔེ་དེབ་དབྱེ་རྟགས། K874
     ཡིག་ཚང་མཚོན་བྱང་། A
     རྩོམ་གྱི་གོ་རིམ་ཨང་སྒྲིག 1002-946X(2009)01-016-10
     གདོད་མའི་དུས་ཀྱི་མི་དག་གིས་རང་གི་འཚོ་ཐབས་ཀྱི་དོན་དུ་རང་བྱུང་ཁམས་ཆེན་པོའི་འདུལ་སྦྱོང་གི་ལས་ལ་ཞུགས་པའི་ཡུན་རིང་ཉམས་ཐག་གི་འཚོ་བའི་ཁྲོད་ནས་ཆེས་ཐོག་མའི་རིག་གནས་སྣ་མང་སྐྲུནཔའི་ལས་ལའང་ཞུགས་པ་ཡིན་པས། གདོད་མའི་རིག་གནས་ཀྱི་འབྱུང་ཁུངས་དང་རྨང་གཞི་ནི་གདོད་མའི་མི་རྣམས་ཀྱི་ངལ་རྩོལ་དང་འཚོ་བ་ཡིན་ལ། གདོད་མའི་ངལ་རྩོལ་ཁྲོད་ནས་འབྲུ་རིགས་རྨོ་འདེབས་ཀྱི་གནས་ལུགས་དང་སྲོག་ཆགས་འདུལ་སྦྱོང་གི་རིག་པ། དགྲ་འདུལ་གཉེན་སྐྱོང་གི་ཡོ་བྱད། ནད་རིགས་འགོག་བཅོས་ཀྱི་སྨན་སྦྱོར། སྣོད་ཆས་བཟོ་དབྱིབས་ཀྱི་ལག་རྩལ། ཁང་ཁྱིམ་ཕུབ་ལུགས་ཀྱི་བཟོ་རྩལ་སོགས་སྤྱི་སྡོམ་དང་འཕེལ་རྒྱས་སུ་བཏང་བའི་བརྒྱུད་རིམ་ཁྲོད་ནས་གདོད་མའི་རིག་གནས་སྣ་ཚོགས་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་ཕུན་སུམ་ཚོགས་པར་བཏང་ཡོད། ཡིན་ནའང་གདོད་མའི་ཤེས་རིག་དེ་རྣམས་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ནང་ཐར་ཐོར་དུ་བཀོད་པའམ། ཡང་ན་ཚིག་རེ་གཉིས་ཙམ་གྱི་ནང་དུ་བསྡུས་དྲགས་པས་དེར་དོ་སྣང་མ་བྱས་པའམ་དེའི་དོན་ཞིབ་ཏུ་བཀྲལ་དཀའ་བར་གྱུར་པ་དང་། ཡང་ཁ་ཅིག་གིས་བོད་ཡུལ་ནས་ཐོན་པའི་དེང་རབས་གནའ་རྫས་རྟོག་དཔྱོད་རིག་པའི་ཞིབ་འཇུག་གི་འབྲས་བུ་ཁོ་ན་ལས་ལོ་རྒྱུས་དེབ་ཐེར་ཁག་ལ་ལྟ་ཐུབ་མེད་པ་དང་ཡང་ན་བོད་ཡིག་གི་ཡིག་ཚང་ལ་དེ་འདྲ་འདྲིས་ཆ་མེད་པས། བོད་ཀྱི་གདོད་མའི་རིག་གནས་ཀྱི་འབྱུང་ཁུངས་དང་འཕེལ་ཕྱོགས་ལ་དཔྱད་པ་གཏོང་སྐབས་དཔྱད་འབྲས་ཚང་མ་མི་རིགས་གཞན་གྱི་དཔེ་དབྱིབས་ཀྱི་སྒྲོམ་དུ་འཇུག་ཅི་ཐུབ་བྱེད་པའམ་དེ་དག་དང་མ་སྦྲེལ་བའི་རང་རྐྱ་འཕེར་བའི་བོད་ཀྱི་གདོད་མའི་ཤེས་རིག་ཅིག་མེད་པ་ལྟ་བུའི་བསམ་བློ་བཅངས་ཡོད་པས། འདིར་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་དང་གནའ་རྫས་རྟོག་དཔྱོད་ཀྱི་འབྲས་བུ་གཉིས་ཟུང་ཏུ་སྦྲེལ་ནས་དེང་རབས་གཞུང་ལུགས་ཀྱི་སྤྱི་འགྲོས་ལྟར་ཡི་གེ་མ་བྱུང་བའི་སྔོན་གྱི་བོད་ཀྱི་ཤེས་རིག་གི་སྤྱི་ཁོག་ལ་ཕྱོགས་གསུམ་གྱི་ཐོག་ནས་དཔྱད་པ་གཏོང་བར་བྱ།
     གཅིག ཞིང་ཕྱུགས་ལས་རིགས་ཀྱི་ཐོག་མའི་དར་ཚུལ།
     གདོད་མའི་དུས་ཀྱི་མི་ལ་མཚོན་ན་སྲོག་ཆགས་འདུལ་སྦྱོང་དང་སྐྱེ་དངོས་རྨོ་འདེབས་གཉིས་ཀྱི་ཤེས་བྱ་ནི་ཚན་རིག་ཤེས་བྱ་སྣ་ཚོགས་ཀྱི་ཁྲོད་དུ་ཆེས་དར་སྔ་ཞིང་འབུར་དུ་ཐོན་པའི་ཤེས་བྱ་རྣམ་གཉིས་ཡིན། ཁོ་ཚོས་ཡུན་རིང་གི་འཚོ་བའི་ཁྲོད་དུ་རྩྭ་རྩད་རྐོ་བ་དང་སྔོ་འཐུབ། རྩི་ཤིང་གི་འབྲས་བུ་ལོངས་སུ་སྤྱོད་པ་བཅས་བརྒྱུད་ནས་རིམ་བཞིན་རྩི་ཤིང་གི་སྐྱེ་འཕེལ་དང་ཆག་འགྲིབ་བྱེད་ལུགས་ལ་མཉམ་འཇོག་དང་རྒྱུས་ལོན་བྱས་མཐར་ལོ་ཏོག་འདེབས་ལུགས་ཀྱི་རིག་པ་རྙེད་ནས་གདོད་མའི་ཞིང་ལས་ཀྱི་རྣམ་པ་གྲུབ། འགྲོ་བ་མིའི་རིགས་ཀྱི་རྨོ་འདེབས་ཀྱི་རིག་པ་དར་བའི་དུས་ནི་རྡོ་ཆས་རིག་གནས་ཀྱི་འཕེལ་འགྲོས་དང་མཐུན་ཞིང་། མདོ་དབུས་མཐོ་སྒང་ལ་མཚོན་ན་རང་གི་ས་གཤིས་དང་མཁའ་དབུགས་ཀྱི་དྲོ་གྲང་སོགས་ཀྱི་ཆ་རྐྱེན་ལ་བརྟེན་ནས་གདོད་མའི་སོ་ནམ་གྱི་ལས་ལ་ཞུགས་ཚུལ་《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས། རི་རབ་ཟོམ་ནས་འབྲུ་སྣ་ལྔ་(ནས་གྲོ་སྲན་བྲ་སོ་)བླངས་ཏེ། །བོད་དུ་གཏོར་བས་མ་རྨོས་ལོ་ཏོག་བྱས། །ཞེས་དང་། བྱང་ཆུབ་སེམས་དཔའས་རང་གི་རིགས་བརྒྱུད་རྣམས། །ཁྲིད་དེ་མ་རྨོས་པ་ཡི་ལོ་ཏོག་བསྟན། །ལོ་ཏོག་ཟོས་པས་དེ་ཀུན་མི་ཉིད་གྱུར། །མ་རྨོས་འབྲུ་ཟ་གོས་སུ་ཤིང་ལོ་གྱོན།། 【1】ཞེས་པ་སོགས་ལས་བོད་མི་རྣམས་ཀྱིས་བོད་རང་ཡུལ་དང་འཚམས་པའི་གྲོ། ནས། སྲན་མ། བྲོ་བོ། སོ་བ་བཅས་འབྲུ་རིགས་སྣ་ལྔའི་ས་བོན་ལེན་ཤེས་པ་དང་རིམ་གྱིས་རྨོས་པའི་ལོ་ཏོག་སོགས་ལོངས་སུ་སྤྱོད་ཚུལ་གསལ། ལྷག་པར་དུ་སོ་བ་དང་ནས་ལ་མཚོན་ན་བོད་མིས་འདེབས་སྔ་ཞིང་། བོད་ཡུལ་གྱི་ས་ཆུའི་དྲོ་གྲང་དང་བསྟུན་ན་ལོ་ལེགས་འབྱུང་སླ་བ་ཡིན་པས། བོད་ཡུལ་དུ་ཆོས་ལ་མ་ཎི་ཡིག་དྲུག ཟས་ལ་ནས་འབྲུ་དྲུག་མོ། རུས་མིའུ་གདོང་དྲུག་ཅེས་བོད་མི་ཆེ་ཆུང་ཀུན་གྱི་ངག་ན་རླུང་ལྟར་གྲགས་ཤིང་། ད་ཕན་ལོ་ངོ་བཞི་སྟོང་ཙམ་གྱི་ལོ་རྒྱུས་ཡོད་པའི་ཆབ་མདོ་ཁ་རུབ་གནའ་ཤུལ་ཁྲོད་ནས་སོ་བའི་བང་མཛོད་ཐོན་ཡོད་པ་ལས་ཤེས་ལ། རྨོ་འདེབས་ཀྱི་རིག་པ་རྣམས་མི་རྒྱུད་ཕྱི་མ་དག་གིས་རྒྱ་ཆེན་པོའི་སྒོ་ནས་སྤེལ་ཚུལ་《ཆོས་འབྱུང་མཁས་བའི་དགའ་སྟོན་》ལས། བོད་ཀྱི་རྒྱལ་རབས་དགུ་པ་སྤུ་དེ་གུང་རྒྱལ་གྱི་རིང་ལ་བློན་པོ་རུ་ལས་སྐྱེས་ཀྱིས། ཤིང་ལ་མིག་ཕུག་གཤོལ་དང་གཉའ་ཤིང་བྱས། །ས་གཞི་བརྐོས་ནས་ཕུ་ཆུ་ཡུར་དུ་དྲངས། །རྨོན་པ་དོར་བསྡེབས་སྤང་ཐང་ཞིང་དུ་རྨོས། ། 【2】ཞེས་པ་དང་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་སློབ་དཔོན་པད་མས་“ངམ་ཤོད་གྲ་དོལ་སྟག་ལ་ཕུ་སོགས་ཆུ་དཀོན་པ་དང་ཆུང་བ་རྣམས་སུ་ཆུ་ཕྱུང་ལ་གྲམ་པ་ཐམས་ཅད་ཞིང་དུ་བྱས་ལ་ཞིང་གིས་བོད་ཀུན་འཚོ་བར་བྱ་” 【3】ཞེས་སོགས་འབྱུང་བ་དང་། ཕྱིས་སུ་ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱི་སྐབས་སུ་ཞིང་ས་ཆེ་དྲགས་ནས་ཞིང་ཚིགས་ཕན་ཚུན་བར་ལ་བྱིའུ་རྐྱལ་གྱིས་མི་ཆོད་པའི་ཚུལ་ལ་སླེབས་འདུག་པ་རྣམས་ལ་བརྟག་ན་འབྲུ་རིགས་རྨོ་འདེབས་ཀྱི་རིག་པ་དར་ནས་ཡུན་རིང་སོང་རྗེས་ཞིང་སའི་རྒྱ་ཁྱོན་ཇེ་ཆེ་དང་རྨོ་འདེབས་ཀྱི་ལག་རྩལ་སྔར་ལས་ཇེ་བཟང་ལ་འགྱུར་ཚུལ་རྟོགས་ཐུབ་ལ། བོད་རིགས་ནི་ཞིང་ལས་གཉེར་བ་ལའང་ཤིན་ཏུ་མཁས་པའི་མི་རིགས་ཤིག་ཡིན་པ་ཤེས་ཐུབ།
