སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མདོ་ཁམས་ཀྱི་དགོན་པ་ཁ་ཤས་དགེ་ལུགས་པར་ཇི་ལྟར་འགྱུར་ཚུལ་སྐོར་གླེང་བ།
རྩོམ་པ་པོ། ལྷ་བྱམས་རྒྱལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-5-7 9:25:00 རྩོམ་ཁུངས། ཀྲུང་གོའི་བོད་རིག་པ། ཀློག་གྲངས།
     [ནང་དོན་གནད་བསྡུས།] གྲུབ་མཐའ་གཞན་གྱི་དགོན་པ་དག་དགེ་ལུགས་པར་འགྱུར་བའམ་བསྒྱུར་བ་ནི་དགེ་ལུགས་པ་བོད་ཡུལ་དུ་འཕེལ་རྒྱས་འབྱུང་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་པ་དང་། དེ་ཡང་དགེ་ལུགས་པའི་གྲུབ་མཐའ་མདོ་ཁམས་སྨད་དུ་དར་བའི་གོ་རིམ་ཁྲོད་དུ་ས་སྐྱ་དང་རྙིང་མ། བཀའ་བརྒྱུད་སོགས་ཡུལ་གྲུ་དེ་གར་སྔར་ཡོད་ཀྱི་གྲུབ་མཐའ་མང་པོ་ཞིག་རིམ་གྱིས་དགེ་ལུགས་པར་འགྱུར་ཡོད་པ་རེད། དཔྱད་རྩོམ་དུ་གྲུབ་མཐའ་དེ་དག་ཇི་ལྟར་དགེ་ལུགས་པར་འགྱུར་ཚུལ་དང་དེར་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཅི་འདྲ་ཡོད་མེད། དུས་རིམ་གང་དག་བརྒྱུད་ཡོད་པ། དེ་མིན་གྲུབ་མཐའ་འགྱུར་བ་དེ་ཡིས་དགེ་ལུགས་པའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཅི་འདྲ་ཡོད་མེད་སོགས་ཀྱི་སྐོར་ལ་ཐོག་མར་དཔྱད་གླེང་བྱས་ཡོད།
     [བརྡ་ཆད་གཙོ་བོ།] གྲུབ་མཐའ་འགྱུར་བ། དགེ་ལུགས་པ། དགོན་པ།
     [ཀྲུང་གོའི་དཔེ་དེབ་དབྱེ་རྟགས།]   B949.6
     [ཡིག་ཚང་མཚན་བྱང་།] A
     [རྩོམ་གྱི་གོ་རིམ་ཨང་སྒྲིག] 6002-9060(2013)01-0099-11
     སྤྱིར་མདོ་ཁམས་སྨད་ཀྱི་ཆ་འདི་རི་བོ་དགེ་ལུགས་པ་དར་སའི་ཆུ་འགོ་ལྟ་བུ་ཡིན་ཞིང་ཙོང་ཁའི་ཡུལ་ནས་འཁྲུངས་པའི་ཙོང་ཁ་བ་ཆེན་པོ་ཡིས་སྤྱི་ལོ་1409ལོར་དབུས་ཀྱི་ལྷ་སའི་བྱང་ཤར་གྱི་མཚམས་ནས་དགའ་ལྡན་དགོན་པ་བཏབ་སྟེ་གངས་རིའི་ལྗོངས་སུ་སྒྲུབ་བརྒྱུད་ཀྱི་ཤིང་རྟ་གསར་བ་ཞིག་གི་སྲོལ་བཏོད་པ་ནས་བཟུང་། དགེ་ལུགས་པས་རིམ་གྱིས་རང་གི་གྲུབ་མཐའ་མདོ་ཁམས་ཀྱི་ཕྱོགས་སུ་རྒྱ་བསྐྱེད་གཏོང་འགོ་ཚུགས་ཤིང་། སྔ་རྗེས་སུ་མཚོ་སྔོན་དུ་སྐུ་འབུམ་བྱམས་པ་གླིང་དང་། དགོན་ལུང་དགོན་པ། གསེར་ཁོག་དགོན་པ། བདེ་ཆེན་དགོན་པ། སྟོང་འཁོར་དགོན་པ་སོགས་བཏབ་པ་དང་། ཀན་སུའུ་རུ་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པ་དང་། སི་ཁྲོན་དུ་ལི་ཐང་དགོན་ཆེན། ཡུན་ནན་དུ་སྲོང་བཙན་གླིང་དགོན་པ་སོགས་བཏབ་ནས་དགེ་ལུགས་པ་བོད་ཀྱི་ཤར་མཐའི་ཕྱོགས་སུ་རྩ་བ་ཚུགས་ནས་ཡན་ལག་རྒྱས་པར་རྨང་གཞི་བཏིང་ཡོད་པ་རེད། དུས་མཚུངས་སུ། མདོ་ཁམས་སུ་སྔ་མོ་ནས་རྐང་ཚུགས་ཡོད་པའི་གྲུབ་མཐའ་གཞན་དག་གི་དགོན་སྡེ་ཆེ་ཆུང་གང་མང་ཡང་རྒྱུ་རྐྱེན་མི་འདྲ་བའི་དབང་གིས་རིམ་གྱིས་དགེ་ལུགས་པར་འགྱུར་བའམ་ཡང་ན་བསྒྱུར་ཡོད་ཅིང་། དགེ་ལུགས་པའི་གྲུབ་མཐའི་རིས་སུ་ཚུད་པའི་དགོན་པ་དེ་དག་གིས་དགའ་ལྡན་བསྟན་པའི་ལུགས་འདི་མདོ་ཁམས་ཀྱི་ཕྱོགས་སུ་ས་ཁྱབ་རྡོ་ཁྱབ་ཏུ་འགྱུར་བར་རོགས་འདེགས་ཀྱི་ནུས་པ་ངེས་ཅན་ཞིག་ཐོན་ཡོད་པ་རེད། དེ་ཡང་བསྡོམས་རྩིས་བྱུང་བ་ལྟར་ན། ①དུས་རབས་སྔོན་མའི་དུས་མཇུག་ཏུ་མཚོ་སྔོན་ཞིང་ཆེན་གྱི་མངའ་ཁོངས་ཁོ་ན་རུ་ཡང་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁྱོན་བསྡོམས་652ཡོད་པའི་ནང་དགེ་ལུགས་པའི་དགོན་སྡེ་343ཡོད་ཅིང་། དེ་ཡིས་ཞིང་ཆེན་ཡོངས་ཀྱི་དགོན་པའི་52.4%ཟིན་ཡོད། དེ་ལས་དགེ་ལུགས་པར་འགྱུར་བའམ་བསྒྱུར་བའི་དགོན་སྡེ་30ལྷག་ཡོད་པ་ལྟ་བུ་རེད། ཀན་སུའུ་ཞིང་ཆེན་གྱི་ཁོངས་སུ་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་108ལྷག་ཡོད་པའི་ནང་ཕལ་ཆེ་ཤོས་དགེ་ལུགས་པར་གཏོགས་ཤིང་དེ་ལས་དགེ་ལུགས་པར་འགྱུར་བའི་དགོན་པ་5ལྷག་ཡོད། འདིར་དགེ་ལུགས་པ་མདོ་ཁམས་སྨད་དུ་དར་བའི་ལོ་རྒྱུས་ཀྱི་གོ་རིམ་ཁྲོད་དུ་ཇི་ལྟར་གྲུབ་མཐའ་གཞན་དག་ཚུར་བསྒྱུར་བའམ་ཡང་ན་འགྱུར་བའི་ཚུལ་དང་། དེ་ལ་དམིགས་བསལ་གྱི་དགོས་དབང་ངམ་རྒྱུ་རྐྱེན་ཅི་འདྲ་ཡོད་མིན་སོགས་ཀྱི་སྐོར་ལ་དཔྱད་པ་རོབ་ཙམ་སྤེལ་བར་བྱ། 
