སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རྒྱ་ཡིག་གི་ལོ་རྒྱུས་དཔེ་རྙིང་ནང་དུ་གསལ་བའི་བཙན་པོ་རྣམས་ཀྱི་མཚན་འབྱུང་ཚུལ་ལ་མདོ་ཙམ་དཔྱད་པ།
རྩོམ་པ་པོ། དབང་སྟོབས། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-2-17 9:54:00 རྩོམ་ཁུངས། ཀྲུང་གོའི་བོད་རིག་པ། ཀློག་གྲངས།
     བོད་ཀྱི་ལོ་རྒྱུས་སློབ་སྦྱོང་དང་། སློབ་ཁྲིད། ཞིབ་འཇུག་བྱེད་པའི་བརྒྱུད་རིམ་ནང་། རྒྱ་ཡིག་གི་ལོ་རྒྱུས་ཡིག་ཆ་བེད་སྤྱོད་གཏོང་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན། ལྷག་པར་ཏུ་བཙན་པོའི་དུས་སྐབས་ཀྱི་ལོ་རྒྱུས་ལ་མཁོ་བའི་ཏུན་ཧོང་ཡིག་རྙིང་དང་། རྡོ་རིང་དང་བྲག་བརྐོས། ཁྲམ་ཡིག་དང་ཅོང་ཡིག དེ་མིན་རྩ་ཆེའི་ཡིག་ཆ་གཞན་ཕུད། ཐང་ཡིག་གསར་རྙིང་སོགས་རྒྱ་ཡིག་གི་ལོ་རྒྱུས་ཡིག་ཆ་རྩ་ཆེན་རྣམས་བེད་སྤྱོད་གཏོང་རྒྱུ་ནི་ཧ་ཅང་གལ་ཆེ་བར་སེམས། འོན་ཀྱང་། ཁོ་བོས་བོད་ཀྱི་ལོ་རྒྱུས་སློབ་ཁྲིད་དང་ཞིབ་འཇུག་བྱེད་པའི་བརྒྱུད་རིམ་ནང་ཐང་ཡིག་གསར་རྙིང་སོགས་བེད་སྤྱོད་བྱ་སྐབས་རྒྱ་ཡིག་ཐོག་ཏུ་འཁོད་པའི་བཙན་པོའམ་བློན་པོ་བཙུན་མོ་རྣམས་ཀྱི་མཚན་དང་བོད་ཡིག་གི་མཚན་བར་ཧེ་བག་ཆེན་པོ་མཐོང་བས།  དེའི་ཐད་དོ་སྣང་དང་ཉམས་ཞིབ་ཕྲན་བུ་བགྱི་བ་ལ་བོད་ཀྱི་ལོ་རྒྱུས་ལ་དད་ཞེན་ཆེ་བའི་གཞོན་སྐྱེས་རྣམས་དང་རང་གཞན་གཉིས་ཀྱི་སློབ་ཁྲིད་ལ་ཕན་པ་ཕྲན་བུ་མི་ཡོང་ངམ་སྙམ་སྟེ་དཔྱད་རྩོམ་འདི་འབྲི་བའི་ཁུལ་བྱས།
     དང་པོ། རྒྱ་ཡིག་ལོ་རྒྱུས་དེབ་ཐེར་རྣམས་སུ་བཙན་པོ་རྣམས་ཀྱི་མཚན་ཇི་ལྟར་གསལ་བ།
     དེའང་བཙན་པོའི་དུས་སྐབས་ཀྱི་ལོ་རྒྱུས་ལ་མཁོ་བའི་རྒྱ་ཡིག་ཡིག་ཆ་གྲགས་ཆེ་བའི་གྲས《ཐང་ཡིག་རྙིང་མ》《ཐང་ཡིག་གསར་མ》《ཙེ་ཀྲེ་ཐུང་ཅན་》《ཚེ་ཧྥུ་ཡོན་ཀུས་》《ཐུང་ཏེན་》སོགས་ཡོད། ཡིག་ཆ་དེ་དག་དང་དེ་མིན་གྱི་ཡིག་ཆ་གཞན་ནང་བཙན་པོ་རྣམས་ཀྱི་ མཚན་འདི་ལྟར་འཁོད་ཡོད་དེ།  1. སྲོང་བཙན་སྒམ་པོའི་མཚན། 松赞干布、弃苏农、弃苏农赞、器宗弄赞、弃宗弄赞  、器宋弄赞。2.ཁྲི་མང་སྲོང་མང་བཙན་གྱི་མཚན།  芒松芒赞《ཐུང་ཏེན་》乞黎跋布。3ཁྲི་འདུས་སྲོང་མང་པོ་རྗེའི་མཚན།  赤都松《ཐུང་ཏེན་ 》ནང་乞梨弩悉笼《 ཚེ་ཧྥུ་ཡོན་ཀུས་》 དང་《 ཙེ་ཀྲེ་ཐུང་ཅན་》ནང་器弩悉弄。4.ཁྲི་ལྡེ་གཙུག་བཙན་ནམ་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་གྱི་མཚན། 赤德祖赞、乞隶缩赞5བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་མཚན། 赤松德赞、乞梨悉笼纳赞、乞黎苏笼猎赞、乞黎苏笼腊赞、娑悉笼腊赞、娑悉笼猎赞、乞立赞。6. མུ་ནེ་བཙན་པོའི་མཚན།  牟尼赞普、足之煎。7.ཁྲི་ལྡེ་སྲོང་བཙན་ནམ་སད་ན་ལེགས་མཇིང་ཡོན་གྱི་མཚན།  赤德松赞。8. ཁྲི་གཙུག་ལྡེ་བཙན་ནམ་ཁྲི་རལ་པ་ཅན།  《册府元龟》中作:可黎可祖,长庆会盟碑或甥舅 会盟碑中作:彝泰赞普。9.གླང་དར་མ། ཁྲི་དར་མ་འུ་དུམ་བཙན། འུ་དུན་བརྟན་གྱི་མཚན་སྤྱིར་མཚུངས་པ་སྟེ།  达磨①ཞེས་འཁོད་ཡོད་པ་དང་། གཉའ་ཁྲི་བཙན་པོ་ནི་སྤུ་རྒྱལ་བོད་ཀྱི་རྒྱལ་པོ་ཐོག་མ་ཡིན་པ་དང་། བཙན་པོ་ཞེས་པའི་མཚན་ཡང་ཐོགས་པ་ཡིན། སྐབས་དེར་བཙན་པོ་དང་བཙན་མོ་ཞེས་པའི་ཐ་སྙད་ཆགས་པར་བཙན་མོ་ནི་བཙན་པོའི་བཙུན་མོར་གོ་བ་དང་།  བཙན་པོའམ་བཙན་ཕོ་ནི་སྟོབས་དང་ལྡན་པའམ་ལྷ་ཡི་སྤྲུལ་པ་ཡིན་ཟེར་བ། གནམ་གྱི་ལྷ་ལས་མིའི་རྗེར་ཕེབས་པ་སོགས་ཀྱིས་མཚོན། བཙན་པོ་ཞེས་རྒྱ་ཡིག་ནང་སྤྱིར་赞普ཟེར་བ་དང་གཉའ་ཁྲི་བཙན་པོའི་མཚན་རྡོ་རིང་སོགས་སུ་འོ་ལྡེ་སྤུ་རྒྱལ་ལམ་འོ་དེ་སྤུ་རྒྱལ་ཞེས་འཁོད་ཡོད་པ་དེ་རྒྱ་ཡིག་གི་ཡིག་ཆའི་ནང་།   鹘担悉补野②ཞེས་གཅིག་མཐུན་ལྟ་བུར་མཐོང་། དེ་མིན་བློན་པོའི་ཚོགས་དང་བཙུན་མོ་རྣམས་ཀྱི་མཚན་འབྲི་ཚུལ་མི་འདྲ་བ་དུ་མ་སྣང་ཡང་རྗེས་སུ་དཔྱད་རྒྱུར་ལུས།
