སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
༄༅།། ལྷ་སའི་གྲིབ་རྫོང་བཙན་གྱི་སྐོར་རགས་ཙམ་གླེང་བ།
རྩོམ་པ་པོ། གུ་གེ་ཚེ་རིང་རྒྱལ་པོ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-4-9 14:37:00 རྩོམ་ཁུངས། ཀྲུང་གོའི་བོད་རིག་པ། ཀློག་གྲངས།
༄༅།། ལྷ་སའི་གྲིབ་རྫོང་བཙན་གྱི་སྐོར་རགས་ཙམ་གླེང་བ།
གུ་གེ་ཚེ་རིང་རྒྱལ་པོ།
     གྲིབ་རྫོང་བཙན་གྱི་སྐུ་གསོབ་ནི་ལྷ་ས་སྐྱིད་ཆུའི་ལྷོ་ཕྱོགས་བུམ་པ་རིའི་ནུབ་ངོས་གྲིབ་ཁུལ་དུ་ལྷ་ཁང་ཆུང་ཙམ་ཞིག་ཡོད་པ་དེའི་ནང་ལ་མཆོད་ནས་ཡོད། དེ་ནི་གྲིབ་ཁུལ་གྱི་ཡུལ་ལྷ་གཙོ་བོ་དེ་ཡིན། དེ་སྔ་ཡུལ་དེར་ཚོ་པ་ཁག་བཞི་ཙམ་ཡོད་ཅིང་ཚོ་པ་དང་པོ་དང་གཉིས་པའི་སྡོད་ཁུལ་གྱི་མིང་ལ་མདའ་ལུགས་དང་གསུམ་པ་ལ་ཞང་ལྷ། བཞི་པ་ལ་ཕུ་པ་བཅས་བརྗོད། ཚོ་པ་དེ་ཚོའི་གནས་ཡུལ་ས་མིང་དང་གྲིབ་གྱི་ཐ་སྙད་སོགས་ལྷ་ལུང་དཔལ་རྡོར་གྱི་ལོ་རྒྱུས་དང་འབྲེལ་བ་དམ་པོ་ཡོད།(1) ཚོ་པ་བཞི་པོ་དེའི་ཁོངས་ལ་ཁྲལ་རྒྱུག་མཁན་ཐེམ་གྲངས་ཆེ་བ་དྲུག་བཅུ་རེ་གཅིག་ཡོད། ཁོང་ཚོས་ཁྲལ་ཁུངས་གཉིས་ལ་ཁྲལ་རྒྱུག་དགོས་པ་ནི། ཕྱི་ཁྲལ་སྡེ་པ་གཞུང་དང་ནང་ཁྲལ་བླ་བྲང་གཞིས་ཀའམ་ཚེ་མཆོག་གླིང་གི་ཆོས་གཞིས་ཡིན།
     སྤྱིར་ན་ཚོ་ཁག་སོ་སོར་སྤྱི་ཆེན་ཞེས་དབུ་འཛིན་མི་རེ་ཡོད། ཁོང་ཚོ་ནི་གྲོང་ཚོ་སོ་སོའི་མི་འབངས་ཚང་མས་འཇོན་ཐང་ཆེ་མིན་དང་དབང་གྲགས་རྒྱུ་སྟོབས་བཅས་གཞིར་ཟུང་གིས་འདེམས་བསྐོ་བྱེད་ཀྱི་ཡོད།དེས་ན་སྤྱི་ཆེན་ནི་ཡུལ་དེའི་ཁྲལ་གྱི་འགྲོ་ལུགས་འགྲོ་སྟངས་ཆ་ཚང་ཞིང་གསལ་པོ་ཤེས་ལ་ཡི་གེའང་ཕྲན་ཙམ་ཤེས་པ། རྫུན་དང་ཁྲམ་པ་མི་བྱེད་མཁན་ཚང་མས་འཇོག་ས་དྲང་པོ་ཞིག་ཡིན་དགོས། མི་འབངས་ཀྱིས་འདེམས་ཟིན་རྗེས་སུ་ཚོ་བཞིའི་དབུ་འཛིན་ཏེ་རྒན་པོས་ཐུགས་ཐག་བཅད་ནས་དངོས་སུ་གོ་གནས་གཏན་འཁེལ་བྱེད་ཅིང་ལོ་གསུམ་ལས་བྱེད་དབང་མེད། སྤྱི་ཆེན་བཞིའི་དབུ་འཛིན་རྒན་པོ་ནི་ཚེ་མཆོག་གླིང་བླ་བྲང་གིས་འདེམས་བསྐོ་བྱེད་ཀྱི་ཡོད། དེའི་གོ་གནས་ལ་ལོ་དུས་ཀྱི་ཚད་འཛིན་མེད། མཚམས་རེ་ལོ་བཅུ་ཙམ་དང་མཚམས་རེ་ཚེ་གང་རིང་བྱེད་མཁན་ཀྱང་ཡོད། ཡང་ཁོའི་ནང་ལ་བུ་འཇོན་ཐང་ཆེན་པོ་ཡོད་ཚེ་ཕ་ཤུལ་བུས་འཛིན་བྱས་ནས། འབངས་མི་སྐྱོང་གི་ཡོད་ཀྱང་མང་ཆེ་བ་ནི་གསར་པ་ཞིག་འདེམས་བསྐོ་བྱེད་སྲོལ་ཡོད།
     གྲིབ་ལ་མགར་ཚང་ཤར་པ་དང་ནུབ་མ་ཞེས། སྔར་བཙན་པོ་སྲོང་བཙན་སྒམ་པོའི་སྐབས་བློན་པོ་མགར་བ་གྲིབ་ལ་རྒྱང་འབུད་བཏང་བས།(2)ཁོང་གི་ཕོ་བྲང་ཡིན་ཞེས་མཁར་ཤུལ་གྱི་གྱང་གོག་གཉིས་ཙམ་ཡོད། དེ་ཡང་ཤར་མ་དེ་དགུན་ཁ་བཞུགས་ཡུལ་དང་ནུབ་མ་དེ་དབྱར་ཁ་བཞུགས་ཡུལ་ཡིན། ད་ལྟ་མགར་ཚང་ཤར་པ་དེ་གྱང་གོག་ཞིག་ལས་ལྷག་མི་འདུག གྲིབ་པ་རྒན་རབས་ཚོས་བརྗོད་སྲོལ་ལ་སྔར་གྱང་གོག་དེར་ཐོག་བརྩེགས་གསུམ་ཙམ་ཡོད་སྐད། མགར་ཚང་ནུབ་མ་དེ་ད་ལྟ་ཤུལ་ཙམ་ཡང་བསྡད་མི་འདུག་ལ་དེའི་ཆགས་ཤུལ་ལ་མི་ཚང་གཅིག་གིས་ཁང་པ་གསར་པ་ཞིག་བརྒྱབ་འདུག མདོར་ན་མགར་ཚང་ཤར་པ་དང་མགར་ཚང་ནུབ་མ་གཉིས་ནི་གྲིབ་ཀྱི་ལོ་རྒྱུས་ཐོག་གནའ་རྙིང་སྔ་ཤོས་ཤིག་ཡིན་པར་མངོན།