དང་པོ། འགྱུར་དང་བསྒྱུར་ལས་འཕྲོས་ཏེ་མདོ་ཁམས་ཕྱོགས་ཀྱི་གྲུབ་མཐའ་གཞན་དག་གི་དགོན་པ་དགེ་ལུགས་པར་གྱུར་ཚུལ་བཤད་པ།
     ཀུན་གྱིས་མཁྱེན་གསལ་ཏུ་འགྱུར་དང་བསྒྱུར་གཉིས་ནི་བྱེད་པ་པོ་དང་བྱ་ལས་གཉིས་འབྲེལ་མ་འབྲེལ་གྱི་དབང་དུ་ཕྱེས་པའི་ལས་ཚིག་ཆ་གཅིག་ཡིན། ལས་ཚིག་འདི་གཉིས་ཀྱིས་རི་བོ་དགེ་ལུགས་པའི་གྲུབ་མཐའ་འདི་དུས་རབས་བཅོ་ལྔ་པའི་ནང་ནས་བཟུང་མདོ་ཁམས་ཕྱོགས་སུ་དར་པའི་གོ་རིམ་ཁྲོད། ཡུལ་གྲུ་དེ་དག་ཏུ་སྔ་མོ་ནས་ཡོད་པའི་གྲུབ་མཐའ་གཞན་དག་གི་དགོན་སྡེ་ཁག་རིམ་གྱིས་སམ་ཡང་ན་ཐོལ་གྱིས་དགེ་ལུགས་པའི་རྗེས་སུ་འབྲངས་པའི་དགོན་པར་གྱུར་བའི་ཐབས་ལམ་མམ་ཡང་ན་བྱེད་ཕྱོགས་གཅིག་སྡུད་ཀྱིས་མངོན་མཚོན་བྱུང་ཡོད། ལས་ཚིག་འདི་གཉིས་ལས་འགྱུར་ཅེས་པ་ཡིས་གྲུབ་མཐའ་གཞན་དག་གི་དགོན་སྡེ་དེ་དག་ལ་ཕྱི་ཡུལ་གྱི་ཤུགས་དང་དབང་སྟོབས་སོགས་ཀྱི་བཙན་ཤེད་མ་ཐེབས་པའི་གནས་ཚུལ་འོག་རང་འགུལ་དང་རང་འཐད་ཀྱིས་དགོན་པ་རང་གིས་སྔོན་ཆད་ནས་དད་མོས་སམ་རྒྱུན་འཛིན་བྱེད་པའི་གྲུབ་མཐའ་བསྐྱུར་ཏེ་དགེ་ལུགས་པའི་རྗེས་སུ་འབྲངས་པ་དེ་མཚོན་ཞིང་། བསྒྱུར་ཅེས་པ་ཡིས་གྲུབ་མཐའ་གཞན་པའི་དགོན་པ་དེ་དག་རང་འགུལ་དང་རང་འཐད་མ་ཡིན་པར་ཕྱི་ཡུལ་གྱི་ཤུགས་རྐྱེན་གང་རུང་གི་གདོང་སྣ་མ་བརྟེན་པར་རང་ཉིད་ཀྱི་གྲུབ་མཐའ་བསྐྱུར་ཏེ་དགེ་ལུགས་པའི་རྗེས་སུ་འབྲངས་པ་དེ་མཚོན། གང་ལྟར་ཀྱང་། དགེ་ལུགས་པས་དུས་རབས་བཅོ་ལྔ་བའི་དུས་དཀྱིལ་ནས་བཟུང་རང་གི་གྲུབ་མཐའ་རྒྱ་བསྐྱེད་གཏོང་བའི་འགོ་ཚུགས་རྗེས་སྔ་རྗེས་སུ་མདོ་ཁམས་སུ་ཡོད་པའི་ས་སྐྱ་བ་དང་། རྙིང་མ་བ། ཇོ་ནང་བ། བཀའ་བརྒྱུད་པ་སོགས་ཀྱི་དགོན་སྡེ་མང་པོ་ཚུར་འགྱུར་བའམ་བསྒྱུར་བར་བྱས་ཏེ་ཞྭ་སེར་བསྟན་པའི་ལུགས་ཡུལ་གྲུ་ཀུན་ལ་ཁྱབ་པར་བྱས་ཡོད། དེ་ཡང་ལོ་རྒྱུས་ཐོག་འགྱུར་དང་བསྒྱུར་ལ་ཡང་ཞིབ་ཏུ་ཐབས་ལམ་དང་རྒྱུ་རྐྱེན་མི་འདྲ་བ་ཁ་ཤས་ཡོད་ཅིང་། རེ་རེ་བཞིན་བཀྲལ་ན་གཤམ་གསལ།
     གཅིག བླ་བརྒྱུད་དང་ཆོས་བརྒྱུད་རྐྱེན་དུ་བྱས་ནས་དགེ་ལུགས་པར་འགྱུར་བ། སྤྱི་ལོ་1364ལོར། དགུང་ལོ་བདུན་ལ་སོན་པའི་ཙོང་ཁ་པ་སྐབས་དེའི་བཀའ་གདམས་པའི་བླ་ཆེན་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་དྲུང་ནས་རབ་ཏུ་བྱུང་། ཐོག་མའི་བླ་སློབ་ཀྱི་འབྲེལ་བ་འདི་ལས་ཕྱིས་སུ་དགེ་ལུགས་པ་དང་བཀའ་གདམས་པའི་བར་དུ་འབྲེལ་བ་ཟམ་མི་ཆད་པ་འབྱུང་བར་རྨང་གཞི་ཆགས་པ་དང་། དགེ་ལུགས་པའི་བསྟན་པ་རྒྱ་ཆེར་དར་བའི་སྔོན་དུ་བཀའ་གདམས་པའི་དགོན་སྡེ་མང་པོ་རང་འགུལ་ངང་དགེ་ལུགས་པའི་རྗེས་འབྲངས་སུ་གྱུར་བར་བླ་བརྒྱུད་ཀྱི་རྒྱུ་རྐྱེན་ཡོད་པར་གྱུར། དེ་ལས་གཞན། བཀའ་གདམས་པའི་དགོན་སྡེ་གང་མང་དགེ་ལུགས་པར་འགྱུར་བ་ལ་ཆོས་བརྒྱུད་གཅིག་པའི་རྒྱུ་མཚན་ཡང་འདེད་རྒྱུ་ཡོད་དེ། དེ་ཡང་བཀའ་གདམས་པ་ནི་མདོ་ཡི་སྦྱངས་པ་སྔོན་དང་སྔགས་ཀྱི་ཉམས་ལེན་རྗེས་སུ་བྱ་བའི་ལམ་གྱི་རིམ་པ་གཙིགས་སུ་འཛིན་པ་ཞིག་ཡིན་ལ། བཀའ་གདམས་པའི་བསྟན་འཛིན་གྱི་སྐྱེས་ཆེན་དག་གིས་སངས་རྒྱས་བསྟན་པའི་གཞུང་དོན་ལ་ལེགས་སྒྲིག་བྱས་པའི་རྨང་གཞིའི་ཐོག་གཞུང་གི་ནང་དོན་མ་ལག་ཅན་དུ་བཏང་བ་དང་སྒྲུབ་སྦྱོང་ཚད་ལྡན་ཅན་དུ་བཏང་ནས་བོད་བརྒྱུད་ནང་བསྟན་ལེགས་ལམ་དུ་བཅུག་པ་དེས། ཕྱིས་སུ་དར་པའི་རི་བོ་དགེ་ལུགས་པར་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་པ་རེད། ལྷག་པར་དུ་ལོ་རྒྱུས་ཐོག་དགེ་ལུགས་པ་ནི་བཀའ་གདམས་པའི་རྨང་གཞིའི་ཐོག་ནས་རང་གི་ལྟ་གྲུབ་དང་། དགོན་སྡེ། རྗེས་འཇུག་པ་སོགས་ཀྱི་གཞི་རྒྱ་ཅན་དུ་གྲུབ་པ་ཡིན་པར་འདོད་པ་དང་། ལོ་རྒྱུས་ཐོག་དེ་ལ་བཀའ་གདམས་གསར་མ་ཞེས་ཀྱང་འབོད་སྲོལ་ཡོད་པ་རེད། གོང་གི་རྒྱུ་རྐྱེན་དེ་འདྲའི་དབང་གིས་དགེ་ལུགས་པ་ལོ་རྒྱུས་ཀྱི་གར་སྟེགས་སུ་མངོན་མ་ཐག ཡར་སྔོན་གྱི་བཀའ་གདམས་པའི་དགོན་སྡེ་མང་པོ་རང་འགུལ་ངང་གསར་དུ་དར་ཞིང་། ཆབ་སྲིད་དང་ཆོས་ལུགས་གང་གི་ངོས་ཐད་ནས་བལྟས་ཀྱང་གསོན་ཤུགས་ཆེས་ཆེར་ལྡན་པའི་དགེ་ལུགས་པའི་རྗེས་སུ་འབྲངས་ནས་གྲུབ་མཐའ་ཡང་དགེ་ལུགས་པར་འགྱུར་བ་རེད།
