སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
༄༅།།ཁམས་ཕྱོགས་ལི་ཐང་རྫོང་བཞག་མ་ཐང་དགེ་ལྡན་བཤད་སྒྲུབ་ཆོས་གླིང་གི་བྲག་ཕུག་ནས་རྙེད་པའི་ཡིག་རྙིང་སྐོར།
རྩོམ་པ་པོ། གུང་སྲོང་། དགེ་འདུན། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-5-20 9:14:00 རྩོམ་ཁུངས། ཀྲུང་གོའི་བོད་རིག་པ། ཀློག་གྲངས།
     ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་ཁམས་ཕྱོགས་ལི་ཐང་རྫོང་བཞག་མ་ཐང་དགོན་པའི་རང་བྱུང་བྲག་ཕུག་ནས་རྙེད་པའི་གསེར་བྲིས་དང་དངུལ་བྲིས་ཡིས་གཙོས་ཕྱག་བྲིས་ཡིག་རྙིང་ཐོར་བུར་བརྟག་དཔྱད་དུ་ཕྱིན་པའི་གནས་ཚུལ་མདོར་བསྡུས་དང་ཐོག་མའི་དཔྱད་འབྲས་ཕྲན་ཚགས་ཟིན་བྲིས་སུ་བཏབ་སྟེ། རྒྱལ་ཁབ་ཕྱི་ནང་གི་བོད་རིག་པའི་ཞིབ་འཇུག་པ་རྣམས་ལ་ཡིག་རྙིང་གལ་ཆེན་དུ་མ་ངོ་སྤྲོད་བགྱིས་ཡོད།
     བརྡ་ཆད་གཙོ་བོ། ཁམས་ཕྱོགས་ལི་ཐང་། བཞག་མ་ཐང་དགོན་པ། གསར་རྙེད་ཡིག་རྙིང་ཐོར་བུ། བརྟག་དཔྱད།
     ཀྲུང་གོའི་དཔེ་དེབ་དབྱེ་རྟགས། K281
     ཡིག་ཚང་མཚན་བྱང་།  A
     རྩོམ་གྱི་གོ་རིམ་ཨང་སྒྲིག 1002-9060-2014-01-0085-12
གླེང་གཞི།
     སྤྱི་ལོ་2012ལོའི་ལོ་སྨད་དུ། ཁམས་ཕྱོགས་ལི་ཐང་རྫོང་བཞག་མ་ཐང་བཤད་སྒྲུབ་ཆོས་གླིང་གི་སྐད་གཉིས་སྨྲ་བའི་དགེ་བའི་བཤེས་གཉེན་ཆེན་མོ་བཞག་པ་རིན་པོ་ཆེ་སྐུ་ཕྲེང་བཞི་པ་མཆོག་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གིས་གདན་ཞུས་ལྟར་ཕེབས་ཏེ། བོད་རྒྱ་སྐད་རིགས་གཉིས་ཀྱིས་ནང་རིག་པའི་སྐོར་གྱི་བཀའ་གསུང་མཛད་པའི་གོ་སྐབས་ཐོབ་པ་ནི་ངེད་སློབ་གླིང་གཙོས་སློབ་ཆེན་ཡོངས་ཀྱི་དགེ་སློབ་རྣམ་པའི་བསོད་ནམས་ཀྱི་སྐལ་བར་སྨིན། དགེ་སློབ་ཐམས་ཅད་ཁོང་གི་རིག་སྟོབས་ལ་ངོ་མཚར་བ་དང་རྗེས་སུ་ ཡི་རང་ཞིང་བཅོས་མིན་སྙིང་ནས་དགའ་དད་མཚར་གསུམ་གྱི་མེ་ཏོག་ཕུལ་བ་དང་ལྷག་བསམ་རྣམ་པར་དག་པས་ཁོང་ལ་ཐུགས་རྗེ་ཞུས་ཤིང་སླད་ཕྱིན་ཡང་ཁོང་ཉིད་རང་རེའི་སློབ་གླིང་དུ་ཕེབས་ཏེ་བཀའ་ཁྲིད་མང་དུ་གསུང་རྒྱུའི་རེ་འདུན་ཞུས། ཁོང་ནས་ཀྱང་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