     དེ་ཡང་གྲིབ་རྫོང་བཙན་གྱི་ལོ་རྒྱུས་སྐོར་ལ་ངག་རྒྱུན་འདི་འདྲ་ཞིག་མཆིས་ཏེ། སྔོན་གྱི་དུས་སུ་མེས་རྒྱལ་ནང་སའི་རྒྱ་རིགས་ཧན་གུར་གྱི་རྒྱལ་པོ་ཤན་ངྷི་ཞེས་བྱ་བ་ཞིག་གི་བློན་པོ་ཡུའུ་ཡི་རིགས་ཅན་དཔའ་མཛངས་བརྟུལ་ཕོད་པ་ཞིག་བྱུང་། ཁོང་མཐུ་སྟོབས་ཤིན་ཏུ་ཆེ་བས་དམག་དཔོན་ཆེན་པོ་མཛད་དེ་ཡུལ་གྲུ་ཐ་དད་པའི་དགྲ་མ་རུང་པ་རྣམས་ཚར་བཅད་ནས། རྒྱ་ཡུལ་གྱི་རྒྱལ་པོ་དང་རྒྱལ་ཕྲན་གྲངས་ལས་འདས་པ་ཞིག་མངའ་འོག་ཏུ་བཙུད། དཔའ་རྩལ་གྱི་སྙེམས་པས་དྲེགས་པ་རྣམས་ཀྱང་འདིའི་གམ་དུ་སླེབས་པ་ན། ཁྱུང་ཆེན་དང་བྱིའུའི་རྩལ་ལྟ་བུར་གྱུར་པས་ཕྱོགས་ཀུན་ཏུ་འདིའི་མིང་ཐོས་པ་ཙམ་གྱིས་མི་འདུད་པ་གཅིག་ཀྱང་མེད།(3)
     ཡང་ཁོང་སྐུ་ཚེའི་མཐར་སླེབས་དུས་གཞན་དང་གཡུལ་སྤྲད་པ་ཞིག་གི་སྐབས་སུ། ཁྲོ་བཞིན་དུ་འདས་པའི་འོག་རོལ་ཏུ་ཟི་ཁྲོན་གྱི་སའི་ཆར་ཡུའུ་ཆན་ཞན་ཞེས་བྱ་བ་རྗེས་སུ་ཞང་མིང་དུ་གྲགས་པའི་རི་ཆེན་པོ་ཞིག་ཡོད་པ་དེར་ཀླུའི་རིགས་ཀྱི་མི་མ་ཡིན་མཐུ་བོ་ཆེ་ཞིག་ཏུ་གྱུར་བ་ཤིན་ཏུ་རྩུབ་དྲག་པས་རི་དེ་མཐོང་སར་གཞན་གྱིས་བགྲོད་པ་ཙམ་ཡང་དཀའ་བ་ཞིག་བྱུང་།(4) དེ་ནས་ལོ་བཞི་བརྒྱ་ཙམ་འདས་རྗེས་སངས་རྒྱས་ཆོས་ལུགས་དབུ་མའི་ལྟ་བའི་བརྒྱུད་འཛིན་སློབ་དཔོན་ཆེན་པོ་ཊི་ཅི་ཏཱ་ཤི་ཞེས་བྱ་བ་གནས་དེར་སྒྲུབ་པ་སྐྱོན་ཅིང་ཆོས་འཆད་པའི་སྐབས་ཤིག་ན། ཡུལ་མི་རྣམས་ཀྱིས་ཤིན་ཏུ་གཉན་པའི་རྒྱུ་མཚན་སྨྲས་ཀྱང་མ་ལྡོག་པར་རི་དེ་ལ་བསྒོམ་པས། མི་མ་ཡིན་གྱི་ཆོ་འཕྲུལ་གྱི་སྦྲུལ་ཆེན་པོ་རི་དེར་ལན་གསུམ་བཀྲིས་པ་ཞིག་གིས་གཟུགས་བསྟན་ཅིང་། ལྷ་ཀླུའི་དམག་དཔུང་བྱེ་བ་མང་པོ་དྲངས་ཏེ་རི་ཆེན་པོར་བརྡེགས་པ།
     ཉི་ཟླ་ཆ་ལང་བདེབ་པ། མཚོན་ཆའི་ཆར་འབེབས་པ། ཐོག་གི་བུ་ཡུག་འཚུབས་པ། མི་སྡུག་པའི་གཟུགས་སྣ་ཚོགས་སྟོན་པ་སོགས་ཅི་བྱས་ཀྱང་ཏེང་ངེ་འཛིན་ལས་གཡོ་བར་བྱེད་མ་ནུས་པས། སྐབས་ཞིག་ན་གོ་ཆ་དང་རྒྱན་གྱིས་སྤྲས་པའི་དམག་དཔོན་ཆེན་པོ་སྡེ་བརྒྱད་ཀྱི་དམག་དཔུང་དང་བཅས་པ་མངོན་སུམ་དུ་བྱུང་ནས་སློབ་དཔོན་ལ་ཕྱག་བཙལ་ཞིང་མཐོ་འཚམ་པ་ལ་བཟོད་གསོལ་ཞུས་ཤིང་། བདག་སྔར་གྱི་དམག་དཔོན་ཆེན་པོ་ཡིན་པ་ཞེ་སྡང་གི་དབང་གིས་འདས་པས་སྦྲུལ་གྱི་རྣམ་པ་ཅན་འདི་ལྟ་བུར་གྱུར། ལས་དྲང་པོ་བགྱིས་པས་མཐུ་སྟོབས་རྫུ་འཕྲུལ་ཆེ་བ་འདི་བྱུང་།(5)སློབ་དཔོན་གྱིས་ལས་འབྲས་ཀྱི་ཆོས་མང་དུ་གསུངས། ད་ནི་བདག་སངས་རྒྱས་ཀྱི་བསྟན་པའི་སྲུང་མ་བགྱིད། སངས་རྒྱས་ཀྱི་སྐུ་བརྙན་གང་དུ་གནས་པ་དེར་སྒོ་ཁང་ངམ་གཡས་གཡོན་གྱི་ཁང་པ་གང་རིགས་ཤིག་ཏུ་བདག་གི་གཟུགས་བརྙན་ཀྱང་བཞེངས་ན་དགེ་འདུན་གྱི་སྡེ་དང་ཆོས་འཁོར་སྐྱོང་བར་བགྱིའོ་ཞེས་དམ་བཅས་ཏེ། དེ་ནས་བཟུང་སྟེ་སངས་རྒྱས་ཀྱི་བསྟན་པའི་སྲུང་མར་གྱུར། དེ་ལྟ་བུའི་རྒྱལ་པོ་ཆེན་པོ་འདི་ཉིད་བེག་ཙེ་ལྕམ་སྲིང་དང་ཐུགས་རྒྱུད་གཅིག་པ་ཡིན།(6)ཡང་རྒྱ་བཟའ་བོད་དུ་བྱོན་དུས་སྲུང་མ་འདི་ཉིད་ལྷ་སའི་ཇོ་བོ་དང་རྒྱ་བཟའི་རྗེས་སུ་འབྲངས་ནས་བོད་དུ་བྱོན་པས་ལྷ་སའི་གྲིབ་ཀྱི་རྫོང་རི། ཡར་ལུང་ཤེལ་གྱི་བྲག་ཕུག འཕྱེས་ཀྱི་ལྷ་ལུང་བཙན་མཁར། ཀོང་པོ་བུ་ཆུ་ལྷ་ཁང་། སྦུག་རི་ཕུག་མོ་ཆེ།རྩེ་ཆེན་བྲག་སོགས་ལ་གནས་བཅས་པ་ད་ལྟ་རྫོང་བཙན་བཤན་པར་གྲགས་པ་དེ་ཡིན་པ་འདུག(7) ཅེས་པ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ཆེན་པོས་མཛད་པའི་རྫོང་བཙན་གསོལ་མཆོད་དུའང་གསལ་བས་འདིར་ཞིབ་ཏུ་བརྗོད་པའི་དགོས་དབང་མ་མཆིས།
     ཐོག་མ་བུམ་པ་རིའི་འོག་ལ་རི་ཆུང་དབྱིབས་ལེགས་ཤིག་ཡོད་པ།དེའི་རྩེ་ལ་དམར་ལྡི་རྒྱང་གོག་ཞེས་པ་རྫོང་བཙན་གྱི་ཕོ་བྲང་དེ་ཡིན། དེར་བཞུགས་དུས་རྫོང་བཙན་དེ་ཉིད་བཀའ་གཉེན་ཞིང་བཙན་པ་མཉེས་པོ་མ་བྱུང་ཚེ་གནོད་འཚེ་ཚད་མེད་བསྐྱེལ་གྱི་ཡོད་སྐད།དཔེར་ན་སྔར་སྐྱིད་ཆུའི་བྱང་ཕྱོགས་ཀྱི་རྐྱང་ཐང་ན་ག་ཡོད་ས་དེ་ནས་བཙན་ཁང་ངམ་རྫོང་བཙན་གྱི་ཕོ་བྲང་དམར་ལྡི་རྒྱང་གོག་དེ་མཇལ་མ་ཉིད་དུ་ལམ་སེང་རྟ་ཐོག་ནས་བབས་ཤིང་དབུ་ཞྭ་མ་ཕུད་ཚེ་རང་བཞིན་གྱིས་བརྒྱལ་གཟེར་རྒྱབ་ཀྱི་ཡོད་ཟེར། དེས་ན་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་སྐབས་ལ། འུ་ཐུག་ཐབས་ཟད་ཀྱིས་རྫོང་བཙན་སྐུ་གསོབ་རིའི་ནུབ་ངོས་ཁུག་ཀྱོག་མིག་གིས་མཐོང་ས་མེད་པར་སྤོས་ནས་རས་ལ་སྐུ་གསེར་སྒྲོན་ཏེ། དེ་སྔའི་སྐུ་དྲག་པོ་དེ་ཞི་བར་བསྒྱུར་ཅིང་། ཞལ་རས་ཀྱི་ཞལ་འབག་དེ་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པའི་ཞལ་འཁྲུས་སྐྱོན་སའི་ཞལ་ཅོར་ལས་བཞེངས་པ་ཡིན་སྐད། དེ་ནི་ད་ལྟའི་གཞི་བདག་རྫོང་བཙན་མའི་ཞལ་རས་དེ་ཡིན་ལ་ཤིན་ཏུ་མཚར་པོ་ཡོད།
     འོན་ཏེ་ལོ་རྒྱུས་ཀྱི་དཔེ་རྙིང་ཁག་གི་ནང་འཁོད་དོན། གྲིབ་རྫོང་བཙན་དེ་ཉིད་ཤིན་ཏུ་འཇིགས་སུ་རུང་བ་དང་དེའི་བཞུགས་ཡུལ་ཕོ་བྲང་ནི་སྣང་སྲིད་ལྷ་མ་སྲིན་སྡེ་བརྒྱད་དང་བཅས་པ་རྦ་ཀློངས་དྲག་ཏུ་འཁྲུགས་པའི་དབུས་སུ་གསེར་དང་ཟངས་ལྕགས་ལས་གྲུབ་པའི་བཙན་མཁར་དམར་པོ་ཐོད་བསྐམ་རློན་རྙིང་པའི་ཁ་བད་ཅན་མིའི་རྒྱུ་མ་དང་རུས་པའི་ཕྲེང་བའི་དྲ་བ་དང་དབང་པོ་ལྔ་དང་ཡན་ལག་གི་དྲ་ཕྱེད་འཕྱང་བ་། ཞིང་ལྤགས་ཀྱི་རྒྱལ་མཚན་ལ་ཅི་ཏའི་ཏོག་གིས་སྤྲས་པ།བསུར་ཆེན་གྱི་དུང་པ་འཐུལ་ཞིང་ཁྲག་གི་ཞམ་ཆུ་འབེབས་པ། འཇིགས་ཤིང་སྐྱི་གཡའ་བའི་ཕོ་བྲང་གི་དབུས་སུ་པདྨ་ཉི་མའི་སྟེང་དུ་གནོད་སྦྱིན་ཆེན་པོ་ཀྲོང་མ་གྲིབ་བཙན་ཆེན་མོ་བཞུགས་པ་བཅས་བཀོད་འདུག་པ་ནི་འདྲེན་བྱེད་ལམ་དུ་འཆར་བ་ཙམ་གྱིས་ལུས་ཀྱི་བ་སྤུའང་གྱེན་དུ་ཕྱོགས་དགོས་པ་ཞིག་མཆིས།
     དེའི་སྐུ་གཏུམ་དྲག་ཅན་གྱི་ཕྱིའི་རྣམ་པ་ནི། སྐུ་མདོག་པདྨ་ར་གའི་ལྷུན་པོ་ལ་ཉི་མ་ཤར་བ་ལྟར་དམར་བ། ཡས་སོས་མ་མཆུ་མནན་པའི་ཨ་མ་ཚིགས་བསྡམས་ཤིང་དམར་ཟླུམ་སྤྱན་གསུམ་གློག་ལྟར་འཁྱུག་པ། སྨ་ར་དང་སྨིན་མ་མེ་ལྟར་འབར་བ། སྐུ་ལ་བསེ་ཁྲབ་དང་དབུ་ལ་བསེ་རྨོག་དམར་པོ་ཞོལ་ཅན་རྒྱལ་མཚན་བཀྲ་ཤིས་དགུ་བརྩེགས་རུ་དང་དུང་རུ་ཨང་སིང་རྨོག་གཅུས་སོགས་རྒྱན་རྣམས་ཀྱིས་སྤྲས་ཤིང་། སྦྲུལ་མགོ་གདེངས་ཀ་བདུན་དང་ལྡན་པ། སྐུ་རྒྱབ་ཏུ་རྒྱལ་མཚན་ལྕོག་དྲ་འཇར་བཀྲ་བ། ཕྱག་གཡས་མེ་དུང་དམར་པོ་དར་གྱི་ཅོད་པན་ཅན་དང་གཡོན་པ་ནི་ཅི་ཏ་དམར་པོ་རིན་ཆེན་འཕྲུལ་གྱི་ལྡེ་མིག་དང་བཅས་པ་འཛིན་པ། ཞབས་ལ་སག་ལྷམ་དམར་པོ་གསོལ་བ། རྟ་མཆོག་དམར་པོ་སྒ་སྲབ་གོང་རྨེད་སྤུ་ལེན་ཤེ་ལོང་གི་ཁེབས་སོགས་རྒྱན་རྣམས་ཀྱིས་སྤྲས་པ་ལ་ཆིབས་པ་འཇིགས་རུང་བཙན་དམར་གྱི་རྣམ་པ་ཐུན་མོང་མ་ཡིན་པ་ཞིག་མཚོན་པས་བཀའ་གཉེན་གྱི་བཀོད་པ་ཇི་མ་ཇི་བཞིན་མཆིས།
     དེ་མིན་རྫོང་བཙན་ཆེན་མོའི་གཡས་གཡོན་གྱི་འཁོར་སོགས་འདི་ལྟ་སྟེ། དེའི་གཡས་སུ་ནང་སྒྲུབ་དགེ་བསྙེན་སྔགས་བཙུན་པཎ་ཞུ་འཇོལ་བེར་ཅན་གྱི་རྣམ་པ་རྟ་དཀར་ལ་ཆིབས་པ། ཕྱག་གཡས་བ་དན་དཀར་པོ་དང་ཕྱག་གཡོན་རིན་པོ་ཆེ་གཏེར་གྱི་སྒྲོམ་བུ་འཛིན་པ། གཡོན་དུ་གསང་སྒྲུབ་གནོད་སྦྱིན་གཏེར་བདག་རྒྱལ་པོ་ནོར་ལྷའི་རྣམ་པ་ཅན་དར་དང་རིན་པོ་ཆེས་བརྒྱན་པ། ཕྱག་གཡས་དགོས་འདོད་འབྱུང་བའི་ནོར་བུ་དང་ཕྱག་གཡོན་རིན་ཆེན་ནེའུ་ལེའི་རྐྱལ་བ་ཐོགས་པ། སྟག་གཟིག་སོགས་གཅན་གཟན་གཏུམ་དྲག་ཅན་ལ་ཆིབས་པ། མདུན་དུ་ཐུགས་ཀྱི་བགྱེས་དགོངས་མ་སྨནམོ་་ལྷ་མོ་སྨིན་ལེགས་རྒྱན་གྱིས་སྤུད་པ། དེ་དག་གི་འཁོར་དུ་རང་འདྲའི་ཀླུ་བཙན་དྲུག་གཞན་ཡང་གཡས་ཀྱི་རུ་འདྲེན་གཤིན་རྗེའི་ཕྱོགས་བི་བཙན་དཔོན་ཀི་རྟརྙཛ་བལྟས་པ་ཙམ་གྱིས་དགྲ་འགེགས་ཀྱི་སྲོག་འཕྲོག་པའི་གཟི་བརྗིད་ཅན། གཡོན་གྱི་རུ་འདྲེན་གནོད་སྦྱིན་ཕྱོགས་ཀྱི་བཙན་དཔོན་གྲགས་པ་དཔལ་ལེ་ཤུག་སྒྲ་དང་རྒྱབ་བསོད་ཧུམ་ཕགས་ཀྱིས་བསྟན་དགྲ་ཡོངས་ཀྱི་སྲོག་དབུགས་ལེན་པ། སྒྲ་མེད་རྣ་འགྱུར་གྱི་ཆོ་འཕྲུལ་དྲག་པོ་དག་ལ་སྟོན་པའི་ཕྱག་བརྙན་ཆེན་པོ་ཁྲི་གཏུམ་ཅན། དམ་ཉམས་སྲོག་གཅོད་པ་ཤན་པ་ཁ་གདངས་ཤིག་མཆེ་བ་གཅིགས་ནས་སྲོག་འཕྲོག་འོ་དོད་དྲག་པོ་འབོད། བཙན་འཁོར་གསུམ་བརྒྱ་དྲུག་ཅུ་དཀོར་བདག་སྐྱེས་བུ་སྟོང་སྡེ། གཏེར་བདག་བྱེ་བ་ས་ཡ། སྡོམ་དང་སྡིག་པ་བྱ་ཁྲ་ལ་སོགས་པའི་འཇིགས་སུ་རུང་བའི་སྤྲུལ་པ་སྣ་ཚོགས་ཀྱིས་བསྐོར་བ་དེ་དག་ནི་ཁོའི་གཙོ་འཁོར་དག་ཡིན།
     རྫོང་བཙན་དེ་ཉིད་རྣམ་པ་གཅིག་ཡིན་ཀྱང་ཡུལ་ལུང་མི་འདྲ་བའི་དད་ལྡན་མང་ཚོགས་ཀྱིས་རང་རང་གི་མཐུན་རྐྱེན་དང་བསྟུན་ནས་གསོལ་གྱི་ཡོད་པ་ནི། རྒྱ་ཡུལ་ཟངས་ཐང་གནས་ནས་བཙན་དམག་དམ་ཉམས་དགྲ་ལ་འགྱེད་ཕྱིར་གསོལ་ཞིང་། ཡར་ལུང་ཤེལ་གྱི་བྲག་ཕུག་ནས་ཞིང་བཅུའི་དམ་ཉམས་དགྲ་བོ་སྒྲོལ་བར་གསོལ། འཕྱེས་ཀྱི་ལྷ་ལུང་མཁར་ནས་དམ་སྲི་འགོང་པོ་ཐལ་བར་བརླགས་སླད་གསོལ། སྐྱིད་ཤོག་གྲིབ་རྫོང་རི་ནས་དམ་ལྡན་གདུལ་བྱ་བུ་བཞིན་སྐྱོང་བར་གསོལ། ཀོང་པོ་བུ་ཆུ་ལྷ་ཁང་གནས་ནས་ལོག་སྨོན་ཀླ་ཀློ་ཚར་གཅོད་མཛད་ཕྱིར་གསོལ། སྤུ་རི་ཕུག་མོ་ཆེ་ནས་རྣལ་འབྱོར་ཚེ་འཛིན་དྲོང་ཉུལ་མཛད་པར་གསོལ། རྩེ་ཆེན་བྲག་གི་ངོས་ནས་གནས་ཆེན་བསྟན་པའི་སྲུང་མ་མཛད་དུ་གསོལ། རྫོང་བཙན་ཕོ་བྲང་མཆོག་ནས་ངེས་དོན་བསྟན་པའི་སྲུང་མ་མཛད་ཕྱིར་གསོལ། ལྷོ་ཁའི་ཕོ་བྲང་དག་ནས་གཡས་ཀྱི་རུ་འདྲེན་བཙན་དཔོན་མཛད་པར་གསོལ། བྱང་ཁའི་ཕོ་བྲང་དག་ནས་གཡོན་གྱི་རུ་འདྲེན་བཙན་དཔོན་་མཛད་སླད་གསོལ་བ་བཅས་སོ། །
     གྲིབ་ཁུལ་གྱི་ཡུལ་ལྷ་གྲིབ་བཙན་རྡོ་རྗེ་མཆོག་རྒོད་ནི་དུས་རྟག་ཏུ་ཚེ་བཟང་དུས་བཟང་སྐབས་ལ་གསོལ་ཁ་བྱེད་ཅིང་། ལྷག་པར་དུ་བོད་ཟླ་ལྔ་པའི་ཚེས་བཅུའི་དབྱར་གསོལ་དང་བཅུ་པའི་ནང་ལ་དགུན་གསོལ་འབུལ་གྱི་ཡོད། དུས་ཚེས་ལེགས་པོ་དེ་གཉིས་ཀྱི་སྐབས་སུ་ཡུལ་མི་ཚོས་གསོལ་ཁ་གྲ་རྒྱས་པོ་ཞེ་དྲག་བྱེད་ཀྱི་ཡོད།དེ་ཚེ་གཞས་པ་གཞས་མ་དང་དཔའ་བོ་དཔའ་མོས་གནའ་སྔ་མོའི་རྒྱུན་སྲོལ་ལྡན་པའི་གཞས(8)གཏོང་ཞིང་ཞབས་བྲོ་ཐུན་མོང་མ་ཡིན་པ་འཁྲབ་ཀྱི་ཡོད་ལ་ཁོང་ཚོས་གནའ་སྔ་མོའི་ལུགས་སྲོལ་བཞིན་ལག་ཏུ་མདའ་གྲི་མདུང་གསུམ་བསྣམས་པ་དང་ལུས་ལ་ཁྲབ་རྨོག་ཆ་ཚང་གྱོན་ནས་རྔམས་བརྗིད་དང་སྒེག་ཉམས་ཤིན་ཏུ་ལྡན། དཔའ་མོ་ཚོའི་དབུ་ལ་ལྟག་ཚར་དང་སྤ་ཕྲུག ལེ་རྩེ་བཅས་གྱོན་ཞིང་ལུས་ལ་ཨེ་ཀོར་དང་གའུ་སོགས་རྒྱན་ཆས་ཆ་ཚང་བ་འདོགས་ཀྱི་ཡོད། གཞས་འཁྲབ་མཁན་རྐང་མི་བཞི་དང་གཞས་དཔོན་གཅིགབཅས་ཁྱོན་མི་ལྔ་ཙམ་ཡོད། གཞས་དཔོན་དེ་ཁོང་ཚོའི་སྣེ་འཁྲིད་ཡིན་པས་གཞས་འཁྲབ་པར་ཐུན་མོང་མ་ཡིན་པའི་རྩལ་ལག་ལྡན་ཡོད། དེང་སང་སྔར་གྱི་རྒྱན་ཆ་དང་མཚོན་ཆ་སོགས་མེད་ཀྱང་ཕྱག་རྒྱ་ཙམ་དང་རྣམ་པ་ཙམ་ཞིག་བསྟན་ནས་གཞས་པ་གཞས་མ་དང་དཔའ་བོ་དཔའ་མོ་ཡིན་ཁུལ་གྱིས་བང་རིམ་བསྒྲིགས་ནས་གནའ་གཞས་ཉམས་དང་ལྡན་པ་དག་གཏོང་སྲོལ་འདུག གནའ་གཞས་ཁྱད་ལྡན་གྱི་ནང་དོན་གཙོ་བོ་ནི་བླ་མ་ཡིད་དམ་དང་ཡུལ་སྲུང་བ་རྫོང་བཙན་ཆེན་པོ་ལ་བསྟོད་པ་ཕུལ བའམ་བཤད་པ(9)རྒྱག་གི་ཡོད་པ་དེ་དག་ལགས།