     མདོ་ཁམས་ཕྱོགས་སུ། རྐྱེན་འདི་འདྲའི་དབང་གིས་དགེ་ལུགས་པའི་གྲུབ་མཐར་གྱུར་བའི་དགོན་པ་མང་པོ་ཡོད་ཅིང་། དེ་ལས་ཨ་མདོའི་བྱ་ཁྱུང་དགོན་ནི་འཐུས་ཚབ་ཏུ་རུང་བའི་དཔེ་མཚོན་ཞིག་རེད། བྱ་ཁྱུང་དགོན་པ་ནི་ཆོས་རྗེ་དོན་གྲུབ་རིན་ཆེན་དགུང་ལོ41སྟེང་(སྤྱི་ལོ་1349ལོ་)བཏབ་པའི་བཀའ་གདམས་པའི་དགོན་པ་ཞིག་ཡིན་པ་དང་། དུས་རབས་བཅུ་བདུན་པའི་སྟོད་ནས་རིམ་གྱིས་དགེ་ལུགས་པའི་གྲུབ་མཐར་འགྱུར་བ་རེད། བླ་བརྒྱུད་དང་ཆོས་བརྒྱུད་ཀྱི་རྐྱེན་ལ་བརྟེན་ནས་སྤྱི་ལོ་1583ལོར་རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་ནང་སོག་གི་ཨན་ཐལ་རྒྱལ་པོའི་གདན་ཞུས་ལྟར་སོག་ཡུལ་དུ་བསྐྱོད་པའི་ལམ་དུ་བྱ་ཁྱུང་དགོན་པ་བརྒྱུད་པ་དང་དགོན་པར་རྟེན་འབུལ②གང་ལེགས་ཞུས། ཕྱིས་སུ་རྗེ་ཙོང་ཁ་བའི་སློབ་བུ་དག་གིས་བྱ་ཁྱུང་དགོན་པར་འཆད་ཉན་གྱི་གྲྭ་ཚང་རབས་དང་རིམ་པ་འཛུགས་གནང་མཛད་ཅིང་།③དགོན་མ་ལག་མང་དུ་འཕེལ་ཏེ་རིམ་གྱིས་མདོ་སྨད་ཕྱོགས་ཀྱི་དགེ་ལུགས་པའི་དགོན་པ་གཙོ་བོ་ཞིག་ཏུ་གྱུར་ཡོད། འོན་ཀྱང་ལོ་རྒྱུས་ཡིག་ཆ་ཁག་ཏུ་གསལ་བ་ལྟར་ན། བཀའ་གདམས་པ་དང་ཐོག་རྒྱ་ཆེར་དར་དུས་མདོ་ཁམས་ཀྱི་ཡུལ་གྲུ་ཀུན་ཏུ་ཆེས་ཆེར་འཕེལ་ཐུབ་མེད་ཅིང་། ཡུལ་གྲུ་དེ་དག་ཏུ་བཀའ་གདམས་པའི་དགོན་པའི་གྲངས་ཀ་ཡང་མང་པོ་བྱུང་མེད་པས། ཕྱིས་སུ་དགེ་ལུགས་པ་མདོ་ཁམས་ཕྱོགས་སུ་དར་དུས་བླ་བརྒྱུད་དང་ཆོས་བརྒྱུད་གཅིག་པའི་དབང་གིས་བཀའ་གདམས་པའི་དགོན་པ་དགེ་ལུགས་པར་འགྱུར་བའི་གྲངས་ཀ་ཡང་མང་པོ་མེད་པར་གསལ།
     གཉིས། དྲག་པོ་དཔུང་གི་སྟོབས་ཤུགས་ལ་བརྟེན་ནས་བཙན་གྱིས་དགེ་ལུགས་པར་བསྒྱུར་བ། ལོ་རྒྱུས་ཀྱི་ཡིག་ཆ་ཁ་ཤས་ཀྱི་ནང་དུ་གསལ་དོན། རྒྱལ་དབང་ལྔ་བའི་དུས་སུ། དགེ་ལུགས་པས་རང་གི་ཆབ་སྲིད་ཕྱོགས་ཀྱི་ཟིལ་ཤུགས་དང་སོག་དམག་གི་སྟོབས་ཤུགས་ལ་བརྟེན་ནས་གྲུབ་མཐའ་གཞན་དག་གི་དགོན་སྡེ་ཁག་གཅིག་བཙན་ཤེད་ཀྱིས་དགེ་ལུགས་པར་བསྒྱུར་ཡོད་པ་རེད། དང་ཐོག་དབུས་གཙང་ཕྱོགས་ནས་གྲུབ་མཐའ་ཁག་གཅིག་གི་དགོན་སྡེ་ནི་ཆོས་རྒྱུན་མི་གཙང་བའམ་ཡང་ན་དགེ་ལུགས་པའི་སྲིད་ཀྱི་འགལ་ཕྱོགས་དང་ངན་འབྲེལ་ཡོད་པ་སོགས་རྒྱུ་མཚན་དུ་བྱས་ནས་སྔ་རྗེས་སུ་དགེ་ལུགས་པར་བཙན་ཤེད་ཀྱིས་བསྒྱུར་ཡོད་དེ། དཔེ་བཞག་ན་ཇོ་ནང་དགོན་པའི་རྟག་བརྟན་ཕུན་ཚོགས་གླིང་དང་དེའི་བུ་དགོན་མང་པོ་དང་། ཇོ་ནང་དགོན་དང་འབྲེལ་བ་དམ་ཟབ་ཡོད་པའི་ངམ་རིང་དགོན་སོགས་དགེ་ལུགས་པར་བཙན་གྱིས་བསྒྱུར་བ་ལྟ་བུ་རེད། མདོ་ཁམས་ཕྱོགས་སུ། ཀརྨ་བཀའ་བརྒྱུད་དར་ཁྱབ་ཆེ་བའི་ཁམས་ཀྱི་ཡུལ་གྲུ་ཀུན་ཏུ་སོག་དམག་གི་སྟོབས་ཤུགས་ལ་བརྟེན་ནས་དགེ་ལུགས་པར་བསྒྱུར་བའི་ལས་ཀ་གང་མང་སྤེལ་མྱོང་ཡོད། དཔེ་བཞག་ན་ཁམས་ཀྱི་ལྷོ་ཕྱོགས་ཀྱི་འབའ་ཐང་དང་། འདབ་པ། སྡེ་རོང་སོགས་ས་ཆར། སོག་རྒྱལ་གུ་ཤྲཱི་བསྟན་འཛིན་རྒྱལ་པོའི་དམག་ཤུགས་ཀྱིས་དུས་སྐབས་གཅིག་རིང་གྲུབ་མཐའ་གཞན་དག་གི་དགོན་སྡེ་མང་པོ་དགེ་ལུགས་པར་བཙན་ཤེད་ཀྱིས་བསྒྱུར་ནས། ས་གནས་ཀྱི་སྟོབས་ཤུགས་མི་དམན་པ་ཞིག་ཆགས་པར་བྱས་ཡོད་པ་རེད། ལི་ཐང་གི་དགོན་དཀར་ཆོས་ཀྱི་ཕོ་བྲང་ནི་དུས་རབས་2པའི་སྐབས་སུ་བཞེངས་པ་ཞིག་ཡིན་པ་དང་མ་གཞི་ནས་བཀའ་བརྒྱུད་པའི་དགོན་པ་ཞིག་ཡིན་ན་ཡང་ཕྱིས་ཀྱི་རྒྱལ་དབང་ལྔ་བའི་སྐབས་དགེ་ལུགས་པར་བསྒྱུར་ཡོད། ཡང་སྡེ་རོང་གི་ལུང་རོང་དགོན་ནི་སྔོན་ཆད་བཀའ་བརྒྱུད་པའི་དགོན་པ་ཞིག་ཡིན་ན་ཡང་། ཁང་ཞིས་ཀྱི་དུས་སུ་དགེ་ལུགས་པའི་དགོན་པར་བསྒྱུར། ཁམས་ཤར་ཕྱོགས་ཀྱི་དར་མདོ་རྫོང་གི་ལྷ་མོ་རྩེ་དགོན་པ་ནི། སྔོན་ཆད་བཀའ་བརྒྱུད་པར་གཏོགས་ཤིང་། ཕྱིས་སུ་ཆིང་གི་དུས་མགོར་དུས་གཟིར་གྱིས་འཇིག་ཅིང་། སྤྱི་ལོ1667ལོར་བསྐྱར་གསོ་གནང་ཞིང་ཕྱིས་སུ་དགེ་ལུགས་པར་བསྒྱུར་བ་དང་རྒྱལ་དབང་ལྔ་བ་མཆོག་གིས་དགའ་ལྡན་སྒྲུབ་འཕེལ་གླིང་ཞེས་པའི་མཚན་བསྩལ་ཡོད་པ་རེད། སོག་དམག་གི་སྟོབས་ཤུགས་ལ་བརྟེན་ནས་བཙན་གྱིས་དགེ་ལུགས་པར་བསྒྱུར་བ་འདི་གཙོ་བོ་ཁམས་ཕྱོགས་ཀྱི་ཡུལ་གྲུར་བྱུང་ཡོད་པ་ལས། མདོ་སྨད་ཀྱི་ས་ཆར་ཐབས་ལམ་འདི་འདྲ་བེད་སྤྱད་བཏང་མེད་པ་ཡང་སྐབས་དེའི་མདོ་ཁམས་ཀྱི་ས་གནས་ཀྱི་གྲུབ་མཐའ་ཁག་གི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་གནས་སྟངས་སོགས་ལ་འབྲེལ་བ་དམ་ཟབ་ཡོད་པར་འདོད།