     གདོད་མའི་དུས་ཀྱི་མི་རྣམས་སོ་ནམ་གྱི་ལས་ལ་ཤིན་ཏུ་མཁས་པར་མ་ཟད་སྲོག་ཆགས་འདུལ་སྦྱོང་གི་རིག་པའང་ངོ་མཚར་བ་སྣ་ཚོགས་ཡོད་དེ། ཁོ་ཚོ་སྡོང་མགོ་ནས་སྡོང་རྩར་བབས་པ་ནས་བཟུང་རི་དྭགས་རྔོན་པའི་ལས་ལ་ཞུགས་པའི་འགོ་བརྩམས་ཤིང་ཆེས་ཐོག་མར་“ཟས་སུ་ཤ་རློན་པ་ཟ་བ་དང་སྐོམ་དུ་ཁྲག་དྲོན་མོ་འཐུང་བའི་ཞོར་ལ། སྲོག་ཆགས་རྣམས་ཀྱི་སྐྱེ་འཕེལ་དང་གནས་བཅའ་སྟངས། རྩྭ་ཆུ་ལ་རོལ་སྟངས་སོགས་ལ་འདྲིས་པར་གྱུར་རྗེས། སྲོག་ཆགས་འདུལ་སྦྱོང་གི་ལས་ལ་ཞུགས་པ་ཡིན། དེ་ཡང་གདོད་མའི་དུས་སྐབས་ཀྱི་མི་ལ་མཚོན་ན་ལན་རེར་ཁོ་ཚོས་རི་དྭགས་རྔོན་མ་ཐུབ་པར་ཚོ་པ་ཧྲིལ་པོས་ལྟོགས་སྡུག་མྱོང་བ་དང་། མཚམས་རེར་རི་དྭགས་མང་པོ་རྔོན་ཐུབ་པ་བྱུང་ནས་ཚོ་པ་ཡོངས་ཀྱི་ལྟོ་བ་འགྲངས་པར་མ་ཟད་ལྷག་མ་མང་པོའང་བྱུང་བ་ཡིན་པས། དགུན་གྱི་ཚེ་ན་ལྷག་རོ་རྣམས་ཉར་ཚགས་དང་གསོག་འཇོག་བྱས་ནས་རིམ་གྱིས་ཟ་བ་དང་། དབྱར་ཚ་བ་ཆེ་བའི་སྐབས་སུ་རྔོན་རྫས་རྣམས་རུལ་འགྲོ་བས། ཁོ་ཚོས་ལག་གདངས་སྦྲེལ་ནས་རི་དྭགས་གསོན་པོར་འཛིན་པའི་ཐབས་ལ་བརྟེན་པ་དང་། ཡང་བཟུང་ཟིན་པའི་རི་དྭགས་རྣམས་ཀྱང་རྩྭ་ཆུ་ལ་མ་བརྟེན་ན་གསོན་ཐབས་བྲལ་བ་ཡིན་པས་རིམ་གྱིས་རི་དྭགས་རྣམས་རྩྭ་ཆུའི་བབས་དང་བསྟུན་ནས་ཐག་རིང་སར་འགྲོ་རུ་མ་བཅུག་པར་འཚོ་སྐྱོང་བྱས་པ་ནས་བཟུང་སྒོ་ཕྱུགས་ཐོག་མ་དར་བ་ཡིན། འགྲོ་བ་མིའི་རིགས་ཀྱིས་སྒོ་ཕྱུགས་གཉེར་ཤེས་པའི་དུས་དེ་ནི་རྡོ་ཆས་གསར་མའི་དུས་སྐབས་ཡིན་ལ། ཁོ་ཚོས་ཐོག་མར་ཁྱི་དང་ལུག་གཉིས་བཏུལ་བ་དང་། དེ་ནས་ར་དང་ཕག གླང་། བོང་བུ། རྟ། རྔ་མོང་། རྔ་མ་ལུག་སོགས་རིམ་གྱིས་བཏུལ་བར་བཤད་པས། བོད་ལ་མཚན་ནའང་དུས་སྐབས་དེ་དག་ནས་བཟུང་རང་ཡུལ་དུ་ཡོད་པའི་འབྲོང་དང་རྐྱང་། གནའ་བ། དགོ་བ། སྤྱང་ཀི་སོགས་བཏུལ་ཚུལ་བོད་ཀྱི་ལོ་རྒྱུས་ཡིག་ཚང་མང་པོའི་ནང་དུ་འབྲོང་ཕོ་མོ་ནི་གཡག་དང་འབྲི་རུ་བཏུལ། ཤ་བ་ཕོ་མོ་ནི་བ་གླང་དུ་བཏུལ། རྒོ་བ་ཕོ་མོ་ནི་ལུག་ཏུ་བཏུལ། རྐྱང་ཕོ་མོ་ནི་རྟར་བཏུལ། སྤྱང་ཀི་ཕོ་མོ་ནི་ཁྱིར་བཏུལ་ཞེས་རི་དྭགས་དེ་རྣམས་བཏུལ་ནས་རིམ་གྱིས་སྒོ་ཕྱུགས་གཉེར་བར་བཤད་ལ། བོད་མི་རྣམས་ཀྱིས་ཆེས་གཅེས་པར་འཛིན་པའི་སྒོ་ཕྱུགས་རྟ་ཁོ་ནའི་དབང་དུ་བཏང་ནའང་ཏུན་ཧོང་གཏེར་ཡིག་ཁྲོད་ཀྱི་རྟ་རྐྱང་དབྱེ་བའི་རབས་ལས་རྟའི་མཆེད་ཁུངས་དང་རྟ་དང་འགྲོ་བ་མིའི་བར་གྱི་ཐོག་མའི་འབྲེལ་བ་སོགས་བཤད་ཡོད་པ་མ་ཟད་རྟའི་འབྱུང་ཁུངས་དང་རྟ་བཏུལ་ལུགས། རྟའི་བརྟག་ཐབས། རྟའི་བཅོས་ཐབས་སོགས་ཀྱི་རིག་གཞུང་རྒྱ་ཆེན་པོ་བསྟན་ཡོད། གཞན་ཡང་གདོད་མའི་མི་རྣམས་ཀྱི་འཚོ་བ་དང་ཐད་ཀར་འབྲེལ་བའི་ཁང་བཟོ་དང་འཚེམ་བཟོ་སོགས་བཟོ་རིག་པ་དང་། གསོ་བ་རིག་པ། གནམ་རིག་སྐར་རྩིས། རྫ་ཆས་དང་བྲག་རིས་སོགས་ཀྱིས་མཚོན་པའི་གདོད་མའི་སྒྱུ་རྩལ་དང་གདོད་མའི་ཆོས་ལུགས་སོགས་ཀྱི་སྤྱིའི་དར་ཚུལ་རྒྱ་ཆེར་དགྲོལ་རྒྱུ་ནི་ཡིག་ཚོགས་ལ་འཇིགས་པས་གཞན་དུ་འབྲི་བར་བྱ།
     གཉིས་པ། རྡོ་ཆས་རིག་གནས་སྐོར་བཤད་པ།
     དེང་སྐབས་གནའ་རྫས་རྟོག་དཔྱོད་ཀྱི་རིག་པས་འགྲོ་བ་མིའི་རིགས་ཀྱི་གདོད་མའི་ཤེས་རིག་གི་གསང་བའི་མཐིལ་བརྟོལ་ཞིང་། མིའི་རིགས་ཀྱི་ལོ་རྒྱུས་ལ་བདེན་དཔང་དང་གཟུ་བོའི་ཤན་འབྱེད་བཞིན་པའི་སྒང་འདིར་བོད་ཀྱི་གདོད་མའི་སྤྱི་ཚོགས་ཀྱི་རྣམ་པ་དང་སྒོས་སུ་གདོད་མའི་རིག་གནས་སྐོར་ལ་དཔྱད་པ་རགས་ཙམ་བཏང་ན།
     སྤྱིར་གདོད་མའི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་པའི་ཆུ་ཚད་ཧ་ཅང་དམའ་ཞིང་། ཁོ་ཚོས་སིལ་ཏོག་དང་རྩྭ་ལྡུམ་སྣ་ཚོགས་ཀྱི་རིགས། རི་དྭགས་རྔོན་པའི་ཤ་ཁྲག་སོགས་ཁ་ཟས་སུ་བརྟེན་པ་དང་། གོས་སུ་ཤིང་ལོ་དང་པགས་པ་གྱོན་པ་དང་། གནས་ངེས་མེད་འགྲིམས་པ་ནས་བྲག་ཁུང་སོགས་སུ་གནས་བཅོས་ནས་འཚོ་སྡོད་གནས་ཡུལ་གཏན་འཁེལ་བྱས་པ་ནི་གདོད་མའི་སྤྱི་ཚོགས་ཀྱི་སྤྱིར་བཏང་གི་རྣམ་པ་ཡིན་ལ། ཁོ་ཚོ་ཡང་ཁྲག་རྒྱུད་གཅིག་པའི་ཁྱིམ་རྒྱུད་ཚོ་ཁག་ནས་རིམ་བཞིན་མ་རྒྱུད་སྤྱི་ཚོགས་དང་། ཕ་རྒྱུད་སྤྱི་ཚོགས་བཅས་སུ་འཕེལ་ཞིང་། དེ་ནས་ཁྱིམ་རྒྱུད་ཚོ་ཁག་གིས་རིམ་བཞིན་གདོད་མའི་སྤྱི་ཚོགས་ཀྱི་བརྒྱ་ཆ་གོ་དགུ་ཡན་ཆད་ཟིན་པ་དང་། དེ་ནི་སྤྱིར་ན་རྡོ་ཆས་རྙིང་མའི་དུས་སྟོད་དང་དུས་དཀྱིལ་གྱི་སྐབས་ཡིན་པར་ངོས་འཛིན་བྱེད་ཆོག
     སྤྱིར་བཏང་གི་ལོ་རྒྱུས་རིག་པའི་འགྲོས་ལྟར་ན་གདོད་མའི་སྤྱི་ཚོགས་སྐབས་ཀྱི་ཤེས་རིག་བྱུང་འཕེལ་གྱི་མཚོན་བྱེད་གཙོ་བོ་ནི་ཐོན་སྐྱེད་ལག་ཆ་ལ་ངོས་འཛིན་ཞིང་། དེ་དག་ལས་རྡོ་ཆས་ནི་མཚོན་བྱེད་ཆེས་གཙོ་བོར་འཛིན་བཞིན་ཡོད་དེ། ལ་ལས་རྡོ་ཆས་ཀྱི་སྔོན་ལ་ཤིང་ཆས་སོགས་ཡོད་འོས་བའི་ཚོད་དཔག་བྱེད་བཞིན་ཡོད་ནའང་དེ་དག་གནའ་ནས་རུལ་ཞིང་འཐོར་བར་གྱུར་ཏེ་རྗེས་ཤུལ་ཙམ་ཡང་རྙེད་དཀའ་བའི་ཚོད་དུ་སྣང་ཞིང་། གོར་མོ་རྡོ་ཡི་རིགས་འདིར་སྲ་མཁྲེགས་ཀྱི་རང་བཞིན་ལྡན་པས་ལོ་རྒྱུས་ཀྱི་དཔང་པོ་དང་ཤེས་རིག་གི་མཚོན་བྱེད་དུ་ངོས་བཟུང་ཡོད། རྡོ་ཆས་སྤྱོད་པའི་དུས་སྐབས་དེ་ལོ་རྒྱུས་སྟེང་ནས་རྡོ་ཆས་རྙིང་མའི་དུས་སྐབས་དང་བར་མའི་དུས་སྐབས། གསར་མའིདུས་སྐབས་བཅས་སུ་དགར་སྲོལ་ཡོད་ལ། འདིར་དུས་སྐབས་དེ་དག་གི་རྡོ་ཆས་རིག་གནས་ཀྱི་སྤྱིའི་ཁྱད་ཆོས་དང་སྒོས་སུ་བོད་ཡུལ་ནས་ཐོན་པའི་དུས་སྐབས་སོ་སོའི་རྡོ་ཆས་རིག་གནས་དང་འབྲེལ་བའི་གདོད་མའི་ཤེས་རིག་གི་སྐོར་ཅུང་ཙམ་སྤྲོ་བར་བྱ།
     ༡ རྡོ་ཆས་རྙིང་མའི་དུས་སྐབས།
     རྡོ་ཆས་རྙིང་མའི་དུས་སྐབས་འདི་ཡང་སྟོད་སྨད་བར་གསུམ་དུ་དགར་སྲོལ་ཡོད། རྡོ་ཆས་རྙིང་མའི་དུས་སྟོད་ནི་སྤྱིར་བཏང་འགྲོ་བ་མི་ཆགས་ཟིན་པའི་མིའི་དུས་སྐབས་ཀྱི་ཐོག་མ་སྟེ་ད་ཕན་ལོ་ངོ་ཁྲི་༤༠༠ནས་ཁྲི་༣༠དང་༢༠ཡར་སྔོན་ལ་ངོས་འཛིན་པ་དང་། དུས་སྐབས་དེའི་རྡོ་ཆས་ཀྱི་ཁྱད་ཆོས་ནི་འདི་ལྟ་སྟེ། ཐོག་མར་ལས་སྣོན་མང་པོ་མ་བྱས་པ་དང་དབྱིབས་ཞན་པ། རྣམ་གྲངས་ཉུང་བ་བཅས་ཀྱི་དབང་གིས་རང་བྱུང་གི་རྡོ་དང་ཁྱད་པར་ཆེན་པོ་མེད་ཀྱང་། རིམ་གྱིས་འཕེལ་རྒྱས་བྱུང་ནས་རྡུང་གཅོད་དང་འབྲེག་གཞོག  