     གཉིས་པ།  དེབ་ཐེར་རྣམས་སུ་འབྲི་ཚུལ་དེ་དག་ཇི་ལྟར་བྱུང་མིན་སྐོར།
     བོད་ཀྱི་ལོ་རྒྱུས་དེབ་ཐེར་རྣམས་སུ་འཁོད་པ་ལྟར་ན་བཙན་པོ་རྣམས་ཀྱི་མཚན་འདོགས་སྐབས་བོན་པོ་རྣམས་དང་འབྲེལ་ཆེ་བ་ཡོད།  “རྒྱལ་ལ་སྔ་བ་གཉའ་ཁྲི་བཙན་པོ་དང་།  གཤེན་ལ་སྔ་བ་ཡ་ངལ་ཚེ་ཅོ་གསུམ། ”③ ཞེས་པ་དང་། “བཙན་པོ་དེའི་སྐུ་བོན་ནི་མཚེ་མི་སྨུ་རྒྱལ་དང་ཙོ་མི་ཕྱག་གར་གཉིས་ཀྱིས་བྱས། སྐུ་མཁར་ཡུམ་བུ་བླ་སྒང་བརྩིགས། ”④ཞེས་པ་དང་།  “བོན་པོ་རྣམས་ན་རེ། གནམ་གུང་ནས་ས་དོག་པོ་ལ་སྙེགས་པའི་རྒྱལ་པོ་ས་ཐམས་ཅད་ལ་དབང་བ་ཡིན་ཟེར། མིང་ཡང་གཉའ་ཁྲི་བཙན་པོ་བྱ་བར་གྲགས་སོ། ”⑤ཞེས་པ་ལྟར་གཉའ་ཁྲི་བཙན་པོ་གང་ནས་བྱོན་མིན་ཡང་བོན་གྱི་ལུགས་ལྟར་གནམ་ནས་བྱོན་པ་ཡིན་ཞེས་བོད་ཀྱི་གནའ་བོའི་རྡོ་རིང་དང་ཡིག་རྙིང་རྣམས་སུ་ལྟ་ཚུལ་དེ་ཁོ་ན་ཉིད་དག་པར་མཐོང་ནས་བཀོད་ཡོད་ལ་གཉའ་ཁྲི་ནས་སྲོང་བཙན་བར་བཙན་པོའི་འཁོར་དུ་སྐུ་གཤེན་གཉིས་གསུམ་བཞུགས། སྐུ་གཤེན་དེ་གཙོ་བོ་མོ་རྩིས་དང་རིམ་གྲོ་ལ་བརྟེན་ནས་མ་འོངས་པའི་ལུང་སྟོན་པ་དང་བཙན་པོའི་མཚན་འདོགས་པ་སོགས་བཙན་པོའི་ཆབ་སྲིད་ལ་མེད་དུ་མི་རུང་བའི་བློ་འདྲི་ཡུལ་དང་སྐྱབས་བཅོལ་ཡུལ་ལྟ་བུ་ཡིན་ཡང་ཆབ་སྲིད་ཀྱི་འགན་དབང་གཙོ་བོ་ཞེས་པའི་བློན་པོ་དང་ཁྱད་པར་ཡོད་པ་ཡིན། འོན་ཀྱང་། “རྗེ་ཡི་སྐུ་གཤེན་བློན་ཆེན་ཡ་ངལ་གསས་སྐྱབས། ། ཐང་ནག་བོན་པོ། ཚེ་མི་གཡུང་དྲུང་། བཅོ་གྱིམ་བུ་ལན་ཚ་བཞི་ཡིན་ཏེ། ”⑥ཞེས་འཁོད་པ་ལྟར་སྐུ་གཤེན་སྐུ་དབང་ཆེ་བ་ཁག་ཅིག་ལ་བློན་པོའི་མཚན་ཡང་ཐོབ་ཀྱི་ཡོད་པ་འདྲ་བས་སྐུ་གཤེན་གྱི་དབང་ཐང་ཤིན་ཏུ་ཆེ་བ་ཡིན། བཙན་པོ་རྣམས་ཀྱི་མཚན་རྣམས་བོད་ཀྱི་དམངས་ཁྲོད་ཆོས་ལུགས་དང་། ལྷག་པར་དུ་བོན་གྱི་ཤེས་རིག་དང་འབྲེལ་བ་དམ་ཟབ་ཡོད་པས། བོན་པོའི་འཇིག་རྟེན་ལྟ་ཚུལ་དང་འདུ་ཤེས་འཛིན་སྟངས་སོགས་བཙན་པོའི་མཚན་ཐོག་ནས་མཚོན་ནུས་ཏེ། བཙན་པོའི་མཚན་ནང་དུ་ཁྱབ་ཆེ་བ་“ཁྲི་”དང་“ལྡེའུ”“གཉན་” “ བཙན་”སོགས་ཡོད་པས་ཤེས།  དེ་མིན་མཚན་དེ་དག་རྒྱ་ཡིག་ཏུ་བསྒྱུར་བའི་བརྒྱུད་རིམ་ནང་སྒྲ་བསྒྱུར་གཙོ་བོར་བཞག་ནས་ཕབ་བསྒྱུར་བྱས་པ་ནི་སྨོས་མེད་ལ་བཙན་པོའི་སྐབས་ཀྱི་སྐད་ཡིག་གི་ཁྱད་ཆོས་གཙོ་བོར་མཚོན་ཡོད་པས་དེང་སྐབས་ཀྱི་བོད་སྐད་དང་ཁྱད་པར་ཆེན་པོ་ཡོད་པར་དེ་དག་རྒྱ་ཡིག་ནང་དུ་ཇི་ལྟར་བསྒྱུར་མིན་ནི་གལ་ཤིན་ཏུ་ཆེ་བ་ཡིན། ཐོག་མར་“ཁྲི་”ཞེས་པ་དེ་ཕལ་ཆེ་བས་བཞུགས་ཁྲི་སོགས་གནས་མཐོ་བའམ་རྩ་ཆེ་བར་ངོས་འཛིན་བྱེད་ཀྱང་། ནམ་མཁའི་ནོར་བུ་སོགས་ནས་དེ་གནའ་བོའི་ཞང་ཞུང་སྐད་དུ་གོ་རྒྱུ་ཡོད་པ་“ལྷ”ཞེས་པའི་དོན་ཡིན་གསུངས་པ་དོན་ལ་གནས་སྙམ། གང་ལགས་ཞེ་ན། སྐབས་དེའི་བོད་མིའི་ལྟ་བར་བཙན་པོ་ནི་ལྷ་ཡི་སྤྲུལ་པའམ་ལྷ་ཡི་རྒྱུད་པར་ངོས་འཛིན་བྱེད་ཀྱི་ཡོད་པས། བཙན་པོ་རྣམས་ལ་འཕྲུལ་གྱི་ལྷ་བཙནཔོ་དང་། ལྷ་བཙན་པོ། གནམ་ལྷབ་ཀྱི་རྒྱལ་པོ། མིའི་རྒྱལ་པོ་ལྷས་མཛད་པ། བཙན་པོ་ལྷ་སྲས་སོགས་ཀྱི་མཚན་བྱུང་བ་དང་། བཙན་པོ་རྣམས་ཀྱི་ཕྱི་ལུས་ཀྱི་སྟོབས་དང་ནང་སེམས་ཀྱི་རྒྱ་སོགས་གཞན་དང་མི་འདྲ་བར་ཡོད་པས་“ལྷ་”དང་“ལྡེའུ”སོགས་ཀྱི་མཚན་རང་ཤུགས་སུ་ཐོགས་པ་ནི་སྨོས་མེད་རེད། གཞན་ཡང་། ཉམས་ཞིབ་བྱས་པར་གཞིགས་ན། “ཁྲི་”ཞེས་པ་སྤྱིར་བཙན་པོ་རྣམས་ཁྲི་ལ་འཁོད་རྗེས་མཚན་གྱི་མདུན་དུ་སྦྱོར་བ་སྟེ།  