སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་ཡིག་ཀུན་ཁྱབ་མིང་མཛོད་ཀྱི་སྒྲིག་ཚུལ་དང་ཁྱད་ཆོས།
རྩོམ་པ་པོ། དཔའ་རིས་སངས་རྒྱས། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-2-26 10:38:00 རྩོམ་ཁུངས། མཚོ་སྔོན་པོའི་དྲ་བ། ཀློག་གྲངས།
བོད་ཡིག་ཀུན་ཁྱབ་མིང་མཛོད་ཀྱི་སྒྲིག་ཚུལ་དང་ཁྱད་ཆོས།
དཔའ་རིས་སངས་རྒྱས།
[གནད་བཏུས] དཔྱད་རྩོམ་འདིར་བོད་ཡིག་ཀུན་ཁྱབ་མིང་མཛོད་ཀྱི་སྒྲིག་ཚུལ་ཏེ་མིང་བསྡུས་པའི་སྐོར།མིང་དོན་བཀྲལ་བའི་སྐོར།མིང་གི་དོན་དབྱེ།ཐ་སྙད་རྒྱ་བོད་ཤན་སྦྱར་གྱི་སྐོར་དང་མིང་མཛོད་ཀྱི་ཁྱད་ཆོས་བདུན་བརྗོད་ཡོད།
[གནད་ཚིག]  བོད་ཡིག་ཀུན་ཁྱབ་མིང་མཛོད།  སྒྲིག་ཚུལ།  ཁྱད་ཆོས།
     མིང་བསྡུས་པའི་སྐོར། རིག་གནས་བཅུ་ཕྲག་གི་བརྡ་ཆད། གནམ་ས་རི་ཀླུང་དང་། སྲོག་ཆགས་རྩི་ཤིང་། གཏེར་རྫས་ཡོ་བྱད། ཡུལ་དུས་གྲངས་གསུམ། བཟོ་ཞིང་ཕྱུགས་ལས། ཆོས་སྲིད་ཚོང་སློབ་དམགགཉེན་ཚན་འབོད་སྲོལ།ས་དཔྱད་ལ་སོགས་པའི་མིང་ངོ་ཅོག་ཕལ་ལམ་བསྡུས་ཡོད་པ་མ་ཟད། དཔེ་ཆོས་དང་ངག་རྒྱུན་ཡང་ཕལ་ཆེར་བསྡུས་ཡོད་དོ། །
     མིང་དོན་བཀྲལ་བའི་སྐོར། མིང་གང་ཅིའི་ངོ་བོ་ཇི་མ་ཇི་བཞིན་གསལ་བོ་ཁེལ་པོ། གོ་སླ་ཁྱེར་བདེར་བཀྲལ་ཡོད། དཔེར་བརྗོད་ཕལ་ཆེར་གཏམ་དཔེའམ། ལེགས་བཤད་དམ། ཚིག་དོན་ཅན་སོགས་བཀོད་པ་ནི། གཅིག་ཏུ། གོ་དོན་འཁྲུལ་བ་མེད་པ།གཉིས་སུ། ཚིག་ཉམས་དང་དོན་ཉམས་འདོན་ཚུལ་གསལ་བ་དང་། གསུམ་དུ། ཤེས་རྒྱ་བསྐྱེད་པའི་ཕན་ཡོན་ཡོད་པར་དམིགས་པ་ཡིན་ནོ། གཞན་དག་གིས་དུས་ཀྱི་ཁྱད་པར་ཙམ་ལས་འགྲེལ་བ་འཁོད་མེད།
     མིང་གི་རིགས་ཀྱི་དབྱེ་བའི་སྐོར། དངོས་པོའི་མིང་དང་ཚིག་ཐུང་ངུ་ལ་རྟགས་བཏབ་མེད།(名词,短句未做标记)དེ་མིན། “(ཆོས)”ནི་ཁྱད་ཆོས་ཀྱི་མིང(形容词)“(གྲངས)”ནི་གྲངས་ཀའི་མིང(数词)“(ཞེ)”ནི་ཞེ་ཚིག(敬语)“(རྙིང)”ནི་བརྡ་རྙིང(古词)“(ཕྲད)”ནི་རྣམ་དབྱེ་ཚིག་ཕྲད(虚词)“(ཚིག་གྲོགས)”ནི་ཚད་གསལ་བྱེད་ཀྱི་སྒྲ(副词)“(རྒྱ)”ནི་རྒྱ་སྐད(汉语)“(སོག)”ནི་སོག་སྐད(蒙语)“(ལེགས)”ནི་ལེགས་སྦྱར་གྱི་སྐད(梵语)བྱ་བའི་མིང་གི་ཞིབ་ཆ་བསྟན་པར། “(བདག)”ནི་བདག་དང་འབྲེལ་བའི་བྱ་བའམ་བྱེད་པའི་རྩོལ་བ་སྟེ། “使动词”བཀབ་པ་ལྟ་བུ།“(གཞན)”ནི་གཞན་དང་འབྲེལ་བའི་བྱ་བའམ་ལས་ཀྱི་འགྱུར་བ་སྟེ“受动词”ཁེབས་པ་ལྟ་བུ།  “ངང”ནི་བདག་གཞན་གང་ལའང་མ་འབྲེལ་བའི་བྱ་བའམ་ངང་གིས་བྱུང་བ་སྟེ“自动词”གབ་པ་ལྟ་བུ། “བྱེད་ལས”ནི་བྱེད་པའི་ལས་ཏེ“主谓词组”དཔེར་ན། ཐག་གཅོད་པ་ལྟ་བུའི་ཐག་གི་ལས་དང་། ལས་དེ་ལ་སྦྱར་བའི་བྱ་བ་གཅོད་པ་ནི། བྱེད་པ་པོ་དང་འབྲེལ་ནས་ཡོད་པས་བྱེད་པའི་ལས་ཞེས་བྱའོ། ། “(བྱ་ལས)”ནི་བྱ་བའི་ལས་ཏེ“宾谓词组”དཔེར་ན། ཐག་ཆོད་པ་ལྟ་བུའི་ཐག་ནི་ལས་དང་། ལས་དེ་ལ་སྦྱར་བའི་བྱ་བ་ཆོད་པ་ནི། བྱ་བའི་ཡུལ་དང་འབྲེལ་ནས་ཡོད་པས་བྱ་བའི་ལས་ཞེས་བྱའོ། །
     གཞན་ཡང“名”“动”གྱི་འཇུག་དོན་ནི། རྒྱ་སྐད་ཀྱི་ཐ་སྙད་སྒྲ་གཉིས་ཅན་གྱི་རིགས་ལས་“学习”ལྟ་བུ། བྱ་བ་(动)དང་། དངོས་པོ(名)གང་རུང་སྦྱར་ཆོག་ཀྱང་། བོད་སྐད་དུ་བསླབ་སྦྱང་ཞེ་ན། ལས་ཀྱི་དངོས་པོ་ཙམ་ལ་འཇུག་པ་ཙམ་ཡིན། བྱ་བར་སྦྱར་ན། མིང་མཐའ་དང་ཕྲད་ཀྱང་འཇུག་དགོས། བསླབ་ཅིང་སྦྱང་བ་ལྟ་བུའོ། །
     ཐ་སྙད་རྒྱ་བོད་ཤན་སྦྱར་གྱི་སྐོར།དོན་གྱི་ངོ་བོ་སྟོན་པའི་མིང་། མིང་མ་དག་ན་བརྡ་མི་འཕྲོད། ཚིག་གི་སྒྲུབ་བྱེད་གཙོ་བོ་མིང་ཡིན། ལོ་ཙཱའི་གནད་འགག་ཀྱང་མིང་ལ་ཐུག་ཡོད། བཅིངས་གྲོལ་ཚུད་ཆད། ལོ་ཙཱ་བྱ་བའི་ཁུར་ལྕི་མོད། ལོ་ཙཱ་པ་ཕལ་ཆེར་གྱི་བོད་ཡིག་ཡོན་ཏན་ཞན་པས། ལོ་ཙཱར་མིང་དང་ཚིག་གི་རྣམ་པ་ལད་ཟློས་བྱས་པ་ནི་ནེ་ཙོའི་ཁ་ཏོན་ལྟ་བུ་རབ་ཏུ་མང་། དོན་གྱི་ངོ་བོ་གཅིག་པར་བྱས་པ་འདྲ་དཔར་བླངས་པ་ལྟ་བུ་ཧ་ཅང་ཉུང་། མ་དག་རྒྱུན་འབྱམས་ཇེ་བས་ཇེ་ཐུ། བོད་སྐད་ལ་ཤན་ཞུགས་ནས་རྒུད་མདངས་ཆགས་པས། གསར་བུ་ལོ་ཉུང་ཕལ་མོ་ཆེའི་རྩོམ་ནི་མཛེས་མའི་ངོ་ལ་རྨ་བུད་པ་འདྲ། རྒྱ་བོད་ལོ་ཙཱ་དག་པར་བཅའ་བ་ཧ་ཅང་གལ་ཆེ་བར་མཐོང་ནས། མིང་མཛོད་འདིར་རྒྱ་བོད་ཐ་སྙད་ཤན་སྦྱར་ཡང་དག་པར་འགོད་ཐབས་བྱས་པ་སྟེ། གཅིག་ཏུ། ལོ་ཙཱ་པ་རྣམས་ལ་དཔེ་བལྟ་ས་ཚད་ལྡན་དུ་ཨེ་ཉན་དུ་ཕུལ་བ་ཡིན། གཉིས་སུ། མ་དག་རྒྱུན་འབྱམས་ཀྱི་སྐྱོན་བསལ་ནས་བོད་སྐད་ཀྱི་དག་ཆ་སྲུང་ཐབས་བྱེད་པ་ཡིན། གསུམ་དུ། ལོ་ཙཱ་བྱ་བར་སྐད་རིགས་གང་གི་མིང་སྦྱོར་བ་དང་། ཚིག་གི་སྦྱོར་བའི་གནས་ལུགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤེས་པར་བྱེད་པ་ཡིན་ལགས།
     མིང་མཛོད་འདི་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བདུན་ཡོད། དང་པོ། རྟེན་ཅིང་འབྲེལ་བའི་བྱ་བ་རིགས་གསུམ་གྱི་ཁྱད་པར་དཔྱིས་ཕྱིན་པར་བསྟན་ཡོད། བདག་དང་འབྲེལ་བའི་བྱ་བ་སྟེ་བྱེད་པའི་རྩོལ་བ་ལ། དུས་གསུམ་སྐུལ་ཚིག་དང་བཅས་པའི་རྣམ་གཞག་ཡོད། དཔེར་ན། ཁྱབ་གདལ་དུ་བཏང་བའི་བཀྲམ་པ་ལ། དགྲམ་བྱ་འགྲེམ་བྱེད་ཁྲོམས་ཤིག་བཀྲམ། ལྟ་བུ་དང་། གཞན་དང་འབྲེལ་བའི་བྱ་བ་སྟེ་ལས་ཀྱི་འགྱུར་བ་ལ། དུས་གསུམ་གྱི་རྣམ་གཞག་མེད། ཁྱབ་གདལ་དུ་ཁེབས་པའི་ཁྲེམས་པ་ལ། ཁྲེམས་པ་ཞེས་པའི་བརྡ་ཙམ་ལས་ལྡོག་པ་གཞན་མེད། བདག་གཞན་དང་མ་འབྲེལ་བའི་བྱ་བ་སྟེ་ངང་གིས་བྱུང་བ་ལ། དུས་གསུམ་གྱི་རྣམ་གཞག་ཉུང་ཞིང་། གང་ཟག་ལ་འཇུག་རུང་བ་མ་གཏོགས་སྐུལ་ཚིག་མེད། ཁྱབ་གདལ་དུ་གྱུར་པའི་འགྲམས་པ་ལ། འགྲམ་བྱ་འགྲེམ་བྱེད་འགྲམས་ཟིན། ལྟ་བུ་སྐུལ་ཚིག་མེད། མི་ལ་འཇུག་རུང་བ། བབ་བྱ་འབབ་བྱེད་བོབ་ཅིག་བབས། ལྟ་བུ་སྐུལ་ཚིག་ཡོད་པའོ། ། 
     མདོར་ན། བྱ་བ་རིགས་གསུམ་གྱི་མིང་གཞི་སྡེ་བ་གཅིག་ལས་བྱུང་བ་རྟེན་འབྲེལ་ཡིན། སྒྲ་དྲག་གཞན་བར་མ་སོ་སོའི་རྣམ་དབྱེ་ཡིན།
     གཉིས་པ། མངོན་བརྗོད་ཀྱི་འགྲེལ་བ་གསལ་བོར་བཀོད་ཡོད། མངོན་བརྗོད་ཀྱང་མིང་ཡིན་མོད། ངོ་བོ་ཙམ་སྟོན་པ་མ་ཟད། དངོས་པོ་གང་གི་འབྱུང་ཁུངས་སམ། རང་བཞིན་ནམ། ཁྱད་ཆོས་སམ། ཡོན་ཏན་ནམ། བྱེད་ལས་སམ། རྩིས་གྲངས་སམ། རྣམ་གྲངས་སོགས་མངོན་པར་བརྗོད་པ་ཡིན་པས། བོད་ཀྱི་རིག་གཞུང་རྣམས་ལས།སོས་ཀའི་སྤང་ལྗོངས་ལ། མེ་ཏོག་བཀྲ་ལམ་མེ་བཞད་པ་བཞིན་ས་ཁྱབ་རྡོ་ཁྱབ་ཏུ་མཐོང་ངོ་། མངོན་བརྗོད་ཀྱི་དོན་ལེགས་པར་ཤེས་ན། ཤེས་རྒྱ་བསྐྱེད་པ་དང་། དཔེ་རྙིང་ཀློག་བདེ་བ། རྩོམ་དུ་འཇུག་མཁས་པ་དང་། གང་མིང་གསར་དུ་འདོགས་ཤེས་པ་སོགས་ཀྱི་ཕན་ཡོན་ཆེའོ། །
     གསུམ་པ། གཉེན་ཚན་འབྲེལ་བ་སྣ་ཚོགས་ཀྱི་འབོད་སྲོལ་ལམ་བརྡ་ཆད་ཆ་ཚང་བ་ཞིག་བསྡུས་ཡོད།འདིར་དཔེ་འགའ་བསྟན་ན། ཕ་རྒྱུད་མ་རྒྱུད་གྱོས་རྒྱུད་གསུམ། འཇིག་རྟེན་ཁམས་ཀྱི་གཉེན་ཚན་གསུམ། ཕ་ཡི་ཅེ་སྲང་སྙིད་མ་དང་། མ་ཡི་སྤུན་ཟླ་ཞང་བོ་ཟེར། ཁྱོ་བོའི་ཕ་མར་རྒྱུག་པོ་རྒྱུག་མོ་ཟེར། ཆུང་མའི་ཕ་མར་གྱོས་པོ་གྱོས་མི་ཟེར། ཆེན་མ་ཆུན་མའི་བུ་དག་ལ། འགལ་མའི་བུ་སྤུན་ཟེར་བ་ཡིན། མས་དབེན་སྤུན་ནི་ཕ་གཅིག་མ་མི་གཅིག་ཡིན། ཕས་དབེན་སྤུན་ནི་མ་གཅིག་ཕ་མི་གཅིག ཕ་མ་སྔ་མའི་བུ་ལ་སྔ་ཚར་དང་། ཕ་མར་མ་ཡར་བུ་ལ་ཕྱི་ཚར་ཟེར། བུ་ཡི་བུ་ལ་རུས་ཚར་ཟེར། བུ་མོའི་བུ་ལ་སྣག་ཚར་ཟེར། ཚ་བོ་ཡང་ཚ་གཞི་ཚ་གོས་ཚ་དང་། གྲོས་ཚ་རྣམས་ནི་གཡུག་མའི་རིམ་པ་ཡིན། གཉེན་ཚན་འབྲེལ་བ་སྣ་ཚོགས་པར། །འབོད་སྲོལ་གསལ་བ་ཡོད་པ་ནི། །མི་རིགས་ཤིག་གི་རིག་གནས་ནི། །དར་རྒྱུན་སྔ་བའི་རིག་གནས་ཡིན། །