འབིགས་བྱེད་སོགས་རིགས་དུ་མ་བྱུང་བར་མ་ཟད། སྟར་དབྱིབས་ཅན་གྱི་རྡོ་ཆས་ཤིག་ཀྱང་བྱུང་བར་ངེས། རྡོ་ཆས་དེ་དག་གི་སྤྱོད་སྒོ་གཙོ་བོ་ནི་རི་དྭགས་རྔོན་པ་དང་རྩྭ་རྐོ་བའི་ཕྱོགས་ལ་བཀོལ་བ་དང་། དུས་སྐབས་དེ་ནས་བཟུང་མི་རྣམས་ཀྱིས་མེའང་ལེན་ཤེས་པར་གྱུར་པས་ཁོ་ཚོའི་འཚོ་བ་ལ་འཕེལ་རྒྱས་ཆེན་པོ་བྱུང་། རྡོ་ཆས་རྙིང་མའི་དུས་དཀྱིལ་ནི་ད་ཕན་ནས་ལོ་ངོ་ཁྲི་༣༠དང་༢༠ནས་ཁྲི་༥ཙམ་གྱི་ཡར་སྔོན་ལ་ངོས་འཛིན་སྲོལ་ཡོད་པ་དང་། དུས་སྐབས་དེའི་རྡོ་ཆས་ཀྱི་ཁྱད་ཆོས་ནི་ཕྱིའི་རྣམ་པའི་སྟེང་ནས་དུས་སྐབས་སྔ་མའི་རྡོ་ཆས་ལས་ཇེ་ཞིབ་ཏུ་སོང་ཞིང་། རྣམ་གྲངས་ཇེ་མང་དུ་སོང་བ་སྟེ་གོང་གི་རིགས་གསུམ་པོའི་སྟེང་ལ་རྡོ་ཧྲོག་བསྣན་པ་ཡིན། རྡོ་ཆས་འདི་དག་བེད་སྤྱད་ནས་གཙོ་བོ་རི་དྭགས་ཆེ་ཤོས་ཀྱི་རིགས་རྔོན་མ་ཐུབ་པ་བྱུང་ཞིང་། དེ་བས་གནས་ཁ་ཤས་སུ་རུས་ཆས་ཀྱང་རེ་གཉིས་བྱུང་། རྡོ་ཆས་རྙིང་མའི་དུས་མཇུག་ནི་ད་ཕན་ནས་ལོ་ངོ་ཆིག་ཁྲི་ལྔ་སྟོང་ཙམ་གྱི་ཡར་སྔོན་ལ་ངོས་བཟུང་ཡོད་པ་དང་། སྐབས་དེར་མི་རྣམས་ཀྱི་ལག་རྩལ་སྔར་ལས་གོང་འཕེལ་དུ་སོང་ཡོད་པས་ཁོ་ཚོས་བཟོས་པའི་ལག་ཆ་རྣམས་ལ་སྔར་ལས་ཀྱང་ཅུང་ཞིབ་ཆ་ཐོན་ཡོད་ཅིང་། རྡོ་རྡུང་བ་དང་རྡོ་རྐོ་བའི་ཐབས་སྤྱད་ནས་ལག་ཆ་བཟོ་བ་དང་། ཐ་ན་བརྡར་བཟོས་ལག་ཆ་ཡང་རེ་གཉིས་སྤྱད་ཡོད། སྐབས་དེར་རུས་ཆས་དང་རྭ་ཆས་ཁྱབ་གདལ་དུ་སོང་བ་མ་ཟད། རྡོ་དང་རུས་པ། རྭ་ཅོ་སོགས་ལ་ཤིང་གི་ཡུ་བ་བསྒར་ནས་སྤྱོད་སྒོ་ཡངས་པའི་ལག་ཆ་སྐྲུན་ཤེས་པར་གྱུར་བ་དང་། རྡོའི་སྟ་རེ་དང་རྡོའི་གཡུག་མདུང་སོགས་ཀྱང་བེད་སྤྱད་ནས་མ་རྨོས་པའི་ལོ་ཏོག་བསྡུ་བ་དང་རི་དྭགས་རྔོན་པ་སོགས་ཀྱི་ལས་ལ་ཞུགས།
     བོད་ཡུལ་ལ་མཚོན་ན་དུས་སྐབས་འདིའི་རྡོ་ཆས་ཀྱི་ཁྱད་ཆོས་ལྡན་པའི་རྡོ་ཆས་རིགས་དུ་མ་ཞིག་རྙེད་ཡོད་པ་སྟེ། དེ་ཡང་བོད་རང་སྐྱོང་ལྗོངས་ཀྱི་མངའ་ཁོངས་ལ་གཏོགས་པའི་གདང་ལ་རི་རྒྱུད་ཀྱི་ལྷོ་ཕྱོགས་ནས་ཇོ་མོ་གླང་མའི་བྱང་རྒྱུད་བར་གྱི་རྒྱ་མཚོའི་ངོས་ལས་རྨིས་༣༥༠༠ནས་༥༢༠༠ཡོད་པའི་ས་ཁུལ་དག་སྟེ། ཐོག་མར་དིང་རི་རྫོང་དང་། ཤན་རྩ་རྫོང་། མངའ་རིས་ས་ཁུལ་གྱི་རུ་ཐོག་རྫོང་དང་སྤུ་ཧྲེང་རྫོང་བཅས་ས་གནས་ལྔ་ཙམ་ནས་དུས་རབས་ཉི་ཤུའི་ལོ་རབས་ལྔ་བཅུ་ནས་ལོ་རབས་བརྒྱད་ཅུའི་བར་ལ་རྙེད་པ་དང་། དེ་རྗེས་དུས་རབས་ཉི་ཤུའི་ལོ་རབས་དགུ་བཅུའི་ནང་དུ་ལྷོ་ཁའི་ཁུལ་ནས་གནས་གསུམ་གསར་རྙེད་བྱུང་པས་མིག་སྔར་ཁྱོན་བསྡོམས་གནས་བརྒྱད་ནས་རྡོ་ཆས་རྙིང་མའི་སྐབས་ཀྱི་རྡོ་ཆས་རྙེད་པ་རེད། 【4】གནའ་ཤུལ་དེ་དག་ལས་འབྲེག་གཞོག་དང་འབིགས་བྱེད། ཟུར་གཞོག་བྱེད། རྐོ་ཆས། རྡོ་ལེབ་བཅས་རྙེད་པ་དང་། དེ་དག་ཁྲོད་ནས་དིང་རི་ནས་ཐོན་པ་དག་ལ་ད་ཕན་ལོ་ངོ་ཁྲི་༥ཡི་ལོ་རྒྱུས་ཡོད་པའི་ངོས་བཟུང་ཡོད་ཕྱིན་རྡོ་ཆས་རྙིང་མའི་དུས་དཀྱིལ་ལམ་དུས་མཇུག་ཙམ་ལ་གཏོགས་པ་དང་། མངའ་རིས་ཁོངས་ནས་གནའ་ཤུལ་ཁག་གཉིས་རྙེད་པ་དེ་ནི་ཕལ་ཆེར་རྡོ་ཆས་རྙིང་མའི་དུས་འགོར་བྱུང་བར་ངོས་འཛིན་མཁན་ཡང་ཡོད་ལ། དེར་རྡུང་གཅོད་དང་འབྲེག་རྡུང་། གཞོག་བྱེད་སོགས་ཡོད་པ་དང་། རྡོ་ཆས་དེ་དག་ཀྱང་རླན་དྲོད་སྙོམས་པའི་ནགས་ཚལ་ཅན་གྱི་ཁོར་ཡུག་ཏུ་སྤྱད་པའི་དན་རྟགས་མང་ལ། གཙོ་བོ་ལྗོན་ཤིང་གི་ཡལ་ག་གཅོད་བྱེད་དང་དེ་འབྲེལ་གྱི་ལག་ཆ་ཡིན་པའི་ངོས་བཟུང་ཡོད་པས། སྐབས་དེར་ཁ་ཟས་གཙོ་བོ་ནགས་ཁྲོད་ཀྱི་ཤིང་ཏོག་དང་ཆུའི་ནང་གི་ཟས་རིགས་ལ་བརྟེན་ཡོད་པ་རྟོགས་ཐུབ། དེ་ཡང་ལོ་རྒྱུས་གཞུང་ལས་“ནགས་ན་རི་དྭགས་ལྟ་བར་གནས་པ་ཡི། །ཀློ་དང་མོན་ལྟར་སྤྱོད་པས་བོད་ཡུལ་གང” 【5】ཞེས་པའི་རྣམ་པ་དང་ཀུན་ནས་མཐུན་ནོ། །
     ༢ རྡོ་ཆས་བར་མའི་དུས་སྐབས།
     རྡོ་ཆས་བར་མའི་དུས་སྐབས་ནི་ད་ཕན་ནས་རྩིས་པའི་ལོ་ངོ་༡༥༠༠༠ནས་༡༠༠༠༠བར་གྱི་དུས་སྐབས་ཡིན་ལ། སྐབས་དེར་བཟོས་པའི་ལག་ཆ་རྣམས་འཇམ་ཞིང་ཞིབ་ཏུ་བརྡར་ཡོད་པས་རྡོ་ཆས་འཇམ་པོའི་དུས་སྐབས་ཀྱང་ཟེར་ཞིང་། འཇམ་བརྡར་ལག་ཆ་རྣམས་ཕུད་དུས་སྐབས་འདིའི་ཆེས་ཚབ་བྱེད་རང་བཞིན་ལྡན་པའི་ལག་ཆ་ནི་མདའ་གཞུ་ཡིན། སྒོ་ཕྱུགས་ཀྱི་ཐོག་མ་ལུག་དང་ཁྱི་གཉིས་ཀྱང་སྐབས་འདིར་བཏུལ་འགོ་བརྩམས་ཞིང་། སྤྱི་ཚོགས་ཀྱི་ཐོག་མ་ལུག་དང་ཁྱི་གཉིས་ཀྱང་སྐབས་འདིར་བཏུལ་འགོ་བརྩམས་ཞིང་། སྤྱི་ཚོགས་འཕེལ་བའི་གོ་རིམ་ལྟར་ན་དུས་སྐབས་འདི་ནི་མ་རྒྱུད་སྤྱི་ཚོགས་ཡིན་པའི་ངོས་འཛིན་མཛད་ཡོད།
     དུས་སྐབས་འདིའི་བོད་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་ནི《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས། དང་པོར་གནོད་སྦྱིན་ནག་པོས་དབང་བྱས་ཏེ། །ཡུལ་གྱི་མིང་ཡང་བཟང་ཡུལ་རྒྱན་མེད་ཟེར། །མཚོན་ཆ་མདའ་གཞུ་དེ་ཡི་དུས་སུ་བྱུང་། ། 【6】ཞེས་གསུངས་པ་ལྟར་མདའ་གཞུ་ནི་སྐབས་འདིའི་ལག་ཆའི་ཁྲོད་ཀྱི་རྩེར་སོན་པ་དང་ཆེས་ཁྱབ་གདལ་ཆེ་བ་ཡིན་པ་གསལ་པོར་རྟོགས་ལ། བོད་ཀྱི་ལོ་རྒྱུས་སྟེང་དུ་འབྲོང་ཕོ་མོ་གཡག་དང་འབྲི་རུ་བཏུལ་བ་དང་། སྤྱང་ཀི་ཕོ་མོ་ཁྱིར་བཏུལ་ཞེས་པ་སོགས་རི་དྭགས་དེ་རྣམས་རིམ་བཞིན་བཏུལ་ནས་སྒོ་ཕྱུགས་གཉེར་བའི་སྲོལ་བཏོད་པ་ཡིན། སྐབས་འདིའི་རྡོ་ཆས་རིག་གནས་དག་ནི་གནའ་རྫས་རྟོག་དཔྱོད་མཁན་རྣམས་ཀྱིས་བརྟག་དཔྱད་བྱས་པ་ལྟར་ན་བོད་ལྗོངས་ཀྱི་ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་སྟོད་ཕྱོགས་དང་བར་རྒྱུད་ཀྱི་འབྲོང་པ། ས་དགའ། སྐྱིད་རོང་། ངམ་རིང་དང་གཞིས་ཀ་རྩེ་སོགས་སུ་གནས་ཤིང་། རྡོ་ཆས་ཞིབ་མོ་ཐོན་ཡུལ་གྱི་གནས༣༠ལྷག་ནས་གནས་རྫས༡༠༠༠ལྷག་རྙེད་པ་དེ་རྣམས་རྡོ་ཆས་ཞིབ་མོའི་དུས་འགོར་བྱུང་བ་ཚོད་དཔག་བྱས་ཡོད་པ་དང་། མ་ཟད་མཐོ་ཚད་རྒྱ་མཚོའི་ངོས་ལས་རྨིས་བཞི་སྟོང་ལྔ་བརྒྱ་ནས་ལྔ་སྟོང་ཉིད་བརྒྱ་ཡོད་པའི་བྱང་ཐང་གི་ནག་ཆུ་དང་ཤན་རྩ། མཚོ་གཉིས། ལྷོ་ཕྱོགས་གཉའ་ལམ་རྫོང་ཁུལ་གྱི་གཡའ་ལི་དང་། ལུག་ར། མངའ་རིས་ཁུལ་གྱི་རུ་ཐོག སྤུ་ཧྲེང་། ཆབ་མདོའི་ཁ་རུབ་སོགས་སུ་རྡོ་ཆས་བར་མའི་དུས་ཀྱི་རྡོ་ལེབ་འཇམ་པོ་དང་འཇམ་ལོ་ཅན། རྡོ་འབིག རྡོ་མདའ་སོགས་རྡོ་ཆས་ཆིག་སྟོང་ལྷག་རྙེད་པ་དེ་དག་ཁྲོད་ཀྱི་ཁག་གཅིག་གི་རྒྱུ་ཆ་ནི་སྤོས་ཤེལ་དང་། ཆུ་ཤེལ། མེ་རྡོ་སོགས་ཡིན་ལ། དེ་དག་ལ་ལོ་ངོ་ཆིག་ཁྲི་ཆིག་སྟོང་ཡས་མས་ཀྱི་ལོ་རྒྱུས་ཡོད་པའི་ངོས་འཛིན་བྱས་ཡོད། 【7】མདོར་ན་མིག་སྔར་ལག་སོན་བྱུང་བའི་རྡོ་ཆས་འཇམ་པོའི་རིགས་ནི་ཁག་བཞི་ཙམ་ལ་དགར་ཆོག་པ་སྟེ། རི་གཟར་ཞིང་འགག་དོག་སའི་ཁ་རུབ་རིག་གནས་ཀྱིས་མཚོན་པའི་ཤར་ཕྱོགས་རོང་ཁུལ་དང་། ཤན་རྩ། མཚོ་གཉིས། དཔལ་མགོན། ནག་ཆུ་བཅས་ཀྱིས་མཚོན་པའི་བྱང་ཐང་། སྐྱིད་རོང་། གཉའ་ལམ། ས་དགའ། ངམ་རིང་བཅས་ཀྱིས་མཚོན་པའི་ལྷོ་ནུབ་ཁུལ། རུ་ཐོག སྤུ་ཧྲེང་། འབྲོང་པ་གསུམ་གྱིས་མཚོན་པའི་ནུབ་ཁུལ་བཅས་སོ།།【8】