དཔེར་ན། སྲོང་བཙན་སྒམ་པོ་ཁྲི་ལ་མ་འཁོད་གོང་གི་མཚན་སྲོང་བཙན་དང་ཁྲི་ལ་འཁོད་རྗེས་ཁྲི་སྲོང་བཙན་ཞེས་འབོད་པ་ཏུན་ཧོང་ཡིག་ཆ་སོགས་སུ་གསལ་བ་དང་། ཁྲི་ལ་བཞུགས་ཡུན་ཐུང་བའམ་ཁྲི་ལ་དངོས་སུ་མ་ཕེབས་པ་རྣམས་ལ་ཁྲི་ཞེས་མིང་མི་ཐོབ་པ་གུང་རི་གུང་བཙན་དང་མུ་ནེ་བཙན་པོ་ལྟ་བུའོ། ། དེའང་རྒྱ་ཡིག་ནང་དུ་གཙོ་བོ་བོད་སྐད་གཞིར་བཟུང་ཕལ་ཆེ་བ་སྒྲ་རང་སོར་བཞག་ཡོད་པ་ཡིན། “ཁྲི་”ཞེས་པ་རྒྱ་ཡིག་ནང་赤、墀、器、弃、乞、སོགས་གསལ་བས། བཙན་པོའི་མཚན་ནང་དུ་ཁྲི་ཞེས་པ་ཡོད་ཚེ། དེ་དག་གང་རུང་བེད་སྤྱོད་བྱ་བ་ཡིན།  འོན་ཀྱང་།  ཡིག་ཆ་རྙིང་པ་རྣམས་སུ་器、弃、气སོགས་ཁྱབ་ཆེ་བ་དང་།  ཕྱིས་སུ་བྱུང་བའི་ཡིག་ཆའི་ནང赤、墀ཁྱབ་ཆེ་བ་ཡོད། དེ་མིན་“ཁྲི་”ཞེས་པ་བཙན་པོའི་དུས་ཀྱི་སྐད་ཡིག་འགྲོ་ཕྱོགས་དང་བསྟུན་ཏེ་ཁ་དང་ར་བཏགས་ལོགས་སུ་ཀློག་པས་“ཁ་རི་”ཞེས་བསྒྲུབས་པ་དེ་རྒྱག་ཡིག་ནང་། 可黎、乞黎、乞梨、乞隶、乞立སོགས་ཀྱང་གསལ་ཡོད། བཙན་ཞེས་པ་རྒྱ་ཡིག་ནང་སྤྱིར་赞དང་། “ལྡེའུ་”འམ་“ལྡེ་”ཞེས་པ་རིག་པའི་དོན་དུ་གོ་བར། དེ་དུས་སྐབས་རེ་འོག་གི་མིང་གཞི་དབྱུགས་ཏེ ་“ལེ་”ཞེས་ཀློག་པ་འདྲ་བས་རྒྱ་ཡིག་ནང་དེ་དང་སྒྲ་འདྲ་བ་隶、纳、腊、猎སོགས་བཙན་པོ་རྣམས་ཀྱི་མཚན་དུ་སྤྱད།
     དེ་ལྟར་སྲོང་བཙན་སྒམ་པོའི་མཚན་ཏུན་ཧོང་སོགས་ཡིག་ཆ་རྙིང་པ་རྣམས་སུ་འཁོད་པའི་མཚན་ཁྲི་སྲོང་བཙན་ཞེས་པ་གཞིར་བཟུང弃苏农、弃苏农赞、器宗弄赞、弃宗弄赞、器宋弄赞 ཞེས་རྒྱ་ཡིག་གི་ཡིག་ཆ་རྣམས་སུ་སྒྲ་བསྒྱུར་གྱི་རྣམ་པས་འཁོད། དེའང་ཁྲི་ཞེས་པ་弃དང་器གཏན་འཁེལ་ཡིན་པ་ལ། སྲོང་ཞེས་པ་农苏、宗弄、宋弄བཙན་ཞེས་པ་赞ཁོ་ན་ཡིན་པས་རྒྱ་ཡིག་གི་མཚན་འདྲ་མིན་དེ་དག་གི་ཡོངས་ཁུངས་སུ་ ་“ཁྲི་སྲོང་བཙན་”རང་ཡིན་ནོ། ། མང་སྲོང་མང་བཙན་ནམ་མང་སློན་མང་བཙན་ཀྱི་མཚན་《ཐུང་ཏེན་》ནང་དུ་乞黎跋步ཞེས་འཁོད་པ་དེ་བཙན་པོའི་མཚན་དངོས་དང་ཁྱད་པར་ཆེ་ཙམ་ཡོད་པ་སྟེ། དེ་བོད་སྐད་དུ་ཁྲི་བལ་པོའམ་ཁྲི་བལ་ཕོ་ཞེས་གོ་བས། མང་སྲོང་མང་བཙན་གྱི་མཚན་ལ་བལ་པོ་ཟེར་བ་ཁོ་བོས་ད་བར་མཐོང་ཐོས་མ་བྱུང་ངོ་། ། འོན་ཀྱང་། ཏུན་ཧོང་གི་ཡིག་ཆ་p.T.1288ནང་འབྲོ་བཟའ་ཁྲི་མ་ལོད་ཀྱི་དུས་སུ་སྤྱི་ལོ་705ལོར་ “པོང་ལག་རང་དུ་བཙན་པོ་གཅེན་ལྷ་བལ་ཕོ་རྒྱལ་ས་ནས་ཕབ། ”⑦ཅེས་པའི་ལྷ་བལ་པོ་དེ་མིའམ་ས་མིང་གང་དུ་གོ་བ་རྩོད་གཞི་ཡོད་རུང་། མིའི་མིང་ཡིན་པའི་དབང་དུ་བཏང་ན། རྒྱ་ཡིག་ནང་དུ་གསལ་བའི་乞黎跋步(ཁྲི་པལ་པོ་)དང་མཚུངས་པ་ལྟ་བུར་སྣང་ཡང་མི་སྲིད་པ་སྟེ་ལོ་དུས་ཀྱི་ཁྱད་པར་འཛོལ་བས་སོ། ། འོན་ཀྱང་དེར་ཉམས་ཞིབ་ཕྲན་བུ་བྱ་བའི་དགོས་པ་ཡོད་དོ་སྙམ། ཁོ་བོས་དཔྱད་ན། དེ་འབྲེལ་དོན་གཉིས་ལ་བསམ་གཞིགས་བྱེད་དགོས་ཏེ།
     གཅིགལྷ་བལ་པོ་ཞེས་པ་དེ་ཡང་སྙིང་གང་ཡིན་ཁ་མཚོན་གཅོད་པར་མི་ནུས་ཀྱང་ལོ་རྒྱུས་ཐོག་ཏུ་བྱུང་བ་ཏུན་ཧོང་གི་ཡིག་ཆར་གསལ་བས་མཚོན། འོན་ཏང་། མང་སྲོང་མང་བཙན་གྱི་མཚན་རྒྱ་ཡིག་གི་ཡིག་ཆའི་ནང་དུ་乞黎跋布ཞེས་འཁོད་པ་དེ་ནོར་འཁྲུལ་བྱུང་བ་མིན་ནམ་སྙམ།  གཉིས། 乞黎跋布ཞེས་པ་དེ་མང་སྲོང་མང་བཙན་གྱི་མཚན་ཡིན་པ་རྒྱ་ཡིག་གི་ཡིག་ཆ་རྣམས་སུ་མཐུན་པས།  ཁོ་བོས་བསམ་ན་乞黎跋布ཞེས་པ་དེ་ཁྲི་དབོན་པོ་ཞེས་པ་མིན་ནམ་སྙམ་སྟེ་མང་སྲོང་མང་བཙན་ནི་སྲོང་བཙན་སྒམ་པོའི་ཚ་བོ་ཡིན་པར་དབོན་པོའམ་དབོན་སྲས་ནི་ཚ་བོའི་དོན་ཡིན་ནོ། ། ཏུན་ཧོང་གི་ཡིག་ཆ ་p.T.1288ནང་“ཁྱིའི་ལོ་ལ་བབ་སྟེ། བཙན་པོ་མེས་ཁྲི་སྲོང་རྩན་གྱི་སྤུར་ཕྱིང་བའི་རིང་ཁང་ན་རིང་མཁྱུད་ཅིང་བཞུག་སྟེ། བཙན་པོ་སྦོན་(དབོན)མང་སློན་མང་རྩན་མེར་ཀེ་ན་བཞུགས། ”⑧རྒྱ་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཀུན་མཐུན་པར་སྲོང་བཙན་སྒམ་པོའི་སྲས་གུང་རི་གུང་བཙན་ཡབ་ཀྱི་གོང་དུ་གཤེགས་ནས་སྤྱི་ལོ་650ལོར་དགུང་ལོ་གཅིག་ཀྱང་མ་སོན་པའི་དབོན་སྲས་མང་སྲོང་མང་བཙན་རྒྱལ་སར་བཀོད་ནས་ཆབ་སྲིད་མགར་སྟོང་བཙན་ཡུལ་བཟུང་གིས་བསྐྱངས། འོན་ཀྱང་། ད་བར་རྙེད་པའི་ལོ་རྒྱུས་དེབ་ཐེར་ནང་མང་སྲོང་མང་མང་བཙན་གྱི་མཚན་གྱི་རྣམ་གྲངས་སུ་ཁྲི་དབོན་པོ་ཞེས་པ་མ་མཐོང་ངོ་། །
     ཏུན་ཧོང་གི་ཡིག་ཆའི་ནང་བཙན་པོ་ཁྲི་འདུས་སྲོང་མང་པོ་རྗེའི་མཚན་ཁྲི་འདུས་སྲོང་ཞེས་འཁོད་ཡོད་པ་དེ་ནི་མཚན་དངོས་འདུས་སྲོང་དང་། བཙན་པོའི་ཁྲི་ལ་འཁོད་རྗེས་ཁྲི་འདུས་སྲོང་ཞེས་པའི་མཚན་ཐོགས། ཁྲི་འདུས་སྲོང་མང་པོ་རྗེའི་མཚན་རྒྱ་ཡིག་གི་ཡིག་ཆ《ཐུང་ཏེན་》乞黎弩悉笼《ཚེ་ཧྥུ་ཡོན་ཀུས་》དང་《ཙེ་ཀྲེ་ཐུང་ཅན་》乞弩悉弄དེ་མིན་ 赤都松ཞེས་པ་འཁོད་ཡོད། 乞梨དང་器གོང་དུ་ཞུས་པ་བཞིན་ཁྲི་ཞེས་པའི་དོན་དང་། 弩悉笼དང་弩悉弄ཞེས་པ་འདུས་སྲོང་ཡིན།  དེའང་弩ཞེས་པ་འདུས་དང་།  悉笼དང་悉弄ནི་སྲོང་།  ལོ་རྒྱུས་དེབ་ཐེར་ནང་བཙན་པོ་དེ་ནི་ཆུང་ངུ་ནས་སྙིང་སྟོབས་དང་དང་དཔའ་ངར་ཆེ་བ།  ཡུལ་ཕྱོགས་གང་སར་གཡུལ་འགྱེད་ནུས་པ།  དེ་ཡི་དམག་བྱང་ཕྱོགས་ཙོང་ཁ་དང་ལྷོ་ཕྱོགས་བལ་ཡུལ་དང་ལྗང་ཡུལ་སོགས་སུ་དྲངས། ཙོང་ཁར་མགར་ཁྲི་འབྲིང་གི་དམག་བརྟུལ་ནས་སྤུར་རྒྱལ་གྱི་སྲིད་དབང་སླར་གསོས་ཤིང་མགར་རྒྱུད་ཀྱི་གཉའ་བཅག་གོ། ལྷོ་ལྗང་ཡུལ་དུ་མྱྰ་དཀར་པོས་དཔྱ་འཇལ་ཞིང་། མྱྰ་ནག་པོ་འབངས་སུ་བཀུག་གོ།  དེ་རྗེས་འདུས་སྲོང་མང་པོ་རྗེའི་སྲས་མེས་ཨག་ཚོམ་མམ་ཁྲི་ལྡེ་གཙུག་བཙན་བཙན་པོའི་ཁྲི་ལ་འཁོད།  བཙན་པོ་དེ་ཡི་མཚན་བོད་ཡིག་གི་དེབ་ཐེར་རྣམས་སུ་རྒྱལ་ གཙུག་རུ་དང་།  ཁྲི་ལྡེ་གཙུག་བཙན།  ཁྲི་ལྡེ་གཙུག་བརྟན།  མེས་ཨག་ཚོམ་སོགས་ཡོད།  བཙན་པོ་ཆུང་དུས་ཀྱི་མཚན་རྒྱལ་གཙུག་རུ།  དེ་རྗེས་ཀྱི་མཚན་ལྡེ་གཙུག་བཙན། བཙན་པོའི་ཁྲི་ལ་འཁོད་རྗེས་ཁྲི་ལྡེ་གཙུག་བཙན་ཟེར།  ཏུན་ཧོང་གི་ཡིག་ཆp. T. 1288ནང་“འབྲུག་གི་ལོ་ལ་བབ་སྟེ། དཔྱིད་ཕོ་བྲང་ཙལ་དུ་རྒྱལ་གཙུག་རུ་བལྟམ། ”ཞེས་དང་།  “སྦྲུལ་གྱི་ལོ་ལ་བབ་སྟེ། བཙན་པོ་སྲས་རྒྱལ་གཙུག་རུ་དང་། པྱི་(རྨོ་བོ། )ཁྲི་མ་ལོད་དྲོན་ན་བཞུགས། ”⑨ཞེས་སྐད་ཆ་དུམ་བུ་དེའི་ལོ་རྒྱུས་ཀྱི་འབྲེལ་ཡོད་གནད་དོན་འགའ་ཞིག་གསལ་སྟོན་བྱས་ཡོད་པ་ནི།  གཅིག ཁྲི་ལྡེ་གཙུག་བཙན་ནི་ཡབ་འདུས་སྲོང་མང་པོ་རྗེ་དང་ཡུམ་མཆིམས་བཟའ་བཙན་གཉིས་ཀྱི་སྲས་སུ་སྤྱི་ལོ་704བོད་ཤིང་ཕོ་འབྲུག་གི་ལོའི་དཔྱིད་དུས་སུ་ཕོ་བྲང་ཚལ་དུ་སྐུ་བལྟམས། ཐོག་མའི་མཚན་ལ་རྒྱལ་གཙུག་རུ་ཞེས་གསོལ་བ་དང་། གཉིས། ལོ་དེར་ཡབ་འདུས་སྲོང་ལྗང་ཡུལ་དུ་གཡུལ་ངོར་གཤེགས་པ་དང་རྒྱལ་བུ་དགུང་ན་ཤིན་ཏུ་ཕྲ་བས། ཆབ་སྲིད་ཀྱི་འགན་དབང་གཙོ་བོ་བཙན་པོ་དེ་ཡི་མ་ཕྱི་འབྲོ་བཟའ་ཁྲི་མ་ལོད་ཀྱིས་བསྐྱངས་པ་མཚོན། དེ་རྗེས་བཙན་པོ་དེ་ཡི་མཚན་ཆུང་དུས་ཀྱི་མཚན་གཞིར་བཟུང་བ་ལྡེ་གཙུག་བཙན་”ཞེས་ཐོགས་པ་དང་། བཙན་པོའི་ཁྲི་ལ་འཁོད་རྗེས་ཁྲི་ལྡེ་གཙུག་བཙན་ཞེས་ཡོངས་སུ་གྲགས་སོ། ། མེས་ཨག་ཚོམ་ནི་“སྨ་ར་དང་བགྲེས་ཉམས་ཆེ་བས་རྒྱལ་པོ་མེས་ཨག་ཚོམ་ཞེས་གྲགས་སོ། ”⑩བཙན་པོ་དེ་ཡི་དུས་སུ་ཐང་བོད་དབར་གྱི་ཛ་དྲག་གི་དམག་འཁྲུག་ཤུགས་ཆེ་བ་མཇུག་སྒྲིལ་ནས་མཛའ་མཐུན་གྱི་འབྲེལ་ལམ་གཙོ་བོ་བཟུང་ནས་གྱིམ་ཤིང་ཀོང་ཇོ་བོད་ཀྱི་བཙན་པོའི་བཙུན་མོར་བསུས། ཕན་ཚུན་མནའ་མཐུན་འབྲེལ་ལམ་གྱི་སྒོ་མོ་དབྱེ། དེ་ནས་བྲག་དམར་མགྲིན་བཟང་དང་མཆིམས་ཕུ་ནམ་རལ་སོགས་ལྷ་ཁང་ལྔ་བཞེངས་ནས་ནང་པ་སངས་རྒྱས་ཀྱི་ཆོས་བོད་དུ་དངོས་སུ་དར་བའི་རྨང་གཞི་ཆགས། བཙན་པོ་དེ་ཡི་མཚན་བོད་ཡིག་དང་བསྟུན་ནས་རྒྱ་ཡིག་གི་ལོ་རྒྱུས་དེབ་ཐེར་རྣམས་སུ། 