སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ལོ་ཆེན་རིན་ཆེན་བཟང་པོས་མདོ་སྔགས་ཆོས་གཞུང་བསྒྱུར་བའི་སྐོར་རགས་ཙམ་གླེང་བ།
རྩོམ་པ་པོ། སྤེན་འཛོམས། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-3-21 9:54:00 རྩོམ་ཁུངས། བོད་ལྗོངས་ཞིབ་འཇུག ཀློག་གྲངས།
     ནང་དོན་གནད་བསྡུས། རྩོམ་ཡིག་འདིའི་ནང་བོད་ཁ་བ་ཅན་གྱི་ལོ་རྒྱུས་ཐོག་གྲགས་པ་ཆེས་ཆེར་ཁྱབ་པའི་ལོ་ཙཱ་བ་རིན་ཆེན་བཟང་པོའི་འཁྲུངས་རབས་ཀྱི་ལོ་རྒྱུས་མདོར་བསྡུས་གླེང་བ་དང་འབྲེལ་ཁོང་གིས་དཀའ་བ་དུ་མ་བསད་ཀྱིས་ཁ་ཆེའི་ཡུལ་དང་རྒྱ་གར་ཡུལ་ལ་བྱོན་ཏེ་མཁས་དབང་པཎྜི་ཏ་མང་པོ་བརྟེན་ནས་ཆོས་གཞུང་མང་དག་སྦྱང་ཞིང་བོད་དུ་ལོག་ཕེབས་རྗེས་སྔགས་ཀྱི་ཆོས་གཞུང་དུ་མ་བོད་སྐད་དུ་བསྒྱུར་བས་བསྟན་པ་སྔ་དར་ལས་ཕྱི་དར་ལ་སྔགས་ཀྱི་བསྟན་པ་བོད་དུ་དར་ཁྱབ་ཆེ་བ་བྱུང་བ་དེ་ནི་ཕལ་ཆེར་ལོ་ཙཱ་ཁོང་གི་བཀའ་དྲིན་ཡིན་ཚུལ་སོགས་བརྗོད་ཡོད།
     བརྡ་ཆད་གཙོ་བོ། ལོ་ཙཱ་བ་རིན་ཆེན་བཟང་པོ། མདོ་སྔགས་ཆོས་གཞུང་། བསྟན་པ་ཕྱི་དར། བོད་ཡིག་ཏུ་བསྒྱུར་བ། 
     ཀྲུང་གོའི་དཔེ་དེབ་དབྱེ་རྟགས། K81
     ཡིག་ཚང་མཚོན་བྱང་། E
     རྩོམ་གྱི་གོ་རིམ་ཨང་སྒྲིག 1002-946X(2009)03- 107 -04
     དང་པོ། རིན་ཆེན་བཟང་པོའི་འཁྲུངས་རབས་ལོ་རྒྱུས་མདོར་བསྡུས།
     ལོ་ཙཱ་བ་རིན་ཆེན་བཟང་པོ་ནི་བོད་རབ་བྱུང་མ་ཚུགས་གོང་གི་ས་རྟ་ལོའི(སྤྱི་ལོ༩༥༨) དབྱར་ཟླ་ཐ་ཆུང་གི་ཚེས་བཅུ་ལ། རོང་ཆུང་ཁུལ་གྱི་གླང་ཆེན་གཙང་པོའི་ལྷོ་ངོགས་ཏེ། རད་ནིས་བྱ་བའི་ཡུལ་དུ་ཡབ་གཞོན་ནུ་དབང་ཕྱུག་དང་ཡུམ་ཅོག་རོ་ཟ་ཀུན་བཟང་ཤེས་རབ་བསྟན་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་མཚན་ལ་གུང་རིན་ཆེན་དབང་ཕྱུག་ཅེས་བརྗོད། དགུང་ལོ་བཅུ་གསུམ་ལ་ཕེབས་དུས་མཁན་པོ་ཡེ་ཤེས་བཟང་པོའི་དྲུང་ལས་རབ་ཏུ་བྱུང་བར་མཛད་དེ་མཚན་ལ་རིན་ཆེན་བཟང་པོར་གྲགས། ཁོང་བློ་རིག་རབ་ཏུ་བཀྲ་བས་མཁན་པོ་ནས་སུམ་བརྒྱ་པ་གསན་པ་ཙམ་གྱིས་འགྲེལ་པ་དང་བཅས་པ་དེ་མ་ཉིད་དུ་ཐུགས་སུ་ཆུད། དེ་བས་ཆོས་མཐར་ཕྱིན་པར་སྦྱང་བསམས་ཀྱང་སློབ་ཁྲིད་དང་ཆོས་གཞུང་གི་ཆ་རྐྱེན་དབེན་གཤིས་རང་ཡུལ་ཁ་བྲལ་ནས་ཆོས་ཀྱི་ཞིང་ཁམས་འཕགས་ཡུལ་ལ་བཅར་འདོད་པའི་མོས་པ་དྲག་པོ་སྐྱེས་པས་དགུང་ལོ་བཅོ་བརྒྱད་པ་ལ་ཕ་ཡུལ་དང་ཡབ་ཡུམ་ཁ་བྲལ་ཏེ་སྒྲོན་བུ་① དྲུག་བརྒྱ་ཙམ་བསྣམས་ནས་ཉུང་ཏི་དང་། ཁུ་ནུ། གར་ཞ་བརྒྱུད་ཁ་ཆེར་བྱོན། དེ་རྗེས་རྒྱ་གར་འཕགས་ཡུལ་དུ་བྱོན་ཏེ་ལོ་མང་བཞུགས་རིང་ཇོ་བོ་ནཱ་རོ་ཏ་པ་སོགས་པཎ་གྲུབ་བདུན་ཅུ་ལྷག་བསྟེན་ནས་མདོ་སྔགས་སྒྲ་ཚད་དང་གསོ་བ་རིག་པ་སོགས་ལ་སྦྱངས་པ་མཐར་ཕྱིན་པ་གནང་ཞིང་། བོད་དུ་ལོག་ཕེབས་རྗེས་གཙུག་ལག་ཁང་དང་མཆོད་རྟེན་ས་མང་དུ་བཞེངས་པ་མ་ཟད། ཤེར་ཕྱིན་ཕྱོགས་དང་། ཡོ་ག འདུས་པ་སོགས་མདོ་སྔགས་ཀྱི་ཆོས་མང་པོ་བསྒྱུར་བ་དང་འགྱུར་བཅོས་མཛད་པས་བོད་དུ་གསང་སྔགས་གསར་མ་འགྱུར་འགོ་ཚུགས། འོ་མ་མ་ཆུང་ལེགས་པའི་ཤེས་རབ་སོགས་གྲགས་ཅན་སློབ་མ་མང་དུ་བསྐྱངས་རྗེས་མཐར་དགུང་ལོ་དགུ་བཅུ་གོ་བརྒྱད་པ་བོད་རབ་བྱུང་དང་པོའི་ཤིང་ལུག་ལོར་(སྤྱི་ལོ་༡༠༥༥)སྐུ་གཤེགས།
     གཉིས་པ། ཁ་ཆེ་དང་རྒྱ་གར་གྱི་པཎ་གྲུབ་ལ་ཆོས་ཞུ་བ་དང་ཆོས་གཞུང་བསྒྱུར་བའི་སྐོར།
     ཁ་ཆེར་སླེབས་པ་དང་པཎྜིཏ་གུ་ཎ་མིཏྲ་བྱ་བ་རིག་པའི་གནས་ལྔ་ལ་ཁྱད་པར་མཁས་པ་གཅིག་ནུ་ཆུང་བརྒྱ་ལ་ཆོས་སྟོན་ཅིང་བཞུགས་པ་དང་མཇལ་ཞིང་། ཟླ་བ་བདུན་དུ་ལོ་ཙཱ་བསླབ་པས་སྒྲ་ཚད་ཀྱི་ཤེས་པ་མང་དག་ཁོང་དུ་ཆུད། ཁ་ཆེ་མཁན་པོ་དྷརྨ་ཤན་ཏེ་ལས་བསྙེན་པར་རྫོགས་པ་དང་རྡོ་རྗེ་དབྱིངས་ཀྱི་ཆོ་ག་དཀྱིལ་འཁོར་ས་དང་བཅས་པའི་ཆོས་མང་དག་གསན་ཅིང་བོད་ཡིག་ཏུ་བསྒྱུར། དེ་རྗེས་གྲོང་ཁྱེར་ཏ་མ་ལ་སན་ཏེ་རར་པཎྜིཏ་ཆེན་པོ་ཤྲདྷ་ཀ་ར་ཝརྨ་དང་མཇལ་ཞིང་ཆོས་མང་པོ་ཞུས་ལ་ལོ་གཉིས་རིང་རྣལ་འབྱོར་ཡོ་གའི་རྒྱུད་སྒྲུབ་ཐབས་དང་མན་ངག་དུ་མར་གསན་སྦྱོང་གནང་ཞིང་དཔལ་འཁོར་ལོ་སྡོམ་པའི་བཀའ་འགྲེལ་དང་བཅོམ་ལྡན་འདས་མངོན་པར་རྟོགས་པ་ཞེས་བྱ་བའི་རྒྱུད་སྒྲུབ་ཐབས་ལ་སོགས་པ་གསང་སྔགས་ཀྱི་རྒྱུད་སྒྲུབ་ཐབས་མང་པོ་གསན་ནས་བོད་ཡིག་ཏུ་བསྒྱུར་བ་ཡང་མཛད། དེ་ནས་ཁ་ཆེའི་བྱང་ཕྱོགས་སུ་ཡོད་པའི་ཕུ་ལ་ཧ་རིའི་དགོན་པ་དཔལ་མེ་ཏོག་རྒྱས་པ་ཞེས་བྱ་བ་དེར་བྱོན་ཏེ། རྒྱ་ན་ཞེས་པའི་ཡུལ་ལུང་དེར་ཚེ་གཅིག་ལུས་གཅིག་ལ་འཚང་རྒྱ་བའི་ཆོས་ཕྱག་རྒྱ་ཆེན་པོའི་སྐོར་བྱང་ཆུབ་པའི་སློབ་དཔོན་ཆེན་པོ་ནཱ་རོ་ཏ་པ་ག་ལ་བ་དེར་བྱོན་ནས་ཆོས་ཞུས་པས་བྱིན་རླབས་དང་གདམས་པ་ཐོབ་པ་མ་ཟད། ལྷན་གཅིག་སྐྱེས་པ་དང་། ཟབ་མོའི་སྤྲོས་པ་ཐམས་ཅད་དང་བྲལ་བ། དེ་ཁོ་ན་ཉིད་ཀྱི་གདམས་པ་ཁྱད་པར་ཅན་རྣམས་ཀྱི་ངོ་སྤྲོད་དང་བྱིན་རླབས་མང་དུ་གསན། མདོར་ན་སྔ་རྗེས་སུ་ཁ་ཆེའི་ཡུལ་ལ་མི་ལོ་བདུན་ཙམ་རིང་བརྟུན་པ་དལ་འགྲོའི་རྒྱུན་བཞིན་བཏེགས་ནས་སློབ་གཉེར་གསན་སྦྱོང་དང་ཆོས་དཔེའི་ཡིག་སྒྱུར་ལ་བརྩོན་ནོ།
     རྗེས་སུ་ཁོང་རྒྱ་གར་ཤར་ཕྱོགས་སུ་བྱོན་ནས་གྲགས་པ་ཆེས་ཆེར་ཁྱབ་པའི་མཁན་པོ་ཛི་ན་མི་ཏྲ་པ་ན་དང་། ཛྙ་ན། ཤྲི་ལེན་ཏྲ་བྷོ་དྷེ་སོགས་ལ་ཆོས་ཞུས་ཤིང་ཆོས་གཞུང་དུ་མ་ཞིག་ལེགས་སྦྱར་སྐད་ཡིག་ནས་བོད་ཀྱི་སྐད་ཡིག་ཏུ་བསྒྱུར་ཅིང་གཏན་ལ་ཕབ་ཡོད་པ་ནི། མདོ་སྡེ། འདུལ་བ། མངོན་པ། སོ་སོར་ཐར་པ། གསུམ་བརྒྱ་པ། ཡུམ་རྒྱས་པ། ཡུམ་བར་མ། ཉི་ཁྲི་པ། ཁྲི་བརྒྱད་སྟོང་པ། བརྒྱད་སྟོང་པ། གཟུངས་པོད་བཅས་དང་ཐུགས་རྗེ་ཆེན་པོ་ཡི་ཆོས་ཀྱང་མང་དག་བསྒྱུར་ཅིང་གྲགས་པ་ཆེས་ཆེར་ཁྱབ་པས། དེའི་ཚེ་ལོ་ཙཱ་བ་རིན་ཆེན་བཟང་པོའི་ཡིག་སྒྱུར་གྱི་མཚན་ལ་བན་དྷེ་ཡེ་ཤེས་དྷེ་ཞེས་གྲགས་སོ། རྒྱ་གར་དུ་ལོ་གསུམ་བཞུགས་རིང་མཁས་དབང་ཆེན་པོ་དང་པཎྜིཏ་མང་པོ་བསྟེན་ནས་ཆོས་གཞུང་མང་དག་བསྒྱུར་རྗེས་རང་ཡུལ་དུ་ཕྱིར་ཕེབས།
     དེ་ནས་མངའ་རིས་གུ་གེའི་གཞུང་ངམ་གླང་ཆེན་གཙང་པོ་བཞུར་རྒྱུན་གྱི་གུ་གེ་ལྷོ་སྨད་རོང་ཆུང་གི་གཏི་གཡག་དང་རོང་སྟོད། ཕུ་རི། སྲིབ་སྐྱེས། ཀྱུག་པ། གསེར་ཁུང་། རད་ནིས་སོགས་དང་གུ་གེ་བྱང་སྨད་རི་ཏི་སྒང་དང་རི་པ། ཟ་རང་། བྱེ་དཀར། སྟེང་པ་སོགས་ལ་ཕེབས་ནས་ལྷ་ཁང་བཞེངས་ལ་ཆོས་གཞུང་མང་པོ་བོད་ཡིག་ཏུ་བསྒྱུར་གནང་བ་དང་། རྨ་བྱ་ཁ་འབབ་བཞུར་རྒྱུན་གྱི་སྤུ་རེངས་ཀྱི་གཞུང་སྟེ་འཁོར་ཆགས་དང་དཀར་དུང་སོགས་སུ་ཕེབས་ནས་སློབ་མ་མང་པོར་ཆོས་འཆད་པ་དང་སྤུ་རེངས་རྒྱལ་པོ་ལྷ་ལྡེ་བཙན་གྱིས་པཎྚིཏ་པྲད་ཛྙ་ཀ་ར་ཤྲི་མི་པྲ་དང་། པཎྚིཏ་སུ་བྷ་ཤི་ལ་སོགས་པ་མཁས་བཙུན་དུ་མ་གདན་དྲངས་པ་ལས། ཕ་རོལ་དུ་ཕྱིན་པ་རྒྱས་འབྲིང་ལ་སོགས་པ་བསྒྱུར་རོ། མདོར་ན་པཎྜིཏ་བདུན་ཅུ་དོན་ལྔ་བརྟེན་ནས་དམ་ཆོས་མང་དུ་བསྒྱུར་ཅིང་གསན་ནོ།