     ༣ རྡོ་ཆས་གསར་མའི་དུས་སྐབས།
     རྡོ་ཆས་གསར་མའི་དུས་སྐབས་ནི་ད་ཕན་ནས་རྩིས་པའི་ལོ་ངོ་ཆིག་ཁྲིའི་ནང་རོལ་ནས་འགོ་བརྩམས་པ་དང་ལག་ཆ་ཕལ་ཆེར་འཇམ་བརྡར་བྱས་ཡོད་པས་བརྡར་ལས་དུས་སྐབས་ཀྱང་ཟེར་ལ། དུས་མཇུག་ཏུ་སླེབས་སྐབས་རྡོ་ལ་མིག་དབུག་རྒྱུའང་ཤེས་ཡོད། དུས་སྐབས་འདི་ནི་སྤྱི་ཚོགས་འཕེལ་བའི་བརྒྱུད་རིམ་ཁྲོད་དུ་མ་རྒྱུད་སྤྱི་ཚོགས་ཆེས་ཆེར་དར་བའི་སྒང་ཡིན་ཞིང་། གདོད་མའི་ཞིང་ལས་དང་ཕྱུགས་ལས་གཉིས་རྒྱ་ཆེར་དར་བའི་འགོ་ཡང་ཚུགས་པ་ཡིན། དུས་སྐབས་འདིའི་ལག་ཆའི་ཁྱད་ཆོས་གཙོ་བོ་ནི་རྡོ་ཆས་བརྡར་མ་དང་དེ་བཞིན་རུས་ཆས་དང་རྫ་ཆས་སྐྲུན་ཤེས་ཐུབ་པ་དེ་རེད།
     མདོ་དབུས་མཐོ་སྒང་ལ་མཚོན་ན་རྡོ་ཆས་གསར་མའི་སྐབས་ཀྱི་གནའ་རྫས་ཐོན་ཡུལ་ཧ་ཅང་མང་ལ། དེ་དག་གཙོ་བོ་ཡར་ཀླུང་གཙང་པོའི་རྒྱུག་ཁུལ་དང་རྨ་ཆུའི་རྒྱུག་ཁུལ། རྫ་ཆུའི་རྒྱུག་ཁུལ་སོགས་ཆུ་བོ་ཆེན་པོ་རྣམས་ཀྱི་སྟོད་ཀྱི་ཆའི་འགྲམ་ངོགས་སུ་མ་ཁྱབ་པ་མེད་པ་དང་། དེ་རྣམས་ལ་ལོ་ངོ༤༠༠༠ཡས་མས་ཀྱི་ལོ་རྒྱུས་ཡོད་པར་བཤད་ལ། དེ་དག་གི་རིགས་དང་དབྱེ་བ་སོགས་ཞིབ་པ《ལོ་ངོ༤༠རིང་གོ་བོད་ཀྱི་གནའ་རྫས་ལས་དོན་》ཞེས་པ་སོགས་ཀྱི་ནང་འཁོད་ཡོད། འདིར་སྔོག་འདོན་བྱེད་སྔ་ལ་མཚོན་བྱེད་རང་བཞིན་ལྡན་པའི་བོད་ཡུལ་གྱི་གནའ་ཤུལ་གྲགས་ཅན་ཁ་རུབ་རིག་གནས་མཚམས་སྦྱོར་མདོ་ཙམ་བྱས་ན། ཁམས་ཕྱོགས་ཆབ་མདོ་ནས་ཐོན་པའི་ཁ་རུབ་རིག་གནས་ནི་ད་ཕན་ལོ་ངོ་སྟོང་ཚོ་༤ནས་༥བར་གྱི་ལོ་རྒྱུས་ཡོད་པའི་རྡོ་ཆས་གསར་མའི་དུས་ཀྱི་རིག་གནས་གནའ་ཤུལ་ཡིན། དེ་ནས་རྡོ་ཆས་ཀྱི་རིགས་འདྲ་མིན་༧༡༧༨ཐོན་པ་རྣམས་ཕལ་ཆེར་ཞིང་ལས་དང་ནགས་ལས་ཐད་ཀྱི་ཐོན་སྐྱེད་ལག་ཆ་ཡིན་ཏེ། རྡོའི་ཐོང་གཤོལ་དང་རྡོའི་སྟ་རེ་སོགས་ཡོད་པར་མ་ཟད། 【9】འབྲུ་རིགས་སོ་ཡི་བང་མཛོད་ཀྱང་ཡོད་ཚུལ་ལ་བརྟག་ན་སྐབས་དེར་ཞིང་ལས་ཆེས་ཆེར་དར་ཡོད་པ་ཤེས་ཐུབ་ལ། སོ་ནི་རང་རྒྱལ་བྱང་ཕྱོགས་ཀྱི་རླན་གཤེར་ཉུང་བའི་ས་ཁུལ་དུ་བཏབ་ན་འཕྲོད་པའི་འབྲུ་རིགས་ཤིག་ཡིན་པས། བོད་ཀྱི་ནང་རོལ་དུ་ད་ལྟའང་འདེབས་བཞིན་ཡོད་ཅིང་། དེར་མ་མཐར་ཡང་ལོ་ངོ་བཞི་སྟོང་ཡན་ཆད་ཀྱི་ལོ་རྒྱུས་ཡོད་པར་བཤད། 【10】 ཁ་རུབ་ནས་ཐོན་པའི་རྫ་ཆས་ཀྱི་ཆག་རོ༢༠༠ལྷག་ལས༤༧ཙམ་སླར་སྒྲིག་བྱས་ཆོག་ཅིང་། དེ་དག་གི་སྟེང་ན་རི་མོ་མི་འདྲ་བ་སྣ་མང་ཡོད་པས་དེ་ལས་སྐབས་དེའི་མི་རྣམས་ལ་མཛེས་དཔྱོད་ཀྱི་ལྟ་བ་ངེས་ཅན་ཆགས་ཡོད་པ་ཤེས་ལ་རི་མོ་དེ་དག་གི་མཚོན་དོན་གང་ཡིན་པ་ད་དུང་གསལ་པོར་མི་ཤེས་ནའང་། ལུག་གི་གྲོད་པུའི་དབྱིབས་ཅན་གྱི་རྫ་ཆས་ཐོན་པ་ལས་བོད་པའི་ཁྱད་ཆོས་དམིགས་བསལ་ལྡན་པ་ཤེས་ཐུབ། གཞན་རུས་ཆས་ཀྱི་རིགས་༣༦༨ཡོད་པ་རྣམས་ཀྱང་ཕལ་ཆེར་ཐོན་སྐྱེད་ལག་ཆ་ཡིན་པ་དང་། དེའི་ནང་ནས་རིང་ཚད་ལ་ལི་རྨིས་༢དང་གྲངས་ཆུང་༤ཅན་གྱི་རུས་ཁབ་ཅིག་ཡོད་པ་དེ་ནི་ཆེས་སྤུས་ལེགས་ཀྱི་འཚོ་བའི་ཡོ་བྱད་ཅིག་ཡིན། དེ་ལས་གོས་སུ་ཤིང་ལོ་གྱོན་པའི་དུས་སྔ་མོ་ནས་འདས་ཟིན་པ་དང་སྣམ་བུ་འཐག་པའི་ལག་རྩལ་ཡང་དར་ཡོད་པའི་ཚོད་དཔག་བྱས་ཆོག ཁ་རུབ་གནའ་ཤུལ་ལས་ཕག་སོགས་སྲོག་ཆགས་རིགས་མི་འདྲ་བ་བཅུ་བཞི་ཙམ་གྱི་རུས་པའང་ཐོན་ཡོད་པ་མ་ཟད་རྒྱན་ཆའི་རིགས༥༠ཙམ་ཐོན་པ་དང་དེའི་ཁྲོད་དུ་རུས་པའི་སྐྲ་ཤད་ཅིག་ཀྱང་ཡོད་པས་སྐབས་དེའི་མི་རྣམས་ཀྱི་མགོ་སྐྲ་འཕྱར་འཕྱོར་དུ་མ་འཛིངས་པར་སྐྲ་སླས་ཤིང་རུས་རྒྱན་སོགས་སྤྲས་ནས་མཛེས་ཉམས་དོད་པོའི་ངང་འཚོ་བར་རོལ་བཞིན་པ་ཤེས་ཐུབ། གཞན་ཡང་། ཁ་རུབ་གནའ་ཤུལ་གྱི་ཁྲོད་ཁང་ཁྱིམ་གྱི་གནའ་ཤུལ་༢༩ཡོད་པ་རྣམས་རྒྱབ་ངོས་ས་ཁུང་ལ་གཏད་པའི་རིགས་དང་ས་ངོས་ཀྱི་ཁང་ཁྱིམ་སྟེ་རིགས་ཆེན་པོ་གཉིས་སུ་དགར་ཆོག་ལ། རིགས་སྔ་མ་དེ་ཡང་ནང་གསེས་རིགས་གསུམ་ལ་དགར་ཆོག ཡང་དབྱིབས་སྒོར་མོ་ཡིན་པའི་རྡོ་རྩིག་གི་ལྷ་མཆོད་སའི་སྡིངས་ཆ་གཅིག་དང་། རྡོའི་རྩིག་པ་དུམ་བུ་གསུམ། རྡོའི་ར་སྐོར་གསུམ། ཚ་ཐབ་བཞི་བཅས་ཀྱི་གནའ་ཤུལ་ཡོད་པས་སྐབས་དེའི་མི་རྣམས་ཀྱིས་སྡོད་གནས་གཏན་འཁེལ་བྱས་ནས་ཡུན་རིང་སོང་བ་དང་གདོད་མའི་ཆོས་ལུགས་ཀྱི་འདུ་ཤེས་རིམ་བཞིན་ཆགས་ཡོད་པ་སོགས་ངེས་ཤེས་ཐུབ།
     ལྷ་སའི་ཆུ་གོང་རིག་གནས་ཀྱིས་མཚོན་པའི་དབུས་གཙང་ཁུལ་དང་མཚོ་སྔོན་རྫོང་རུ་རིག་གནས【11】ཀྱིས་མཚོན་པའི་ཨ་མདོ་ས་ཆ་གཉིས་བསྣན་པའི་མདོ་དབུས་ཁམས་གསུམ་གྱི་རིག་གནས་གནའ་ཤུལ་རྣམས་ལ་སྤྱིར་བོད་རིགས་ཀྱི་ཐུན་མོང་ཁྱད་ཆོས་ལྡན་པ་དང་སྒོས་སུ་ས་གནས་ཀྱི་ཁྱད་ཆོས་ལྡན་པས་ང་ཚོས་གནའ་ཤུལ་དེ་རྣམས་གཞི་གཅིག་ཏུས་སྦྲེལ་ནས་བོད་རིགས་ཀྱི་ཡི་གེ་མ་བྱུང་བའི་སྔོན་གྱི་ཤེས་རིག་སྣ་ཚོགས་ལ་དཔྱད་པ་གཏོང་རྒྱུ་ཤིན་ཏུ་གལ་ཆེ།
     ༤ ལྕགས་རིགས་སྤྱོད་པའི་དུས་སྐབས།
     རྡོ་ཆས་སྤྱོད་པའི་དུས་སྐབས་མཇུག་སྒྲིག་བའི་མཚོན་རྟགས་ནི་འགྲོ་བ་མིའི་རིགས་ཀྱིས་ལྕགས་རིགས་སྤྱོད་ཤེས་པར་གྱུར་པ་དེ་ཡིན་ལ། ལྕགས་རིགས་སྤྱོད་པའི་དུས་སྐབས་ནི་གདོད་མའི་སྤྱི་ཚོགས་འཐོར་བཤིག་ཏུ་འགྲོ་བའི་སྐབས་ཡིན། ལོ་རྒྱུས་སྟེང་དུ་ལྕགས་རིགས་སྤྱོད་པའི་དུས་སྐབས་དེ་ནང་གསེས་ཀྱིས་དུས་མཚམས་གསུམ་དུ་དབྱེ་ཚུལ་ཡོད་པ་རྣམས་རིམ་གྱིས་བཀྲལ་ན། ༡.རྡོ་ཟངས་མཉམ་སྤྱོད་ཀྱི་དུས་སྐབས། དེ་ཡང་རྡོ་ཆས་གསར་མའི་དུས་མཇུག་ཙམ་ལ་མི་རྣམས་ཀྱིས་ལྕགས་ཆས་ཀྱི་རིགས་བེད་སྤྱོད་གཏོང་བའི་འགོ་བརྩམས་ལ། ཆེས་ཐོག་མར་བེད་སྤྱད་པའི་ལྕགས་རིགས་ནི་རང་བྱུང་གི་ཟངས་ཡིན་པ་དང་། དེ་ནས་རིམ་གྱིས་ཟངས་གཏེར་བཏོན་ནས་ཟངས་བཞུ་སྦྱངས་བྱས་པ་དེ་ཡིན། ཡིན་ནའང་ཟངས་མའི་རྒྱུ་སྙི་ཞིང་མཉེན་པ་ཡིན་པས་སྤྱོད་སྒོ་དེ་ཙམ་ཆེན་པོ་མེད། དེ་བས་ཐོན་སྐྱེད་ལག་ཆ་ནི་སྔར་བཞིན་རྡོ་ཆས་གཙོ་བོ་ཡིན་པས་གནའ་རྫས་རྟོག་དཔྱོད་རིག་པས་དུས་དེར་རྡོ་ཟངས་མཉམ་སྤྱོད་ཀྱི་དུས་སྐབས་ཟེར། སྤྱི་ལོའི་སྔོན་གྱི་ལོ༤༠༠༠ཡང་ན་དེ་ལས་ཀྱང་སྔ་བའི་དུས་སྐབས་སུ་ཨེ་ཤི་ཡ་ནུབ་མ་དང་ཨེ་ཅིབ། རྒྱ་གར་སོགས་ཀྱི་ས་གནས་ཁ་ཤས་སུ་ཟངས་གཏེར་བཞུ་འགོ་བརྩམས། ༢.