野祖茹、梅阿充、弃隶缩赞སོགས་གསལ་ཡོད་པས། 野祖茹、梅阿充ལྟ་བུ་གོ་བདེ་བ་ལ་弃隶缩赞ལྟ་བུ་དེབ་ཐེར་རྙིང་མར་གསལ་བས་ཅུང་གོ་དཀའ་ཡང་། དོན་དུ་ཁྲི་ལྡེ་གཙུག་བཙན་ཞེས་པ་དེ་རྒྱ་ཡིག་ཏུ་སྒྲ་བསྒྱུར་བྱས་པ་ཞིག་ཡིན་པ་ནི་གདོན་མི་ཟའོ། །  弃ནི་ཁྲི་དང་།  隶ཞེས་གོང་དུ་ཞུས་པ་བཞིན་ལྡེ།  缩赞ནི་གཙུག་བཙན་ཞེས་སོ། །
     ཁྲི་སྲོང་ལྡེ་བཙན་ནི(སྤྱི་ལོ་742ནས་797བར)སྲོང་བཙན་སྒམ་པོ་ལྟ་བུར་བོད་ཀྱི་ཆོས་སྲིད་ཐད་མཛད་པ་ཤིན་ཏུ་ཆེ་བ་ཡིན་པ་ལ། དེ་ཡི་དུས་སུ་བོད་ཀྱི་ཆབ་སྲིད་དང་།  རིག་གནས།  དཔལ་འབྱོར།  ཆོས་ལུགས་སོགས་འཕེལ་རྒྱས་ཀྱི་རྩེ་མོ་ལྟ་བུར་སླེབས་པར་གྲགས་ཀྱང་། ཆབ་སྲིད་ཀྱི་འཐབ་རྩོད། ཆོས་ལུགས་ཀྱིི་འཐབ་རྩོད། སྤྱི་ཚོགས་ཀྱི་འགལ་བ་སོགས་རྣོ་ངར་དང་མངོན་གསལ་དུ་གྱུར་ནས་སྤུར་རྒྱལ་གྱི་ཆབ་སྲིད་ཉམས་འགོ་ཡང་ཚུགས་པ་ཡིན་ནོ། ། འོན་ཀྱང་། རྒྱ་བོད་ཀྱི་ཡིག་ཚང་རྣམས་སུ་བཙན་པོ་འདི་ཡི་མཚན་གསལ་བར་འཁོད་ཡོད་དེ། ཏུན་ཧོང་ཡིག་ཆ་སོགས་སུ་སྤྱིར་ཁྱབ་ཆེ་བའི་མཚན་ཁྲི་སྲོང་ལྡེ་བཙན་ཁོ་ན་ཡིན་ནོ། །  རྒྱ་ཡིག་གི་དེབ་ཐེར་ནང་དུ།  赤松德贊、乞梨悉笼纳赞、乞黎苏笼猎赞、乞黎苏笼腊赞、娑悉笼腊赞、娑悉笼猎赞、乞立赞སོགས་མཚན་གྱི་རྣམ་གྲངས་འདྲ་མིན་འཁོད་ཡོད་ཀྱང་།  དོན་དུ་ཡོངས་ཁུངས་ཁྲི་སྲོང་ལྡེ་བཙན་ཁོ་ན་ཡིན་ནོ། ། དེའང་རྒྱ་ཡིག་གི་མཚན་དེ་དག་ཧོབ་བལྟ་བྱས་ཚེ་རྙོག་དྲ་དང་གོ་དཀའ་བ་ལྟ་བུ་ཡོད་རུང་། དེ་ཡི་ཁྱད་ཆོས་རྟོགས་ན་ལས་སླ་པོར་གོ་བ་ལོན་ཐུབ་པ་ཡིན། དེའི་ནང་གཙོ་ཆེ་བ་ཁྲི་ཞེས་པར། 乞梨、乞黎、     娑、乞立སོགས་དང་།  སྲོང་ཞེས་པར།  悉笼、苏笼ལྡེ་ཞེས་པ་纳、猎、腊 བཙན་ཞེས་པ་གོ་བདེ་བར་赞ཁོ་ནའོ། །  乞立赞ཞེས་པ་དེ་བོད་ཡིག་ཏུ་ཁྲི་བཙན་ཞེས་གོ་ཡང་དོན་དུ་རྒྱ་ཡིག་ནང་ཁྲི་སྲོང་ལྡེ་བཙན་རང་ལ་གོ་བ་ཡིན་ནོ། །  《ཚེ་ཧྥུ་ཡོན་ཀུས》ནང་“贞元十三年(七九七)下四月,......吐蕃赞普乞立赞卒,子足 之煎立。 ”⑾ ཞེས་གསལ་ཡོད་པ་དེ་ཡི་ར་འཕྲོད་དོ། །  དེ་མིན།  赤松德赞、气梨悉笼纳赞、乞黎苏笼猎赞、乞黎苏笼腊赞、娑悉笼腊赞、娑悉笼猎赞ཐམས་ཅད་ཁྲི་སྲོང་ལྡེ་བཙན་ཞེས་པ་སྒྲ་བསྒྱུར་བྱས་པ་རང་ཡིན།
     ལོ་རྒྱུས་དེབ་ཐེར《ཆོས་བྱུང་མཁས་པའི་དགའ་སྟོན》ལྟར་ན་ཁྲི་སྲོང་ལྡེ་བཙན་དང་བཙུན་མོ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་གཉིས་ལ་སྲས་བཞི་བྱུང་བའི་ཆེ་བ་མུ་ཁྲི་ཆུང་ངུ་ནས་གཤེགས། གཉིས་པ་མུ་ནེ་བཙན་པོ་དང་། གསུམ་པ་མུ་ཏིག་བཙན་པོ། བཞི་པ་ཁྲི་ལྡེ་སྲོང་བཙན་རྣམས་རིམ་པར་བལྟམས། སྤྱི་ལོ་797ལོར་ཡབ་གཤེགས་ཏེ་མུ་ནེ་བཙན་པོ་ཁྲི་ལ་འཁོད་པ་དང་། བཙན་པོ་དེ་ཡི་དུས་སུ་ལྟོགས་ཕྱུག་ལན་གསུམ་སྙོམས་ཞེས་བོད་ཀྱི་སྤྱི་ཚོགས་ནང་དབུལ་ཕྱུག་གི་ཁྱད་པར་དང་སྤྱི་ཚོགས་ཀྱི་འགལ་བ་སྣ་ཚོགས་ཐོན་ནས་ཆབ་སྲིད་ལོ་གཅིག་ལྷག་ཙམ་ལས་སྐྱོང་མ་ཐུབ་པར་བཙན་པོ་རིམ་བྱོན་ལས་ཆབ་སྲིད་སྐྱོང་ཡུན་ཐུང་ཤས་ཡིན་པ་དང་། མཐར་ཡུམ་གྱིས་དུག་བོར་ནས་དཀྲོངས་པ་རེད། མུ་ནེ་བཙན་པོ་ཆབ་སྲིད་སྐྱོང་ཡུན་ཐུང་བས་ཁྲི་ཞེས་པ་མཚན་གྱི་མདུན་དུ་འཁོད་མེད་པས་རྒྱ་ཡིག་གི་赤、墀、器、弃、可黎、乞黎、乞梨、乞隶、乞立 སོགས་བཙན་པོའི་མཚན་དང་འབྲེལ་བ་མེད་པ་ཆགས། བཙན་པོ་དེ་ཡི་མཚན་མུ་ནེ་བཙན་པོ་ཞེས་པ་རྒྱ་ཡིག་གི་ཡིག་ཆའི་ནང་གོ་བདེ་བ་牟尼赞。