སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
༄༅།། ལོ་ཙཱའི་གཞུང་ལུགས་གསར་འགྲེལ།
རྩོམ་པ་པོ། ཡེ་ཤེས་དོན་གྲུབ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-5-14 11:41:00 རྩོམ་ཁུངས། བོད་ལྗོངས་ཞིབ་འཇུག ཀློག་གྲངས།
     [ནང་དོན་གདན་བསྡུས།] དེང་གི་ཆར་འཛམ་བུ་གླིང་གི་རིག་གནས་གོང་བུ་གཅིག་ཏུ་སྒྲིལ་བའི་སྣང་ཚུལ་ཤར་དང་འཆར་བཞིན་ཡིན་ཅིང་། རིག་གནས་ཕྱོགས་གཅིག་ཏུ་འདྲེས་ཤིང་ཕན་ཚུན་ཤུགས་རྐྱེན་ཐེབས་ཆེ་བའི་དུས་སྐབས་འདིར་ལོ་ཙཱས་ནུས་པ་རྒྱ་ཆེན་ཐོན་པ་ནི་སྨོས་ཅི་དགོས། དེས་ན་ལོ་ཙཱའི་བྱ་བར་མཐོང་ཆེན་དང་ནུས་པ་ཆེན་པོ་ཐོན་དགོས་ཚེ། ངེས་པར་དུ་ལོ་ཙཱའི་ལག་ལེན་ལ་རྒྱབ་བརྟེན་ཚད་མར་གྱུར་པའི་རིགས་པའི་གཞུང་ལུགས་ཤིག་ཡོད་དགོས་པར་བརྟེན། རྩོམ་ཡིག་འདིར་ལོ་མང་རིང་ལོ་ཙཱ་བྱས་པའི་ཉམས་མྱོང་ལ་བརྟེན་ནས་ལོ་ཙཱའི་གཞུང་ལུགས་ཐད་ཀྱི་རིགས་ལམ་ལ་ཕྱོགས་བསྡོམས་ཀྱིས་བོད་རང་གི་རིགས་གཞུང་གི་ཁྱད་ཆོས་དང་མཐུན་པའི་འགྲེལ་པ་དཔེ་དང་བཅས་བཀོད་ནས་གླེང་བརྗོད་བྱས་ཡོད།
     [བརྡ་ཆད་གཙོ་བོ།] ལོ་ཙཱ། གཞུང་ལུགས། གསར་འགྲེལ།
     [ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] H211.59
     [ཡིག་ཚང་མཚོན་བྱང་།]A
     [རྩོམ་གྱི་གོ་རིམ་ཨང་སྒྲིག]1002 -946X(2015)04-076-10
དང་པོ། ལོ་ཙཱའི་མཚན་དོན།
     ལོ་ཙཱ་ཞེས་པ་ནི་ལེགས་སྦྱར་སཾ་སྐྲི་ཏའི་སྐད་དེ། ལོ་ནི་ལོ་ཀ་སྟེ་འཇིག་རྟེན་དང་། ཙཱ་ནི་ཙ་ཀྵུ་སྟེ་མིག་གོ ལོ་ཙཱ་ཞེས་འཇིག་རྟེན་མིག་གི་དོན་དུ་འཇུག་པ་ཡང་། སྐད་ཡིག་གཉིས་སམ་དུ་མ་ཤེས་ཞིང་། འཇིག་རྟེན་གྱི་ཁྱོན་དུ་རྒྱལ་ཁབ་དང་མི་རིགས་ཡོངས་ཀྱི་རིག་པའི་གནས་ལ་བལྟ་བའི་ཤེས་རབ་ཀྱི་མིག་དང་ལྡན་པའི་ཕྱིར་ན་ལོ་ཙཱ་བར་འཇིག་རྟེན་མིག་ཅེས་བརྗོད། ལོ་ཙཱ་བ་ཞེས་བདག་པོའི་སྒྲ་སྦྱར་ཚེ། ལོ་ཙཱའི་བྱ་བ་སྒྲུབ་མཁན་བྱེད་པོའི་དོན་བསྟན་ཅིང་། ལོ་ཙཱ་བྱ་དང་ལོ་ཙཱ་བྱེད། ལོ་ཙཱ་བྱས་སོགས་བྱ་བ་བསྟན་པའི་མིང་སྦྱར་ན་ལོ་ཙཱའི་བྱ་བ་འདས་མ་འོངས་ད་ལྟ་བཅས་དུས་གསུམ་གྱི་རྣམ་གཞག་གསལ་བའི་དོན། དེ་ལ་ནང་གསེས་སུ་ངག་སྒྱུར་རམ་སྐད་སྒྱུར་དང་ཡིག་སྒྱུར་གཉིས་སུ་དབྱེ་ཆོག་སྟེ།
     ངག་སྒྱུར།
     སྐྱེས་བུའི་ངག་ནས་བརྗོད་པའི་སྐད་རིགས་མི་གཅིག་པའི་དབར་ཕན་ཚུན་ལོ་ཙཱ་བྱེད་པའི་དོན་ལ་ངག་སྒྱུར་རམ་སྐད་སྒྱུར་ཅེས་བརྗོད། དཔེར་ན། ཚོགས་འདུ་འཚོགས་སྐབས་དབུ་ཁྲིད་ཀྱི་གསུང་བཤད་མི་རིགས་གཞན་པའི་སྐད་དུ་དུས་ཐོག་ཏུ་བསྒྱུར་བ་ལྟ་བུ།
     ཡིག་སྒྱུར།
     ཡི་གེའི་རིས་སུ་ཕབ་པའི་རྩོམ་རིགས་སྣ་ཚོགས་ཡིག་རིགས་མི་གཅིག་པའི་དབར་ཕན་ཚུན་ལོ་ཙཱ་བྱེད་པར་ཡིག་སྒྱུར་ཅེས་བརྗོད། དཔེར་ན། “མགར་གྱིས་ཤིང་དེ་རྣམས་ཆུ་འགྲམ་དུ་ཁྱེར་ནས་ཆུ་ལ་བསྐྱུར་བས། རྩ་བ་ལྗི་བས་ཐུར་དུ་སོང་། རྩེ་མོ་ཡང་བས་གྱེན་དུ་ལུས་སོ་”① ཞེས་པའི་འགྱུར་ལ། “噶尔将木头全部运到河边,投入水中,其木头根部那边较重沒入水中,树稍那边较轻浮在水面,由此认出根稍。”②ཞེས་དང་།  དེ་བཞིན་“神化传说,很古很古的时候,世界上分为四大部洲。它们是:东胜神州,西牛贺洲,南瞻布洲,北俱芦洲。”③ཞེས་པའི་འགྱུར་ལ།  “དེ་ཡང་འཇིག་རྟེན་གྱི་ཁམས་འདིའི་ཤར་ན་ལུས་འཕགས་གླིང་དང་། ནུབ་ན་བ་ལང་སྤྱོད། ལྷོ་ན་འཛམ་བུ་གླིང་། བྱང་ན་སྒྲ་མི་སྙན་བཅས་གླིང་བཞི་ཡོད་པ་ལས་” ④ཞེས་བྱུང་བ་ལྟ་བུ་སོགས་སོ།
     མདོར་ན། ངག་སྒྱུར་རམ་སྐད་སྒྱུར་ནི་སྐྱེས་བུའམ་མི་རྣམས་ཀྱི་ངག་ཐོག་ནས་བརྗོད་པའི་སྐད་རིགས་མི་འདྲ་བའི་དབར་ཕན་ཚུན་བརྡ་སྤྲོད་པར་བྱེད་པར་གོ་ཞིང་། དེ་ཡང་སྐད་སྒྱུར་བྱེད་སྐབས་སྔ་མའི་སྐད་ཀྱི་བརྗོད་དོན་ཇི་བཞིན་མཚོན་ཐུབ་དགོས་པ་དང་། ཕྱི་མའི་སྐད་ཀྱང་བརྗོད་བདེ་རྣ་བར་སྙན་པ། ཉན་འདོད་སྐྱེས་ཞིང་མི་ཀུན་ལ་དགའ་བའི་དཔལ་སྟེར་ཐུབ་པ་ཞིག་དགོས་པ་ཡིན། ཡིག་སྒྱུར་ནི་ཡིག་ཐོག་ཏུ་བྲིས་པའི་བརྩམས་ཆོས་རྣམས་མི་རིགས་མི་འདྲ་བའི་ཡི་གེས་ཕན་ཚུན་བསྒྱུར་བར་གོ་ཞིང་། དེ་ཡང་མ་རྩོམ་གྱི་བརྗོད་བྱ་དང་རྗོད་བྱེད་ལུས་སྲོག་རྒྱན་བཅས་ཀྱི་གནད་དམ་པ་རྣམས་མ་ལུས་པར་ཡང་བསྐྱར་མཚོན་པའི་ཚུལ་དུ་བསྒྱུར་ཐུབ་པར་འབད་དགོས་སོ།
     ལོ་ཙཱའི་བྱེད་ལས། 
     ཤེས་བྱ་ཀུན་ལ་གཟིགས་པའི་མིག །རྒྱལ་ཁམས་འགྲིམ་པའི་ལམ་མཁན་དང་། ། རིམ་གནས་མཐུན་པར་སྒྲིལ་བའི་ཟམ། །ཚོགས་གཉིས་ལེགས་བསགས་ཞི་བདེའི་རྒྱུ། །ཞེས་སྐད་ཡིག་དུ་མ་ཤེས་ཤིང་ཕན་ཚུན་བསྒྱུར་བར་ནུས་ཚེ། རྒྱལ་ཁབ་དང་མི་རིགས་མང་པོའི་ཤེས་རིག་ལ་ལྟ་ཀློག་ཐུབ་པའི་ཤེས་རབ་ཀྱི་མིག་དང་ལྡན་པར་གྱུར་བས། ལོ་ཙཱ་ནི་རྒྱལ་ཁབ་དང་ས་གནས་མང་པོར་ཅི་བདེར་འགྲིམ་ཐུབ་པའི་ལག་ཡིག་ལྟ་བུ་དང་། རིག་གནས་མི་གཅིག་པའི་མི་རིགས་དང་རྒྱལ་ཁབ་དབར་གྱི་མཐུན་སྒྲིལ་གྱི་ཟམ་ཆེན་ལྟར་དང་། འཛམ་གླིང་གི་བསམ་དངོས་རིག་པའི་དཔལ་ཕུན་སུམ་ཚོགས་པ་རྣམས་རང་རིགས་ཀྱི་ལུགས་སུ་འདྲེན་པའི་རྡོ་ཁབ་ལེན་ལྟ་བུ་ཡིན་པ་མ་ཟད། འཛམ་བུ་གླིང་གི་རྒྱལ་ཁབ་དང་མི་རིགས་དབར་སྐད་ཡིག་དང་རིག་གནས་མི་གཅིག་པའི་འགལ་རྐྱེན་བསལ་ཏེ་མཐུན་སྒྲིལ་དང་ཞི་བདེའི་ལམ་ཆེན་དུ་འདྲེན་པའི་ཕོ་ཉ་ལྟ་བུ་ཞིག་ཀྱང་ཡིན། དེས་ན་སྐད་ཡིག་དང་རིག་གནས་མི་འདྲ་བའི་དབང་གིས་མིའི་བསམ་བློའི་འཁྱེར་སོ་དང་ལྟ་བ་བཅས་ལའང་ཁྱད་པར་ཡོད་པས། ལོ་ཙཱ་བའི་རྒྱུད་དུ་རིག་གནས་མི་འདྲ་བའི་གནད་དོན་དང་འཕྲད་སྐབས་ཕྱོགས་སུ་ལྷུང་བ་དང་ཆགས་སྡང་གི་གདོན་མ་ཞུགས་པར། ལྷག་བསམ་ཟོལ་མེད་ཀྱིས་མ་ཡིག་གི་བརྗོད་དོན་སྙིང་པོར་དམིགས་པ་དང་། མ་རྟོགས་དང་ལོག་རྟོག་གི་དྲི་མས་མ་གོས་པར། མ་བུ་གཉིས་ཀྱི་བརྗོད་དོན་གཅིག་མཐུན་ཡོང་ཐབས་ལ་འབད་དགོས། དེ་ལྟར་བྱུང་ན་ལོ་ཙཱའི་གནས་ལ་དབང་འབྱོར་བའོ།
     ལོ་ཙཱའི་བརྒྱུད་རིམ་ནི་སླར་ཡང་གསར་རྩོམ་བྱེད་པའི་བརྒྱུད་རིམ་ཞིག་ཡིན་ཞིང་། སྐད་ཡིག་མི་གཅིག་པའི་དབར་ཕན་ཚུན་ལོ་ཙཱ་བྱེད་སྐབས་རིམ་པ་དུ་མ་ཞིག་བརྒྱུད་དགོས་པ་སྟེ། ཐོག་མར་བསྒྱུར་བྱ་གང་ཡིན་པ་དེའི་མ་ཡིག་གི་དོན་ལ་གོ་བ་འཁྲུལ་མེད་དུ་བླངས་ཏེ་ཁོང་དུ་ཆུད་ཐུབ་པར་བྱེད་པ་དང་། བར་དུ་མ་ཡིག་གི་བརྗོད་དོན་བསྐྱར་དུ་མཚོན་པའི་བུ་ཡིག་སྟེ། འགྱུར་མའི་ཚིག་གི་སྦྱོར་བ་བདེ་ཞིང་གོ་སླ་བ་དང་སྙན་ཞིང་འཇེབས་པར་བྱེད་པ། མཐའ་མར་མ་བུ་གཉིས་ཀྱི་བརྗོད་བྱའི་དོན་མཐུན་པར་བྱེད་པ་མ་ཟད། རྗོད་བྱེད་ཚིག་སྦྱོར་ཡང་ཅི་ཐུབ་ཀྱིས་མཐུན་ཐབས་བྱེད་པ། སྐབས་འགར་མ་ཡིག་གི་དོན་དང་མིང་གི་སྦྱོར་བ་སོགས་ལ་འཁྲུལ་གཞི་དང་ཐེ་ཚོམ་གྱི་གཞི་ཡོད་ཚེ། ལོ་ཙཱ་བས་རང་བློས་ཡིན་རློམ་བྱ་མི་རུང་བར་མ་ཡིག་ལྟར་དུ་བསྒྱུར་ཅིང་། དེ་རྗེས་འགྱུར་མའི་ནང་དུ་བར་མཆན་ནམ་དཀྱུས་མཆན། མཇུག་མཚན་བཅས་གང་བདེ་བར་བརྟེན་ནས་དོགས་གཞི་དེ་རིགས་ལ་གསལ་བཤད་རེ་བྱེད་དགོས་པ་བཅས་སོ།
གཉིས་པ། ལོ་ཙཱ་བྱེད་ཐངབས།
     ལོ་ཙཱའི་བྱ་བ་དངོས་སུ་སྤེལ་སྐབས་བེད་སྤྱོད་པའི་ཐབས་ལ་སྤྱི་དང་བྱེ་བྲག་དུ་མ་ཡོད་མོད། སྤྱིའི་ཆ་ནས་དོན་སྒྱུར་དང་ཐད་སྒྱུར། སྒྲ་སོར་འཇོག་དང་སྒྲ་དོན་འདྲེས་མར་བསྒྱུར་བ་སོགས་ཡོད་པའང་གཙོ་བོར་རྩོམ་ལུས་མི་གཅིག་པའི་ཆ་ནས་ཐབས་དེ་དག་ཀྱང་དེར་བསྟུན་གྱིས་ལག་ལེན་བྱ་དགོས་པ་ཡིན། སྤྱིའི་ཆ་ནས་མ་ཡིག་གི་རྩོམ་ལུས་མི་གཅིག་པར་དམིགས་ནས་བེད་སྤྱོད་ཆེ་ཆུང་གི་ཁྱད་པར་མངོན་ལ། བྱེ་བྲག་ཏུ་མིང་ཚིག་བརྗོད་པ་སོགས་ཀྱི་ཆ་ནས་ཀྱང་ཁྱད་པར་ཡོད། མཐར་གཏུགས་ན་ཐབས་དེ་དག་ལས་གང་ཞིག་སྤྱད་ནས་འགྱུར་སྤུས་བཟང་པོའི་ལེགས་འབྲས་གཡུར་དུ་ཟ་བ་བྱུང་ན་དེའི་ཕྱོགས་ལ་འབད་དགོས།
     དོན་སྒྱུར།
     ལོ་ཙཱ་བྱེད་སྐབས་མ་ཡིག་གི་ཚིག་ངོས་ཀྱི་དོན་ཁོ་ན་ཕབ་བསྒྱུར་བྱ་རྒྱུ་ཙམ་མ་ཡིན་པར། མ་ཡིག་གི་རྗོད་བྱེད་ཚིག་གི་ཤུགས་སུ་བསྟན་པའི་དོན་དང་བཅས་པ་ཡང་བསྒྱུར་ཐུབ་པར་བྱ་ཞིང་། དོན་སྒྱུར་གྱིས་འགྱུར་མའི་རྗོད་བྱེད་ཚིག་གི་ཆ་ནས་རིམ་པ་གོང་འོག་བསྣོར་ནས་སྡེབ་ལེགས་པ་དང་སྙན་པོའི་ཡོན་ཏན་ཅི་དགར་འདོན་ཐུབ་ཅིང་། རྩོམ་རིགས་ཀྱི་ཆ་ནས་གཙོ་བོར་སྒྱུ་རྩལ་རྩོམ་ཡིག་ལོ་ཙཱ་བྱེད་ཚེ་དོན་སྒྱུར་གྱི་ཐབས་ཤུགས་ཆེ་བར་བཀོལ་བ་ཡིན། དཔེར་མཚོན་ན། 动物 ལ་སྲོག་ཆགས་དང་། 水果ལ་སིལ་ཏོག 钢骨铁筋ལ་བློ་བརྟན་ཞུམ་མེད།金玉良言ལ་གསུང་གི་བདུད་རྩི། 钢铁意志 ལ་འགྱུར་མེད་སྙིང་སྟོབས། མི་དེ་ཀླད་མེད་ཅིག་རེད་ལ་那人无头脑ཁ་དྲོ། ལོ་བརྒྱ་ཞེས་པར་吉祥,谢谢ཞེས་པ་ལྟར་ཡིན། གལ་ཏེ་དཔེ་འདི་བཞིན་དོན་སྒྱུར་མ་བྱས་པར་ཐད་སྒྱུར་བྱས་ན་འགྱུར་སྐྱོན་བྱུང་བ་དཔེར་ན། 金玉良言ལ་གསེར་དང་གཡང་ཊི་ལྟ་བུའི་ཚིག་བཟང་ཞེས་དང་།钢铁意志ལ་ངར་ལྕགས་ལྟ་བུའི་བློ་སྟོབས་འགྱུར་བ་མེད་པ་ཞེས་ཐད་སྒྱུར་བྱས་པ་དེ་ཉིད་དོན་ལ་རྒྱས་འགྲེལ་བྱས་པའི་ཚུལ་དུ་སྣང་བས། རྒྱུན་པར་དེ་ལྟར་བྱས་ནས་བསྒྱུར་བ་ཉུང་བ་ལྟ་བུའོ། དེས་ན་སྒྱུ་རྩལ་རྩོམ་ཡིག་ལོ་ཙཱ་བྱེད་སྐབས་གཙོ་བོར་དོན་སྒྱུར་གྱི་ཐབས་བཀོལ་བ་དཔེར་ན། 
     “重上战场我亦难,感君情厚通云端。无情白发催寒暑,蒙垢余身仰苦酸。病马也知嘶枥晚,枯蔡更觉怯霜寒。如烟往事俱忘却,心底元私天地宽。”པའི་འགྱུར་དུ། “ཁྱོད་ཀྱི་བརྩོན་སེམས་ཟབ་པར་སྙིང་ནས་མོས། ། ད་ལྟ་གཡུལ་སར་སླར་འགྱེད་ཡེ་ནས་དཀའ། ། དུས་འདས་ན་རྒས་སྐྲ་ལོ་དཀར་པོ་གྱུར། །ཚེ་མཇུག་རང་མྱོང་རྗེས་དྲན་ཡིད་རེ་མུག །རྟ་གཅོང་འཆི་ཁར་སྡུག་སྐད་འཚེར་ཀྱང་འཕྱིས། །རབ་སྨིན་ཉི་གཏད་མེ་ཏོག་སད་ལ་སྐྲག །སྔོན་དོན་ཇི་སྙེད་དྲན་པར་མི་གསལ་ཡང་། ། རང་སེམས་ལྷད་ཀྱིས་མི་བསླད་ཇི་མི་སྙམ། ། ”ཞེས་པ་ལྟར་དང་། དེ་བཞིན“ཀྱེ་ཀྱེ་གསོན་དང་ཡིད་འོང་སྙིང་སྡུག ། འདི་ན་མེ་ཏོག་སྐྱེད་ཚལ་མཛེས་མཛེས། ། ཟིལ་མངར་བདུད་རྩིའི་རོ་བཅུད་མང་མང་། །སྐད་མཐུན་བུང་བའི་ཁྱུ་ཚོགས་མང་མང་། ། དབྱར་ཟླའི་དཔལ་འདི་ཡུད་ཙམ་ཡུད་ཙམ། །”⑤ཞེས་པའི་འགྱུར་དུ། "咬呀请听意中情人,眼前鲜花乐园艳艳,琼浆甘露滋味津津,同声相应蜂群济济,夏令风光为以短暂”ཞེས་པ་ལྟ་བུའོ། 
     ཐད་སྒྱུར།
     བསྒྱུར་བྱ་མ་ཡིག་གི་ཚིག་ངོས་ཀྱི་དོན་མཚོན་ཅིང་། ཚིག་འགྲོས་ཀྱང་མ་ཡིག་དང་ཕྱོགས་མཚུངས་པའི་ཚུལ་དུ་བསྒྱུར་ཏེ། དོན་གོ་སླ་ཞིང་བརྗོད་བདེ་བ་དང་། ཁྱད་པར་རིགས་པའི་གཞུང་ལུགས་ཀྱི་རྩོམ་ཡིག་དང་ཆབ་སྲིད།  ཁྲིམས་ལུགས་ཀྱི་རྩོམ་ཡིག་བསྒྱུར་ཚེ་ཐད་སྒྱུར་ཀྱི་ཐབས་གཙོ་བོར་སྤྱོད་དགོས་ཏེ། དཔེར་མཚོན་ན། 政治 ལ་ཆབ་སྲིད་དང་། 水ལ་ཆུ།  人ལ་མི་ཞེས་འདོད་རྒྱལ་ཐོག་མའི་མིང་སྒྱུར་སྐབས་ཐད་སྒྱུར་གྱི་ཐབས་ལ་བརྟེན་ན་བཟང་བ་དང་། དེ་བཞིན་实事求是ལ་དངོས་ཐོག་བདེན་འཚོལ་དང་། 德才兼备ལ་སྤྱོད་ཡོན་གཉིས་ལྡན། 安定团结ལ་ལྕིང་འཇགས་མཐུན་སྒྲིལ། 谨慎细心ལ་གཟབ་ནན་ཞིབ་ཚགས་ཞེས་པ་ལྟ་བུ་སོགས་ཐད་སྒྱུར་བྱས་ཚེ་མ་ཡིག་གི་དོན་དང་རྣམ་པ་གཉིས་ཆར་ཐད་ཀར་འདྲ་མཚུངས་སུ་བསྒྱུར་ཐུབ། རིགས་པའི་གཞུང་ལུགས་ཀྱི་རྩོམ་ཡིག་སོགས་བསྒྱུར་བར་ཐད་སྒྱུར་གྱི་ཐབས་ནི་མཆོག་ཏུ་བསྔགས་སོ།
     མ་ཡིག་གི་མིང་གི་ཆ་ཤས་སམ་མིང་གི་ཚོགས་སྔ་ཕྱི་དང་གོང་འོག་འོས་འཚམ་གྱིས་བསྣོར་བ་ནི་སྐད་ཡིག་སོ་སོའི་ཁྱད་ཆོས་མི་འདྲ་བས་ཡིན། ཚིག་གི་ཚོགས་སམ་ཕྲེང་བའི་རིམ་པ་གོང་འོག་བསྣོར་བ་ནི་དོན་སྒྱུར་གྱི་དགོས་པ་སྐོང་བའི་ཆེད་དུ་རེད། བརྗོད་པའི་དུམ་བུ་སྔ་ཕྱི་བསྣོར་ནས་བསྒྱུར་བ་ནི་རྩོམ་སྒྱུར་བྱ་བའི་ཆེད་དུ་ཡིན་ནོ། དེས་ན་“གསེར་གྱི་སྦྲང་མ་དེ་ནི་ན་ཚོད་གཞོན་པ། ལང་ཚོ་དར་བ། ཤེས་རབ་གསལ་བ། བློ་གྲོས་ཡངས་པ། གསར་འགྲོག་མེད་པ། རྒྱུ་བ་ལྷོད་པ། གཏོང་ལ་དགའ་བ་ཡིན་ནོ། །གཡུ་སྦྲང་ཡང་གཏོང་ཕོད་ཆེ་བ། ཕན་སེམས་ལྡན་པ།ངང་རྒྱུད་འཇམ་པ། ཆོས་ལ་དཀར་བ། གཡོ་སྒྱུ་མེད་པ། ཕྲག་དོག་དང་མིག་སེར་ཆུང་བ་ཡིན་ནོ། །