་དགེ་རྒན་རྣམས་ཀྱིས་བོད་ཀྱི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་དང་དེང་རབས་རིག་གནས་ཅི་ནུས་ནང་འདྲེན་སྒོས་ཁྲིད་རྒྱུན་མང་དུ་སྤེལ་བར་མཐའ་གཅིག་ཏུ་ཧུར་བརྩོན་བྱེད་བཞིན་པའི་ཚུལ་དང་། བོད་ཡིག་ཆེད་ལས་ཀྱི་དངོས་གཞིའི་སློབ་མ་དང་ཞིབ་འཇུག་སློབ་མ་རྣམས་ཀྱིས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་སྦྱངས་བརྩོན་ནན་ཏན་བྱས་དང་བྱེད་བཞིན་པའི་ངང་ཚུལ་སོགས་གཟིགས་ཤིང་ཐུགས་ཤིན་ཏུ་དགྱེས་ཏེ། མ་ཞུས་སྐུ་དངོས་ཀྱིས་ཕྱོགས་གང་མང་ནས་རྒྱབ་སྐྱོར་མཛད་རྒྱུའི་ཁས་འཆེས་པ་དང་མྱུར་དུ་ཕྱག་བསྟར་མཛད་པར་མ་ཟད། ལོ་འགའི་སྔོན་ལ་བཞག་མ་ཐང་བཤད་སྒྲུབ་ཆོས་གླིང་གི་རང་བྱུང་བྲག་ཕུག་ནས་ཡིག་རྙིང་ཐོར་བུ་བརྒྱ་ཕྲག་ལྷག་གསར་རྙེད་བྱུང་བ་ཐམས་ཅད་དག་བསྒྲིགས་བྱས་ན་ལེགས་ཚུལ་གྱི་བཀའ་གསུང་མཛད། སྤྱི་ལོ་2013ལོའི་ཟླ1ཚེས12ཉིན། ངེད་སློབ་ཆེན་དགུན་གནང་བཏང་བ་དང་བསྟུན་ནས་སྨྱུག་ཐོགས་པ་གཉིས་ཐོག་མར་ཁམས་ཕྱོགས་ལི་ཐང་རྫོང་བཞག་མ་ཐང་བཤད་སྒྲུབ་ཆོས་གླིང་དུ་གསར་རྙེད་ཡིག་རྙིང་དེ་དག་ལ་རྒྱུས་ལོན་དང་བརྟག་དཔྱད་བྱེད་པར་ཆེད་དུ་ཕྱིན་པ་ཡིན།  
དང་པོ། དཀར་མཛེས་ལི་ཐང་བཞག་མ་ཐང་དགེ་ལྡན་བཤད་སྒྲུབ་ཆོས་གླིང་།  
     ཁམས་ཕྱོགས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཡོངས་སུ་བསྡོམས་པས་རྫོང་19ཡོད་ལ། རྙིང་མ་པ་དང་། ས་སྐྱ་པ། བཀའ་བརྒྱུད་པ། དགེ་ལུགས་པ། བོན་གྱི་དགོན་པ་བཅས་གྲུབ་མཐའ་སོ་སོར་གཏོགས་པའི་དགོན་སྡེ་བསྡོམས་པས་532ཡོད། བྱེ་བྲག་ཏུ་ལི་ཐང་རྫོང་ཡོངས་ལ་ལི་ཐང་དགོན་ཆེན་གཙོས་དགེ་ལུགས་པའི་དགོན་སྡེ་26དང་། ས་སྐྱ་པའི་དགོན་སྡེ་15དང་། རྙིང་མ་པའི་དགོན་སྡེ་7དང་། བོན་གྱི་དགོན་སྡེ་1བཅས་བསྡོམས་པས་དགོན་སྡེ49ཡོད།①བཞག་མ་ཐང་དགེ་ལྡན་བཤད་སྒྲུབ་ཆོས་གླིང་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་ཇོ་བོ་ཡུལ་ཚོའི་བཞག་མ་ལུང་ཆེན་གྱི་ལུང་འགག་ཏུ་ཆགས་འདུག  