     དེ་བཞིན་ལོ་གསར་ཚེས་གསུམ་གྱི་ཉིན་མོ་དེར་ཡུལ་མི་ཚང་མ་མཉམ་ལ་འཛོམས་ཀྱིས་ཡུལ་ལྷ་ཆེན་མོ་གྲིབ་རྫོང་བཙན་ལ་བསང་གསོལ་རྒྱས་པོ་འབུལ་གྱི་ཡོད། དེ་ཉིན་ཐག་རིང་ལ་བཞུགས་མཁན་ཕུད། དེ་མིན་ལྷ་སའི་ཉེ་འཁོར་ལ་བཞུགས་མཁན་གྲིབ་ཕྱི་ནང་གི་མི་ཚང་སོ་སོའི་ཟས་རིགས་དང་འཐུང་ཆའི་རིགས་ཀྱི་ཕུད་ཚང་མ་བསྣམས་ནས་རྫོང་བཙན་ལ་མཆོད་ཅིང་སྨོན་ལམ་འདེབས་པ་དང་། མཆོད་དཔོན་གྱིས་སྲུང་བ་སྤུན་དོག་སི་ཤན་ཚོས་གཞི་དཀར་རྐྱང་ཞིག་ཡུལ་མི་ཐམས་ཅད་ལ་ཕུལ་གྱི་ཡོད། དེ་ནི་གཏང་རག་རྟེན་འབྲེལ་མཚོན་ཆེད་དང་དངོས་གྲུབ་ཐོབ་པ་ཡིན་པས་ཚང་མས་སྣང་ཆེན་བྱེད་ཅིང་། ཉར་ཚགས་ལེགས་པར་བྱས་ཏེ་ཁྱིམ་ཚང་གི་ཕུད་རྩ་ཆེན་ཞིག་ལ་འཛིན་གྱི་ཡོད། དེ་མིན་ཉིན་དེའི་ཞོགས་པར་ད་དུང་ཚོགས་ནས་དུང་དང་རྒྱ་གླིང་དཀྲོལ་བ་དང་ཡིད་དམ་འཇིགས་བྱེད། ལྷ་མོ། མགོན་པོ། དམ་ཅན་ཆོས་རྒྱལ། རྫོང་བཙན་ཆེན་པོ་སོགས་ཀྱི་བསྐང་བཤགས་བསྟོད་འཕྲིན་སོགས་མཉམ་འདོན་བྱེད་ཀྱི་ཡོད། དེ་མིན་རྫོང་བཙན་དེ་ཉིད་གྲིབ་པའི་ཡུལ་ལྷ་གཙོ་བོ་ཡིན་པས་གྲིབ་པ་ཚོའི་ནམ་རྒྱུན་འཚོ་བ་དང་འབྲེལ་བ་གཏིང་ཟབ་ཡོད་(10 )ཅིང་། ཁོང་བཞུགས་ཡུལ་ལྷ་ཁང་དེའི་ནང་ལ་བྱིན་ཅན་གྱི་ཆུ་རྡོ་སྔོན་པོ་(11)ཞིག་འདུག་ལ། རྫོང་བཙན་ཞབས་འོག་གི་ས་དམར་གཤིན་པོ་ཐུན་མོང་མིན་པའི་བྱིན་ཅན་བཅས་འདུག་པ་དེ་དག་ལའང་གྲིབ་པ་ཚོས་དད་མོས་ཆེན་པོ་བྱེད་ཅིང་དམིགས་བསལ་གྱི་མཐོང་ཆེན་བྱེད་པར་མངོན།
     ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་གྲིབ་ཀྱི་ཡུལ་ལྷ་གྲིབ་རྫོང་བཙན་ཚལ་གུང་ཐང་ལ་གདན་འདྲེན་ཞུས་ནས། དཔལ་ལྡན་ལྷ་མོ་དང་མཉམ་འཛོམས་བྱེད་དུ་འཇུག་གི་ཡོད། དེ་ཚེ་ཡུལ་ལྷ་གདན་འདྲེན་ཞུ་མཁན་དེ་མི་ཚང་བཅུ་གཉིས་ནས་ཡོང་གི་ཡོད། མི་ཚང་བཅུ་གཉིས་དེ་དག་ནི་བདེ་སྐྱིད་རབ་བསྟན་དང་ལྷ་སྐུ་ཤར་པ། ཕྱུག་པོ་ཚོགས། ཀོ་སྨད། རྫིང་བཀག ལ་ཚང་། འོག་མ། དར་རྒྱས་ཚེ་རིང་། སང་ཁུག ཚེ་རིང་ཁང་གསར། ཞང་ཆུ་འཁོར། ཁྱིམ་མ་ནུབ་བཅས་ཡིན། དེ་ནི་རུས་རྒྱུད་གཞིར་བཟུང་གིས་མི་རབས་ནས་མི་རབས་བྱས་ཏེ་འགྲོ་དགོས་ཀྱི་ཡོད།
     གལ་ཏེ་མི་ཚང་དེར་བུ་རྒྱུད་མེད་པའམ་ཐ་ན་བྱི་ཕྲུག་ཀྱང་མེད་པར་མི་རྒྱུད་སྟོང་ཚེ་ཡུལ་ལྷའི་རྩར་བལྟ་རིས་ཞུས་པའམ་མོ་བརྒྱབ་པ་ཡང་ན་ཟན་རིལ་བསྒྲིལ་ནས་མི་ཚང་གཉིས་ཙམ་གསུམ་གྱི་ནང་ནས་རུས་གཙང་བའི་མི་ཚང་གསར་པ་ཞིག་གདན་འདྲེན་ཞུ་དགོས། མི་ཚང་བཅུ་གཉིས་དེ་དག་ནི་ལྷ་ཡི་ཞབས་ཕྱི་ཞུ་མཁན་ཡིན་གཤིས་སྐྱེས་ཕོ་མ་གཏོགས་བུད་མེད་རྩ་བ་ནས་བྱེད་ཆོག་གི་མེད། མི་ཚང་བཅུ་གཉིས་ཀྱི་སྤྱི་མིང་ལ་ལྷ་གདན་འདྲེན་ཞུ་མཁན་ཞེས་བརྗོད། སྤྱིར་བཏང་བྱས་ན་ཁོ་ཚོས་བོད་ཟླ་གསུམ་པའི་ཚེས་བཅོ་ལྔ་ནས་བཞི་པའི་ཚེས་བཅུ་བདུན་པར་ཉིན་སུམ་ཅུ་སོ་གཉིས་རིང་ལ་ཁ་འཛེམས་དགོས་པ་སྟེ་ཉ་སྒོང་ཕག་གསུམ་གྱི་ཤ་རིགས་སྤངས་དགོས་པ་དང་བུད་མེད་དང་འཁྲིག་སྤྱོད་བྱེད་མི་ཆོག