     དེ་གཉིས་ཕན་ཚུན་ཡིད་ཤིན་ཏུ་གཅུགས་པའི་ཚུལ་གྱིས་འཛུམ་པའི་བཞིན་དང་། བརྩོན་པའི་ངག་དང་མཐུན་པའི་སྤྱོད་ལམ་གྱིས་འགྲོགས་ཤིང་། ཕན་ཚུན་ཡིད་ཀྱི་ཞེ་འདོད་ཀྱང་གསང་གཏམ་སྨྲ་བ་ནི་འདི་ལྟར་ཞེས་པའི་འགྱུར་ལ།  “金蜂青春年少、凡华正茂、智慧聪明,胸林豁达,未结新交,行止悠闲,爱好施舍。玉蜂性亦乐施,心存济世,秉性温和。喜爱佛法,不谄不诳,嫉妒轻微。他俩彼此情意亲密,笑容微露。爱语温存,同气唱隨,结伴不离,低声倾诉各自心中所怀。” ཞེས་བྱུང་བ་འདིས་སྒྱུ་རྩལ་རྩོམ་རིགས་ཀྱང་ཐད་སྒྱུར་བྱས་པ་ཡོད་པ་རྟོགས་ཐུབ་ལ། དོན་ལ་ཡང་འབྱོར་མོད།  དཔེ་འདི་ལྟ་བུ་ཤིན་ཏུ་ཉུང་བ་ཡིན།
     སྒྲ་སོར་འཇོག་བྱ་ཐབས།
     མི་མིང་ས་མང་དོན་མང་མིང་། ། སོར་འཇོག་སྒྲ་དང་འདྲེས་མར་བསྒྱུར། །མི་མིང་བྱེད་པོའི་མོས་པར་བསྟུན། ། ས་མིང་སྔ་མའི་སྲོལ་ལྟར་བསྒྱུར། ། དོན་སྒྱུར་མེས་པོའི་ལུགས་མཐུན་བྱ། །ཐ་སྙད་སྒྲ་རྣམས་སྒྲོ་སྐུར་དང་། །དོན་མང་འཁྲུལ་བའི་མིང་རྣམས་སྤོངས། །མ་བུ་སྒྲ་གདངས་ཟུར་ཕྱིན་སྦྱར།  །ཞེས་མ་ཡིག་ཁྲོད་ཀྱི་མི་མིང་དང་ས་གནས་ཀྱི་མིང་།  དེ་བཞིན་མ་ཡིག་ནང་དུ་དོན་མང་བསྟན་ཅིང་འགྱུར་མའི་སྐབས་སུ་མིང་གཅིག་གིས་དོན་མཚོན་མི་ཐུབ་པ་དང་དོན་གཞན་དུ་འཁྲུལ་བར་ཉེན་པའི་མིང་རྣམས་མ་ཡིག་གི་སྒྲ་སོར་འཇོག་གིས་བསྒྱུར་བར་བྱ་ལ། མི་མིང་བསྒྱུར་ཚེ་མིང་འདོགས་ཡུལ་གྱི་འདོད་བློར་བསྟུན་ནས་ཐ་སྙད་འདོགས་དགོས་པ་དང་། ས་མིང་ནི་སྔར་གྱི་ལོ་རྒྱུས་ལས་བྱུང་བའི་ཐ་སྙད་ཀྱི་སྒྲ་ལྟར་སྦྱར་ཅིང་།  སྒྲ་སོར་ན་འཇོག་པའི་མ་ཡིག་གི་གི་ཡི་གེའི་སྒྲ་ཟུར་ཕྱིན་པར་འདོན་ལ། འགྱུར་མའི་སྐབས་སུའང་སྒྲ་ཡང་དག་པར་དབབ་དགོས་པ་མ་ཟད། ཐ་སྙད་དེ་དག་དོན་གཞན་སྟོན་པ་དང་བསྟོད་བསྔགས་སམ་དམའ་འབེབས་བྱས་པའི་ཚུལ་དུ་མི་འཇུག་པ་བྱ་དགོས་པ་ཡིན། དཔེར་མཚོན་ན། 老舍是北京人ལ་ལའོ་ཧྲི་ནི་པེ་ཅིན་གྱི་མི་རེད་ཅེས་དང་།  鲁迅是绍兴人ལ་ལུའུ་ཞུན་ནི་ཧྲའོ་ཤིང་མི་རེད།  བཀྲ་ཤིས་དོན་གྲུབ་ལ་扎西顿珠 དབྱངས་ཅན་ལྷ་མོ་ལ་杨金拉姆ཞེས་པ་ལྟ་བུའི་མི་མིང་དང་ས་མིང་གི་སྒྲ་རྣམས་དེ་ལྟར་ཟུར་ཐོན་ཅིང་ཟོར་ཡང་བར་བྲིས་ན་ལེགས་པར་མངོན། གཞན་ཡང་བདེ་སྐྱིད་རྒྱལ་པོ་ལ་康熙ཞེས་དང་། ཐབས་སྐྱོང་རྒྱལ་པོ་ལ་顺治ཀླུ་སྒྲུབ་ལ་龙树ཐོགས་མེད་ལ་无著ཞེས་པ་ལྟ་བུའི་ཐ་སྙད་ཀྱི་སྒྲ་རྣམས་དོན་གཞན་དང་འཁྲུལ་ཉེན་ཆེ་ལ། ཡིག་འབྲུའང་ཟོར་ཡང་པོ་མེད་པས་སྤང་བར་བྱའོ། དེ་བཞིན་“མིང་གི་ཐོག་མ་བློ་ཞེས་བྱ། ། བཟང་པོའི་སྤྱོད་པས་བསྟན་པ་སྐྱོང་། ། གྲགས་པ་ཀུན་ཁྱབ་སྐྱེ་པ་ནི། །འཇམ་དཔལ་ཞིང་གི་བཀོད་པར་འགྲོ ། ”ཞེས་པའི་འགྱུར་ལ། “名字之首是慧字,运用善行护教法;名称遍传其众生,均将进入吉祥剎。"ཞེས་བྱུང་བའི་དཔེ་འདི་ལྟ་བུས་ལོ་རྒྱུས་མི་སྣའི་མིང་དོན་སྒྱུར་བྱས་པའང་ཡོད་སྲིད་པས་སྔར་ཇི་ལྟར་བསྒྱུར་བའི་ཐ་སྙད་རྣམས་སྦྱར་དགོས། བོད་ཡིག་སྐབས་སུ་སྙན་ཚིག་གི་ལམ་ལས་མི་མིང་སྦྱར་ནས་དོན་རྒྱ་ཆེན་བསྟན་ཐབས་བྱས་པའང་དོན་སྒྱུར་གྱི་ཐབས་ལ་བརྟེན་པར་བྱའོ།།
     རྩོམ་རིག་གི་མི་སྣའི་མིང་སྒྲ་དོན་འདྲེས་མས་བསྒྱུར་བ་ནི་བུ་ཡིས་ཀློག་པ་པོས་ཐོས་པ་ཙམ་གྱིས་དོན་གོ་སླ་ཞིང་རྒྱུས་ལོན་ཐུབ་པའི་ཁྱད་ཆོས་ཡོད། དེ་ཡང་孙悟空 ལ་སྤེལ་མགོ་སུན་ཨུ་གུང་ཞེས་དང་། 猪八戒་ལ་དགེ་བསྙེན་ཕག་མགོ་ཅན། 沙和尚ལ་ཧྭ་ཤང་གདོང་ནག་ཞེས་པ་ལྟ་བུས་མཚོན་ཐུབ།
     དེང་སང་རྒྱ་བོད་འབྲེལ་འདྲིས་ཟབ་ཅིང་རྒྱ་བོད་ཕོ་མོ་ལྷན་དུ་ཁྱིམ་ཐབ་བཟུང་ནས་སྐྱེས་པའི་ཕྲུ་གུའི་མིང་ལ་རྒྱ་ལུགས་ཀྱི་རུས་མཚོན་མིང་ཞིག་བོད་མིང་གི་སྔོན་དུ་སྦྱར་བའང་ཡོད་པ་དེ་རིགས་རྒྱ་བོད་ཀྱི་ཐོག་མའི་སྒྲ་ལྟར་ཇི་བཞིན་ཕབ་བསྒྱུར་བྱེད་པ་གལ་ཆེ། དཔེར་ན། 王达哇ལ་ཝང་ཟླ་བ་ཞེས་དང་། 张格桑ལྟོ་ལ་ཀྲང་སྐལ་བཟང་། 李拥珍ལ་ལིས་དབྱངས་སྒྲོན་ཞེས་པ་ལྟ་བུའོ།