     བཞི་བ། ས་དཔྱད་རིག་པའི་བརྡ་ཆད་ཉེ་བར་ཤེས་པ་དཀའ་བ་སྐོར་ཞིག་མཚམས་སྦྱོར་བྱས་ཡོད། ཁང་ཁྱིམ་དར་དུར་ས་སོགས་ཀྱི་གདབ་དམིགས་འཚོལ་བར། ས་མིག་དེའི་གཡས་གཡོན་མདུན་རྒྱབ་དང་། ལེན་དང་རྩེ་འཛིན།མི་རྣམས་ཀྱི་འབྱུང་ཁུངས་བདེ་ཞིང་། ཡིད་ཚིམ་པ། མི་ཕྱུགས་གཉིས་ལ་འཚོ་བའི་མཐུན་རྐྱེན་འབྱོར་བའི་རི་ཆུ་མཛེས་པ།དགེ་མཚན་ལྡན་པ་ཞིག་དགོས། ས་དཔྱད་ངན་པ་བྱུང་ན། གང་ལ་གང་འཚམ་གྱི་ཐབས་སྣ་ཚོགས་བྱས་ནས། མི་རྣམས་ཀྱི་རྣམ་རྟོག་སེལ་ཞིང་། སེམས་བདེ་བར་བྱེད་པ་བཅས་ཀྱི་ཕན་ཐོགས་ཆེའོ། །
     འདིར་དེ་ལུགས་ཀྱི་བརྡ་ཆད་འགའ་ཞིག་དཔེར་བཀོད་ན། ས་སྲུང་བཞི་ཞེས་པ་ནི།ཤར་གྱི་ལམ་ནི་སྟག་སྐྱ་བོ། །མི་ཚེ་བརྟན་པའི་དཔལ་ཁ་ཡིན། །ལྷོ་ཡི་ཆུ་ནི་འབྲུག་སྔོན་མོ། །ནོར་གཡང་ཆགས་པའི་དཔལ་ཁ་ཡིན། །ནུབ་ཀྱི་བྲག་དམར་བྱ་དམར་བོ། །རིགས་རྒྱུད་བཟང་བོའི་དཔལ་ཁ་ཡིན། །བྱང་གི་རྫ་བྲག་རུས་སྦལ་ཏེ། །དཔའ་བོ་སྐྱེ་བའི་དཔལ་ཁ་ཡིན། །སྐྱོན་མེད་སྲུང་བཞི་ཚང་བ་ཆོག །མཐའ་རྟེན་མི་ཡི་ཡ་རབས་འབྱུང་། ། ས་སྲུང་བཞིར་གནོད་ཅེས་བྱ་བ། །ཤར་ལམ་གད་པས་ཆོད་ན་ས་མདའ་ཕོག ལྷོ་འབྲུག་ཆུ་ཆད་བྱུང་ན་དོང་དུ་ལྷུང་། །ནུབ་བྱ་ལམ་སྐེད་བརྡིབས་ན་རྙི་ཡིས་ཟིན། །བྱང་སྦལ་བུག་རལ་བྱུང་ན་སྒང་དུ་ལོག །སྐྱོན་བཞི་སྨིན་ན་མི་ངན་སྐྱེ། །ཡུལ་འཁོར་འཁྱམ་པོ་སྤྲང་པོ་མང་། །གཡུ་འབྲུག་དགུང་ལ་མཆོང་འདྲ་ཞེས་པ་ནི། །རྩེ་འཛིན་བདུན་གྱི་ཡ་གྱལ་ཏེ། །རི་རྒྱུད་ལ་ཤུག་པ་སྐྱེས་པ། །གྲགས་པ་རྒྱས་པར་བཤད། །
     ཟུར་སྒྲོན་ཞེས་པ་ནི། ནང་སྒྲོན(སྒྲོན་ནི་ལྟས་ངན་པ་སྟེ་ས་དགྲའོ)དུ་མ་ལས། ཟུར་སྒྲོན་ཁྱིམ་མཚེས་རྩིག་ཟུར་ཟུག །དེ་ལ་རིན་ཆེན་འབར་བ་བྲི། །དོན་ནི་ཁྱིམ་མཚེས་ཀྱི་རྩིག་པའི་ཟུར་ཁ་ཁེལ་ན་སྒྲོན་ཡིན། དེ་ལ་འདྲ་མའི་ཤེལ་སྒོ་ནང་ཁ་གཏན་ནས་རིན་ཆེན་འབར་བ་བྲིས་ནས་སྦྱར་ན་གནོད་པ་ཞི་འགྲོ་ཟེར།