ཐང་ཡིག་གསར་པའི་ནང་ཐང་ཡིག་རྙིང་མ་དང་མི་འདྲ་བར་足之煎 ཞེས་འཁོད། 足之煎ནི་མུ་ནེ་བཙན་ཞེས་པ་སྒྲ་བསྒྱུར་བྱས་པ་རང་ཡིན་ནོ། །  བཙན་པོ་ཁྲི་ལྡེ་སྲོང་བཙན་ནི་ཁྲི་སྲོང་ལྡེ་བཙན་གྱི་སྲས་དང་མུ་ནེ་བཙན་པོའི་གཅུང་པོ་ཡིན་ནོ། །  དེ་དུས་ཡབ་གྲོངས་ཟིན་པ་ལྟ་ཅི་མུ་ནེ་བཙན་པོར་ལྷ་སྲས་མེད་པས་ཁྲི་ལྡེ་སྲོང་བཙན་བཙན་པོའི་ཁྲི་ལ་འཁོད། བཙན་པོ་དེ་ཡི་དུས་སུ་སྤུ་རྒྱལ་བོད་ཀྱི་སྤྱི་ཚོགས་ཀྱི་འགྱུར་བ་གཙོ་བོ་ནི།  གཅིག  བཙན་པོ་ཐོག་མར་ཁྲི་ལ་འཁོད་པའི་དུས་དེར་བན་དེ་མྱང་ཏིང་འཛིན་སོགས་ནས་རྒྱབ་སྐྱོར་ཤུགས་ཆེན་བྱས་སྟབས་ད་གཟོད་བཙན་པོའི་ཁྲི་ལ་འཁོད་ཐུབ་པས ། བཙན་པོས་མྱང་ཏིང་འཛིན་ལ་སྔ་ཕྱིར་དམིགས་བཀར་བཀའ་གཙིགས་རྡོ་རིང་གཉིས་བཙུགས་པ་ཞྭ་ལྷ་ཁང་གི་རྡོ་རིང་དུ་གྲགས། དེ་ནས་བན་དེ་བཀའ་ལ་གཏོགས་པ་ཞེས་ཆོས་བྱེད་ཀྱི་སྐྱེ་བུ་ཁག་ཅིག་བློན་ཆེའི་གོ་གནས་བཟུང་བས་བོད་དུ་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་ཀྱི་སྤྱི་ཚོགས་རྨང་གཞི་ཆགས། གཉིས།  བཙན་པོའི་དེ་དུས་སུ་ཐང་བོད་འབྲེལ་བར་འགྱུར་ལྡོག་ཆེན་པོ་བྱུང་པ་ནི། རྒྱུན་རིང་གི་དམག་འཁྲིག་མཇུག་སྒྲིལ་ནས་མཛའ་མཐུན་འབྲེལ་ལམ་གཙོ་བོར་བཟུང་བ་ཆབ་མདོ་བྲག་གཡབ་རི་མདའི་བྲག་བརྐོས་ཡི་གེ་སོགས་ཀྱིིས་མཚོན། གསུམ། རིག་གནས་དང་ཆོས་ལུགས་ཐད་ལ་འཕེལ་རྒྱས་ཆེ་ཙམ་བྱུང་ཡོད་པ་ནི། མཆིམས་ཕུ་དཀར་ཆག་སོགས་ཐོན་པ་དང་། སྒྲ་སྦྱོར་བམ་གཉིས་བརྩམས་ནས་སྒྲ་བསྒྱུར་བྱ་གཞག་གོང་འཕེལ་སོང་བ། རྡོ་རིང་དུ་མ་བཞེངས་པ་སོགས་ཀྱིས་མཚོན། ཏུན་ཧོང་ཡིག་ཆའི་ནང་སྤྱི་ལོ་863རྗེས་ཀྱི་བཙན་པོ་རྣམས་ཀྱི་མཚན་འཁོད་མེད་པས། བཙན་པོ་དེ་ཡི་མཚན་ལོ་རྒྱུས་དེབ་ཐེར་གཞན་དུ། མུ་ཏིག་བཙན་པོ་དང་། སད་ན་ལེགས་མཇིང་ཡོན། ཁྲི་ལྡེ་སྲོང་བཙན་སོགས་ཀྱང་རྒྱ་ཡིག་དཔེ་རྙིང་ནང་དུ 赤德松赞ཁོ་ན་ཡིན་ནོ། །
     བཙན་པོ་ཁྲི་གཙུག་ལྡེ་བཙན་ནི་ཆོས་འབྱུང་རྣམས་སུ་ཆོས་རྒྱལ་མེས་དབོན་རྣམ་གསུམ་ལས་ཕྱག་ན་རྡོ་རྗེའི་སྤྲུལ་པར་གྲགས་ཀྱང་། བཙན་པོ་དེས་དབང་ཤུགས་ཀྱིས་ནང་པའི་ཆོས་ཚད་ལས་བརྒལ་བའི་འཕེལ་རྒྱས་བཏང་བ་དེས་སྤྱི་ཚོགས་ཀྱི་ཆབ་སྲིད་དང་དཔལ་འབྱོར་སོགས་ལ་གནོད་སྐྱོན་ཚབས་ཆེན་ཕོགས་ནས་བཙན་པོའི་སྲིད་དབང་རྒྱུན་འཁྱོངས་བའི་རྨང་གཞི་མེད་པ་ཆགས། ནང་གི་འགལ་བ་སྔར་བས་རྣོ་ངར་དུ་གྱུར་ནས་མཐར་བཙན་པོའི་སྐུ་སྲོག་ཀྱང་ཤོར་བ་རེད། བཙན་པོ་དེ་ཡི་མཚན་ལོ་རྒྱུས་དེབ་ཐེར་རྣམས་སུ་ཁྲི་གཙུག་ལྡེ་བཙན་དང་། རལ་པ་ཅན། ཁྲི་རལ་པ་ཅན། མངའ་བདག་ཁྲི་རལ་པ་ཅན། སྐྱིད་རྟག་བཙན་པོ། དགེ་འདུན་དབུ་སྡེ་གཉིས་སོགས་ཡོད། ཁྲིར་མ་འཁོད་གོང་དུ་གཙུག་ལྡེ་བཙན་དང་སྤྱི་ལོ་815ལོར་བཙན་པོའི་ཁྲིར་འཁོད་རྗེས་ཁྲི་གཙུག་ལྡེ་བཙན་ཞེས་ཐོགས། རྒྱ་ཡིག་ནང་དུ་热巴巾དང་可黎可祖དེ་མིན་དབོན་ཞང་རྡོ་རིང་ནང་དུ་彝泰赞普ཞེས་འཁོད།  热巴巾ལྟ་བུ་གོ་བདེ་ལ། 《ཚེ་ཧྥུ་ཡོན་ཀུས་》ནང་གི་བཙན་པོ་དེ་ཡི་མཚན་可黎可祖ཞེས་པ་དེ་བོད་སྐད་ནང་གི་ཁྲི་གཙུག་གི་སྒྲ་ཕབ་པ་སྟེ། དེའི་སྐབས་ཀྱི་སྐད་ཡིག་གི་ཁྱད་ཆོས་ད་ལྟའི་ཨ་མདོ་དང་ལ་དྭགས་ཀྱི་སྐད་ནང་ནས་མཚོན་ཐུབ་ཅེས་སྐད་ཡིག་མཁས་པས་གསུངས། ཁྲི་ཀློག་དུས་“ཁ་རི”་ཞེས་ཀློག་པས་རྒྱ་ཡིག་ནང་可黎དང་། གཙུག་ཀློག་དུས་སྔོན་འཇུག་ག་ཤུགས་ཀྱིས་ལོགས་སུ་ཀློག་པས་可祖ཐོན། དེ་ལྟར可黎可祖ཞེས་པ་ཁྲི་གཙུག་ལྡེ་བཙན་གྱི་མཚན་དུ་རྒྱ་ཡིག་གི་དེབ་ཐེར་ནང་གསལ། དེ་མིན་མཚན་གཞན་彝泰