     དེང་སྐབས་མ་ཡིག་གི་མི་མིང་གཅིག་ལ་འགྱུར་མིང་མི་གཅིག་པ་དུ་མ་ཞིག་བྱུང་དང་འབྱུང་བཞིན་ཡོད་ཅིང་། དེ་ལྟར་བྱུང་དོན་ནི་ཡུལ་སྐད་མི་གཅིག་པའི་སྒྲ་གདངས་དབང་དུ་སོང་བས་རེད། དཔེར་ན་རེའུ་མིག་ལྟར་ཡིན།
     མ་ཡིག                འགྱུར་མ། ༡          འགྱུར་མ། ༢            འགྱུར་མ། ༣
     རྡོ་རྗེ་རྒྱལ་མཚན།         多吉坚参          多吉嘉称           多尔吉坚木参
     བསོད་ནམས་དར་རྒྱས།           索南达吉            四郎达吉          索特那木达尔吉
     ཀུན་དགའ་སྙིང་པོ།         贡嘎宁布             根噶宁波           滾噶娘吾
     དཔལ་ལྡན་ཡེ་ཤེས།              贝丹益西             巴登益西           毕丹也协
     སྒྲ་སོར་ན་འཇོག་པའི་ཚེ་ངེས་པར་དུ་མ་ཡིག་གི་སྒྲ་ཟུར་ཐོན་ཅིང་། འགྱུར་མའི་སྐབས་སུ་བརྗོད་བདེ་ཟོར་ཡང་བར་བྱུང་བ་ནི་རབ་ཡིན། གོང་གི་འགྱུར་མིང་ལས་འགྱུར་༡ནི་དབུས་གཙང་ཕྱོགས་ཀྱི་སྐད་གདངས་ལྟར་དང་། འགྱུར་༢ནི་ཁམས་ཕྱོགས་ཀྱི་སྐད་གདངས་དང་། འགྱུར་༣ནི་ཨ་མདོའི་ཕྱོགས་ཀྱི་སྐད་གདངས་ལྟར་བསྒྱུར་བ་རེད་འདུགམ་ཡིག་ཁྲོད་ཀྱི་ས་མིང་སྒྱུར་སྐབས་སྔར་ནས་རྒྱུན་ཆགས་པའི་མིང་ཡོད་ན་དེ་ལྟར་བྲིས་ན་ལེགས་ཏེ། དཔེར་ན་གཤམ་གྱི་རེའུ་མིག་ལྟར་ཡིན།
     མ་ཡིག        འགྱུར་མ།
     ལྷ་ས།            拉萨
     དཀར་མཛེས།   甘孜
     ཟི་ལིང་།           西宁
     དར་མདོ།       康定
     峨眉山      གླང་ཆེན་འགྱིང་རི།
     五台山       རི་བོ་རྩེ་ལྔ།
     不丹       འབྲུག་ཡུལ།
     དེ་མིན་“མ་ལུས་རྒྱལ་བའི་སྤངས་རྟོགས་ཡོན་ཏན་ཀུན། །གཅིག་ཏུ་བསྡུས་པའི་ཆོས་དབྱིངས་ཡེ་ཤེས་ཆེ། །ཙན་དན་ལྗོན་ཤིང་རྣམ་པའི་ཟོལ་འཆང་བ། །བགྲང་ཡས་ཞིང་ན་སྲིད་མིན་མཆོག་རབ་རྟེན། ། སྐུ་གསུམ་མི་ཟད་འཕྲིན་ལས་འབུམ་གྱི་མཛོད། ། མཉེས་གཤིན་བྱམས་བརྩེའི་དཔལ་དང་རྩེན་པ་ལས། ། བསོད་ནམས་ཞིང་མཆོག་གླིང་དུ་རྣམ་རོལ་པའི། ། བསྔགས་པ་བརྗོད་ཕྱིར་ཚངས་དབྱངས་གདོང་བཞིར་སྤྲུལ་”ཞེས་པའི་འགྱུར་དུ། 
     “所有诸佛断证之功德, 聚集一起成此法界慧;化作圣树檀为象征,元数刹中此圣地难得;三身乃是亿业之库藏,为赞慈氏喜戏圣地中;最佳福德剎土唯此洲,我愿化作赞佛梵天王。”མ་ཡིག་གི་ཁྲོད་དུ་ས་མིང་སྙན་ཚིག་གི་ལམ་ལ་དྲངས་ཏེ་བརྗོད་པ་དེ་རིགས་འགྱུར་མའི་སྐབས་སུའང་དོན་སྒྱུར་བྱས་པ་དང་སྦྲགས། འགྱུར་མའི་མཇུག་མཆན་ལ་བརྟེན་ནས་དོན་སྒྱུར་བྱས་པའི་དགོས་པ་དང་། སྒྲ་སོར་འཇོག་གི་མིང་གང་དག་ཡིན་ཚུལ་བཅས་འགྲེལ་པ་མདོར་བསྡུས་རེ་བྱའོ། གཞན་ཡང་西沙群岛ལ་ཞི་ཧྲ་གླིང་ཚོམ་ཞེས་དང་།  泰山ལ་རི་བོ་ཐའེ་ཧྲན་ཞེས་པ་ལྟ་བུའི་ས་མིང་འདི་རིགས་ནི་སྒྲ་དོན་འདྲེས་མར་བསྒྱུར་བ་ཞིག་ཡིན་ཞིང་། སྐབས་འགར་དཔེ་ཆའི་མིང་ཡང་འདི་ལྟར་བསྒྱུར་བ་མཐོང་།
     འཕྲི་སྣོན་གྱི་དགོས་པ།
     སྐབས་འགར་མིང་དོན་ཁྱད་པར་ལས། །ཐ་སྙད་སྒྲ་རྣམས་འཕྲི་སྣོན་བྱ། །བརྗོད་བྱའི་དོན་ལྟར་མཚོན་ཐུབ་ཚེ། །སྒྱུར་ཐབས་གནད་དུ་སྨིན་པའི་རྟགས། ། ཞེས་ལོ་ཙཱ་བྱེད་སྐབས་མ་བུའི་ཐ་སྙད་ལ་དོན་རྒྱ་ཆེ་ཆུང་དང་དྲང་ངེས་ཀྱི་ཁྱད་པར་འབྱུང་སྲིད་པས། མ་ཡིག་སྐབས་ཀྱི་ཚིག་ཚོགས་མང་བ་དང་། འགྱུར་མར་ཚིག་རོར་འགྱུར་བ་རྣམས་འོས་འཚམས་ཀྱིས་བསྐྱུར་ནས་འཕྲི་དགོས་པ་དང་། མ་ཡིག་གི་དོན་ཟབ་མོ་བསྟན་པའི་ཐ་སྙད་འགྱུར་མའི་སྐབས་སུ་དོན་ཇེ་གསལ་དུ་འགྲོ་བའི་དགོས་པར་དམིགས་ཏེ་ཐ་སྙད་བསྣན་ནས་བསྒྱུར་བའང་ཡོད། དེ་དག་གིས་མ་ཡིག་གི་དོན་ཇི་བཞིན་མཚོན་ཐུབ་ཚེ་འཕྲི་སྣོན་གནད་དུ་འཁེལ་བ་ཡིན་ནོ།འཕྲི་སྒྱུར་བྱ་ཐབས།མ་ཡིག་སྐྱར་ཟློས་མང་བའི་ཚིག །ཕྲད་དང་རྣམ་དབྱེ་བསྡུ་རུང་བ། །འགྱུར་མ་ཟོར་ཡང་བརྗོད་བདེའི་ཕྱིར། །རྗོད་བྱེད་འཕྲི་རུང་དོན་མ་བརླག །ཅེས་བསྒྱུར་བྱ་མ་ཡིག་གི་སྐབས་སུ་སྐད་ཡིག་གི་ཁྱད་ཆོས་ཀྱིས་ཡིག་ཚོགས་མང་བ་དང་། ཕྲད་དང་རྣམ་དབྱེ་རྒྱས་པར་དྲངས་ཡོད་པར། འགྱུར་མའི་སྐབས་སུ་སྐད་ཡིག་གི་ནུས་པས་མ་ཡིག་ལྟར་ཡིག་ཚོགས་མང་བ་དང་ཕྲད་རྣམ་དབྱེ་མང་པོ་མེད་རུང་མ་ཡིག་གི་བརྗོད་དོན་ཇི་བཞིན་མཚོན་ཐུབ་ན། འགྱུར་མ་ཟོར་ཡང་བ་དང་བརྗོད་བདེའི་ཕྱིར་ཐ་སྙད་འགའ་འཕྲི་ནས་བསྒྱུར་བ་དཔེར་མཚོན་ན། “马克思列宁主义理论和中国革命实际,怎样互相联系呢?