གལ་ཏེ་སྤང་བྱ་ལེགས་པོ་བྱེད་མ་ཐུབ་ན་རྫོང་བཙན་གྱི་སྐུ་འདེགས་དུས་ཤིན་ཏུ་ལྕི་བས་དཀའ་ལས་བཟོད་བསྲན་བྲལ་བ་མྱོང་དགོས་ཀྱི་ཡོད་སྐད། དེ་ལ་གཤགས་པ་ཕུལ་བའང་བརྗོད།རྫོང་བཙན་གདན་འདྲེན་ཞུ་དུས་མདའ་དར་ལེགས་པོ་བསྣམས་ཀྱི་ཡོད་པ་ནི་ཁོང་དང་དཔལ་ལྷ་མོ་འཁྲུངས་ས་སྐྱོན་པའི་མཚོན་རྟགས་ཡིན། ཁོང་གཉིས་ལོ་གཅིག་དུས་གཅིག་ལ་ཐེངས་གཅིག་ལས་འཕྲད་ཡས་མེད་པ་དེ་ནི་གུང་ཐང་མེ་ཏོག་མཆོད་པའི་སྐབས་ལ་ཡིན། དེ་ཉིན་རྫོང་བཙན་གྱི་སྐུ་གསོབ་དེར་ན་བཟའ་དང་རྒྱན་ཆ་གཟབ་པར་སྒྲོན་ཐོག་གྲིབ་པ་མི་བཅུ་གཉིས་ཀྱིས་ཚལ་དགོན་གྱི་འདུ་ཁང་ཆེན་མོར་གདན་དྲངས་ཏེ་ཞལ་ཤར་དུ་གཟིགས་ནས་བཞུགས་སུ་གསོལ་བའི་མདུན་དུ་མཆོད་སྤྲིན་བཤམས། ཚལ་པ་ཚོ་དང་གྲིབ་པ་ཚོ། དེ་མིན་ལྷ་ས་ནས་བཅར་མཁན་ཚོས་བསང་གསོལ་གསེར་སྐྱེམས་འབུལ་བ་སོགས་བྱེད། དེའི་དགོང་མོ་གུང་ཐང་དཔལ་ལྡན་ལྷ་མོ་དང་ཞལ་སྤྲོད་ཀྱིས་བཞུགས་སུ་གསོལ། དེ་ཡང་གུང་ཐང་ལྷ་མོ་ནི་ལྷ་སའི་དཔལ་ལྷ་མོ་སྤུན་གསུམ་གྱི་ཡ་གྱལ་ཡིན། གཞན་དག་གཉིས་པོ་དེ་ལྷ་ལྡན་གཙུག་ལག་ཁང་གི་དབུ་ཐོག་གསུམ་པར་ཡོད། གཅིག་ནི་དཔལ་ལྷ་དྲག་མོ་དང་གཞན་ཞིག་ནི་དཔལ་ལྷ་སྦལ་གདོང་ཡིན། བརྗོད་སྲོལ་ལ་ཁོང་གསུམ་པོས་ཡུམ་གྱི་ཞལ་མ་གསན་པས་ཉེས་ཆད་བཅད་དེ་སོ་སོ་ཐ་དད་དུ་གཞག་པ་ཡིན་ཞེས་བརྗོད། དེ་མིན་རྫོང་བཙན་ཚལ་གུང་ཐང་དགོན་དུ་ཉིན་གཅིག་བཞག་ནས་ཉིན་གང་ལྷ་མོ་འཁྲབ་པ་དང་མི་སེར་ལ་མཇལ་ཁ་བྱེད་དུ་བཅུག་ཅིང་ཉིན་གསུམ་པར་གྲིབ་ལ་གདན་དྲངས་ཏེ། དེ་ཉིན་གྲིབ་པ་ཚོས་གླུ་གཞས་དང་ཟས་རིགས་སྣ་ཚོགས་ཀྱིས་སྐྱིད་པའི་འཚོ་བ་ལོངས་སུ་སྤྱོད་ཀྱི་ཡོད།
     གྲིབ་ལ་དུས་སྟོན་ཆེ་ཤོས་གསུམ་ཡོད་པ་ནི་དབྱར་གསོལ་དང་དགུན་གསོལ། འོང་སྐོར་བཅས་ཡིན་ཅིང་འོང་སྐོར་སྐབས་ལ་རྟ་རྒྱུག་པ་སོགས་ལུས་རྩལ་བྱེད་སྒོ་སྣ་ཚོགས་སྤེལ་གྱི་ཡོད། དྲུག་པ་ཚེས་བཞིའི་སྐབས་ལ་ཆོས་དཔེ་རྒལ་བར་བསྣམས་ནས་སྐོར་བ་རྒྱག་གི་ཡོད། སྔར་གྲིབ་པ་ཚོས་ཞང་ལྷ་སྣ་བོ་ཆེ་ཞེས་ཞང་ལྷའི་གྲོང་ཚོའི་ནང་གི་ལྷ་ཅིག་ཡོད་པ་དེ་ཡང་གསོལ་དགོས། སྔར་ལོ་རྒྱུས་ཐོག་ལ་ཚེ་མཆོག་གླིང་དགོན་པའི་གཏོར་རྒྱག་བྱེད་དུས་ཞང་ལྷ་ཨ་བོ་ཞེས་པའི་གཏོར་རྒྱག་ཞིག་ཀྱང་དུས་མཉམ་དུ་རྒྱག་དགོས། དེ་དུས་དགོན་པ་དང་ཞང་ལྷའི་གཏོར་རྒྱག་དེ་ཤར་དང་བྱང་ཕྱོགས་ཁག་སོ་སོར་རྒྱག་གི་ཡོད། ཞང་ལྷ་ཨ་བོའི་གཏོར་རྒྱག་བྱང་ལ་བརྒྱབ་ཚེ་དགོན་པའི་གཏོར་རྒྱག་ཤར་ངོས་ལ་རྒྱག་དགོས། གང་ལྟར་དགོན་པའི་གཏོར་རྒྱག་དང་ཞང་ལྷའི་གཏོར་རྒྱག་དེ་ལྡོག་ཕྱོགས་ལ་རྒྱག་དགོས།
     མཆན་འགྲེལ།
     (1)གྲིབ་ཀྱི་ས་ཆའི་མིང་རྙིང་པ་དག་དང་ལྷ་ལུང་དཔལ་རྡོར་གྱི་ལོ་རྒྱུས་དབར་འབྲེལ་བ་ཆེན་པོ་ཡོད་ཅིང་ས་ཆའི་མིང་ཐུན་མོང་མ་ཡིན་པ་དག་དེ་དུས་བྱུང་བ་ནི། ལྷ་ལུང་དཔལ་རྡོར་གྱིས་རྟ་དཀར་པོར་སོལ་བ་ནག་པོ་བྱུག་པ་ཞིག་ཆིབས་པ་དང་། གོས་ཆས་ནང་ཤ་དཀར་ལ་ཕྱི་ཤ་ནག་པོ་བྱས་པ་ཅིག་གྱོན་ནས་ལྷ་ལྡན་གཙུག་ལག་ཁང་གི་མདུན་དུ་བཅར་ཏེ། རྒྱལ་པོ་གླང་དར་བཀྲོངས་རྗེས་ལྷོ་ཕྱོགས་གྲིབ་ངོས་ག་ལ་བར་བྲོས་སྐབས། སྐྱིད་ཆུ་ལ་བརྒལ་བས་ནག་པོ་ཆུས་དག་པ་དང་གོས་ཆས་ཕྱི་ནང་སློག་པས་མི་ནག་རྟ་ནག་དེ་མི་དཀར་རྟ་དཀར་ལ་གྱུར་ཏེ། ཀློག་འཁྱུག་པ་ལྟར་ཧྲེབ་བེར་བརྒྱུགས་པས་ས་ཆ་དེར་ཧྲིབ་བམ་གྲིབ་ཅེས་ཐོགས་སྐད། ད་ལུང་པའི་མདའ་དེར་འགྲོ་གི་འདུག་ཞུས་པས་ཡུལ་དེར་མདའ་པ་ཞེས་ཐོགས། དེ་ནས་ཡར་ཙམ་ལ་ཕེབས་དུས་ད་ཁོང་ལུག་ཧྲོག་ཧྲོག་བྱེད་ས་དེར་འགྲོ་གི་ཞེས་པས་ས་ཆ་དེར་ལུག་གྲོག་གམ་ལུག་རོ་ཞེས་ཐོགས། དེ་ནས་ཚེ་མཆོག་གླིང་དགོན་པ་ཡོད་ས་དེར་སླེབས་དུས་ད་ཁོང་ཞང་ལྷའི་སྲིབ་ཏུ་འགྲོ་གི་ཞེས་པས་ཞང་ལྷ་ཞེས་ཐོགས། ད་ཕ་གི་གནམ་གཡེར་རམ་གནམ་ལ་སྤྲིན་མེད་དྭངས་གཙང་ངེར་བསྡད་པ་དེ་ནས་འགྲོ་གི་ཞེས་པས་ས་ཆ་དེར་གནམ་གཡེར་ཞེས་ཐོགས། ད་ལུང་པ་དེ་ཡི་ཕུ་ལ་འགྲོ་གི་ཞེས་པས་གྲིབ་ཕུ་པ་ཞེས་པ་དེ་ནས་བྱུང་། དེ་ནས་ལ་རྒྱག་དུས་ལྷ་ལུང་དཔལ་རྡོར་ཆིབས་པ་དཀར་པོར་ཆིབས་ཡོད་པས་ལ་དེ་ཡི་མིང་ལ་རྟ་དཀར་ལ་ཞེས་པ། ལུང་པའི་ཕུ་ལ་དཀར་མོ་རོང་ཞེས་པའི་བྲག་ཕུག་ཅིག་ཡོད་པ་དེར་ཁོང་སྒྲུབ་པ་མཛད་དེ་བཞུགས་པའི་ལོ་རྒྱུས་ཡོད་ལ་བྲག་ཕུག་དེའི་ནང་བྲག་བརྐོས་རི་མོ་མང་པོ་ཡོད་ཅེ་གྲིབ་པས་བརྗོད་ཀྱི་འདུག མདོར་ན་གྲིབ་ཁུལ་གྱི་ས་མིང་དག་དང་ལྷ་ལུང་དཔལ་རྡོར་གྱི་ལོ་རྒྱུས་དབར་འབྲེལ་བ་གཏིང་ཟབ་ཡོད་ཅིང་ས་ཆའི་མིང་དེ་ཚོ་དུས་ད་ལྟའང་འབོད་བཞིན་ཡོད་པ་ནི་སྐབས་དེའི་ལོ་རྒྱུས་དངོས་ལ་ཞིབ་འཇུག་བྱེད་པར་སྨན་ངེས་ཡིན་པ་བརྗོད་མེད་རེད།
     (2)གྲིབ་ལ་གནས་སྡོད་བྱེད་མཁན་གྱི་མི་སེར་དག་ལ་གྲིབ་པ་གཏོར་མ་ཞེས་པ་དེ་ནི། སྒྲོ་འདོགས་སོགས་གང་ཡང་མིན་པར་ཡུལ་དེའི་ལུགས་སྲོལ་གོམས་གཤིས་ལ་བརྟེན་ནས་བྱུང་བ་ཡིན། གང་ལགས་ཤེ་ན་རྩེ་ཕོ་བྲང་དང་གཙུག་ལག་ཁང་སོགས་ནས་ལྷ་ལ་ཕུལ་ཟིན་པའི་མཆོད་པ་མར་གཤམས་དུས། གྲིབ་པའི་མི་ཚང་ཆེ་ཆུང་དང་དབུལ་ཕྱུག་སོགས་གང་ལའང་མ་ལྟས་པར་ཚང་མས་གཏོར་མ་ཉོ་བའི་ལུགས་སྲོལ་ཡོད་པར་གྲིབ་པ་གཏོར་ཟན་མ་ཞེས་འབོད།དེའི་འབྱུང་ཁུངས་སྔར་སྲོང་བཙན་སྒམ་པོའི་སྐབས་ལ་བློན་པོ་མགར་བ་གྲིབ་ངོས་ལ་ཕྱིར་འབུང་བཏང་ནས། གྲིབ་ལ་མགར་ཚང་ཤར་ནུབ་ཞེས་པ་དེ་བཞེངས་ཏེ་བཟང་བཙོན་ལྟ་བུར་གཞག་ནས་ལྟོ་ཆས་ཀྱི་ཚོད་དེར་གཏོར་མ་སྐྱེལ་གྱི་ཡོད། དེ་ནས་གྲིབ་པས་གཏོར་མ་ཉོས་ནས་ཟ་བའི་རྒྱུན་སྲོལ་དར་བ་ཡིན། གཏོར་མ་དེ་དག་ཉོས་མ་ཐག་ལམ་སེང་ཟ་གི་མེད། དེ་ལོ་འཁོར་མ་སྐམ་རྗེས་ཆུ་དང་ཇ་ལ་སྤང་ནས་ཟ་གི་ཡོད། བརྗོད་སྲོལ་ལ་དེ་ནི་བློན་པོ་མགར་བའི་བྱིན་རླབས་ཡིན་ཞེས་སོ། །
     (3)(4)(5)(6)(7) དུས་གསུམ་རྒྱལ་བའི་བསྟན་སྲུང་སྲིད་གསུམ་སྐྱེ་འགྲོའི་སྲོག་བདག་མཐུ་སྟོབས་ཡོངས་ཀྱི་བདག་པོ་ཀོང་མ་གྲིབ་བཙན་རྡོ་རྗེ་མཆོག་རྒོད་རྩལ་གྱི་གཏོར་ཆོག་ཆ་ཚང་འཕྲིན་ལས་རྣམ་བཞིའི་རིན་ཆེན་འདྲེན་པའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ། །
     (8)དཔའ་བོའི་བུ་ནི་སོག་ཞྭ་གྱོན་པ་ལོ་བཅུ་གཅིག་ཙམ་ཡིན། དཔའ་མོ་ནི་བུ་མོ་ཆུང་ཆུང་ལོ་བཅུ་ཙམ་ཡིན། མདའ་དར་གྲོ་སོ་ཕྱེ་མར་ནང་ལ་བཙུགས་པ་དང་དེ་རྫོང་བཙན་གྱི་སྐུ་མདུན་དུ་ཕྱག་གཉིས་ཀྱིས་ཡར་བསྐྱགས་པ་དང་ཞལ་དཀར་ཡར་བཏེགས་ནས་བསྟོད་པའི་བསྔགས་བརྗོད་འདི་ལྟར་འབུལ་བཤལ་བྲག་མཐོ་བའི་མགོ་ལ། ཐག་རེག་སྐས་འཛེགས་བཙུགས་ཡོད། །དབུ་རྒྱན་མཚར་བའི་མགོ་ལ། །སྨན་རྩའི་ཡོལ་བ་བཏང་ཡོད། །གཡས་ལ་མཁའ་འགྲོ་བཞུགས་ཡོད།།གཡོན་ལ་ལྷ་ལྕམ་བཞུགས་ཡོད། །བདུད་རྩི་རྒྱུན་ཆད་མེད་པར། །ཁྱེད་ཀྱི་གནང་རོགས་གནང་དང་། །བཀྲིས་ལྷ་ཡི་ཁང་བཟང་། །ཀུན་གྱི་ཉི་མ་ཟླ་བ། །འཛམ་གླིང་ས་ཆུ་ཕྲད་སོང་། །མུན་པ་གསལ་རོགས་གནང་དང་། །ལ་ཞུས་པའི་རྩྭ་ལེགས་ལ། །རྩྭ་ལ་ཟིལ་པ་ཁྲུམ་ཁྲུམ། །ཆུ་ལ་ཉ་མོ་ཁྱུག་ཁྱུག །བདག་གི་རྩ་བའི་བླ་མ། །ཕྱག་དང་མཆོད་པ་ཕུལ་ཡོད། །ཡབ་ལ་དགའ་ཡུམ་ལ་དགྱེས། །