     ཕྱིས་སུ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་བཀའ་མངགས་ལྟར་རིག་པ་ཅན་གྱི་ཕྲུ་གུ་བཅོ་ལྔ་ཉེ་གནས་སུ་ཁྲིད་དེ་ཡང་བསྐྱར་ཁ་ཆེའི་ཡུལ་དུ་བྱོན་ནས་སློབ་མ་རྣམས་ཀྱི་འགོ་འདྲེན་དང་། ཆོས་ཀྱི་མཇུག་མ་ཞུས་ར་ལོ་དྲུག་ཙམ་འགོར་རྗེས་ཆོས་གཞུང་གི་ཕྱག་དཔེ་དུ་མ་ཞིག་གུ་གེའི་ཡུལ་དུ་གདན་འདྲེན་ཞུས་པ་ནི་ལོ་ཙཱ་བ་རང་གི་འཁྲུངས་ཡུལ་རོང་ཆུང་གི་རད་ནིས་སུ་ལྷ་ཁང་པདྨ་རྨད་བྱུང་གི་གཙུག་ལག་ཁང་བཞེངས་ཤིང་དེའི་རྟེན་ལ་དཔལ་གསང་བ་འདུས་པའི་པོ་ཏི་རྒྱ་གར་གྱི་ཤིང་ཤུན་ལ་བྲིས་པ་རྒྱ་ཡིག་དུ་ཡོད་པ་གཅིག་བཞུགས་ཡོད་པ་དེ་བཞིན་སྡེ་སྣོད་གསུམ་ཀ་ཚང་བ་དང་། ཕ་རོལ་དུ་ཕྱིན་པ་རྒྱས་འབྲིང་ཐམས་ཅད། ཡུམ་སྲས་བཅོ་བརྒྱད་ཆ་ཚང་བ། ཁྲི་བརྒྱད་སྟོང་ཆ་གཉིས། བརྒྱད་སྟོང་པ་ལྔ་བཅས་ཁྱོན་བསྡོམས་པོ་ཏི་བཞི་བརྒྱ་དྲུག་བཅུ་རེ་བརྒྱད་ཡོད་ཅེས་པ་ལྟར་ལགས། ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྒྱབ་སྐྱོར་འོག་རྒྱ་གར་གྱི་པཎྜིཏ་དང་མཉམ་དུ་ཆོས་གཞུང་མང་དག་ཅིག་བོད་ཡིག་ཏུ་བསྒྱུར།             
     གསུམ་པ། ཇོ་བོ་རྗེ་བ་དང་མཉམ་དུ་མདོ་སྔགས་ཀྱི་གཞུང་བསྒྱུར་བའི་སྐོར།
     ལོ་ཙཱ་བ་རིན་ཆེན་བཟང་པོ་ཉིད་དགུང་ལོ་བརྒྱད་ཅུ་རྩ་ལྔ་བཞེས་པའི་ཆུ་རྟ་ལོར་ཕོ་བྲང་བྱང་ཆུབ་འོད་ཀྱིས་གདན་ཞུས་ལྟར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་མཐོ་ལྡིང་དུ་ཕེབས་པ་དང་མཇལ་ཏེ། སྔར་བསྒྱུར་བ་མང་པོ་ལ་ཞུས་དག་མཛད། ཇོ་བོ་ཉིད་ཀྱིས་མཛད་པའི་དམ་ཚིགས་བསྡུས་པ་བསྒྱུར་བས་འགྱུར་བཟང་བ་ཅིག་བྱུང་།②“དེའི་དུས་ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོ་བོད་ན་འགྲན་ཟླ་མེད་པར་གྲགས་པས་པཎྜིཏ་ལ་ཆོས་ཞུ་རྒྱུ་མེད། གསང་སྔགས་ལ་ང་རང་མཁས། འོ་ན་ཡང་སྣེ་ལེན་བྱ་དགོས་སྙམ་ནས་སྤྱན་དྲངས། སྟན་མཉམ་པར་བཤམས། ཇོ་བོས་ཐོ་ལིང་གི་ལྷ་ཁང་ན་རྒྱུད་སྡེ་བཞིའི་ལྷ་ཚོགས་དཔག་མེད་བྲིས་འབུར་དུ་བཞུགས་པ་ལ་