     གསུམ། དགོན་རྙིང་བསྐྱར་འཛུགས་དང་རྒྱ་བསྐྱེད་བཏང་ནས་དགེ་ལུགས་པར་བསྒྱུར་བ། དགེ་ལུགས་པའི་གྲུབ་མཐའ་ནི་བོད་གངས་ཅན་ལྗོངས་སུ་དར་པའི་གྲུབ་མཐའ་ཆེས་རྗེས་མ་དེ་ཡིན་པ་དང་། དགེ་ལུགས་པ་མདོ་ཁམས་ཡུལ་དུ་མ་དར་པའི་སྔོན་དུ་རྙིང་མ་དང་།ས་སྐྱ། བཀའ་བརྒྱུད་སོགས་གྲུབ་མཐའ་གཞན་པ་ཡུལ་གྲུ་དེ་དག་ཏུ་དར་ནས་དགོན་སྡེ་གང་མང་བཙུགས་ཡོད་པ་རེད། ཡིན་ན་ཡང་དུས་ཀྱི་ཆགས་འཇིག་དང་ཆབ་སྲིད་ཀྱི་གནས་སྟངས་སོགས་ཀྱི་དབང་གིས་དགེ་ལུགས་པ་མདོ་ཁམས་སྨད་དུ་དར་བའི་སྐབས་སུ་གྲུབ་མཐའ་གཞན་པའི་དགོན་སྡེ་མང་པོ་ཞིག་རིམ་གྱིས་ཉམས་རྒུད་དུ་འགྲོ་བཞིན་ཡོད་ཅིང་། དགོན་པའི་རྟེན་དང་བརྟེན་པ་གང་ཡིན་ཡང་ཞིག་གསོ་དང་རྒྱ་བསྐྱེད་གཏོང་བའི་དུས་རབས་ཀྱི་དགོས་མཁོ་མིག་མདུན་དུ་ལྷགས་ཡོད་པ་རེད། དུས་རབས་བཅོ་ལྔ་བའི་ནང་དུ་དགེ་ལུགས་པས་རང་གི་གསར་སྐྱེས་ཀྱི་སྟོབས་ཤུགས་དང་ཕུལ་བྱུང་གི་ཆོས་རྒྱུན་ལ་བརྟེན་ནས་མདོ་ཁམས་ཡུལ་དུ་གྲུབ་མཐའི་མངའ་ཁོངས་རྒྱ་བསྐྱེད་གཏོང་སྐབས། ཡུལ་གྲུ་དེ་དག་ཏུ་ཡོད་པའི་གྲུབ་མཐའ་གཞན་པའི་དགོན་པ་ལ་ཉམས་གསོ་དང་རྒྱ་བསྐྱེད་བཏང་ནས། དེའི་རྨང་གཞིའི་ཐོག་དགེ་ལུགས་པའི་གྲུབ་མཐའི་རྒྱུན་སྤེལ་ཡོད་པ་རེད། དཔེར་ན། ཡུལ་ཤུལ་ཁྲི་འདུ་རྫོང་གི་དགོན་ཆེན་ལབ་དགོན་དགའ་ལྡན་མདོ་སྔགས་བཤད་སྒྲུབ་འཕེལ་རྒྱས་གླིང་ལྟ་བུ་ཡིན་ཏེ། དགོན་པ་འདི་ཕྱིས་སུ་ཡུལ་ཤུལ་ས་ཆའི་དགེ་ལུགས་པའི་དགོན་སྡེ་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་དང་། སྤྱི་ལོ་1419ལོར་དགེ་ལུགས་པར་མ་འགྱུར་བའི་སྔོན་དུ། འདི་གར་ས་སྐྱ་བའི་དགོན་པ་ཆུང་ཆུང་ཞིག་ཡོད། དེ་ཡང་《ལབ་ཆོས་འབྱུང་》དུ་འདི་ལྟར་འཁོད་ཡོད་དེ་“ལོ་ངོ་ཆིག་སྟོང་ཡར་སྔོན་ཙམ་བོན་པོའི་དགོན་པ་ཞིག་ཡིན། དེ་ནས་དུས་རབས་བརྒྱད་པའི་གསང་སྔགས་སྔ་འགྱུར་སྐབས་ནས་བཟུང་ནང་བསྟན་དུ་གྱུར། ཕྱིས་སུ་དུས་རབས་བཅུ་གསུམ་པའི་ནང་ཡོན་རྒྱལ་རབས་ཀྱི་ཏི་ཤྲཱི་སྒ་ཨ་མྱེ་དམ་པས་ས་ལུགས་སུ་བསྒྱུར།”④ ཕྱིས་སུ་རྗེ་ཙོང་ཁ་བའི་དངོས་སློབ་འདན་མ་མཁན་ཆེན་ཡོན་ཏན་དཔལ་གྱིས་ལབ་ས་ཆའི་དཔོན་པོའི་རྒྱབ་སྐྱོར་འོག་ས་སྐྱའི་དགོན་ཆུང་དེ་རྒྱ་བསྐྱེད་བཏང་ནས་འདུ་ཁང་1དང་གྲ་ཤག་6སོགས་བཏབ་སྟེ་ལབ་དགོན་པའི་གཞི་རྒྱ་ཆེ་རུ་བཏང་བ་དང་། དུས་མཚུངས་སུ་གྲུབ་མཐའ་ཡང་དགེ་ལུགས་པར་བསྒྱུར་བ་རེད། ད་ལྟའི་མདོ་སྨད་ས་ཆའི་བིས་མདོ་དགོན་ཆེན་དང་། རོང་བོ་དགོན་ཆེན་སོགས་ཀྱང་དཔེ་དེ་བཞིན་ཡིན་ཏེ། སྤྱི་ལོ1402ལོར་ཙོང་ཁ་བའི་དངོས་སློབ་ཀ་བཞི་བ་ཤེས་རབ་རྒྱལ་མཚན་གྱིས་འདི་གར་དགེ་ལུགས་པའི་དགོན་པ་མ་བཏབ་སྔོན་དུ་ད་ལྟའི་བིས་མདོ་དགོན་པ་ཆགས་ཡུལ་དུ་ཡོན་རྒྱལ་རབས་ཀྱི་སྐབས་སུ་བཞེངས་པའི་ས་སྐྱ་བའི་དགོན་པ་ཆུང་ཆུང་ཞིག་ཡོད་ཅིང་། ཕྱིས་སུ་དགོན་པ་ཆུང་ཆུང་དེ་རྒྱ་བསྐྱེད་བཏང་ནས་ད་ལྟའི་དགེ་ལུགས་པའི་དགོན་པ་འདི་བཏབ་པ་རེད། རོང་བོ་དགོན་ཆེན་ནི་《མདོ་སྨད་ཆོས་འབྱུང་》དུ་“འགྲོ་མགོན་འཕགས་པས་གུར་མགོན་ཆོས་སྐྱོང་དུ་གཏད། སྐྱའི་གསེར་མགོན་དང་ཕྱག་མཁར་གནང་། ཁྱོད་ཨ་མདོར་སོང་། རི་རྡོ་རྗེའི་དབྱིབས་འདྲ་བའི་རྐེད་པར་ཁྱོད་ཀྱི་རིགས་རྒྱུད་ཀྱིས་སངས་རྒྱས་ཀྱི་བསྟན་པ་འཛིན་པའི་དགོས་པ་ཡོད་གསུང་ས་དཀྱིལ་ཏཱ་བེ་ཧུ་དང་མཆོད་ཡོན་དུ་འབྲེལ། ཆོས་སྡེ་ཆེ་ཆུང་བཅོ་བརྒྱད་དང་། དགོན་ཁུག་གི་སར་ཆོས་སྡེ་འདི་བཏབ། ལྷ་ཁང་དང་དུས་གསུམ་སངས་རྒྱས་བཞེངས།”⑤ཞེས་འཁོད་ཡོད་པ་ལྟར། རོང་བོ་དགོན་ཆེན་ཆགས་སའི་གནས་འདིར་ཡོན་རྒྱལ་རབས་ཀྱི་སྐབས་ནས་ས་སྐྱའི་ལུགས་འཛིན་པའི་དགོན་པ་ཆགས་ཡོད་པ་དང་། ཕྱིས་སུ་མིང་རྒྱལ་རབས་ཀྱི་སྐབས་སུ་དགེ་ལུགས་པ་མདོ་སྨད་དུ་དར་ཁྱབ་འགྲོ་དུས་ཤར་སྐལ་ལྡན་རྒྱ་མཚོས་རྒྱ་བསྐྱེད་གནང་ནས་དགེ་ལུགས་པར་ལུགས་བསྒྱུར་བྱས་ཡོད་པ་རེད།