拿一句通俗的话来讲,就"有的放矢"。"矢"就是箭, "的"就是靶,放箭要对准靶。”ཞེས་པའི་བོད་འགྱུར་དུ།། “མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་ཀྲུང་གོའི་གསར་བརྗེའི་དོན་དངོས་གཉིས་ཕན་ཚུན་ཟུང་འབྲེལ་ཇི་ལྟ་བྱ་དགོས་ཤེ་ན། གོ་སླ་བའི་ཚིག་གཅིག་གིས་བཤད་ན་འབེན་ཡོད་སར་མདའ་རྒྱག་དགོས་ཞེས་པ་དེ་ཡིན། མདའ་རྒྱག་སྐབས་འབེན་ལ་འཁེལ་བར་བྱ་དགོས་”ཞེས་མ་ཡིག་སྐབས་ཀྱི་"矢"就是箭, "的"就是靶。ཞེས་པའི་ཚིག་ཕྲིས་ནས་བསྒྱུར་མེད་པ་ལྟ་བུའོ།
     སྣོན་སྒྱུར་བྱ་ཐབས།
     ཐ་སྙད་དོན་རྣམས་དོག་ཡངས་དང་། ། ཚིག་རྒྱན་སྦྱོར་ཚུལ་ཁྱད་བྱུང་ཚེ། །མ་ཡིག་ཚིག་ལ་མ་མངོན་བརྡ། ། འགྱུར་མའི་སྐབས་སུ་བསྣན་པར་བྱ། །ཞེས་མི་རིགས་སོ་སོའི་སྐད་ཡིག་གི་ཁྱད་པར་གྱིས་རྩོམ་ཡིག་ཏུ་ཐ་སྙད་དོན་ལའང་རྒྱ་ཆེ་ཆུང་དང་དོག་ཡངས་ཀྱི་ཁྱད་པར་ཆེ་ལ། ཚིག་སྦྱོར་གྱི་རྒྱན་སྦྱོར་ཚུལ་ཡང་མི་གཅིག་པས།  ལོ་ཙཱ་བྱེད་སྐབས་མ་ཡིག་གི་བརྗོད་བྱའི་དོན་ཁ་གསལ་མཚོན་ཆེད་འགྱུར་མའི་སྐབས་སུ་ཐ་སྙད་གསར་པ་བསྣན་ནས་བསྒྱུར་བ་དཔེར་མཚོན་ན། “农业基金必须迅速发展下去。” ཞེས་པའི་འགྱུར་དུ། “ཞིང་དབུལ་ལ་རོགས་སྐྱོར་བྱེད་ཡས་ཀྱི་མ་དངུལ་དེ་ངེས་པར་དུ་མགྱོགས་པོར་མར་སྤྲོད་དགོས་”ཞེས་མ་ཡིག་ནི་སྐབས་སུ་རོགས་སྐྱོར་བྱེད་ཡས་ཞེས་པའི་ཐ་སྙད་མེད་རུང་། འགྱུར་མའི་སྐབས་སུ་མ་དངུལ་གྱི་བྱེད་ལས་ཇེ་གསལ་དུ་མཚོན་པའི་ཆེད་དུ་གསར་དུ་བསྣན་པ་ལྟ་བུའོ། དེ་བཞིན་“缩短同世界发达国家在经济技术方面的差距”ཞེས་པའི་འགྱུར་དུ། “དཔལ་འབྱོར་ལག་རྩལ་ཐད་རང་རྒྱལ་དང་འཛམ་གླིང་ཐོག་དར་རྒྱས་ཆེ་བའི་རྒྱལ་ཁབ་བར་དུ་ཧེ་བག་ཆུང་དུ་གཏོང་དགོས་”ཞེས་མ་ཡིག་གི་སྐབས་སུ་རང་རྒྱལ་ཞེས་པའི་ཐ་སྙད་དངོས་སུ་མི་མངོན་ཡང་འགྱུར་མའི་སྐད་ཡིག་གི་ཁྱད་ཆོས་དང་དོན་ལ་གསལ་ཆ་ཐོན་པའི་དགོས་པར་བསྟུན་ནས་འགྱུར་མིའི་ནང་རང་རྒྱལ་ཞེས་པའི་ཐ་སྙད་གསར་དུ་བསྣན་པ་ལྟ་བུའོ།
     བསྲེས་སྒྱུར་བྱ་ཐབས།
     མ་ཡིག་སྒྲ་གཟུགས་བསྲེས་མའི་གནས། ། འགྱུར་མར་རང་སོར་སྒྲ་གཟུགས་ཟུང་། ། བསྲེས་མར་བསྒྱུར་ཏེ་མཆན་བསྡུས་འགོད། །སྒྲ་གཟུགས་གསོན་ཉམས་དོད་པར་བསྒྱུར། ། ཞེས་བསྒྱུར་བྱ་མ་ཡིག་སྐབས་སུ་སྐབས་འགར་ཡི་གེའི་གཟུགས་ཀྱིས་དོན་མཚོན་པར་བྱས་པ་ཡང་ཡོད་ལ། ཡི་གེའི་སྒྲ་གཟུགས་ལ་དོན་གང་མང་གསོན་ཉམས་དོད་པོར་མཚོན་པའི་དགེ་མཚན་ལྡན་པས། འགྱུར་མའི་སྐབས་སུའང་ངེས་པར་དུ་སྒྲ་གཟུགས་ཟུང་དུ་བསྒྱུར་ཐུབ་པ་དགོས་ཏེ། དཔེར་མཚོན་ན་གཤམ་ལྟར་ཡིན།
     མ་ཡིག         འགྱུར་མ།
     丁字尺 ཐིག་ཤིང་དབྱིབས་ཅན།
     井田制 井དབྱིབས་ཅན་གྱི་ས་ཞིང་།
     阿Q主义     ཨ་Qརིང་ལུགས།
     X射线         འཕྲོ་འོད།
     དཔེ་འདི་ལྟ་བུ་མ་ཡིག་གི་སྐབས་སུ་ཡི་གེའི་གཟུགས་དབྱིབས་དངོས་སུ་བྲིས་ཤིང་དོན་ཡང་དམིགས་བསལ་ཅན་མཚོན་ཐུབ་སྟབས་གསོན་ཉམས་དོད་པོ་ཡོད་རྐྱེན། འགྱུར་མར་ཡང་དེ་ལྟར་བསྒྱུར་ཐུབ་པར་བྱ་ལ། མཆན་བུ་མདོར་བསྡུས་རེ་བཀོད་དེ་གཟུགས་མཚོན་ཡི་གེའི་དོན་ལ་འགྲེལ་བཤད་རེ་བྱའོ། གཞན་ཡང་དཔེ་འདི་ལྟ་བུ་མ་ཡིག་སྐབས་སུ་ཡིག་གཟུགས་ཀྱིས་དོན་མཚོན་པར་བྱས་ན་ཡང་། འགྱུར་མའི་སྐབས་སུ་དོན་སྒྱུར་བྱེད་པའང་ཡོད་པ་དཔེར་ན། ། 十字军ལ་རྒྱ་གྲམ་དམག་ཅེས་དང་། 十字路口ལ་ལམ་བཞི་མདོ་ཁ་ཞེས་པ་ལྟ་བུ་ཡིན། གང་ལྟར་གང་ལ་གང་འཚམ་གྱི་ཐབས་སྤྱོད་ཤེས་པ་དགོས་སོ།།
     འདྲེས་སྒྱུར་བྱ་ཐབས།