བསྟོད་པ་ཚིགས་སུ་བཅད་པ་རེ་མཛད་ཅིང་དབུ་དུད་པ་རེ་མཛད། དེ་ཐམས་ཅད་ལོ་ཙཱ་བ་ཆེན་པོས་ཀྱང་ཐུགས་ལ་ཟིན་ཏེ་གསང་སྔགས་ཀྱི་བདག་པོར་དགོངས་ཏེ་རང་གི་སྟན་ཅུང་ཟད་ཕྲི། ཇོ་བོས་ལོ་ཙཱ་བ་ལ་ཆོས་འདི་དང་འདི་མཁྱེན་ནམ་ཞེས་དྲིས་པ་ཐམས་ཅད་ལ་དེ་ཡང་འཚལ་ལགས་སོ་ཞེས་པ་ཁོ་ན་བྱུང་བས་ཇོ་བོ་མཉེས་ཏེ་ཁྱེད་ལྟ་བུ་བོད་ན་ཡོད་ན་ཁོ་བོ་འོང་མི་དགོས་པར་འདུག་པ་ལ་གསུངས་” ③པས། དེའི་ཐོག་ནས་ལོ་ཙཱ་བའི་སྐུ་ཡོན་རྨད་དུ་བྱུང་ཞིང་རྒྱ་གར་གྱི་པཎྚིཏ་ཇོ་བོ་རྗེ་ཡང་ཤིན་ཏུ་སྨོན་པར་མངོན།
     ལོ་ཙཱ་བ་རིན་ཆེན་བཟང་པོ་དང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་གཉིས་ལོ་གསུམ་ཙམ་མཐོ་ལྡིང་དུ་མཉམ་དུ་བཞུགས་རིང་ཇོ་བོ་རྗེས་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་ཇི་ལྟར་བཞེད་པ་བཞིན་དུ་མཛད་ནས་ལོ་ཙཱ་བ་དང་ཁོང་གཉིས་ཀྱིས་བསྒྱུར་རོ། དེའི་དུས་སུ་ཆོས་གཞུང་གཞན་ཡང་མང་དུ་བསྒྱུར་ཏེ། མྱ་ངན་ལས་འདས་པའི་མདོ་བམ་པོ་བཅུ་གཉིས་དང་། ཁྱིའུ་གསེར་མདོག་གི་རྟོགས་པ་བརྗོད་པའི་མདོ་དང་ཆོས་བཞི་སྒྲུབ་པའི་མདོ་དང་དཔའ་བོ་སྒྲུབ་པའི་རྒྱུད་དང་འཆི་བ་བསླུ་བའི་མན་ངག་དང་། དགེ་སློང་མ་དཔའ་མོའི་མཛད་པའི་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་རྣམས་ལོ་ཙཱ་བས་བསྒྱུར་རོ་④ཞེས་པ་ལྟར་ལགས་སོ།
     བཞི་པ། མཇུག་བསྡོམས་སྙིང་དོན། 
     མདོར་ན་བསྟན་པ་ཕྱི་དར་སྐབས་ལོ་ཙཱ་བ་རིན་ཆེན་བཟང་པོས་མཚན་ཉིད་ཀྱི་ཐེག་པ་དང་། རྒྱུད་སྡེ་བཞི་པོ་བསྒྱུར་ཞིང་གཏན་ལ་ཕབ། འདུལ་བ་སྟོད་ལུགས་དར་བར་མཛད། “སྤྱིར་ལོ་ཆེན་འདི་སྐུ་གཞོན་པ་ནས་ཁ་ཆེར་བྱོན། སྔགས་མཚན་ཉིད་ཀྱི་གཞུང་ལུགས་མང་པོ་ལ་སྦྱངས། མཁྱེན་པ་ཤིན་ཏུ་ཆེ་བས་མདོ་སྔགས་ཀྱི་ཆོས་མང་པོ་བསྒྱུར། ཕ་རོལ་ཏུ་ཕྱིན་པ་དང་རྒྱུད་ཀྱི་ཕྱོགས་གཉིས་ཀའི་བཤད་པ་རྒྱ་ཆེར་མཛད། དབང་དང་སྒྲུབ་པའི་ལག་ལེན་མང་དུ་བསྟན་ཞིང་། བསྟན་པ་སྔ་དར་ལས་ཕྱི་དར་སྔགས་ཀྱི་བསྟན་པ་བོད་དུ་དར་བ་ཡང་ཕལ་ཆེར་ལོ་ཙཱ་བ་འདི་ཁོ་ནའི་བཀའ་དྲིན་ཡིན་” ⑤ཞེས་པ་ནི་དོན་དངོས་དང་མཚུངས་པ་ཞིག་ཡིན་ལ། ལོ་ཆེན་རིན་ཆེན་བཟང་པོས་སྐུ་ཚེ་ཧྲིལ་པོའི་ནང་དཀའ་བ་ཚད་མེད་སྐྱོན་ནས་མདོ་སྔགས་ཀྱི་ཆོས་གཞུང་མང་པོ་ཞིག་ལེགས་སྦྱར་གྱི་སྐད་ནས་བོད་ཀྱི་སྐད་ཏུ་བསྒྱུར་ཡོད་པ་ནི་མདོ་ལུགས་ཀྱི་མདོ་སྡེ་མངོན་པར་འབྱུང་བ་དང་འཕགས་པ་བདག་མེད་པ་དྲིས་པ་ཞེས་བྱ་བའི་མདོ། འཕགས་པ་མྱ་ངན་ལས་འདས་པའི་མདོ་ཆུང་བ་ཤོ་ལོ་ཀ་དྲུག་ཅུའི་ཚད་ཙམ་པ་བཅས་དང་། སྔགས་ལུགས་ཀྱི་རྩ་རྒྱུད་མངོན་བརྗོད་ལེའུ་འབུམ་ཕྲག་གསུམ་ལས་བསྡུས་པའི་ལེའུ་འབུམ་པ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ལེའུ་བཞི་པ། བཤད་རྒྱུད་ཐུན་མོང་མ་ཡིན་པ་ངེས་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ལེའུ་དྲུག་ཅུ་རྩ་དགུ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་ཆེན་གསང་བ་འདུས་པ་ཞེས་བྱ་བའི་བརྟག་པའི་རྒྱལ་པོ་ལ་ལེའུ་བཅུ་བདུན་དང་། དེའི་རྒྱུད་ཕྱི་མ་ལེའུ་གཅིག་པ་སོགས་དང་།  བསྟན་འགྱུར་ལས་ཁྱད་པར་འཕགས་པའི་བསྟོད་པ་ལྷ་ལས་ཕུལ་དུ་བྱུང་བར་བསྟོད་པའི་རྒྱ་ཆེར་བཤད་པ། སྐུ་གསུམ་ལ་བསྟོད་པ་ཞེས་བྱ་བའི་རྣམ་པར་འགྲེལ་པ། སངས་རྒྱས་བཅོམ་ལྡན་འདས་ལ་བསྔགས་པར་འོས་པ་བསྔགས་པ་ཞེས་བྱ་བ་ལེའུ་བཅུ་གསུམ། སངས་རྒྱས་མྱ་ངན་ལས་འདས་པ་ལ་བསྟོད་པ། བཤགས་པའི་བསྟོད་པ་སོགས་དུ་མ་ཡོད་པས་ལོ་ཙཱ་བ་རིན་ཆེན་བཟང་པོ་འདི་ཉིད་སངས་རྒྱས་ཆོས་ལུགས་དང་བོད་ཁ་བ་ཅན་གྱི་རིག་གནས་གང་ལ་འཆད་རྩོད་རྩོམ་བསྒྱུར་ཐོགས་པ་མེད་པར་གྱུར་བ་སྤྱི་དང་ཡང་སྒོས་མདོ་སྡེིའི་སྐོར་གཞུང་གྲངས་བཅུ་བདུན་དང་མངོན་པའི་གཞུང་སོ་གསུམ། རྒྱུད་ཀྱི་ལེ་ཚན་བརྒྱ་རྩ་བརྒྱད་སོགས་རྒྱ་གར་ཆོས་གཞུང་དག་བོད་དུ་བསྒྱུར་བ་དང་འགྱུར་བཅོས་མཛད་ཤིན་ཏུ་མང་ཞིང་། ལྷག་དོན་དུ་གསང་སྔགས་མཆོག་ཏུ་མཁས་ཤིང་འགྲན་ཟླ་བྲལ་བས་བསྟན་པ་ཕྱི་དར་སྐབས་ཀྱི་ལོ་ཙཱ་བ་ཐམས་ཅད་ཀྱི་རྩེར་སོན་པ་ཞིག་ལགས་སོ།