     (9)རྫོང་བཙན་གྱི་བཤད་པ། རྨོག་ལ་གླིང་བཞི་ཟུར་བཞི། །དོམ་ལྤགས་ཨ་སིན་ཁྲ་བོ། །གཉེན་ལྷ་ཚོགས་བཞུགས་དང་། །མཚོན་གྲི་གྲལ་བཞུགས་དང་། །རྒྱ་གྲི་ངར་མོས་དགྲ་སྲོག །འཕྲོག་བྱེད་ལ་བཞུགས། །པ་དམ་བཟང་པོ་ཤ་ཟས། །ཁྲག་འཐུང་ལ་བཞུགས་དང་། །བྲག་སྟོད་སེང་གེ་འགྱེངས་པ་ལྟར། །དཀྱིལ་ལ་དངུལ་གྱི་རྡོ་རྗེ་འདྲ། །ཁྲག་ཤམ་ཁྱུང་ཤོག་རྒྱས་པ་འདྲ། །དགྲ་ལྷ་གཉེན་པ་བརྟན་དུ་བཙུགས། །དགའ་བ་ཡིན་དགའ་བ་ཡིན། །དགྱེས་པ་ཡིན་དགྱེས་པ་ཡིན། །བླ་མ་བཟང་པོ་བློ་བཟང་གྲགས་པ་བཞུགས། །བྱིན་རླབས་གཞག་ལ་རེད། །དགོས་འདོད་ཤ་བ་མིན་ཡང་། །བསྟན་ཟུང་ཞུས་པ་ན། །དམག་ཟོར་རྒྱལ་མོ་ལ་ཞུས། །མཐུ་བཙན་གཞན་ལ་རེ་དགོས་དེ། །ཤཱ་བ་ཞིག་མིན་ཡང་། །དགྲ་ལྷ་བཟང་པོ་རྫོང་བཙན། །སྙིང་པོ་ལ་ཞུས་དང་། རྒྱབ་བཙན་གཞན་ལ་ཞུ་དགོས་དེ། །ལ་ཤཱ་བ་ཞིག་མིན་ཡང་། །དགའ་བཞིན་མིན་ནམ། །དགྱེས་བཞིན་མིན་ནམ། །འཇའ་མཚོན་རྣམ་པར་བཀྲ་བ། །རྒྱལ་བ་ལ་གསོ་གསོ།| །གངས་ལྗོངས་ས་ཡི་སྟེང་གི། །དཔལ་ཀྱི་ཆོས་འཁོར་ལྷ་ས། །དུས་གསུམ་བཞུགས་པའི་མགོན་པོ། །འཕགས་མཆོག་ཐུགས་རྗེ་ཆེན་པོ། །རྒྱ་མཚོའི་མཐའ་ནས་བཞུགས་པའི། །མེ་ཏོག་ཏ་ལའི་འོད་ཟེར། །མེ་ཏོག་བཞུགས་ས་མཐོ་ལ་འགྱོགས། །འཛམ་གླིང་འོད་ཀྱི་ཁེངས་སོང་། །བྱང་ནས་བྱང་སྤྲིན་ཤིག་ཤིག། ལྷོ་ནས་ལྷོ་སྤྲིན་ཤིག་ཤིག གཏེར་བདག་ཆེན་མོའི་དབུ་ནས། །གསེར་གྱི་ཉི་ཟླ་ཤར་སོང་། །ནམ་མཁའི་གཡའ་ལ་ཁ་བཏགས་དཀར་པོ། །རྩ་བའི་བླ་མ་ཕེབས་ཀྱི་ཡོད་པ་ཤེས་བྱུང་། །ས་གཞིའི་མི་ལ་ཐོགས་པའི་སྒྲོ་མདུང་། །འགོ་འདྲེན་དཔོན་པོ་ཕེབས་ཀྱི་ཡོད་པ་ཤེས་བྱུང་། །བཞུགས་གྲལ་འོད་ཀྱི་ཁེངས་པ། །ཨ་མ་ཆང་མ་ཕེབས་ཀྱི་ཡོད་པ་ཤེས་བྱུང་། །ཕྱོགས་བཞི་བག་གྲོ་ཕེབས་ཀྱི་ཡོད་པ་ཤེས་བྱུང་། །
     (10)གྲིབ་རྫོང་བཙན་དང་གྲིབ་པའི་དུས་རྒྱུན་གྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པ་ནི། གལ་ཏེ་ཡུལ་ལ་རྐུན་ཇག་བྱུང་ནས་སེམས་ཅན་སོགས་རྐུ་འཁྱེར་ཤོར་བའམ་བརླགས་གཏོར་བྱུང་ཚེ་གྲིབ་རྫོང་བཙན་གྱི་སྐུ་མདུན་དུ་བཅར་ནས།། བལྟ་རིས་ཞེས་ཆོ་ལོའི་མོ་རྒྱག་གི་ཡོད་པ་དེའང་ཆོ་ལོ་གྲུ་བཞི་ཕྱོགས་བརྒྱད་ལ་སྔགས་ཡིག་རྐང་རེ་བྲིས་ཡོད་དེ། ཆོ་ལོ་དབྱུགས་མ་ཐག་ཕྱོགས་གང་བབས་པ་དེའི་ལོག་གི་སྔགས་ཡིག་གཞིར་བཟུང་། མོའི་དཔེ་ཆར་བལྟ་བསྡུར་བྱས་ནས་སེམས་ཅན་བརླགས་གཏོར་བྱུང་བ་དེ་ཚོ་ཁ་ཕྱོགས་གང་སར་ཡོད་མེད་དང་ཤི་ཟིན་པའམ་བསྡད་ཡོད་མེད་བཅས་བརྟག་གི་ཡོད།
     (11)གྲིབ་རྫོང་བཙན་བཞུགས་ཡུལ་ལྷ་ཁང་ནང་ལ་ཆུ་སྔོན་པོ་ཞིག་འདུག་པ་བརྗོད་སྲོལ་ལ་དེ་ནི་སྔར་མི་ཚང་ཤར་སྒོ་ནུབ་སྒོ་ལྷོ་སྒོ་གསུམ་ཡོད་པར། ནུབ་སྒོའི་ནང་ལ་དྲེད་མོང་གི་སྙིང་རྡོ་རེད་ཅེས་ཆུ་རྡོ་སྔོན་པོ་ཞིག་ཡོད་པ་དེ་རིག་གནས་གསར་བརྗེ་ཆེན་པོའི་རྗེས་སུ་དགོན་པ་དེ་བཞེངས་རྗེས་སུ་མི་ཚང་དེས་དེར་ཕུལ་པ་ཞིག་རེད། དབྱིབས་དང་ཚོས་གཞི་ཐུན་མོང་མ་ཡིན་པའི་ཆུ་རྡོ་སྔོན་པོ་དེ་དགོན་པ་འདིར་ཆོས་མཇལ་ལ་ཕེབས་མཁན་ཡོངས་ཀྱི་ལུས་སྟོད་ལ་འཇོག་ཙམ་བྱེད་ཀྱི་ཡོད་པ་ནི། བརྗོད་སྲོལ་ལ་དེས་ལུས་ཀྱི་ཁྲག་ཤེད་མཉམ་པ་དང་གཅོང་ནད་སོགས་ཕོག་ཚེ་དེའི་ཁ་ཐུག་ལ་ཕུར་ཙམ་བྱས་ན་མགྱོགས་ནས་མྱུར་དུ་དྲག་སྐྱེད་དུ་འགྲོ་གི་ཡོད་པའང་། ནད་པ་མང་པོ་ཞིག་ཐེངས་གཉིས་པ་ཡོང་དུས་རྡོ་དེ་ལེགས་པོ་ཡོད་ལུགས་དང་ལུས་པོ་ཡོངས་ཀྱང་སེང་ངེར་ཕྱིན་ཞིང་ལུས་ཁམས་གསལ་དྭངས་སུ་གྱུར་བའི་ལོ་རྒྱུས་བཤད་ཀྱི་ཡོད་སྐད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...