赞普ཞེས་པ་དེ། བཙན་པོ་དེ་ཡི་དུས་སུ་ཐང་རྒྱལ་རབས་དཔེ་བྱས་ཏེ་ཁྲི་ལོ་བཀོད་པའི་སྲོལ་བྱུང་བ་དེ་བོད་ཀྱི་ལོ་ཁམས་རྩི་ཐབས་ལ་ཕན་ཐོགས་ཆེན་པོ་བྱུང་ཡང་དུས་ཡུན་ཐུང་བས་གོ་དེ་ཙམ་མ་ཆོད། འོན་ཀྱང་བཙན་པོ་དེ་ཡི་ཁྲི་ལོ་“སྐྱིད་རྟག་”ཞེས་པ་དེས་དུས་མཚམས་ངེས་ཅན་ཞིག་གི་ནང་བོད་དུ་དར་ཁྱབ་བྱུང་ཡོད་པ་སྟེ། དབོན་ཞང་རྡོ་རིང་གི་ཤར་ངོས་ཡི་གེའི་ནང་། “བོད་རྒྱའི་ཆབ་སྲིད་ནི་གཅིག་སྟེ། བོད་རྒྱ་གཉིས། རབས་ཁྲིར་བདེ་སྐྱིད་པའི་མཇལ་དུམ་ཆེན་པོ་མཛད་ནས། ཀེང་ཤིའི་ནུབ་ཕྱོགས་ཤེག་སང་སིའི་དྲུང་དུ། བོད་ཆེན་པོའི་ལོའི་མྱིང་ནི། ཅང་ཀེང་ལོ་དང་པོ་ལྕགས་མོ་གླིང་། ”⑿ཞེས་པ་དང་། རྡོ་རིང་ནང་མུ་མཐུད་ནས་སྐྱིད་རྟག་ལོ་བརྒྱད་པ་དགུ་པ་སོགས་རིམ་པར་བརྐོས་ཡོད་པར། སྐྱིད་རྟག་ཅེས་སྐྱིད་པོ་རྟག་ཏུ་གནས་པའམ་ཡུན་དུ་གནས་པའི་དོན་དུ་གོ བཙན་པོ་དེ་སྤྱི་ལོ་815ལོར་ཡབ་ཁྲི་ལྡེ་སྲོང་བཙན་གཤེགས་ནས་ཁྲི་ལ་འཁོད་པ་དེ་ལོ་རྒྱུས་ཐོག་རྩོད་གཞི་མེད། དེ་སྔའི་མཚན་གཙུག་ལྡེ་བཙན་ནས་ཁྲི་ལ་འཁོད་རྗེས་ཁྲི་གཙུག་ལྡེ་བཙན་འབོད། བཙན་པོ་ཁྲི་ལ་འཁོད་པའི་ལོ་དེ་སྐྱིད་རྟག་ལོ་དང་པོ་ཡིན་པ་དང་། དབོན་ཞང་རྡོ་རིང་ནང་འཁོད་པའི་ཐང་བོད་དབོན་ཞང་ཐོག་མར་མཇལ་འདུམ་མཛད་པའི་ལོ་དུས་བོད་ལོ་སྐྱིད་རྟག་ལོ་བདུན་པ། ཐང་གི་གོང་མ་མུའུ་ཙུང་གི་ཁྲི་ལོ་ཅང་ཀེང(ཁྲང་ཆིང)ལོ་དང་པོ་སྟེ་སྤྱི་ལོ་821ལོ་ཡིན་པ་གཏན་འཁེལ་དང་། དེ་ནས་སྐྱིད་རྟག་ལོ་བརྒྱད་པ་སྤྱི་ལོ་822ལོ། རྡོ་རིང་བཙུགས་པའི་ལོ་སྐྱིད་རྟག་ལོ་དགུ་པ་སྤྱི་ལོ་823ལོ། མཇལ་འདུམ་གྱི་ཡུལ་ཡང་གསལ་ལེར་བཀོད་ཡོད་པ་ནི། ཐོག་མར་ཀེང་ཤིའི་ནུབ་ཕྱོགས་ཤེང་སང་སི། ﹙ཀེང་ཤི京师,长安ཤེག་སང་སི石羊寺﹚དེ་ནས་ལྷ་སའི་ཤར་ཕྱོགས་སྦྲ་སྟོད་ཚལ། སྤྱི་ལོ823ལོར་ཀང་ཤི་དང་ལྷ་སར་རྡོ་རིང་བཙུགས་སོ། ། དེས་ན་སྐྱིད་རྟག་བཙན་པོ་ཞེས་ཁྲི་གཙུག་ལྡེ་བཙན་གྱི་མཚན་གཞན་ཞིག་ཆགས་པ་དེ་རྒྱ་ཡིག་ནང་དུ་སྒྲ་བསྒྱུར་བྱས་ཏེ་彝泰赞普ཞེས་གསལ།
     དར་མའི་མཚན་ལོ་རྒྱུས་དེབ་ཐེར་རྣམས་སུ་ཁྲི་དར་མ་འུ་དུམ་བཙན། འུ་དུན་བརྟན། དར་མ། ཁྲི་དར་མ། ཁྲི་དར་མ་འུ་དུམ་བཙན། གླང་དར་མ་བཅས་གསལ་ཡོད་པ་དེ་དག་རྒྱ་ཡིག་ནང་དུ་མཚན་སྤྱིར།  达磨,乌都赞,朗达玛ཞེས་འཁོད། བོད་ཡིག་གི་དུས་སྔ་བའི་ལོ་རྒྱུས་དེབ་ཐེར་ནང་དར་མའམ་འུ་དུན་བརྟན།  འུ་དུམ་བརྟན་(བཙན་)དང་། ཕྱིས་ཀྱི་དེབ་ཐེར་ནང་ཁྱབ་ཆེ་བ་གླང་དར་མ་ཞེས་འཁོད་ཡོད།  《ཙེ་ཀྲེ་ཐུང་ཅན་》ནང་།  སྤྱི་ལོ838ལོ“是岁,吐蕃彝泰赞普    ,弟达磨立”ཞེས་དང་། དེ་མིན་ཐང་ཡིག་གསར་མའི་ནང་དེ་ལྟར་འཁོད་ཡོད་པར་གཞིགས་ན་སྐབས་དེར་བཙན་པོ་ཁྲི་ལ་འཁོད་ནས་མཚན་འུ་དུན་བརྟན་ལས་དར་མ་ཞེས་པ་དེ་ཁྱབ་ཆེ་བ་མེད་དམ་སྙམ། དར་མ་ཞེས་པ་ལེགས་སྦྱར་དུ་ཆོས་ལ་གོ་བ་དང་ཕྱིས་སུ་དྷརྨ། རྒྱ་ཡིག་ནང་དར་མའམ་དྷརྨ་ཞེས་པ་དེ་达磨ཞེས་བསྒྱུར་ཟིན་ནས་གཏན་འཁེལ་བྱུང་བ་གཞིར་བཟུང་སླ་པོར་རྒྱ་ཡིག་ནང་བཀོད།
     གསུམ་པ།  མཇུག་བསྡུའི་གཏམ།
    