     གོང་དུ་བརྗོད་པ་ལྟར་བསྟན་པ་ཕྱི་དར་སྐབས་ལོ་ཙཱ་བ་རིན་ཆེན་བཟང་པོས་ཚེ་གང་རིང་པཎྜིཏ་མཁས་པ་མང་པོ་བསྟེན་ནས་སྒྲ་རིག་པ་དང་ཚད་མ། གསོ་བ་རིག་པ། མདོ་དང་སྔགས་སོགས་ལ་སྦྱངས་པ་མཐར་ཕྱིན་པ་མཛད་དེ་གསང་སྔགས་ཀྱི་གཞུང་བཀའ་འགྱུར་དང་བསྟན་འགྱུར་བོད་ཡིག་ཏུ་བསྒྱུར་བས་ལོ་རྒྱུས་ཐོག་ཏུ་ལོ་ཙཱ་བ་དེའི་སྔོན་དུ་བསྒྱུར་བའི་གསང་སྔགས་ལ་གསང་སྔགས་རྙིང་མ་དང་རྗེས་སུ་བསྒྱུར་བ་དག་ལ་གསང་སྔགས་གསར་མ་ཞེས་འབོད། ལོ་ཙཱ་བ་དེའི་བཀའ་དྲིན་ལས་དབུས་གཙང་དུ་བསྟན་པ་ཕྱི་དར་དབུ་མ་ཚུགས་གོང་ནས་མངའ་རིས་སུ་བསྟན་པ་སླར་དར་བྱུང་ཟིན་པ་དང་། ཁོང་གི་སློབ་མ་གྲགས་ཆེ་བ་ནི་གུར་ཤིང་བརྩོན་འགྲུས་རྒྱལ་མཚན་དང་རྨ་ལོ་ཙཱ་བ་དགེ་བའི་བློ་གྲོས་སོགས་ཞུས་ཆེན་འཕེར་བའི་ལོ་ཙཱ་བ་⑥ཡང་བཅུ་ལྷག་ཙམ་ཡོད། ད་དུང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་བསྒྱུར་བའི་བསྟན་བཅོས་ཚང་མར་ཞུས་དག་མཛད་ཅིང་། གསོ་བ་རིག་པའི་གཞུང་གི་སྐོར་ལ་རྒྱ་གར་གྱི་སློབ་དཔོན་དཔའ་བོས་མཛད་པའི་《སྨན་དཔྱད་ཡན་ལག་བརྒྱད་པ་》དང་དེའི་འགྲེལ་པ་ཁ་ཆེ་པཎ་ཆེན་ཟླ་བ་མངོན་དགའ་ཡིས་མཛད་པའི་ཟླ་ཟེར་སོགས་ལེགས་པར་བསྒྱུར་ཅིང་གཏན་ལ་ཕབ་པས་བོད་དུ་དར་རྒྱས་ཧ་ཅང་ཆེན་པོ་བྱུང་བ་མ་ཟད། དཔལ་ཕག་མོ་གྲུ་པའི་སྐབས་སུ་མེས་རྒྱལ་ནང་སར་དར་ཏེ་རྒྱ་ཡིག་གི་དཔར་དུ་བརྐོས་ཡོད། སློབ་མ་སྨན་པ་མཁས་པ་མི་དགུ་སོགས་བྱུང་སྟེ། བསྟན་པ་ཕྱི་དར་གྱི་སྐབས་སུ་བོད་ཀྱི་གསོ་བ་རིག་པའི་ཐོག་སླར་ཡང་གོང་འཕེལ་གསར་པ་ཞིག་གི་དུས་སུ་སླེབས། ཁོང་གིས་རྒྱ་གར་སྨན་གཞུང་མང་པོ་བོད་སྐད་དུ་བསྒྱུར་གནང་མཛད་པ་དེ་དག་བོད་ཀྱི་གསོ་རིག་མཁས་ཅན་ཀུན་གྱིས་ཚད་མར་འཛིན་པ་ཞིག་ཡིན་ནོ།  །
     མཆན་འགྲེལ།
     ①སྒྲོན་བུ་ནི་སྐབས་དེ་དུས་གུ་གེ་དང་ཕྱི་མཐའི་ཚོ་པ་དང་རྒྱལ་ཕྲན་ཁག་དབར་ཚོང་འབྲེལ་བྱེད་དུས་བེད་སྤྱོད་གཏོང་བའི་དངུལ་གྱི་ཚབ་ཅིག་ཡིན། སྒྲོན་བུ་སྤྲོད་རྒྱུ་ཡོད་ན་ལྕ་དངོས་ཅི་དང་གང་ཡང་རང་འདོད་ལྟར་ཉོ་སྒྲུབ་བྱེད་ཐུབ་ཀྱི་ཡོད། 
     ②《བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ》 ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་བརྩམས། སྤྱི་ལོ་༢༠༠༣ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཤོག་གྲངས་༡༣༡ལ་གསལ། 
     ③《ཆོས་འབྱུང་མཁས་པའི་དགའ་སྟོན》དཔའ་བོ་གཙུག་ལག་ཕྲེང་བས་བརྩམས། སྤྱི་ལོ་༡༩༨༥ ལོར་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཤོག་གྲངས་༦༧༧ལ་གསལ། 