     མ་ཡིག་སྒྲ་དོན་འདྲེས་མའི་གནད། །འགྱུར་མར་སྒྲ་དོན་ཟུང་དུ་བསྒྱུར། །གོ་བར་དཀའ་བའི་གནད་འཕྲད་ཚེ། ། དོན་ལ་འགྲེལ་པ་བསྡུས་པ་འཇོག །ཅེས་བསྒྱུར་བྱ་མ་ཡིག་གི་སྐབས་སུ་དོན་མང་ལ་འཇུག་པའི་ཐ་སྙད་དང་། སྒྲ་སོར་འཇོག་བྱས་ཚེ་དོན་མཚོན་མི་ཐུབ་པའི་གནད་དང་འཕྲད་སྐབས་སྒྲ་སོར་འཇོག་དང་དེ་ལ་དོན་སྒྱུར་གྱིས་རམ་འདེགས་བྱེད་པའམ། ཐ་སྙད་ཅིག་གི་དོན་ལ་སྒྲ་སྒྱུར་གྱིས་རམ་འདེགས་བྱེད་པ་སོགས་ཀྱི་ཐོག་ནས་མ་ཡིག་གི་དོན་ཆད་ལུས་མེད་པར་བསྒྱུར་བ་དཔེར་མཚོན་ན། 拉丁设计ལ་ལཱ་ཐིན་གྲུ་བཞི་ཇུས་འགོད། ⑥阿波罗执导计算机ལ་ཨ་ཕོ་ལོ་སྣེ་ཁྲིད་རྩིས་འཁོར་⑦ཞེས་པ་ལྟ་བུ་མ་ཡིག་གི་སྒྲ་དོན་འདྲེས་མ་ལྟར་འགྱུར་མའི་སྐབས་སུའང་དེ་དང་མཐུན་པར་བསྒྱུར་བ་ལྟ་བུའོ།
གསུམ་པ། ལོ་ཙཱའི་ཚད་རབ་འབྲིང་ཐ་གསུམ།
     ཡིག་སྒྱུར་བཟང་ངན་ལེགས་ཉེས་ཀྱི་ཚད་ནི་འགྱུར་མའི་སྤུས་ཚད་བཟང་ངན་ལས་རྟོགས་ཏེ། འགྱུར་སྤུས་རབ་འབྲིང་ཐ་གསུམ་གྱི་ཚད་ཇི་ལྟར་འབྱེད་ཅེ་ན།
     དེའང་བསྒྱུར་བྱ་མ་ཡིག་གི་བརྗོད་དོན་ཆད་ལྷག་མེད་ཅིང་། འགྱུར་མ་ཀློག་པའི་ཚེ་མ་ཡིག་ལ་བལྟས་པ་ལྟར་དོན་རྣམས་གཅིག་ཏུ་སྣང་བ་དང་། ཀློག་པ་པོ་ཀུན་གྱི་བློ་ངོར་ཐུན་མོང་དུ་མ་ཡིག་གི་དོན་དངོས་ཡིན་པ་ལྟར་དུ་གྲགས་པ་དང་། རྗོད་བྱེད་ཚིག་གི་ཆ་ནས་ཀྱང་མ་བུ་གཉིས་ཀའི་ཁྱད་ཆོས་གཅིག་ཏུ་འདུས་ཤིང་། བརྗོད་བདེ་བ་དང་སྙན་ཞིང་འཇེབས་ལ་ཚིག་རྒྱན་གྱི་ཉམས་ཀྱང་དོད་པའི་འགྱུར་མ་ཞིག་ཡིན་ཚེ། འགྱུར་སྤུས་རབ་ཀྱི་ཚད་དུ་ཟིན་པ་ཡིན་ཏེ། དཔེར་མཚོན་ན་《ཐང་སི་ན་བླ་མའི་རྟོགས་བརྗོད་》དང་《གཏམ་པདྨའི་ཚལ་གྱི་ཟློས་གར་》ལྟ་བུ་སོགས་མང་ངོ་། དེ་བཞིན་བསྒྱུར་བྱ་མ་ཡིག་གི་དོན་ཡང་དག་མཚོན་ཐུབ་ཅིང་། བརྗོད་བདེ་ཞིང་གོ་སླ་བ་དང་། བརྡ་འཕྲོད་པ་ཞིག་བྱུང་ཡོད་ནའང་། རྗོད་བྱེད་ཚིག་སྦྱོར་གྱི་ཉམས་འགྱུར་ཇི་བཞིན་མཚོན་ཐུབ་མེད་ན། དེ་ནི་འགྱུར་འབྲིང་གི་ཚད་ཙམ་དུ་ཟིན་པ་ཡིན་ཏེ། དཔེར་མཚོན་ན།《རྭ་ལོའི་རྣམ་ཐར་》རྒྱ་འགྱུར་མ་དང་ཐང་རྒྱལ་རབས་ཀྱི་སྙན་ཚིག་བོད་འགྱུར་མ་འགའ་ལྟ་བུའོ། འགྱུར་སྤུས་ཐ་མ་ནི། ལོ་ཙཱ་བ་རང་ཉིད་མཐོང་ཐོས་ཀྱི་རྒྱ་ཆུང་ཞིང་། བསྒྱུར་བྱ་མ་ཡིག་གི་སྐད་དང་ཡི་གེའི་གནས་ལ་བྱང་ཆ་མ་ཐོན་པས་མ་ཡིག་གི་དོན་ལ་གོ་ལོག་ཐེབས་ཤིང་།  རིགས་ལམ་ཡང་འཆུག་ཅིང་རྗོད་བྱེད་ཚིག་གྲུབ་ཀྱི་གོ་རིམ་ནོར་བ་སོགས་འགྱུར་མའི་སྐབས་སུ་མ་ཡིག་གི་དོན་རྣམས་ཉམས་པ་དང་། དོན་སྔ་ཕྱི་འགལ་བ། སྡེབ་སྦྱོར་མི་ལེགས་པ་སོགས་སྐྱོན་གྱི་དྲི་མས་སྦགས་པ་ཞིག་ཡིན་པས།   དེ་ནི་ལོ་ཙཱ་བ་རྣམས་ཀྱིས་འཛེམ་བྱ་ཡིན་ཏེ། དཔེར་མཚོན་ན། 《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》དང་《ཚངས་དབྱངས་རྒྱ་མཚོའི་གསུང་མགུར་》སོགས་རྒྱ་འགྱུར་མ་འགྱུར་སྐྱོན་དུ་སོང་བ་གང་མང་ཡོད་པ་ལྟར་རོ།
     བཏུས་སྒྱུར་བྱ་ཐབས།
     མ་ཡིག་དོན་གྱི་བཅུད་བཏུས་ནས།  །གཞུང་དོན་ཆ་ཚང་མ་བསྒྱུར་བར། །ཉེར་མཁོའི་དོན་གྱི་གནད་བསྒྱུར་བ། ། དོན་བསྡུས་གནད་མཚོན་བཏུས་སྒྱུར་ཐབས། ། ཞེས་སྐབས་འགར་དགོས་པའི་དབང་གིས་བསྒྱུར་བྱ་མ་ཡིག་གི་གཞུང་དོན་ཆ་ཚང་བར་བསྒྱུར་མི་དགོས་པ་དང་། གཞུང་གང་ཞིག་གི་ཆ་ཤས་ཙམ་དང་ནང་དོན་གནད་བསྡུས་ཙམ་བསྒྱུར་བའི་ཐབས་ལ་བཏུས་སྒྱུར་བྱ། ཐབས་འདི་བེད་སྤྱད་ནས་མ་ཡིག་གི་དོན་གནད་ཇི་བཞིན་བསྡུས་པ་ལྟར་དུ་བསྒྱུར་བ་དཔེར་མཚོན་ན། 《ཐང་སིན་བླ་མའི་རྟོགས་བརྗོད་》དང་《ཐོག་ཁང་དམར་པོའི་རྨི་ལམ་》བོད་འགྱུར་མ་དང་། 《ཆོས་འབྱུང་མཁས་པའི་དགའ་སྟོན་》རྒྱ་འགྱུར་མ་ལྟ་བུའོ།།
     རྩོམ་སྒྱུར་བྱ་ཐབས།
     རྒྱ་ཆེན་གཞུང་དོན་གཞིར་བཟུང་ཞིང་། ། ཚིག་འགྲོས་བཀག་རྒྱ་ལས་བསྒྲལ་ཏེ། ། ལོ་ཙཱས་སླར་ཡང་བརྩམས་པ་ལྟར། ། གཞུང་དོན་ཆ་ཚང་བསྒྱུར་བའི་ཐབས། ། ཞེས་རྩོམ་གཞུང་གང་ཞིག་གི་བརྗོད་དོན་སྤྱིར་གཞིར་བཟུང་ནས་མ་ཡིག་གི་ཚིག་འགྲོས་དང་སྒྲིག་གཞིའི་གོ་རིམ་ལ་མ་བལྟོས་པར། འགྱུར་མའི་རིགས་ལམ་དང་ཀློག་མཁན་ལ་སྟབས་བདེ་བསྐྲུན་རྒྱུ་སོགས་ཀྱི་དགོས་པར་བསྟུན་ནས་ལོ་ཙཱ་བས་བསྐྱར་དུ་བརྩམས་པའི་ཚུལ་དུ་བསྒྱུར་བ་ལ་རྩོམ་སྒྱུར་ཅེས་བྱ། དེ་ཡང་མ་ཡིག་གི་བརྗོད་དོན་གོ་རིམ་ཇི་ལྟར་བསྣོར་རུང་བརྗོད་དོན་སྙིང་པོ་བོར་མི་རུང་སྟེ། དཔེར་མཚོན་ན།《པདྨ་བདུད་འདུལ་གྱི་རྣམ་ཐར་》རྒྱ་འགྱུར་མ་ལྟ་བུ་སོགས་སོ།།