ལི་ཆས་སྤྱོད་པའི་དུས་སྐབས། འཛམ་གླིང་གི་ཡུལ་གྲུ་སོ་སོ་ནས་ཕལ་ཆེར་སྤྱི་ལོའི་སྔོན་གྱི་ལོ༣༠༠༠ཙམ་ནས་ལི་ཆས་སྤྱོད་འགོ་བརྩམས་ལ། ལི་ནི་ཟངས་དང་གཤའ་འདྲེས་མའི་ལྕགས་རིགས་ཤིག་སྟེ། 《བོད་རྒྱ་ཚིག་མཛོད་ཆེན་མོ་》རུ་ལྕགས་སྣ་ཚོགས་བསྲེས་ནས་བཞུ་བའི་ལི་ཞེས་སྦུབ་ཆལ་དང་སིལ་སྙན་སོགས་རོལ་ཆའི་རྒྱུར་དགོས་པ་ཞིག【12】ཅེས་པ་དང་། དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི《རིག་པ་བཟོ་ཡི་གནས་ཀྱི་ལས་ཚོགས་ཕྲན་ཚེགས་འདོད་རྒུར་སྒྱུར་བ་པྲ་ཕབ་འོད་ཀྱི་སྣང་བརྙན་ཞེས་བྱ་བ་》ལས། སྐུ་འདྲ་ལུགས་འདེབས་པའི་ལི་མ་བྱེད་ན། རྒྱ་གར་གྱི་ལི་བརྫུས་འདྲ་ཅོག་བྱེད་ན། ཟངས་དམར་སྲང་བརྒྱད་ལ་ཏི་ཚ་སྲང་གང་། སྟོད་གཤའ་ཞོ་གང་བྱས་པས་འགྲུབ【13】ཅེས་བསྟན་པ་བཞིན་ལི་ནི་སྲ་མཁྲེགས་ལྡན་ཞིང་བཙོ་སྦྱངས་བྱེད་སླ་བ་དང་། རྣོ་དབང་ཅན་གྱི་ལག་ཆ་དང་དེ་མིན་ཐོན་སྐྱེད་ལག་ཆ་སྣ་མང་བཟོ་བྱེད་ཀྱི་རྒྱུ་ཆ་གལ་ཆེན་ཡིན་པས། རིམ་བཞིན་མཚོན་སྣ་ཚོགས་དང་ཐོན་སྐྱེད་ལག་ཆ། འཚོ་བའི་ཡོ་བྱད། རྒྱན་ཆ་སོགས་ཀྱི་རྒྱུ་གཙོ་བོར་གྱུར། ཡིན་ནའང་ལི་ཆས་བཙོ་སྦྱངས་བྱེད་པའི་ལས་གཞི་ཤིན་ཏུ་ལྕི་བ་དང་སྲ་ཚད་ཀྱང་རྡོ་ཆས་དང་ཕལ་ཆེར་མཉམ་པས་སྐབས་དེར་རྡོ་ཆས་རྩ་བ་ནས་དོར་ཟིན་མེད། སྤྱི་ལོའི་སྔོན་གྱི་ལོ་༣༠༠༠ཙམ་གྱི་རྗེས་ནས་ཨེ་ཤི་ཡ་ནུབ་མ་དང་རྒྱ་གར། ཨེ་ཅིབ་། རང་རྒྱལ་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ལི་སྦྱངས་ནས་ལི་ཆས་སྤྱོད་པའི་འགོ་ཚུགས། ༣.ལྕགས་ཆས་སྤྱོད་པའི་དུས་སྐབས། ལྕགས་རིགས་སྣ་ཚོགས་ཀྱི་ལག་ཆའི་ཁྲོད་ནས་ཆེས་བཟང་ཤོས་སུ་བརྩི་བ་ནི་ལྕགས་ངོ་མའི་ལག་ཆ་ཡིན་ལ། ལྕགས་ནི་ལྕགས་རིགས་གཞན་དག་དང་བསྡུར་ན་རྒྱུ་སྲ་ཞིང་རིན་ཆུང་ལ་བཀོལ་ཡུན་རིང་བས་ཐོན་སྐྱེད་ཀྱི་འཕེལ་རྒྱས་ལ་ནུས་པ་ཆེན་པོ་འདོན་གྱི་ཡོད། དེ་ཡང་གཙོ་བོ་ཞིང་ཕྱུགས་ལས་གཉིས་ཀྱི་འཕེལ་རྒྱས་ལ་ནུས་པ་ཆེན་པོ་ཐོན་པ་སྟེ། དུས་སྐབས་དེའི་ཞིང་ལས་ལ་མཚོན་ན་གདོད་མའི་དུས་ཀྱི་རྐོ་མའི་རྨོ་འདེབས་དེ་ཐོང་གཤོལ་ཅན་གྱི་རྨོ་འདེབས་སུ་བསྒྱུར་བ་དང་། ཐོག་མའི་ཤིང་གཤོལ་དང་རྡོ་གཤོལ་གཉིས་ཀྱང་ལྕགས་གཤོལ་ལ་བསྒྱུར་བ་ཡིན་པས། ཐོང་གཤོལ་ཅན་གྱི་ཞིང་ལས་ཀྱི་ལས་ཆོད་ནི་རྐོ་མའི་ཞིང་ལས་དང་བསྡུར་ཐབས་མེད། ལྷག་པར་དུ་ཤིང་རྡོའི་ཐོང་གཤོལ་དང་ལྕགས་གཤོལ་གྱི་བར་ལ་ཁྱད་པར་ཤིན་ཏུ་ཆེ་བས་རྨོ་ཞིང་གི་རྒྱ་ཁྱོན་ཇེ་ཆེར་བཏང་བར་མ་ཟད། ཐོན་འབོར་ཇེ་མང་དང་ཞིང་ལས་ཐོན་སྐྱེད་ཆེད་ལས་ཅན་དུ་བསྒྱུར། དེ་བས་ཞིང་ལས་ལ་འཚམས་པའི་རོང་ཁུལ་རྣམས་སུ་ཞིང་ལས་གཙོ་གཉེར་གྱི་ཚོ་ཁག་སྟེ་རོང་པའི་ཚོ་པ་རྣམས་གྲུབ་པ་དང་། ཕྱུགས་ལས་ཐོན་སྐྱེད་ལ་འཚམས་པའི་རྩྭ་ཐང་རྣམས་སུ་ཕྱུགས་ལས་གཙོ་གཉེར་གྱི་ཚོ་པ་སྟེ་འབྲོག་པའི་ཚོ་པ་རྣམས་ཆགས་པ་ཡིན་པས། ཐོག་མར་ཞིང་ཕྱུགས་ལས་གཉིས་ཀྱི་ལས་བགོས་བྱུང་བ་ཡིན། ལས་བགོས་དེ་ནི་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་སྟེང་གི་ལས་བགོས་དང་པོ་ཡིན་ལ། ཐེངས་དང་པོའི་ལས་བགོས་ཆེན་པོ་འདིས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ལས་ཆོད་གོང་འཕེལ་གཏོང་རྒྱུར་ཕན་ནུས་ཐོན་ཏེ། མིའི་ངལ་རྩོལ་གྱི་ནུས་པས་རང་གི་ལྟོ་གོས་ཐོན་སྐྱེད་བྱེད་པ་ཕུད་ད་དུང་ཐོན་དངོས་ལྷག་མ་ཡོད་པར་གྱུར་ལ། རོང་འབྲོག་གཉིས་ཀྱི་ཐོན་དངོས་ལ་ཁྱད་པར་ཆེན་པོ་བྱུང་བས་“དགའ་གཉིས་ཚོང་བྱས་མཐུན་གཉིས་ལ་ལུང་སྡེབ་”ཅེས་པ་ལྟར་རོང་འབྲོག་ཚོ་པའི་བར་གྱི་ཚོང་ལས་ཀྱང་དར་བ་རེད། ཞིང་ཕྱུགས་ལས་གཉིས་ཀྱི་འཕེལ་རྒྱས་དང་བསྟུན་ནས་རིམ་གྱིས་ལག་ཤེས་བཟོ་ལས་དར་བ་སྟེ། ལྕགས་རིགས་ཀྱི་བཙོ་སྦྱངས་དང་ལས་སྣོན། རྫ་ལས། ཀོ་ལས། ཕྱེ་འཐག སྣུམ་བཙག ཆང་བསྙལ་བ་སོགས་ཀྱི་ལས་རིགས་སྣ་མང་དར་བ་དང་བསྟུན་ནས་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་སྟེང་གི་ལས་བགོས་ཐེངས་གཉིས་པ་སྟེ་ལག་ཤེས་བཟོ་ལས་དང་ཞིང་ལས་བར་གྱི་ལས་བགོས་བྱུང་། ལས་བགོས་ཐེངས་གཉིས་པ་ནས་བཟུང་ཐད་ཀར་ཚོང་ལས་དམིགས་ཡུལ་དུ་བཟངུ་བའི་ཚོང་ཟོག་བྱུང་ནས། ཚོ་པ་ཕན་ཚུན་བར་ལ་ཚོང་ལས་དར་བ་མ་ཟད་མི་སྒེར་གྱི་བར་ལའང་ཉོ་ཚོང་དར། སྤྱི་ཚོགས་ཀྱི་ལས་བགོས་ཆེན་པོ་འདི་གཉིས་ནི་གདོད་མའི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ཇེ་ཆེར་སོང་བའི་མཇུག་འབྲས་ཡིན་ལ། དེས་དཔལ་འབྱོར་སྟེང་གི་ཐོན་སྐྱེད་འབྲེལ་བ་སྟེ། སྒེར་དབང་ལམ་ལུགས་དང་གྲལ་རིམ་གྱི་དབྱེ་བ་འབྱུང་བའི་སྒོ་མོ་ཕྱེ་པ་དང་། གདོད་མའི་སྤྱི་ཚོགས་མཇུག་སྒྲིལ་བའི་ཆ་རྐྱེན་ཡང་བསྐྲུན།
     བོད་ཡུལ་ནི་གསེར་དངུལ་ཟངས་ལྕགས་སོགས་ཀྱི་གཏེར་ཁ་ཤིན་ཏུ་མང་བའི་ཁུལ་ཞིག་ཡིན་པ་《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ། གསེར་དང་། དངུལ་དང་། ཟངས་དང་། ལྕགས་ལ་སོགས་པ་རིན་པོ་ཆེའི་ཕྱེ་མ་སྙིམ་པ་གངས་ཁ་བ་ཅན་གྱི་ཕྱོགས་སུ་གཏོར་ནས་ས་གཞི་ཆེན་པོའི་འབྱུང་གནས་སུ་བྱིན་གྱིས་བརླབས་ཏེ། ཁྱོད་ཀྱི་རིགས་རྒྱུད་འདི་དག་མིར་གྱུར་པའི་ཚེ་གསེར་དངུལ་ལ་སོགས་པས་ཀྱང་འཚོ་ཞིང་། རིན་པོ་ཆེའི་འབྱུང་ཁུངས་རྣམས་ཀྱང་དུས་དུས་སུ་ཁ་བྱེ་བར་འགྱུར་རོ། 【14】ཞེས་པ་ལྟར་དང་། ཟངས་གཏེར་སོགས་འདོན་པའི་དུས་སྐབས་ནས་ལྕགས་རིགས་སྤྱོད་པའི་འགོ་བརྩམས་པ་དང་། དེ་ནས་རིམ་གྱིས་རྒྱ་ཆེར་དར་བས་སྤུ་དེ་གུང་རྒྱལ་གྱི་རིང་ལ་བློན་པོ་རུ་ལས་སྐྱེས་ཀྱིས་མཛངས་པའི་ལས་སུ་ཤིང་བསྲེགས་སོལ་བ་བྱུང་།  །དེ་ཡིས་རྡོ་བཞུ་གསེར་དངུལ་ཟངས་ལྕགས་ཕྱུང་། ། 【15】ཞེས་པ་ལྟར་ལྕགས་རིགས་བཞུ་སྦྱངས་ཀྱི་ལས་རིགས་རྒྱ་ཆེར་དར་བ་ཡིན་པས། དེ་དག་མ་མཐར་ཡང་ད་ཕན་ནས་རྩིས་ན་ལོ་ངོ་༤༠༠༠ཙམ་ནས་འགོ་བརྩམས་པར་ངོས་འཛིན་བྱས་ཆག 【16】མདོ་དབུས་མཐོ་སྒང་གི་ལྕགས་རིགས་སྤྱོད་པའི་དུས་སྐབས་ཀྱི་རིག་གནས་ནི་ཁྱབ་རྒྱ་ཧ་ཅང་ཆེ་བ་སྟེ། བོད་རང་སྐྱོང་ལྗོངས་ལ་མཚོན་ན་སྟོད་མངའ་རིས་ནས་ཡར་ཀླུང་གཙང་པོའི་རྒྱུག་ཁུལ་དང་། ལྷ་ས། ནག་ཆུ། ཀོང་པོ། མེ་ཏོག ཆབ་མདོ་སོགས་དང་། དེ་མིན་ཡུན་ནན་ཞིང་ཆེན་གྱི་བདེ་ཆེན་དང་སི་ཁྲོན་ཞིང་ཆེན་གྱི་སྡེ་དགེ དཀར་མཛེས། རྔ་པ། ཀན་སུའུ་ཞིང་ཆེན་གྱི་ཅོ་ནེ་སོགས་སུ་ཁྱབ་ནས་ཡོད་ཅིང་། འདིར་མཚོ་སྔོན་ཞིང་ཆེན་ཁོ་ནའི་དབང་དུ་བཏང་ནའང་ཆི་ཀྱཱ་རིག་གནས་དང་། ཁ་ཡོག་རིག་གནས། ཏེན་ཞིན་རིག་གནས། ན་མོ་དབེན་རིག་གནས་སོགས་ནི་ལྕགས་རིགས་སྤྱོད་པའི་དུས་སྐབས་ཀྱི་རིག་གནས་གྲས་སུ་གཏོགས་ལ། 【17】གཞན་ཡང་བྱང་ཐང་དང་སྟོད་ཕྱོགས་སུ་དར་ཆེ་བའི་རྡོ་ཕ་བོང་དང་རྡོ་འབུམ་ཆེན་པོ【18】སོགས་ཀྱི་གནའ་ཤུལ་དང་ནང་དོན་ཕུན་སུམ་ཚོགས་པའི་བྲག་རྐོས་དང་རྡོ་རྐོས་རི་མོ་སོགས་ལའང་དཔྱད་པ་གཏིང་ཟབ་གཏོང་རྒྱུ་ཡོད་དོ། །