     ལོ་རྒྱུས་ཐོག་ས་སྐྱ་བའི་གྲུབ་མཐའ་དེ་དང་ཐོག་ཡོན་རྒྱལ་རབས་དང་མཆོད་ཡོན་གྱི་འབྲེལ་བར་གྱུར་ཅིང་བོད་ཁམས་ལ་མངའ་དབང་བསྒྱུར་བའི་སྲིད་འཛིན་པར་གྱུར་རྗེས་བོད་ཡུལ་སྟོད་སྨད་བར་གསུམ་དུ་ས་སྐྱའི་ལུགས་ཀྱི་དགོན་སྡེ་འདེབས་འཛུགས་བྱས་ཡོད། མདོ་ཁམས་ཀྱི་ཡུལ་འདི་བོད་དབུས་གཙང་དང་མེས་རྒྱལ་ནང་ས་དང་འབྲེལ་འདྲིས་བྱེད་སའི་འགྲིམ་འགྲུལ་གྱི་ལམ་ཀ་ལྟ་བུར་གྱུར་ཡོད་པས། ས་སྐྱ་བས་དང་ཐོག་ནས་དགོན་པ་མང་པོ་བཏབ་ཡོད་ཅིང་། ཕྱིས་སུ་དགེ་ལུགས་པར་འགྱུར་བའི་གྲུབ་མཐའ་དག་ལས་ས་སྐྱ་བའི་དགོན་པ་ལྷག་ཏུ་མང་བར་མཐོང་། གང་ལྟར་ཀྱང་། དགེ་ལུགས་པས་མདོ་ཁམས་ཀྱི་གྲུབ་མཐའ་གཞན་པའི་དགོན་པར་ཞིག་གསོ་དང་རྒྱ་བསྐྱེད་བཏང་བ་བརྒྱུད་ནས་རིམ་གྱིས་དགོན་པ་དེ་དག་གི་གྲུབ་མཐའ་དགེ་ལུགས་པར་བསྒྱུར་པ་དང་། ཡུལ་གྲུ་དེ་དག་ཏུ་གཞི་རྒྱ་སྔར་ལས་ཆེ་ཞིང་། ཤུགས་རྐྱེན་སྔར་ལས་ཟབ་པའི་དགེ་ལུགས་པའི་དགོན་པ་ཆགས་པར་བྱས་ནས་རི་བོ་དགེ་ལུགས་པའི་བསྟན་པའི་རྗེས་འཛིན་མཁན་དང་དད་ལྡན་མང་ཚོགས་ཀྱི་མངའ་ཁོངས་ལ་རྒྱ་བསྐྱེད་ཆེན་པོ་བཏང་ཡོད་པ་རེད།
     བཞི། ཆོས་འབྲེལ་གྱི་དབང་གིས་དགེ་ལུགས་པར་འགྱུར་བ། རྗེ་ཙོང་ཁ་པས་རྒྱལ་བའི་དགོངས་པར་འཇུག་པའི་ལམ་གྱི་རིམ་པ་གཏན་ལ་ཕབ་པ་དང་འདུལ་བའི་ཁྲིམས་ལ་གཙིགས་ཆེན་ནན་མོ་གནང་བ་ནི་བོད་བརྒྱུད་ནང་བསྟན་ཡང་བསྐྱར་འཕེལ་ལམ་གསར་བ་ཞིག་ཏུ་བཅུག་ཡོད་ཅིང་། དེ་དུས་དགེ་ལུགས་པ་ནི་མདོ་སྔགས་ཀྱི་འཆད་ཉན་དང་ཉམས་ལེན་སོགས་ཀྱི་ཐད་ནས་གཞན་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པར་གྱུར་ཡོད་པས། གྲུབ་མཐའ་གཞན་དག་གི་མཁས་བཙུན་དག་ཀྱང་སེ་འབྲས་དགེ་གསུམ་སོགས་སུ་ཆོས་ཀྱི་བསླབ་པ་དོན་དུ་གཞོལ་པར་ཕེབས་པའི་གནས་ཚུལ་བྱུང་ཡོད། མདོ་ཁམས་སྨད་དུ་ཡང་། རི་བོ་དགེ་ལུགས་པས་རང་ལུགས་འཛིན་པའི་མཁས་ཆེན་མངགས་ཏེ་གྲུབ་མཐའ་གཞན་པའི་དགོན་སྡེར་ཆོས་ཀྱི་འཆད་ཉན་སྤེལ་བ་དང་། ཡང་ན་གྲུབ་མཐའ་གཞན་པའི་དགོན་སྡེའི་མི་སྣ་ཆོས་ཕྱོགས་ནས་སྐྱེད་སྲིང་བྱེད་ཅིང་། མཇུག་མཐར་ཐབས་ལམ་འདི་འདྲ་བརྒྱུད་ནས་དགོན་པ་དེ་དག་དགེ་ལུགས་པར་འགྱུར་ཡོད་པ་རེད། འདི་ནི་ཆོས་འབྲེལ་གྱི་དབང་གིས་དགེ་ལུགས་པར་འགྱུར་བ་ཞིག་ཡིན་ཏེ། མདོ་ཁམས་སུ་འདི་ལྟར་འགྱུར་བའི་དགོན་པ་མང་སྟེ། དཔེ་བཞག་ན་ཡུལ་ཤུལ་ཁྲི་འདུ་རྫོང་གི་འབྲོམ་བུ་དགོན་ལྟ་བུར་མཚོན་ན་དགོན་པས་དང་ཐོག་འབྲི་གུང་བཀའ་བརྒྱུད་ཀྱི་ལུགས་འཛིན་པ་དང་། ཕྱིས་སུ་ལབ་དགོན་པའི་འདེབས་པ་པོ་འདན་མ་མཁན་ཆེན་དགོན་འདིར་ཕེབས་ནས་དགེ་ལུགས་པའི་ཆོས་མང་དུ་གསུངས་པས་རིམ་གྱིས་དགེ་ལུགས་པར་འགྱུར་བ་ལྟ་བུ་ཡིན་ལ། ཡང་མདོ་སྨད་ཡུལ་དུ་གྲགས་ཆེ་བའི་ཅོ་ནེ་དགོན་ཆེན་ལ་མཚོན་ན་ཡང་དང་ཐོག་ས་སྐྱའི་དུས་སུ་ས་སྐྱའི་དགོན་པ་ཞིག་བཏབ་ཡོད་དེ། ཚུལ་དེ་《མདོ་སྨད་ཆོས་འབྱུང་》དུ་“ཅོ་ནེ་དཔོན་གོང་མ་སྤྱང་ཐིའི་དུས་འགྲོ་མགོན་ཆོས་རྒྱལ་འཕགས་པ་ཧོར་སེ་ཆེན་གྱིས་གདན་དྲངས། དེ་དུས་འཕགས་པས་དགོན་གནས་འདི་ཉིད་ས་བཀྲ་ལེགས་ཤིང་དགོན་པ་བཏབ་ན་བསྟན་པ་ལ་ཕན་པར་འདུག་གསུང་ཉིད་ཀྱི་ཞལ་སློབ་ས་སྐྱའི་དགེ་བཤེས་ཤིག་ལ་གཞི་འདིང་དུ་བཅུག རྟེན་བཞེངས་སོགས་ཀྱི་ཞལ་བཀོད་དང་དགོས་ཆས་རྣམས་བསྩལ། གནས་དེར་ཅོ་ཞིང་ཡ་མཚན་ཅན་ཞིག་ཡོད་པ་གཟིགས་པས་དགོན་པའི་མིང་ལ་ཅོ་ནེ་དགོན་ཞེས་ཐོགས་གསུངས་”⑥ཞེས་འཁོད་པ་ལྟར་དང་། མིང་རྒྱལ་རབས་ཀྱི་སྐབས་ཏེ་སྤྱི་ལོ་1459ལོར་ཅོ་ནེ་རྒྱལ་པོ་ཁྲི་རབས་གཉིས་པའི་གཅུང་པོ་ཆོས་རྗེ་རིན་ཆེན་ལྷུན་པོ་མཆོག་དབུས་སུ་ཕེབས་ནས་དགེ་ལུགས་པའི་སྐྱེས་ཆེན་གང་མང་གི་ཞབས་ལ་གཏུགས་ཏེ་མདོ་སྔགས་གསན་སྦྱོང་མཐར་ཕྱིན་པར་མཛད་པ་དང་། ཕྱིར་ལོག་ནས་རང་དགོན་ས་སྐྱ་ནས་དགེ་ལུགས་སུ་བསྒྱུར། རང་ཉིད་ཆོས་ཁྲིར་འཁོད་དེ་དགེ་ལུགས་པའི་བསྟན་པ་བསྐྱངས་ཡོད་པར་གསུངས།
གཉིས་པ། མདོ་ཁམས་ཀྱི་གྲུབ་མཐའ་གཞན་པའི་དགོན་པ་དགེ་ལུགས་པར་འགྱུར་བའི་རེའུ་མིག
     རེའུ་མིག་དང་པོ། མཚོ་སྔོན་ས་ཆའི་དགོན་པ་ཁ་ཤས་དགེ་ལུགས་པར་འགྱུར་བའི་རེའུ་མིག
     རེའུ་མིག་གཉིས་པ། ཀན་སུའུ་ས་ཆའི་དགོན་པ་ཁ་ཤས་དགེ་ལུགས་པར་འགྱུར་བའི་རེའུ་མིག
     རེའུ་མིག་གསུམ་པ། དཀར་མཛེས་ས་ཆའི་དགོན་པ་ཁ་ཤས་དགེ་ལུགས་པར་འགྱུར་བའི་རེའུ་མིག
གསུམ་པ། མདོ་ཁམས་ཀྱི་དགོན་པ་ཁ་ཤས་དགེ་ལུགས་པར་འགྱུར་བའི་དུས་རིམ་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་བཤད་པ།
     ལོ་རྒྱུས་ཀྱི་རྒྱུ་ཆར་དབྱེ་ཞིབ་བྱས་ཚེ། རྗེ་ཙོང་ཁ་བ་ཆེན་མོས་སྤྱི་ལོ་1409ལོར་ལྷ་སའི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་བཙུགས་པ་དང་ལོ་དེར་དགེ་ལུགས་པའི་དགོན་པ་དང་པོ་དགའ་ལྡན་དགོན་པ་བཏབ་པ་ནས་བཟུང་། རྗེ་ཙོང་ཁ་བ་ཡབ་སྲས་དང་བུ་སློབ་ཀུན་གྱིས་བོད་ཁམས་ཀུན་དུ་དགོན་པ་འདེབས་འཛུགས་ཀྱི་འགོ་བརྩམས་པ་དང་། ལྷག་པར་དུ་ཁོང་གི་སློབ་བུ་ཤཱཀྱ་ཡེ་ཤེས་མིང་ཞོན་ཏི་གོང་མས་སྤྱན་དྲངས་ནས་བྱམས་ཆེན་ཆོས་རྗེ་ཡི་ཆོ་ལོ་བསྩལ་བ་དང་། ལམ་བར་དུ་མདོ་ཁམས་ཀྱི་ཡུལ་གྲུ་གང་མང་བརྒྱུད་ནས་ཕེབས་དུས་གྲུབ་མཐའ་གཞན་དག་གི་དགོན་པ་ཁག་དགེ་ལུགས་སུ་བསྒྱུར་བའི་འགོ་བརྩམས་ཡོད། ཕྱིས་སུ་དུས་རབས་བཅུ་དྲུག་པར་སླེབས་དུས་རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོའི་སྐབས་སུ་མདོ་ཁམས་ནས་དགེ་ལུགས་སུ་བསྒྱུར་བའི་ལས་ཀ་མང་དུ་སྤེལ་ཅིང་། དེ་ནས་དགའ་ལྡན་ཕོ་བྲང་བཙུགས་ཏེ་དགེ་ལུགས་པ་བོད་ཀྱི་ཆབ་སྲིད་ཀྱི་བདག་པོར་གྱུར་རྗེས། རྒྱལ་དབང་ལྔ་བའི་བཀའ་ལུང་ལ་བརྟེན་ནས་གྲུབ་མཐའ་གཞན་དག་དགེ་ལུགས་པར་བསྒྱུར་བའི་མཐོ་རླབས་ཤིག་འཕྱུར་ཡོད་པ་རེད། དེ་ཡང་རེ་རེ་ཅུང་ཞིབ་ཏུ་བཀྲལ་ན་གཤམ་གསལ།
     གཅིག  དུས་རབས་བཅོ་ལྔ་པའི་དུས་འགོར་མདོ་ཁམས་ས་ཆའི་གྲུབ་མཐའ་ཁག་དགེ་ལུགས་པར་འགྱུར་ཚུལ། དུས་རབས་བཅོ་ལྔ་བའི་དུས་འགོ་སྟེ། རྗེ་ཙོང་ཁ་བ་ཆེན་མོས་ཐོག་མར་དགེ་ལུགས་པའི་གྲུབ་མཐའ་གསར་དུ་གཏོད་པའི་ལོ་དེ་དག་ཏུ། རྗེ་ཙོང་ཁ་བ་རང་ཉིད་དང་ཁོང་གི་བུ་སློབ་དག་གིས་མདོ་ཁམས་སྨད་ཀྱི་ཡུལ་གྲུ་ཀུན་ཏུ་དགེ་ལུགས་པའི་ས་བོན་སྟོར་བའི་འགོ་བརྩམས་གནང་མཛད་ཡོད་དེ། དེའི་རྒྱུ་མཚན་ནི་མདོ་ཁམས་ཀྱི་ཕྱོགས་ནི་རྗེ་ཙོང་ཁ་བ་རང་གི་ཕྱག་ཡུལ་ཡིན་པ་དང་། དེ་མིན་ཁོང་གི་བུ་སློབ་ཀུན་རྒྱ་ནག་གོང་མར་མཇལ་འཕྲད་དུ་བསྐྱོད་སྐབས་ཀྱི་འགྲིམ་འགྲུལ་གྱི་ལམ་ཀ་སོགས་ཡིན་པར་སྙམ། དེ་དུས་ཕྱག་བཏབ་པའི་དགེ་ལུགས་པའི་དགོན་སྡེ་གཙོ་བོ་ཡང་ཡུལ་ཤུལ་དང་ཙོང་ཆུའི་བཞུར་རྒྱུད་སོགས་སུ་ཆགས་ཡོད་ཅིང་དེ་ཡང་ས་རྒྱུས་དང་འགྲིམ་འགྲུལ་གྱི་ཆ་ནས་སྟབས་བདེ་བ་དང་ཡུལ་ཤུལ་ལ་མཚོན་ན་དབུས་དང་ཁམས། ཨ་མདོ་སོགས་ཀྱི་ས་མཚམས་སུ་ཡོད་པར་བརྟེན་ཡུལ་གྲུ་དེ་དག་གི་དགོན་པ་དགེ་ལུགས་པར་བསྒྱུར་བ་ལ་ཡང་ཆ་རྐྱེན་ཡག་པོ་འཛོམས་ཡོད་པ་རེད། དཔེར་ན། ཁྲི་འདུ་རྫོང་གི་ལབ་དགོན་ཆེན་ནི་རྗེ་ཙོང་ཁ་བས་རང་གི་དབུ་སྐྲ་སོགས་གཟུངས་གཞུག་ཏུ་ཕུལ་ནས་བཞེངས་པའི་འབག་སྐུ་ཞིག་ཕུལ་ནས་རིམ་གྱིས་དགེ་ལུགས་པར་བསྒྱུར་བ་ལྟ་བུ་དང་། ཡང་རྗེ་ཙོང་ཁ་བས་ལྷ་སའི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་བཙུགས་པ་དང་དགའ་ལྡན་དགོན་པ་མ་བཏབ་པའི་ལོ་བདུན་གྱི་སྔོན་དུ། རྗེ་ཙོང་ཁ་བའི་སློབ་མ་དཀའ་བཞི་བ་ཤེས་རབ་རྒྱལ་མཚན་མདོ་སྨད་ཙོང་ཁའི་ཡུལ་དུ་ཕེབས་ནས། དེ་གའི་ས་སྐྱ་པར་གཏོགས་པའི་བིས་མདོ་དགོན་པའི་གྲུབ་མཐའ་བསྒྱུར་ཏེ་བིས་མདོ་དགོན་ཆེན་བཀྲ་ཤིས་ཆོས་འཁོར་གླིང་བཏབ་པ་ལྟ་བུའོ།། དུས་སྐབས་འདིར། ད་དུང་རྗེ་ཙོང་ཁ་བའི་དངོས་སློབ་ཤཱཀྱ་ཡེ་ཤེས་ལ་རྒྱ་ནག་གོང་མས་ཆོས་རྗེ་ཡི་ཐོབ་དང་ཆོ་ལོ་སྤྲད་པས་མཚན་སྙན་ཆེ་བར་རྒྱས་ནས་ཕེབས་ལམ་གྱི་གྲུབ་མཐའ་གཞན་པའི་དགོན་སྡེ་དགེ་ལུགས་པར་བསྒྱུར་ཡོད་པ་རེད།