     བྱས་པའི་ས་དགྲ་ཞེས་པ་ནི། ས་དགྲ་གསུམ་གྱི་གཅིག་སྟེ། མདུན་གྱི་ཆུ་བོར་ཟམ་པ་འཕངས་པ་དང་། ཤར་དུ་མཆོད་རྟེན་བཞེངས་པ་དང་། གཡས་གཡོན་ལྟག་ཁར་ཤིང་གཅིག་རེ་བཙུགས་པ་དང་། གཉའ་ལྟག་ཏུ་ས་ཁུང་གད་ཕུད་བཏོད་པ་ལྟ་བུ་སོགས་ཀྱིས་ཁྱིམ་ལ་བཀྲ་མི་ཤིས་པས། དེ་ལུགས་འཛེམ་རྒྱུ་གལ་ཆེའོ། །
     ལྔ་བ། རྒྱ་བོད་ཐ་སྙད་ཤན་སྦྱར་བྱས་ཡོད། རྒྱ་བོད་ཐ་སྙད་ཤན་སྦྱར་དག་པ་གཅེས། །བསྒྱུར་བྱ་སྒྱུར་བྱེད་འདྲ་པར་བླངས་པ་བཞིན། །དོན་གྱི་ངོ་བོ་གཅིག་པར་སྣང་བའི་མཐུས། །རིག་གནས་བརྗེ་རེས་བྱེད་པར་རིན་ཆེན་ཁུག །
     དྲུག་པ། དཔེ་ཆོས་དང་ངག་རྒྱུན་རྒྱུགས་ཆེ་བ་མང་བོ་བཀོད་ཡོད། དཔེ་ཆོས་ངག་རྒྱུན་གསེར་བུམ་ཆུང་ངུ་ལས། བརྡ་དོན་རྒྱས་པའི་བདུད་རྩི་ཕྱུར་བུར་གཏམས། །ངག་གི་རོལ་མོ་འཁྲོལ་ན་རྣ་བའི་བཅུད། །དོན་གྱི་གནས་ལུགས་བརྗོད་ན་ངག་གི་དཔལ། །ཁ་ལ་བྱང་ན་ཚིག་གི་གསོལ་འདེབས་ཡིན། །རྒྱུད་ལ་འཇགས་ན་བློ་ཡི་སྒྲོན་མེ་ཡིན། །
     བདུན་པ། མིང་གཅིག་དོན་དུ་མར་འཇུག་པ་སོ་སོར་ཕྱེ་ནས་བསྟན་ཡོད། དཔེར་ན། སྲིད་པ་ནི། རུང་བ་སྟེ། ཡོན་ཏན་སློབ་པའི་དུས་ན་སྡུག བདེ་བར་སྡོད་ལ་མཁས་མི་སྲིད། ། ཅེས་པ་ལྟ་བུ།
     སྲིད་པ་ནི། མི་ཡི་ཐོག་མ་སྲིད་པ་ཡིན། ཕྱུགས་ཀྱི་གཞི་མ་རི་དྭགས་ཡིན། ཡོ་བྱད་གཙོ་བོ་ཅོག་པོ(རྡོ་ཆས)ཡིན། ཞེས་པས་གསལ།
     སྲིད་པ་ནི། འཇིག་རྟེན་ཏེ། རིགས་དྲུག་འཁོར་བར་སྲིད་པ་ཟེར།
     སྲིད་པ་ནི། ཆགས་སྤྱོད་དེ། ཁྲི་ཐོག་རྗེ་བཙུན་དང་། གཉན་མོ་གུང་སྨན་སྲིད་པའི་སྲས་ནི་ལྷ་ཐོ་ཐོ་རི་གཉན་ཤེལ་ཞེས་པ་ལྟ་བུ།
     སྲིད་པ་ནི།(མངོན)བཅུ་བཞི་སྟེ། འདོད་གཟུགས་ཀྱིས་ཕྱེ་བའི་ལྷ་བརྒྱད་དང་། སྐྱེ་གནས་ཀྱིས་ཕྱེ་བའི་དུད་འགྲོ་བཞི་དང་། མི་དང་། དམྱལ་བ་བཅས་བཅུ་བཞིའོ། །
     འདི་ལྟར་མི་དོན་མི་གཅིག་པ་དང་། སོ་སོར་ཕྱེ་ནས་བཀྲལ་ན། ཁ་གསལ་ཞིང་ངེས་ཤེས་འདྲོངས་པའོ། །

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...