དེ་ལྟར་གོང་གསལ་དེ་དག་ནི་བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོ་ནས་དར་མ་འུ་དུམ་བཙན་བར་གྱི་བཙན་པོ་རིམ་བྱོན་གྱི་མཚན་རྒྱ་ཡིག་གི་འབྲེལ་ཡོད་ལོ་རྒྱུས་ཡིག་ཆའི་ནང་གསལ་བ་རྣམས་ཀྱི་འབྱུང་ཁུངས་དཔྱད་བརྗོད་ཕྲན་བུ་བྱས་པ་ཞིག་ཡིན། བཙན་པོའི་དུས་རབས་ཀྱི་ལོ་རྒྱུས་ཞིབ་འཇུག་ལ་མཁོ་བའི་ཡིག་ཆ་གལ་ཆེ་བ་ཏུན་ཧོང་གཏེར་ཡིག་དང་། རྡོ་རིང་ཡི་གེ། ཁྲམ་ཡིག ཅོང་ཡིག་སོགས་ཕུད་རྒྱ་ཡིག་ཡིག་ཆ་ཁག་ཀྱང་ཤིན་ཏུ་གལ་ཆེ་བ་ཡིན། འོན་ཀྱང་རྒྱ་ཡིག་དེབ་ཐེར་ནང་གསལ་བའི་བཙན་པོ་རྣམས་ཀྱི་མཚན་གྱི་འབྱུང་ཁུངས་དང་གོ་དོན་གང་ཡིན་པ་ནི་ལོ་རྒྱུས་ཞིབ་འཇུག་གི་དཀའ་གནད་ཅིག་ཡིན་པ་དང་གཅིགབཙན་པོ་རྣམས་ཀྱི་མཚན་ཐོགས་ཚུལ་ལ་ཉམས་ཞིབ་བྱས་པ་དང་དུས་མཚུངས་སྐབས་དེའི་བོད་ཀྱི་ཤེས་རིག་གི་གནས་སྟངས་དང་ལྷག་པར་དུ་བོད་ཀྱི་སྐད་ཡིག་གི་འགྲོས་ཕྱོགས་ཤེས་རྟོགས་ཐུབ་པ་མ་ཟད། སྐབས་དེའི་ཡིག་སྒྱུར་གྱི་ཐབས་ཀྱང་གང་འཚམས་རང་བཞིན་དུ་རྟོགས་ནུས་པ་གཉིས། ཀྲུང་གོའི་ལོ་རྒྱུས་ཐོག་མི་རིགས་ཕན་ཚུན་རྒྱུན་རིང་གི་འབྲེལ་ལམ་ཟབ་མོ་དང་ཤེས་རིག་སྤེལ་རེས་ཀྱི་ལམ་བུ་བརྒྱུད་ཡོད་པས་བཙན་པོའི་མཚན་གྱི་བསྒྱུར་ཐབས་ལས་སྐབས་དེའི་མི་རིགས་ཕན་ཚུན་རིག་གཞུང་སྤེལ་རེས་ཀྱི་སྣང་ཚུལ་རང་ཤུགས་མཚོན་ནུས་པ་དང་གསུམ། གོང་གསལ་དེ་དག་ནི་ཁོ་བོའི་ལྟ་ཚུལ་ཙམ་དུ་ཟད་པས། དོན་དངོས་དང་འགབ་མིན་ལ་ལོ་རྒྱུས་མཁན་པོ་རྣམས་དང་སྒྲ་བསྒྱུར་མཁས་དབང་རྣམས་ནས་སྐྱོན་བརྗོད་ཡོད་པ་མཁྱེན།
     དཔྱད་གཞིའི་ཡིག་ཆ་དང་མཆན་འགྲེལ།
     ①དབང་རྒྱལ་དང་བསོད་ནམས་སྐྱིད་ཀྱིས་བསྒྱུར་ཅིང་བཀྲལ《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》བོད་ཀྱི་བཙན་པོ་རིམ་བྱུང་གི་རེའུ་མིག རེའུ་མིག་ནང་དུ་བསྡུ་རུབ་བྱས་པའི་རྒྱ་ཡིག་གི་ལོ་རྒྱུས་ནང་གསལ་བའི་བཙན་པོ་རྣམས་ཀྱི་མཚན་གཞིར་བཟུང་བ་ཡིན། མི་རིགས་དཔེ་སྐྲུན་ཁང་། 1992ལོ། ཤོག་གྲངས་212 དེ་མིན་རྒྱ་ཡིག་གི་ལོ་རྒྱུས་དེབ་ཐེར་གྱི་མིང་《资治通鉴》、《冊府元龟》《通典》སོགས་བོད་ཡིག་ཏུ་བསྒྱུར་བ་མ་རྙེད་པར་བརྟེན་སྒྲ་རང་སོར་བཞག
     ② རྒྱ་ཡིག་གི་《 བོད་ཀྱི་ལོ་རྒྱུས་》 (藏族简史)བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2000ལོ། ཤོག་གྲངས་12
     ③⑥ནམ་མཁའི་ནོར་བུ།  《༄༅།  ། ཞང་བོད་ལོ་རྒྱུས་ཏི་སེའི་འོད་》ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1996ལོ། ཤོག་གྲངས་203ནས་204 བར།
     ④ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་ནོར་བྲང་ཨོ་རྒྱནགཉིས་ཀྱིས་བརྩམས་པའི《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》 སྟོད་ཆ།  ཤོག་གྲངས་43
     ⑤ཉང་ཉི་མ་འོད་ཟེར་གྱིས་བརྩམས་པའི《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།  1988ལོ།  ཤོག་གྲངས་159
     ⑦⑧⑨དབང་རྒྱལ་དང་བསོད་ནམས་སྐྱིད་ཀྱིས་བསྒྱུར་ཅིང་བཀྲལ། མི་རིགས་དཔེ་སྐྲུན་ཁང་།  《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》མི་རིགས་དཔེ་སྐྲུན་ཁང་། 1992ལོ།  ཤོག་གྲངས་2012
     ⑩དཔའ་བོ་གཙུག་ལག་ཕྲེང་བས་བརྩམས་པའི《ཆོས འབྱུང་མཁས་པའི་དགའ་སྟོན་》སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1985ལོ།  ཤོག་གྲངས་293
     ⑾《ཚེ་ཧྥུ་ཡོན་ཀུས》པོད234 །  ལིན་ཀོན་ཇུན། 《ཐང་རྒྱལ་རབས་དུས་ཀྱི་སྤུ་རྒྱལ་ལོ་རྒྱུས་ཀྱི་དཔྱད་རྩོམ་ཕྱོགས་ཕྱོགས་སྒྲིག》ལས་དྲངས།  (རྒྱ་ཡིག)ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།  སྤྱི་ལོ་2006 ལོ།  ཤོག་གྲངས་383
     ⑿བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་ཁང་ནས་བསྒྲིགས།  《ཀྲུང་གོའི་བོད་ས་གནས་ཀྱི་ལོ་རྒྱུས་ཡིག་ཚང་ཕྱོགས་བཏུས་》ནང་གི་དབོན་ཞང་རྡོ་རིང་གི་ཡི་གེ་ངོ་ཤུས་ལས་དྲངས་སོ། །

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...