     ཡིན་ན་ཡང་། དུས་སྐབས་འདིར་རི་བོ་དགེ་ལུགས་པ་བོད་ཁམས་ཡོངས་སུ་རྒྱ་ཆེར་དར་མེད་ལ་ཆབ་སྲིད་ཀྱི་ཕྱོགས་ནས་ཀྱང་རིན་སྤུངས་པ་དང་ཀརྨ་བཀའ་བརྒྱུད་གཉིས་ཀྱིས་བཙིར་གནོན་མང་དུ་བྱས་ཏེ་འཕེལ་རྒྱས་ལ་གེགས་རྐྱེན་མང་པོ་འཕྲད་ཡོད་པས། དུས་སྐབས་འདིར་མདོ་ཁམས་ཀྱི་ཕྱོགས་ནས་དགེ་ལུགས་པར་འགྱུར་བའི་གྲུབ་མཐའ་གཞན་གྱི་དགོན་པའི་གྲངས་ཀ་ནི་ཚད་ཡོད་པ་ཞིག་ཏུ་སྣང་།
     གཉིས། རྒྱལ་དབང་སྐུ་ཕྲེང་གསུམ་པའི་སྐབས་སུ་མདོ་ཁམས་ས་ཆའི་གྲུབ་མཐའ་ཁག་དགེ་ལུགས་པར་འགྱུར་ཚུལ། རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་མཆོག་སོག་རྒྱལ་ཨན་ཐལ་གྱི་གདན་ཞུས་ལྟར་སོག་ཡུལ་དུ་ཕེབས་པ་ནི་རི་བོ་དགེ་ལུགས་པའི་གྲུབ་མཐའ་མདོ་སྨད་ཡུལ་དུ་དར་བའི་གནད་འགག་གི་དུས་སྐབས་ཤིག་ཡིན། དུས་སྐབས་འདིར་རི་བོ་དགེ་ལུགས་པས་རང་གི་སྟོབས་ཤུགས་རྒྱ་བསྐྱེད་གཏོང་ཆེད་ཕྱི་ཡི་ཆབ་སྲིད་ཀྱི་ནུས་ཤུགས་ལ་རྒྱབ་རྟེན་བཅོལ་བ་དང་། སྐབས་དེའི་དགེ་ལུགས་པའི་འཐུས་ཚབ་མི་སྣ་སྟེ་རྒྱལ་བ་བསོད་ནམས་རྒྱ་མཚོ་མཆོག་སྤྱི་ལོ་1577ལོ་དང་། སྤྱི་ལོ་1583ལོ་བཅས་སྔ་རྗེས་སུ་ཐེངས་གཉིས་ལ་སོག་ཡུལ་དུ་ཕེབས་ཤིང་། ལམ་ཞོར་དུ་དུས་ཡུན་རིང་པོར་མདོ་ཁམས་ཀྱི་ཡུལ་གྲུ་མང་པོར་བྱོན་ནས་དགེ་ལུགས་པའི་ཆོས་ཀྱི་འཆད་ཉན་རྒྱ་ཆེར་སྤེལ་བ་དང་། སོག་རྒྱལ་གྱི་སྟོབས་ཤུགས་ལ་བརྟེན་ནས་རི་བོ་དགེ་ལུགས་པའི་གྲུབ་མཐའ་དེ་མདོ་ཁམས་དང་རྒྱ་ཆེ་བའི་སོག་ཡུལ་དང་ཧོར་རིགས་ས་ཁུལ་དུ་དར་སྤེལ་བཏང་ཡོད་པ་རེད། གོང་གི་རེའུ་མིག་ཏུ་གསལ་བ་གཞིར་བཟུང་ན། དེ་དུས་མདོ་ཁམས་ཀྱི་དགོན་སྡེ་མང་པོ་ཞིག་རྒྱལ་དབང་སྐུ་ཕྲེང་གསུམ་པས་རྒྱ་བསྐྱེད་དང་ཞིག་གསོ་བྱས་ཏེ་དགེ་ལུགས་པའི་དགོན་པར་བསྒྱུར་ཡོད། དཔེ་བཞག་ན་དེ་ལས་བཀའ་གདམས་པའི་གྲུབ་མཐའ་འཛིན་མཁན་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་བཏབ་པའི་བྱ་ཁྱུང་དགོན་པ་དེ་ནི་དགེ་ལུགས་པའི་བསྟན་པའི་ཆུ་འགོ་ལྟ་བུར་ངོས་འཛིན་བཞིན་ཡོད་ཅིང་། ཕྱིས་སུ་རྒྱལ་དབང་སྐུ་ཕྲེང་གསུམ་པ་སྤྱི་ལོ་1583ལོར་ཆེད་དམིགས་སུ་སྐུ་འབུམ་ནས་ཆིབས་བསྒྱུར་གནང་སྟེ་བྱ་ཁྱུང་དགོན་པར་ཕྱག་ཕེབས་གནང་བ་དང་། དེ་གར་དགེ་འདུན་གྱི་འདུས་གྲྭ་ལ་ཆོས་གསུངས་ཤིང་དད་ལྡན་མང་པོར་དགེ་སློང་དང་དགེ་ཚུལ་གྱི་སྡོམ་པ་གནང་། དེ་བས་ཀྱང་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་སྐུ་གདུང་ལ་གསེར་གྱི་མཆོད་རྟེན་བཞེངས་པ་དང་། བྱ་ཁྱུང་དགོན་པ་དེ་རིམ་གྱིས་དགེ་ལུགས་པའི་གྲུབ་མཐར་བསྒྱུར་ཏེ། ཕྱིས་ཀྱི་མདོ་སྨད་ཀྱི་རི་བོ་དགེ་ལུགས་པའི་བྱང་གི་དགོན་ཆེན་བཞི་ཡི་ཡ་གྱལ་དུ་གྱུར་ཡོད་པ་རེད།
     གསུམ། རྒྱལ་དབང་སྐུ་ཕྲེང་ལྔ་པའི་སྐབས་ཀྱི་སྔ་རྗེས་སུ་མདོ་སྨད་ས་ཆའི་གྲུབ་མཐའ་གཞན་པའི་དགོན་སྡེ་དགེ་ལུགས་པར་བསྒྱུར་ཚུལ། སྤྱི་ལོ་1612ལོར། གཙང་པ་རྒྱལ་པོ་ཕུན་ཚོགས་རྣམ་རྒྱལ་གྱིས་གཙང་གི་ས་ཆ་ཀུན་བདག་ཏུ་བཟུང་བ་དང་། སྤྱི་ལོ་1618ལོར་གོམ་གང་མདུན་སྤོས་ཀྱིས་དབུས་ཀྱི་ཡུལ་གྲུ་ཕལ་ཆེ་བ་དབང་དུ་བསྡུས་ནས་སྟོབས་ཤུགས་ཆེས་ཆེར་འཕེལ། གཙང་པ་རྒྱལ་པོས་ཀརྨ་བཀའ་བརྒྱུད་དང་འབྲེལ་ནས་སྐབས་དེའི་དགེ་ལུགས་པར་བཙིར་གནོན་གང་མང་བྱས་ཤིང་དགེ་ལུགས་པ་རེ་ཞིག་ལ་ཉེན་ཁའི་གནས་སུ་གྱར་ཡོད་པ་རེད། སྤྱི་ལོ་1639ལོར། དགེ་ལུགས་པས་མཚོ་སྔོན་དུ་ཡོད་པའི་སོག་རྒྱལ་གུ་ཤྲཱི་ཧན་ལ་སྐྱབས་བཅོལ་བ་དང་། དེས་དམག་གི་དཔུང་ཆེན་བཏེགས་ནས་ཁམས་ཕྱོགས་བརྒྱུད་དབུས་གཙང་དུ་བརྟོལ། ལམ་བར་དུ་ཁམས་ཀྱི་བེ་རི་རྒྱལ་པོ་ཆམ་ལ་ཕབ་ཅིང་དེ་གའི་དགོན་པ་མང་པོ་ཞིག་བཙན་གྱིས་དགེ་ལུགས་པར་བསྒྱུར། དེ་བས་མིང་རྒྱལ་རབས་ཀྱི་དུས་མཇུག་དང་ཆིང་རྒྱལ་རབས་ཀྱི་དུས་འགོའི་སྐབས་སུ་རི་བོ་དགེ་ལུགས་པའི་གྲུབ་མཐའ་རིམ་གྱིས་སྟོབས་ཤུགས་ཆེ་རུ་རྒྱས་པ་དང་། བཙན