     འགྱུར་ཞུས་བྱ་ཐབས།
     འགྱུར་ཞུས་ཐོག་མཐའ་བར་གསུམ་དགོས། །ཐོག་ཞུས་ཚིག་དོན་གོ་བར་དཔྱད། །བར་ཞུས་འགྱུར་མ་གོ་བདེར་བྱ། ། ཞུས་ཆེན་དོགས་སེལ་གཅིག་གྱུར་བྱ། །ཞེས་ལོ་ཙཱའི་བྱ་བ་ལེགས་གྲུབ་བྱུང་རྗེས་འགྱུར་མར་ཞུས་དག་རིམ་པ་གསུམ་ཙམ་མ་མཐར་ཡང་གཏོང་དགོས་ཏེ། མ་ཡིག་གི་ནང་དོན་རྣམས་ཇི་བཞིན་དུ་འགྱུར་མར་མཚོན་ཐུབ་ཡོད་མེད་ལ་མ་ཡིག་དང་གོ་བསྡུར་བྱས་ནས་ལེགས་པར་བརྟག་ཅིང་། གོ་ལོག་དང་ཐེ་ཚོམ་གྱི་གནས་རྣམས་དག་བཅོས་བྱ་རྒྱུ་ནི་འགྱུར་ཞུས་ཀྱི་རིམ་པ་དང་པོ་དང་། དེ་ནས་བར་ཞུས་ཀྱི་སྐབས་སུ་འགྱུར་མའི་ཚིག་སྦྱོར་བདེ་མིན་དང་ཀློག་མཁན་གྱི་ཚུལ་དུ་འགྱུར་མའི་ཚིག་རྒྱན་སོགས་ཀྱི་གནད་ལ་བརྡར་ཤ་གཅོད་ཅིང་། མཐའ་ཞུས་སྐབས་ཞུས་ཆེན་གྱིས་འགྱུར་མའི་དོན་གྱི་དོགས་གནད་དང་བརྡ་དག་གི་ཆ་ལ་འཁྲུལ་གཞི་ཡོད་མེད་སོགས་ལ་བརྟག་ཅིང་དཔྱད་ནས་ཡང་དག་པར་བཅོས་དགོས་སོ།།
     དཔར་ཞུས་བྱ་ཐབས།
     དམར་ཞུས་བསྐྱར་ཞུས་ཡང་ཞུས་བཅས། །དཔར་ཞུས་སྐབས་ཀྱི་རིམ་པ་བཞིན། ། དམར་ཞུས་མ་དཔེར་བསྡུར་ནས་དཔྱད། །ཡང་ཞུས་ཚིག་དོན་ཡང་ཡང་བརྟག །བསྐྱར་ཞུས་སྒྲ་གཟུགས་ཆད་ལྷག་དང་། །ཐ་སྙད་བརྗེ་ལེན་ཆད་གསབ་བཅས། །མ་ཡིག་ཚིག་དོན་བྱང་ཆུབ་ཅིང་། །འགྱུར་མ་མཁྱེན་དཔྱོད་བློ་གྲོས་ཅན། །ལོ་པཎ་ལྷན་འཛོམས་ཞུས་དག་མཛད། །ཅེས་དཔར་ཞུས་ནི་ལོ་ཙཱའི་བྱ་བ་ལས་མཇུག་མཐའི་བྱ་བ་ཞིག་ཡིན་ཞིང་། ལོ་ཙཱའི་བྱ་བ་ཁྱོན་ཡོངས་ནས་ལེགས་འགྲུབ་ཡོང་བར་མི་ཐབས་མེད་པའི་བརྒྱུད་རིམ་གལ་ཆེན་ཞིག་ཀྱང་ཡིན། དཔར་ཞུས་ཀྱི་དམིགས་ཡུལ་ཡང་འགྱུར་མ་སྤུས་དག་ཞིག་ཀློག་མཁན་རྣམས་ཀྱི་སྤྱན་ལམ་དུ་འབུལ་ཐུབ་ཐབས་བྱ་རྒྱུ་དེ་ཡིན། དེའི་བརྒྱུད་རིམ་ཡང་ཐོག་མར་དམར་ཞུས་ཞེས་འགྱུར་མའི་མ་དཔེ་དང་བསྡུས་བྲིས་ཕན་ཚུན་བསྡུར་ནས་ཞུས་དག་གཏོང་བ་དང་། དེ་རྗེས་ཡང་ཞུས་ཞེས་ཚིག་དོན་ལ་ཞུས་དག་ཐེངས་དུ་མ་གཏོང་པ། མཐའ་མ་བསྐྱར་ཞུས་ཀྱི་སྐབས་སུ་བསྡུས་བྲིས་ཟིན་པའི་ཡིག་གཟུགས་གཅིག་གྱུར་བྱུང་ཡོད་མེད་དང་ཆད་ལྷག་ཡོད་མེད། ཚིག་དོན་མ་དཔེ་ལྟར་བྱུང་ཡོད་མེད་བཅས་ལ་བརྟག་པ་སོགས། ཞུས་མཁན་ནི་མ་ཡིག་གི་དོན་ལ་བྱང་ཆུབ་ཅིང་། འགྱུར་མའི་རྩོམ་འབྲི་དང་རིགས་པའི་གཞུང་ལུགས་ལ་མཁྱེན་དཔྱོད་ཀྱི་བློ་གྲོས་རྒྱས་པའི་ལོ་ཙཱ་བ་དང་པཎྜི་ཏ་ལྷན་དུ་གདན་འཛོམས་ཀྱིས་མཛད་དགོས་སོ། །
     ལུང་འདྲེན་དཔྱད་ཡིག
     ①《རྒྱལ་རབ་གསལ་བའི་མེ་ལོང་》ཤོག་ངོས་༡༠༣ལས་དྲངས། མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན།
     ②陈庆英、仁庆泽仁译注:《王统世系明鉴》p83,辽宁人民出版社。
     ③吴庆先编:《唐僧取经》吉林人民出版社p1 
     ④《ཐང་སིན་བླ་མའི་རྟོགས་བརྗོད་》 ཤོག་ངོས་༡ལས་དྲངས། དོན་ཡོད་རྣམ་རྒྱལ་གྱིས་བསྒྱུར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན།
     ⑤《གཏམ་པདྨའི་ཚལ་གྱི་ཟློས་གར་》ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོས་མཛད། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་དཔར་དུ་བསྐྲུན།
     ⑥《རྒྱ་བོད་དབྱིན་གསུམ་ཤན་སྦྱར་རང་བྱུང་ཚན་རིག་མིང་བརྡའི་དཔེ་ཚོགས》ལས་རྫས་འགྱུར་རིག་པའི་སྐོར་གྱི་ཤོག་ངོས་༢༩༨ན་གསལ།
     ⑦《རྒྱ་བོད་དབྱིན་གསུམ་ཤན་སྦྱར་རང་བྱུང་ཚན་རིག་མིང་བརྡའི་དཔེ་ཚོགས་》ལས་རྩིས་འཁོར་རིག་པའི་སྐོར་གྱི་ཤོག་ངོས་༡ན་གསལ།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...