     གསུམ། སྒྲུང་ལྡེའུ་བོན་གསུམ་གྱི་ཤེས་རིག་རགས་ཙམ་བཤད།
     བོད་ཀྱི་ལོ་རྒྱུས་དག་ལས་“འདི་ཡན་གདུང་རབས་ཉི་ཤུ་རྩ་བདུན་དུ། ཆབ་སྲིད་སྒྲུང་དང་ལྡེའུ་བོན་གྱིས་བསྐྱངས་”【19】ཞེས་གཉའ་ཁྲི་ནས་ཁྲི་ཐོག་རྗེ་བཙན་བར་གྱི་རྒྱལ་རབས་ཉེར་བདུན་རིང་གི་མི་ལོ་༦༠༠ལྷག་གི་རིང་ལ་བོད་ཀྱི་རྒྱལ་སྲིད་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས་པར་བཤད་མོད། དོན་ལ་སྒྲུང་ལྡེའུ་བོན་གསུམ་གྱིས་སྲིད་སྐྱོང་བའི་སྲོལ་ཀ་ནི་གཉའ་ཁྲིའི་སྔོན་གྱི་དུས་ཡུན་རིང་མོ་ཞིག་ནས་ཡོད་ངེས་པར་མ་ཟད་ལྷ་ཐོ་ཐོ་རི་སོགས་ནས་གནམ་རི་སྲོང་བཙན་ཡན་ལ་དར་ཁྱབ་ཆེ་ཞིང་དེ་ནས་ཁྲི་སྲོང་ལྡེ་བཙན་ཡན་ལའང་རྒྱུན་མ་ཆད་པར་ངེས་པས། འདིར་བོད་ཀྱི་འདོད་མའི་བསམ་བློའི་ཤེས་རིག་གི་ནང་དོན་ཕུན་སུམ་ཚོགས་པོ་ལྡན་པའི་སྒྲུང་ལྡེའུ་བོན་གསུམ་གྱི་ཐོག་མའི་བྱུང་ཚུལ་ལ་རགས་ཙམ་དཔྱད་ན།
     དེ་ཡང་བོན་ཞེས་པ་ནི་བོད་སྐད་ཀྱི་བརྡ་རྙིང་པ་ཞིག་སྟེ་དེང་དུས་ཀྱི་སྐད་ལུགས་སུ་བྱས་ན་བཟླ་ཞེས་པའི་དོན་ལ་འཇུག་པར་བཤད་ཅིང་བོན་པའམ་བཟླ་བ་ནི་སྔགས་ལ་སོགས་པ་ཡང་ཡང་བསྐྱར་བའི་གོ་དོན་བསྟན་ནུས་པའི་བྱ་ཚིག་ཅིག་ཡིན་སྟབས་གནའ་དུས་སུ་སྔགས་བཟླ་བའམ་དེ་དང་འབྲེལ་བའི་ཆོ་ག་དང་རིམ་གྲོ་སོགས་ཀྱི་བྱེད་ལས་ལ་བོན་ཞེས་དང་དེ་དག་བྱེད་མཁན་ལ་བོན་པོ་ཞེས་པའི་ཐ་སྙད་འདི་ཆགས་ཡོད། 【20】 དེ་མིན་བོན་ནི་སྟོང་པ་མ་ཡིན་པའི་དོན་ལ་འཇུག་པ་དང་གྱེར་བའི་དོན་ལ་འཇག་པ། ཆོས་ཞེས་པའི་བརྡ་དང་གཅིག་ཡིན་ཚུལ་སོགས་ཀྱི་དོགས་སློང་བྱས་ཡོད་ནའང་གང་ལྟར་བོན་ནི་བོད་རང་གི་གདོད་མའི་ཆོས་ལུགས་ཡིན་པ་དང་མདོ་དབུས་མཐོ་སྒང་གི་བོད་མི་རྣམས་ལ་ལོ་ངོ་༥༠༠༠ལྷག་གི་གོང་རོལ་ནས་ཆོས་ལུགས་ཀྱི་འདུ་ཤེས་ཡོད་པ་ནི་ཁ་རུབ་རིག་གནས་ཀྱི་གནའ་ཤུལ་ལས་གསལ་པོར་རྟོགས་ནུས། བོན་འདི་དུས་ནམ་ཞིག་ནས་བྱུང་བ་ཁ་ཚོན་གཅོད་དཀའ་མོད། ལོ་ངོ་༣༨༠༠ཡར་སྔོན་ལ་སྟོན་པ་གཤེན་རབ་མི་བོ་ཆེས【21】གཡུང་དྲུང་བོན་གྱི་སྲོལ་མ་ཕྱེ་བའི་ཡར་སྔོན་དུ་བོན་ལུགས་རིགས་མི་འདྲ་བ་སྣ་མང་ཡོད་ཚུལ་《མདོ་གཟེར་མིག་》ལས་གཤེན་རབ་མི་བོ་ཆེའི་བཙས་སྟོན་དུ་དབལ་བོན་རོམ་པོ་སོགས་ཡེ་གཤེན་གཉན་པ་བཅུ་གསུམ་འདུལ་བའི་བོན་པོ་རྣམས་དང་ཟླ་བོན་ཚེས་པ་སོགས་བར་གཡོན་གཏམ་པོ་དགུའི་བོན་པོ་རྣམས་ཡོང་བའི་ལོ་རྒྱུས་ལས་ཤེས་ལ། 【22】བོན་གཞུང་《སྲིད་པ་སྤྱི་མདོས་》ལས་གཤེན་རབ་ཀྱི་སྔོན་ལ་“བདུད་བོན་”དང་“གདོན་བོན་”“བཙན་བོན་”དག་གིས་དམར་མཆོད་བྱེད་སྲོལ་ཡོད་པར་བཤད་དེ། “བཙན་རྗེ་ནི་ཅི་ལ་དགྱེས། །བཟའ་བ་དེ་ཤ་ལ་རྔམས། །བཏུང་བ་དེ་ཁྲག་ལ་རྔམས། །ལེན་པ་དེ་སྲོག་དབུགས་ལེན། །མཐུན་བ་དེ་བགེགས་དང་མཐུན། །སྡོང་བ་དེ་བདུད་དང་སྡོང་། སྐྱོབས་པ་དེ་བཙན་བོན་སྐྱོབས། །འཚེ་བ་ནི་འགྲོ་ལ་འཚེ། །”【23】ཞེས་པ་ལྟར་བཙན་བོན་གྱི་སྐྱབས་མགོན་བཙན་རྗེ་ཡིན་པ་དང་བཙན་རྗེ་ནི་སྐྱེ་འགྲོའི་སྲོག་གཅོད་ལ་རྔམས་ཤིང་ཤ་ཁྲག་ལོངས་སུ་སྤྱོད་ཅིང་བགེགས་དང་གྲོགས་འབྲེལ་བྱེད། བདུད་དང་གཉེན་འབྲེལ་བྱེད། བཙན་བོན་ལ་མགོན་སྐྱོབས་བྱེད་ཅིང་། སྐྱེ་འགྲོ་གཞན་ཡོངས་ལ་གནོད་འཚེ་བྱེད་མཁན་ཡིན་པའི་འདུ་ཤེས་ཡོད་ཚུལ་སོགས་ལ་བལྟས་ན་གདོད་མའི་ཆོས་ལུགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཡོད་པ་ཤེས་ཐུབ་པར་མ་ཟད། དེ་ལ་རིགས་དང་དབྱེ་བ་མང་དུ་ཡོད་ཚུལ་ལས་དུས་སྐབས་དེར་བོན་ཆོས་དར་ནས་ཡུན་རིང་ཕྱིན་ཡོད་པ་ཤེས་ཐུབ། གཡང་དྲུང་བོན་ནི་གཤེན་རབ་མི་བོ་ཆེ་ནས་དབུ་བརྙེས་པ་ཡིན་ལ། དེ་ནི་བོན་གྱི་ཐ་སྙད་ཙམ་ཡོད་པའི་ལུགས་ཐམས་ཅད་ཀྱི་མཆོག་གམ་ཡོངས་སུ་རྫོགས་པའམ། བོན་ཐམས་ཅད་ཀྱི་སྙིང་པོ་ལྟ་བུ་ཞིག་ཏུ་ཆགས་ཡོད་ཅིང་གནའ་བོའི་བོན་ལུགས་སུ་དམར་མཆོད་བྱེད་མཁན་ཕལ་མོ་ཆེའང་གཤེན་རབ་ཀྱི་བསྟན་པའི་སྒོར་ཞུགས་ཏེ། དེ་དག་གི་ལྟ་སྤྱོད་ཀྱང་གཤེན་རབ་བསྟན་པའི་ཁོངས་སུ་གྱུར་སྟབས། དུས་ཕྱིས་ཡོངས་གྲགས་སུ་བོན་བྱ་བ་འདིའི་གདགས་གཞིའམ་ཚད་གཞི་ཐུན་མོང་མ་ཡིན་པ་ནི་གཤེན་རབ་མི་བོ་ཆེས་བསྟན་པའི་གཡུང་དྲུང་གི་བོན་དེ་ཁོ་ན་ལ་ངོས་འཛིན་བྱེད་བཞིན་པ་འདི་བྱུང་བ་ཡིན། 【24】དེ་ལྟ་བུའི་བོན་དེ་དཀར་ནག་ཁྲ་གསུམ་དུ་འབྱེད་པ་དང་བརྡོལ་བོན། ཁྱར་བོན། སྒྱུར་བོན་གསུམ་དུ་དབྱེ་བ་སོགས་ནི་དུས་སྐབས་སོ་སོའི་འཕེལ་རིམ་གྱི་དབང་དུ་སོང་བར་འདོད་ལ། དེ་ནི་སྒྲིག་གཞི་རྒྱ་ཆེ་ཞིང་ནང་དོན་ཕུན་སུམ་ཚོགས་པ་དང་ལྡན་པ་ཞིག་སྟེ། ཇི་སྐད་དུ་《རྒྱལ་རབས་གསལ་བའི་མེ་ལོང་》དུ། དེ་ལ་སྣང་གཤེན་བལ་ཐོད་ཅན་གྱིས་ཕྱཱ་དང་གཡང་འགུག ལྷ་དང་སྨན་གསོལ། དགེ་ལེགས་དང་དཔལ་བསྐྱེད་ནས་མི་ནོར་རྒྱས་པར་བྱེད། འཕྲུལ་གཤེན་བལ་ཚོན་ཅན་གྱིས་མདོས་དང་ཡས་གཏོང་། སྲིད་དང་རྟེན་འཛུགས། འཕྲལ་ཕུགས་ཀྱི་འགལ་རྐྱེན་ཐམས་ཅད་སེལ་བར་བྱེད་དོ། ཕྱྭ་གཤེན་ཇུ་ཐིག་ཅན་གྱིས་ལེགས་གཉེས་ཀྱི་ལམ་སྟོན། ཡིན་མིན་གྱི་ཐེ་ཚོམ་སེལ། ཟག་བཅས་ཀྱི་མངོན་ཤེས་འཆད་པར་བྱེད་དོ། དུར་གཤེན་མཚོན་ཆ་ཅན་གྱིས་གསོན་གྱི་བགེགས་སེལ། གཤིན་གྱི་དུར་འདེབས། ཆུང་གི་སྲི་གནོན། གནམ་གྱི་རྒྱུ་སྐར་བལྟ། སའི་འདྲེ་བཏུལ་བ་ཡིན་ནོ། 【25】ཞེས་གསུངས་པ་ལྟར་ལྷ་མཆོད་གཡང་འགུགས་དང་སྲི་གནོན་འདྲེ་འདུལ། མོ་འདེབས་རྩིས་རྒྱག བགེགས་སེལ་ལམ་སྟོན། བཙས་སྟོན་བག་ལེན། ནད་གསོ་གཤིན་འདེབས་སོགས་ནི་གདོད་མའི་དུས་ཀྱི་ཤེས་རིག་གི་སྤྱི་ཁོག་དང་ཉིང་བཅུད་ལྟ་བུ་ཡིན་པར་སེམས་སོ།།
     ལྡེའུ་ཞེས་པ་འདི་ནི་བོད་ཀྱི་བརྡ་རྙིང་པའི་གྲས་ཀྱི་ཞང་ཞུང་གི་སྐད་ཅིག་ཡིན་ལ་དེང་དུས་ཀྱི་རིག་པ་ཞེས་པ་དང་དོན་འདྲ་བར་བཤད་དོ། དེ་བས་ན་ལྡེ་ནི་རིག་པ་དང་ལྡེའུ་ནི་རིག་པ་ཆུང་ངུའི་དོན་ཡིན་ཏེ་དཔེར་ན་རྟ་དང་རྟེའུ། མཚོ་དང་མཚེའུ་ལྟ་བུས་མཚོན་ལ་ཁེད་ཀྱང་རིག་པ་ཆུང་ངུ་ཞིག་ཡིན་པས་ལྡེའུའི་ཁོངས་སུ་གཏོགས། གནའ་དུས་ཀྱི་ལྡེའམ་ལྡེའུ་ནི་ཟབ་ཅིང་རྒྱ་ཆེ་བའི་རིག་པའི་གནས་སྤྱི་དང་ཁྱད་པར་དུ་གནའ་རབས་སུ་དར་ཁྱབ་ཆེ་བའི་ཚན་རིག་ལག་རྩལ་གྱི་གསང་གནད་སྟོན་པའི་རིགས་པའི་གཞུང་ལུགས་སྤྱི་ལ་གོ་བར་སྙན་སྟེ།《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས། མངོན་པའི་སྡེ་སྣོད་འབྱུང་ལྟས་ལྡེའུ་སྤྱོད། །སྲང་ལ་ཐེམ་གཉེར་ལྦ་བ་ཆེ་ཅི་ཡིན། །པོར་མགོ་མགོ་ཅན་སྐྱེད་ཅིང་རྒྱགས་ཅི་ཡིན་ཞེས་འདྲི་བ་སོགས་ཏེ་བོན་སྒྲུང་ལྡེའུ་གསུམ་གྱི་ཚུལ་ལྷ་སའི་གདུང་རྣམས་ལ་བྲིས་ནས་ཡོད་སྐད། །དེ་ཡིས་བོད་རྣམས་ཅུང་ཟད་བློ་ཁ་བྱེ། ། 【26】ཞེས་པ་སོགས་ལ་དཔྱད་ན་ཁེད་ཀྱི་རྣམ་པས་རིག་པ་སྦྱང་བའམ་བློ་ཁ་བྱེ་བ་ཡིན་ཏེ། གདོད་མའི་སྤྱི་ཚོགས་ལ་མཚོན་ན་རིག་པ་སྦྱངས་སའི་གནས་ངེས་ཅན་དགོན་པ་དང་སློབ་གྲྭ་ལྟ་བུ་ཡོད་མི་སྲིད་པས། མི་རྣམས་ཀྱིས་ངལ་རྩོལ་དང་འཚོ་བའི་མཐུན་རྐྱེན་སྒྲུབ་པའི་དགོས་མཁོར་བསྟུན་ནས་བླུན་ཞིང་རྨོངས་པའི་ཆ་རྣམས་རི་གྱིས་བསལ་ཞིང་སངས་པར་བྱེད་པའི་བརྒྱུད་རིམ་ཁྲོད་དུ་ཉམས་མྱོང་གསོག་འཇོག་དང་བརྗེས་རེས། སྤྱི་སྡོམ་བཅས་བྱས་པ་ཡིན་ལ། གདོད་མའི་དུས་ཀྱི་ཉམས་མྱོང་དེ་དག་ནི་གདོད་མའི་རིག་པའམ་ལྡེའུ་ཡིན་དགོས། དམངས་ཁྲོད་ན་ཐར་ཐོར་དུ་གནས་པའི་གདོད་མའི་རིག་པའམ་ཉམས་མྱོང་དེ་དག་རིམ་གྱིས་དུས་སྐབས་སོ་སོའི་དབང་མཛད་མཁན་དག་གིས་དམིགས་ཡུལ་དང་འཆར་གཞི་ཡོད་པའི་སྒོ་ནས་འཚོལ་བསྡུ་དང་དག་སྒྲིག་བྱས་ཏེ་མ་ལག་ཅན་དང་གཞུང་ལུགས་ཅན་དུ་བསྒྱུར་རྗེས་སླར་ཡང་མངའ་འབངས་ཡོངས་ཀྱི་ཐོན་སྐྱེད་ངལ་རྩོལ་ལ་མཛུབ་སྟོན་བྱེད་པའི་ལག་ཆ་ལྟ་བུར་གྱུར་པ་ཡིན། དེ་རྣམས་ཡུན་རིང་གི་སྤྱི་ཚོགས་འཚོ་བའི་ལག་ལེན་ཁྲོད་དུ་བདེན་དཔང་བྱས་པ་དང་བརྡར་ཤ་ཆོད་རྗེས་ངག་ནས་ངག་བརྒྱུད་ཀྱིས་གཏམ་དཔེའི་རྣམ་པའི་ཐོག་ནས་སྐྱེ་འགྲོ་ཡོངས་ལ་གོ་བསྐོན་སློབ་གསོ་གཏོང་བའམ་བཀའ་ཁྲིམས་ཀྱི་ཚུལ་དུ་བསྒྲགས་པ་ཡིན་ངེས་ཏེ། དཔེར་ན་མི་རྣམས་ཀྱིས་རྒྱུན་པ་ཕན་ཚུན་ཁ་བརྡ་བྱེད་སྐབས་དང་བག་སྟོན་དུར་འཇུག་གི་དུས། ཁ་མཆུ་གྱོད་གཞིའི་སྟེང་། ཁྲིམས་བསྒྲགས་བརྡ་སྦྱོར་གྱི་སྐབས། ཁ་བརྡ་བསླབ་བྱ་བྱེད་པ་སོགས་ཀྱི་དུས་སུ་རྒྱ་ཁྱབ་ཏུ་སྤྱད་པར་ངེས་ལ། དེ་སྤྱད་ན་ཚིག་ལ་ནུས་པ་ཡོད་པ་དང་དོན་གྱི་གནད་ལ་ཁེལ་ཞིང་ལྷག་པར་དུ་ཡི་གེ་མེད་པའི་དུས་སྐབས་རྣམས་སུ་བློ་ལ་འཛིན་བདེ་བ་སོགས་ཀྱི་ཁྱད་ཆོས་ལྡན་པས་གདོད་མའི་སྤྱི་ཚོགས་ཁྲོད་དུ་འབངས་ལ་སློབ་གསོ་བསླབ་བྱ་བྱེད་པ་དང་རྒྱལ་ཁམས་ཡོངས་ལ་ཁྲིམས་ལུགས་མནའ་ཚིག་བསྒྲགས་སྐབས་ཀྱི་རྒྱུན་བཀོལ་བྱེད་པའི་ངག་ཐོག་གི་རིག་པ་ལྟ་བུ་ཞིག་ཀྱང་ཡིན་པར་སྙམ། ཡི་གེ་མེད་པའམ་ཡི་གེ་ཆ་ཚང་བཀོལ་སྤྱོད་བྱེད་ཐུབ་མེད་པའི་གནའ་བོའི་སྤྱི་ཚོགས་ལ་མཚོན་ན་ངག་ཐོག་གི་རིག་པ་འདི་གཙིགས་སུ་བཟུང་ནས་དར་ཁྱབ་ཆེ་བ་བྱུང་ཡོད་པ་ནི་སྨྲ་མི་དགོས། དེའི་ཚུལ་ཏུན་ཧོང་གཏེར་ཡིག་སོགས་ཀྱི་གཏམ་དཔེ་དང་མོ་ཚིག་སོགས་ལས་ཀྱང་གསལ་པོར་ཤེས་ཐུབ་བོ། གཞན་ཡང་མཚོན་དོན་ཅན་གྱི་དངོས་པོ་སོགས་ལ་བརྟེན་ནས་གསང་བའི་བརྡ་སྟོན་པ་དང་སྦས་པའི་དོན་རྟོགས་པ་སོགས་ཀྱང་ལྡེའུའི་གྲས་སུ་གཏོགས་པར་སེམས་ཏེ། དཔེར་ན་ཐ་གུ་ལ་མདུད་པ་བཏབ་ནས་རྩིས་བྱེད་པ་ལྟ་བུར་མཚོན་ན། དེང་སྐབས་ཀྱི་མི་འགའ་ཞིག་གི་བསམ་ཚུལ་ལྟར་ལུག་གཅིག་གི་སྟེང་ལ་གཉིས་བསྣན་ན་སྔར་ཡོད་མདུད་པ་གཅིག་ལ་གཉིས་བཏབ་སྟེ་གྲངས་ཀ་གསུམ་མཚོན་པ་ལྟ་བུའི་ཧ་ཅང་སྟབས་བདེའི་བྱེད་ཐབས་ཙམ་མ་ཡིན་པར་ཐ་གུའི་གྲངས་ཀ་དང་། ཁ་དོག་མདུད་པ་འདེབས་ཚུལ་སོགས་ཀྱི་རིགས་ཤིན་ཏུ་མང་པོ་ཡོད་པ་ལས་དོན་སྣ་ཚོགས་སྟོན་ཐུབ་པ་ནི་གནའ་དུས་ཀྱི་ཡི་གེའི་གོ་ཆོད་པ་ལྟ་བུ་ཞིག་ཡིན། དེ་ཡང་ད་ལྟ་ད་དུང་བན་བོན་གྲོང་ཕྱོགས་པ་དག་གིས་དེའི་རྒྱུན་མ་ཉམས་པར་ལག་ལེན་བྱེད་བཞིན་པའི་ཇུ་ཐིག་གི་མོ་ཞེས་པ་དེ་ལས་གསལ་པོར་རྟོགས་ནུས། དེའང་ང་རེའི་མེས་པོ་རྣམས་ཀྱིས་རང་ས་ནས་ཐོན་པའི་ནོར་ལུག་གི་བལ་རྩིད་ཀྱིས་སླས་པའི་ཐ་གུ་རིང་ཐུང་དང་ཁ་དོག་མི་གཅིག་པ་དང་། མདུད་པ་འདེབས་ཚུལ་རིགས་མི་འདྲ་བ་སྣ་ཚོགས་བཀོལ་ཏེ། དེ་དག་སྒྲིག་སྟངས་ཐ་དད་པ་ལ་བརྟེན་ནས་ཉེ་རྒྱང་གང་རུང་དུ་གནས་པའི་དོན་ཐ་དད་པ་སྟོན་ནུས་པའི་སྤྱི་འགྲོས་ཀྱི་རྣམ་པ་ཞིག་གཏན་ལ་ཕབ་ཅིང་། 【27】མི་རྣམས་ཀྱིས་འཚོ་བ་དང་ཐོན་སྐྱེད་ཁྲོད་ནས་དེ་དག་ལག་ལེན་དང་བཀོལ་སྤྱོད་བྱས་པ་ཡིན་ལ། ཆབ་སྲིད་དང་དམག་དོན་ཐད་ཀྱི་མངོན་ལྐོག་གང་རུང་གི་གནད་སྟོན་པ་ལའང་བཀོལ་སྤྱོད་བྱས་ཡོད་ངེས་ཡིན་པ་ལྟ་བུའོ། །
     སྒྲུང་ནི་གདོད་མའི་མི་རྣམས་ཀྱིས་རང་ཉིད་འཚོ་སྡོད་བྱེད་སའི་ཁོར་ཡུག་ལ་ངོས་འཛིན་བྱས་པའི་རིམ་པ་དང་རང་ཉིད་ཀྱིས་ལྟོ་གོས་ཀྱི་ཆེད་དུ་ངལ་རྩོལ་ལ་ཞུགས་པའི་མྱོང་བ་རྣམས་མི་རབས་ནས་མི་རབས་སུ་ངག་ནས་ངག་ཏུ་བརྒྱུད་པའི་གཏམ་ཅི་རིགས་ཤིག་ལ་གོ་དགོས།《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས། མདོ་སྡེ་འབྱུང་བའི་ལྟས་སུ་སྒྲུང་རྣམས་དར། རོ་ལངས་གསེར་སྒྲུབ་ཀྱི་སྒྲུང་དང་མ་སངས་ཀྱི་སྒྲུང་དང་། མཆིལ་བའི་སྒྲུང་སོགས་ཉན་བཤད་དང【28】ཞེས་པ་ལྟར་སྒྲུང་ནི་གདོད་མའི་དུས་སྐབས་ཀྱི་དམངས་ཁྲོད་རིག་གནས་ཀྱི་སྲོག་ཤིང་ལྟ་བུ་ཡིན་ལ། དེ་ལས་སྔོན་རབས་ཀྱི་དཔའ་བོའི་བྱུང་བ་བརྗོད་པ་གཙོ་བྱས་པའི་གཏམ་རྒྱུད་མང་པོ་ཕྱོགས་གཅིག་ཏུ་བསྡུས་ནས་ཀུན་གྱི་མིག་དཔེ་བྱེད་ས་དང་རེ་སྨོན་བྱེད་སའི་གཞི་རུ་གྱུར་ཡོད་པས། འཛམ་གླིང་ན་སྐད་གྲགས་ཆེ་བའི་གེ་སར་རྒྱལ་པོའི་སྒྲུང་ཟེར་བ་དེ་ཡང་གདོད་མའི་དུས་སྐབས་ཀྱི་བོད་མི་རྣམས་ལ་སྒྲུང་སྣ་ཚོགས་ཉན་བཤད་བྱེད་པའི་སྲོལ་ཀ་ཡོད་པ་དེ་རིམ་བཞིན་རྒྱུན་འཛིན་དང་དར་སྤེལ་བཏང་མཐར་སྙན་གྲགས་ཆེ་བ་དེ་ལྟ་བུ་ཞིག་གྲུབ་པ་རེད་མ་གཏོགས། གློ་བུར་དུ་མི་རེ་གཉིས་ཀྱིས་གསར་བཟོ་བྱས་པ་མ་ཡིན། ལྷག་པར་དུ་ཡི་གེ་མེད་པའི་སྔ་རོལ་ནས་སྒྲུང་ཉན་བཤད་བྱེད་པ་དང་ཡི་གེ་མེད་པའི་མི་ཚོགས་ཀྱི་ཁྲོད་དུ་སྒྲུང་ཉན་བཤད་བྱེད་ཚུལ་ཧ་ཅང་ཁྱབ་ཆེ་བ་ཡིན་པ་ནི་དེང་དུས་ཀྱི་ཨེན་དེ་ཨན་གྱི་མི་རིགས་ཁ་ཤས་ལས་རྟོགས་སླ་བ་ལྟ་བུ་ཡིན་པས། གདོད་མའི་སྤྱི་ཚོགས་ཀྱི་བོད་པ་རྣམས་ལ་མཚོན་ན་སྒྲུང་སྣ་ཚོགས་ཉན་བཤད་བྱེད་པ་ནི་དུས་སྐབས་དེའི་རིག་གནས་བརྗེ་རེས་དང་རྒྱུན་འཛིན་བྱེད་ཐབས་གལ་ཆེན་ཞིག་ཡིན་ནོ། །