་ཤེད་ཀྱིས་གྲུབ་མཐའ་གཞན་པའི་དགོན་སྡེ་མང་པོ་ཞིག་དགེ་ལུགས་པའི་གྲུབ་མཐར་བསྒྱུར་ཡོད་པ་རེད། དཔེ་བཞག་ན། དབུས་གཙང་གི་ཇོ་ནང་པའི་དགོན་སྡེ་རྟག་བརྟན་ཕུན་ཚོགས་གླིང་དང་ངམ་རིང་དགོན་སོགས་གྲུབ་མཐའ་དེའི་ལྟ་བ་མི་དག་པ་དང་དགེ་ལུགས་པའི་དགྲ་ཟླ་དང་འབྲེལ་འདྲིས་ཡོད་པར་ཁ་གཡར་ནས་བཙན་ཤེད་ཀྱིས་དགེ་ལུགས་པར་བསྒྱུར་བ་དང་། གཞན་ཡང་ཁམས་ཀྱི་ཀརྨ་བཀའ་བརྒྱུད་ཀྱི་དགོན་སྡེ་མང་པོ་ཞིག་གཙང་པ་རྒྱལ་པོ་དང་ངན་འབྲེལ་ཡོད་པར་ཁ་གཡར་ནས་བཙན་ཤེད་ཀྱིས་དགེ་ལུགས་པར་བསྒྱུར་ཡོད་པ་རེད། དུས་སྐབས་འདིར་ཨ་མདོའི་ཡུལ་དུ་དགེ་ལུགས་པའི་དགོན་སྡེ་རིམ་གྱིས་ཇེ་མང་དུ་སོང་ཡོད་པ་དང་དབུས་གཙང་དང་ཁམས་ཀྱི་ས་ཆའི་གྲུབ་མཐའ་གཞན་དག་གི་དགོན་སྡེ་ནང་བཞིན་བཙན་ཤེད་ཀྱིས་ཚུར་བསྒྱུར་མེད་ན་ཡང་། རྒྱལ་དབང་ལྔ་པ་ཆེན་མོ་རྒྱ་ཡུལ་དུ་ཕེབས་པའི་ལམ་དུ་མདོ་སྨད་བརྒྱུད་ནས་འགྲོ་སྐབས། སྔར་ཡོད་ཀྱི་དགེ་ལུགས་པར་བསྒྱུར་བའི་དགོན་སྡེ་དེ་དག་གོམ་གང་མདུན་སྤོས་ཀྱིས་དགེ་ལུགས་པའི་གྲུབ་མཐར་གཏོགས་པར་བྱས་པ་དང་། དེ་དག་ལ་རྒྱ་བསྐྱེད་ཀྱང་གང་ལེགས་ཐོབ་ཡོད་པ་རེད།
བཞི་བ། མཇུག་བསྡུ་བ།
     དུས་རབས་བཅོ་ལྔ་བའི་འགོ་ནས་དུས་རབས་བཅོ་བརྒྱད་པའི་བར། དགེ་ལུགས་པས་བོད་ཡུལ་ཐོག་མཐའ་བར་གསུམ་དུ་རང་གི་གྲུབ་མཐའི་མངའ་ཁོངས་རྒྱ་བསྐྱེད་བཏང་བ་དང་། དེའི་གོ་རིམ་དུ་བླ་བརྒྱུད་དང་ཆོས་བརྒྱུད་རྒྱུ་མཚན་དུ་བྱས་པའམ། ཡང་ན་དྲག་པོའི་དཔུང་གི་སྟོབས་དང་། ཡང་ན་དགོན་རྙིང་བསྐྱར་འཛུགས་དང་རྒྱ་བསྐྱེད་བཏང་བ། ཆོས་འབྲེལ་གྱི་རྒྱུ་མཚན་སོགས་ལ་བརྟེན་ནས་མདོ་ཁམས་ཀྱི་གྲུབ་མཐའ་ཁག་གི་དགོན་སྡེ་མང་པོ་ཞིག་དགེ་ལུགས་པར་བསྒྱུར་ཏེ་དགེ་ལུགས་པའི་གྲུབ་མཐའ་དེ་བོད་ཁམས་ཡོངས་སུ་ས་ཁྱབ་རྡོ་ཁྱབ་ཏུ་འགྱུར་བར་རོགས་འདེགས་ཀྱི་ནུས་པ་མི་དམན་པ་ཞིག་ཐོན་ཡོད་པ་རེད།
     ཟུར་ལྟའི་དཔྱད་གཞིའི་ཡིག་ཆ།
     《ལབ་ཆོས་འབྱུང་།》 ལབ་ཕན་འདུམ་བློ་བཟང་བློ་གྲོས་ཀྱིས་བརྩམས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2010ལོའི་ཟླ་དྲུག་པར།
     《མདོ་སྨད་ཆོས་འབྱུང་།》 བྲག་དགོན་པ་དགོན་མཆོག་བསྟན་པ་རབ་རྒྱས་ཀྱིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1982ལོའི་ཟླ་3པར།
     《ཁམས་ཕྱོགས་དཀར་མཛེས་ཁུལ་གྱི་དགོན་སྡེ་སོ་སོའི་ལོ་རྒྱུས་གསལ་བར་བཤད་པ་ཐུབ་བསྟན་གསལ་བའི་མེ་ལོང་ཞེས་བྱ་བ་བཞུགས།》 ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཆོས་ལུགས་ལོ་རྒྱུས་སོའོ་ཡིས་བསྒྲིགས།
     《དགའ་ལྡན་ཆོས་འབྱུང་བེེཌཱུར་སེར་པོ།》 སྡེ་སྲིད་སངས་རྒྱས་རྒྱ་མཚོས་བརྩམས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 1989ལོ། 
     མཆན་འགྲེལ།
     ①གྲངས་ཀ་འདི་ནི་མཚོ་སྔོན་ཞིང་ཆེན་བསྡོམས་རྩིས་ཅུའུ་ཡི་1996ལོའི་བསྡོམས་རྩིས་ལས་ཁོལ་དུ་ཕྱུང་བ་ཡིན།
     ②རྒྱལ་དབང་སྐུ་ཕྲེང་གསུམ་པས་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་སྐུ་གདུང་མཆོད་རྟེན་ལ་གསེར་རྩི་བྱུགས་ནས་རབ་གནས་མཛད་པར་གྲགས། ③སྤྱི་ལོ་1623ལོར་དགོན་པའི་ཁྲི་བ་བྱམས་པ་གླིང་པས་མཚན་ཉིད་གྲྭ་ཚང་བཙུགས། སྤྱི་ལོ་1747ལོར་སྨན་རམས་པ་ངག་དབང་བཀྲ་ཤིས་ཀྱིས་རྒྱུད་པ་གྲྭ་ཚང་བཙུགས། སྤྱི་ལོ་1797ལོར་ཟི་ན་བླ་མ་ཚུལ་ཁྲིམས་དར་རྒྱས་ཀྱིས་སྨན་པ་གྲྭ་ཚང་བཙུགས་ཤིང་། ཕྱིས་སུ་དུས་འཁོར་གྲྭ་ཚང་དུ་བསྒྱུར། ④ 《ལབ་ཆོས་འབྱུང་》 སྟོད་ཆ། ལབ་ཕན་འདུམ་བློ་བཟང་བློ་གྲོས་ཀྱིས་བརྩམས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2010ལོའི་ཟླ་6པར། ཤོག་ངོས་1པོར་གསལ།
     ⑤⑥ 《མདོ་སྨད་ཆོས་འབྱུང་》 བྲག་དགོན་པ་དགོན་མཆོག་བསྟན་པ་རབ་རྒྱས་ཀྱིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1982ལོའི་ཟླ་3པར། ཤོག་ངོས་303དང་། ཤོག་ངོས་646ལ་གསལ།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...