     ④《ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་བཀའ་གདམས་ཕ་ཆོས་ཞེས་བྱ་བ་བཞུགས་སོ》 འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་སོགས་ཀྱིས་བརྩམས། སྤྱི་ལོ་༡༩༩༤ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཤོག་གྲངས་༡༤༤ལ་གསལ།
     ⑤《དེབ་ཐེར་སྔོན་པོ་》 འགོས་ལོ་གཞོན་ནུ་དཔལ་གྱིས་བརྩམས། སྤྱི་ལོ་༡༩༨༤ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཤོག་གྲངས་༩༥ལ་གསལ། 
     ⑥ཞུས་ཆེན་ལོ་ཙཱ་བ། དེ་ནི་སྐད་རིགས་གཉིས་བྱང་ཆུབ་ཅིང་ལོ་ཙཱ་བ་གཞན་དག་གིས་ཡིག་སྒྱུར་བྱས་ཟིན་པའི་མ་ཡིག་ལ་ཚིག་དང་དོན་གཉིས་ཀའི་ཐད་ནས་ཞུས་དག་མཐའ་མ་དེ་བཏང་ནས་དངོས་སུ་ཀློག་པ་པོར་འགྲེམས་སྤེལ་བྱེད་ཆོག་པའི་གཏན་འབེབས་མཛད་མཁན་ལ་བརྗོད། 
     ཟུར་བལྟའི་དཔྱད་གཞིའི་ཡིག་རིགས། 
     ༡ 《བླ་མ་ལོ་ཙཱ་བ་ཆེན་པོའི་རྣམ་པར་ཐར་པ་ཤེལ་གྱི་འཕྲེང་བ་ཞེས་བྱ་བ་བཞུགས་སོ》 གུ་གེ་ཁྱི་ཐང་པ་དཔལ་ཡེ་ཤེས་ཀྱིས་བརྩམས། མཐོ་ལྡིང་དུ་བྲིས་པའི་རྣམ་ཐར་འབྲིང་པོ།
     ༢《ལོ་ཆེན་སྐུ་འཕྲེང་བཅོ་བརྒྱད་པ་རྗེ་བཙུན་བློ་བཟང་ཐུབ་བསྟན་རིན་ཆེན་བཟང་པོའི་རྣམ་ཐར་བཞུགས་སོ》 
     ༣《འཇིག་རྟེན་མིག་གྱུར་ལོ་ཆེན་རིན་ཆེན་བཟང་པོའི་རྣམ་ཐར་བསྡུས་པ་བཞུགས་སོ》
     ༤《བྱང་ཆུབ་སེམས་དཔའ་ལོ་ཙཱ་བ་རིན་ཆེན་བཟང་པོའི་འཁྲུངས་རབས་དཀའ་སྤྱད་སྒྲོན་མ་རྣམ་ཐར་ཤེལ་ཕྲེང་ལུ་གུ་རྒྱུད》 གུ་གེ་ཁྱི་ཐང་པ་ཛྙ་ན་ཤྲཱིས་མཛད། ) མཐོ་ལྡིང་དཔལ་དཔེ་མེད་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་ནས་ལོ་༡༠༠༠འཁོར་བའི་རྗེས་དྲན་མཛད་སྒོའི་འགོ་སྒྲིག་ཚོགས་ཆུང་གིས་པར་སྐྲུན་ཞུས།
     ༥ 《བོད་གངས་ཅན་པ་རྣམས་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་བླ་མ་ཆེན་པོ་ལོ་ཙཱ་བ་རིན་ཆེན་བཟང་པོའི་རྣམ་ཐར་ཡོན་ཏན་གྱི་བང་མཛོད་》 ཤཱཀྱའི་དགེ་སློང་ཆེན་པོ་གྲགས་པ་རྒྱལ་མཚན་གྱིས་བརྩམས།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...