     མདོར་ན་བོད་ཀྱི་གདོད་མའི་རིག་གནས་ཀྱི་ངོས་འཛིན་དང་དུས་མཚམས་དབྱེ་སྟངས། རིན་ཐང་གི་ཚད་གཞི། དཔྱད་ཡིག་གི་ངོས་འཛིན། ཡིག་ཚང་གི་ཁུངས་གཏུགས་ས། རྟོག་དཔྱོད་ཀྱི་ཐབས་ལམ། ཡིག་རིགས་ཀྱི་ཁྱད་པར་སོགས་ཀྱི་དབང་གིས་དེར་གདེང་འཇོག་བྱེད་པའི་ཚད་གཞི་མི་འདྲ་བ་དང་། ཞིབ་འཇུག་བྱ་ཡུལ་མི་འདྲ་བ་ཆགས་ནས་ཁ་ཅིག་གིས་བོད་ཡིག་གི་ལོ་རྒྱུས་ཡིག་ཚང་ཁོ་ནའི་སྟེང་ནས་དཔྱད་པ་གཏོང་བ་དང་། ལ་ལས་དེང་རབས་ཀྱི་གནའ་རྫས་རྟོག་དཔྱོད་རིག་པ་ཁོ་ནའི་ཐོག་ནས་འགྲེལ་རྒྱག་བཞིན་འདུག་པས། ཁོ་བོས་ཐབས་བརྒྱ་ཇུས་སྟོང་གིས་ཕྱོགས་དེ་གཉིས་ལྷན་དུ་སྦྱར་ནས་གཅིག་གྲོགས་གཅིག་ལ་ཨེ་འགྲོ་བསམས་ཏེ་དཔྱད་པ་རགས་ཙམ་བཏང་ཁུལ་ཡིན་ནོ།། །།
མཆན་འགྲེལ།
【1】དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན་》མི་རིགས་དཔེ་སྐྲུན་ཁང་། 2006ལོའི་དཔར། P84.89.173.84.82.83.89.90.88.89
【2】དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན་》མི་རིགས་དཔེ་སྐྲུན་ཁང་། 2006ལོའི་དཔར། P84.89.173.84.82.83.89.90.88.89
【3】དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན་》མི་རིགས་དཔེ་སྐྲུན་ཁང་། 2006ལོའི་དཔར། P84.89.173.84.82.83.89.90.88.89
【4】夏格旺堆等《西藏考古工作40年》发表于《中国藏学》2005.3 P202 P208 P209
【6】དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན་》མི་རིགས་དཔེ་སྐྲུན་ཁང་། 2006ལོའི་དཔར། P84.89.173.84.82.83.89.90.88.89
【5】དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན་》མི་རིགས་དཔེ་སྐྲུན་ཁང་། 2006ལོའི་དཔར། P84.89.173.84.82.83.89.90.88.89
【7】侯石柱《西藏考古大纲》西藏人民出版社1991年P32
【8】西藏文管会等《昌都卡若》文物出版社1985年
【9】夏格旺堆《初轮西藏史前农业的几个问题》发表于《西藏研究》2001.P123
【10】 朱寰《世界上古中古史》(上)高等教育出版社1986年P11-18
【11】རྫོང་རུ་རིག་གནས་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཐུན་ཏེ་རྫོང་ཁོངས་སུ་ཡོད། 1994ལོ་ནས་1996ལོའི་བར་བསྟུད་མར་ཐེངས་གསུམ་བསྔོག་འདོན་བྱས་ཤིང་དཔྱད་འབྲས་རྣམས་《རྫོང་རུའི་གནའ་ཤུལ་》རྒྱ་ཡིག་ཏུ་གསལ། བསྐལ་བཟང་འབུམ་སོགས་ཀྱིས་གཙོ་སྒྲིག་བྱས་ནས་1999ལོར་སི་ཁྲོན་ཚན་རྩལ་དཔེ་སྐྲུན་ཁང་གིས་དཔར་སྐྲུན་བྱས་ཡོད།
【12】ཀྲང་དབྱི་སུན་སོགས། 《བོད་རྒྱ་ཚིག་མཛོད་ཆེན་མོ་》1993ལོའི་དཔར། P2778
【13】དེའུ་དམར་བསྟན་འཛིན་ཕུན་ཚོགས། 《གསོ་རིག་གཅེས་བཏུས་རིན་ཆེན་ཕྲེང་བ་བཞུགས་སོ་》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1993ལོའི་-དཔར། P131
【14】དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན་》མི་རིགས་དཔེ་སྐྲུན་ཁང་། 2006ལོའི་དཔར། P84.89.173.84.82.83.89.90.88.89
【15】དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན་》མི་རིགས་དཔེ་སྐྲུན་ཁང་། 2006ལོའི་དཔར། P84.89.173.84.82.83.89.90.88.89
【16】夏格旺堆等《西藏考古工作40年》发表于《中国藏学》2005.3 P202 P208 P209
【17】马建设《青藏民族工艺美术》青海人民出版社1999年P35
【18】夏格旺堆等《西藏考古工作40年》发表于《中国藏学》2005.3 P202 P208 P209
【19】དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན་》མི་རིགས་དཔེ་སྐྲུན་ཁང་། 2006ལོའི་དཔར། P84.89.173.84.82.83.89.90.88.89
【20】ནམ་མཁའ་ནོར་བུ། 《ཞང་བོད་གནའ་རབས་ཀྱི་ལོ་རྒྱུས་ནོར་བུའི་མེ་ལོང་》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1998ལོའི་དཔར།P28.6.30.36.34
【21】ནམ་མཁའ་ནོར་བུ། 《ཞང་བོད་གནའ་རབས་ཀྱི་ལོ་རྒྱུས་ནོར་བུའི་མེ་ལོང་》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1998ལོའི་དཔར།P28.6.30.36.34
【22】ནམ་མཁའ་ནོར་བུ། 《ཞང་བོད་གནའ་རབས་ཀྱི་ལོ་རྒྱུས་ནོར་བུའི་མེ་ལོང་》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1998ལོའི་དཔར།P28.6.30.36.34
【23】ནམ་མཁའ་ནོར་བུ། 《ཞང་བོད་གནའ་རབས་ཀྱི་ལོ་རྒྱུས་ནོར་བུའི་མེ་ལོང་》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1998ལོའི་དཔར།P28.6.30.36.34
【24】ནམ་མཁའ་ནོར་བུ། 《ཞང་བོད་གནའ་རབས་ཀྱི་ལོ་རྒྱུས་ནོར་བུའི་མེ་ལོང་》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1998ལོའི་དཔར།P28.6.30.36.34
【25】ས་སྐྱ་བ་སོད་ནམས་རྒྱལ་མཚན།《རྒྱལ་རབས་གསལ་བའི་མེ་ལོང་》མི་རིགས་དཔེ་སྐྲུན་ཁང་། 1988ལོའི་དཔར། P58
【26】དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན་》མི་རིགས་དཔེ་སྐྲུན་ཁང་། 2006ལོའི་དཔར། P84.89.173.84.82.83.89.90.88.89
【27】རྗེ་བཤད་སྒྲུབ་རྒྱ་མཚོ། 《རྗེ་བཤད་སྒྲུབ་རྒྱ་མཚོའི་གསུང་རྩོམ་པོད་གཉིས་པ་》མཚོ་ལྷོ་ཁུལ་མི་རིགས་དགེ་འོས་སློབ་གྲྭའི་བོད་ཡིག་སློབ་དཔྱོད་ཁང་གིས་བསྒྲིགས། 2000ལོའི་དཔར། P644
【28】དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན་》མི་རིགས་དཔེ་སྐྲུན་ཁང་། 2006ལོའི་དཔར། P84.89.173.84.82.83.89.90.88.89

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...