དགོན་པ་འདི་ནི་“སྤྱི་ལོ1303ལོར་ཡོན་རྒྱལ་རབས་ཀྱི་ས་སྐྱའི་དབུ་བླ་ཨང་བཅུ་པ་བླ་མ་བཟང་པོ་པ་ལྷ་སར་ཕེབས་དུས་ཡུལ་དེ་བརྒྱུད་སྐབས་ཐོག་མར་བཏབ་པར་གསུངས་”②པས་ལོ་ངོ་བདུན་བརྒྱ་ལྷག་གི་ལོ་རྒྱུས་ཡོད། ལུང་བ་དེ་ནི་ཤར་ནས་ནུབ་ཏུ་ཕྱོགས་པའི་ལུང་ཆེན་ཞིག་ཡིན་ལ། ལུང་བ་དེར་བཞག་པའམ་བཞག་མ་ལུང་བ་ཟེར། བཞག་པ་གྲོང་ཚོ་གཙོས་གྲོང་ཚོ་བཅུ་ལྷག་ཤར་ནས་ནུབ་ཀྱི་ལུང་འགྲམ་གཡས་གཡོན་དུ་ཆགས་ཤིང་། ལུང་བའི་དཀྱིལ་དུ་ཆུ་ཆེན་དྭངས་གཙང་ཆལ་ཆིལ་དུ་འབབ་ཀྱིན་མཆིས། ཡུལ་དེའི་མི་རྣམས་ཆོས་དད་ཆེ་ཞིང་ངང་རྒྱུད་བཟང་། ཞིང་ལས་གཙོ་བོར་གཉེར་ཞིང་ནོར་གནག་ཀྱང་འཚོ། བུད་མེད་རྣམས་ཀྱི་མགོ་སྐྲའི་རྒྱན་ཆ་འདོགས་ཚུལ་སོགས་ལ་འབྲོག་ཁུལ་གྱི་ཁྱད་ཆོས་མངོན་པར་ལྡན། ཡུལ་ལྗོངས་དེ་ནི་རི་མཐོ། ས་གཙང་། ཡུལ་བཟང་། ནགས་སྟུག་པ་སོགས་ས་ཡི་དགེ་བཅུ་ཡོངས་སུ་ཚང་བའི་གནས་ཁྱད་པར་བ་ཞིག་ཡིན། ཡུལ་དེར་ཆགས་པའི་དགོན་པའི་མིང་ལ་བཞག་མ་ཐང་དགོན་པའམ་མ་ཐང་དགོན་ཟེར་ཞིང་དགེ་ལུགས་པའི་དགོན་སྡེ་ཞིག་ཡིན།  
     བཞག་མ་ཐང་དགོན་པ་ལ་ཆགས་ཡུལ་གཉིས་ཏེ་སྟོད་ཀྱི་ཆ་དང་སྨད་ཀྱི་ཆ་སྟེ། སྟོད་ཀྱི་ཆ་ནི་དགོན་རྙིང་ཡིན་ལ་བཞག་མ་ལུང་ཆེན་གྱི་ནུབ་ཕྱོགས་ཀྱི་སྒྲོལ་མའི་རི་སྐེད་དུ་ཆགས་ཤིང་ཕྱོགས་བཞིར་བྲག་རི་དང་ནགས་ཀྱིས་བསྐོར་ཅིང་ཡུལ་ལྗོངས་ཉམས་དགའ་བ་ཞིག་ཡིན། དགོན་པའི་རྟེན་གཙོ་ནི་“ཇོ་བོ་ང་འགྲོ་གསུང་འབྱོན་”ཡིན། དེ་ནི་“སྔོན་ཆད་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཁམས་ཀྱི་རྟེན་སྐལ་ཞིག་བྱོན་དགོས་པས་སུ་བྱོན་ཞུས་སྐབས། ཇོ་བོ་འདིས་ང་འགྲོ་གསུངས་ནས་བཞག་མ་ཐང་དགོན་པར་གདན་དྲངས་”③པར་གསུངས། ལོ་རྗེས་མར་དགོན་རྙིང་གསར་བཞེངས་བྱེད་པའི་འཆར་གཞི་རྒྱ་ཆེར་བཀོད་འདུག སྟོད་ཀྱི་གནས་དེ་ནི་དགུན་དུས་ཡིན་ཡང་ཁ་དབུགས་བཟང་ཞིང་རི་ལུང་ཀུན་ལ་ཤིང་སྟག་པ་དང་གསོན་ཤིང་ནགས་ཀྱིས་བསྐོར་བ་དང་སྔོ་ལྗང་ལོ་འདབ་རྣམ་པར་བཀྲ་བས་དབྱར་ཁའི་དུས་ཤིག་ཡིན་སྙམ་པའི་ཚོར་བ་ཤུགས་དྲག་སྐྱེས། སྨད་ཀྱི་གནས་དེ་ནི་དགོན་གསར་ཡིན་ཞིང་བཞག་མ་ལུང་བའི་ལུང་འགག་ཏུ་ཆགས་ཡོད། དགོན་སྨད་ཀྱི་ཚོགས་ཆེན་འདུ་ཁང་ཆེན་མོ་སོགས་གསར་བཞེངས་ལེགས་གྲུབ་འབྱུང་བའི་སྒང་ཡིན་ཞིང་རྟེན་གཙོ་ནི་རྗེ་འཇམ་པའི་དབྱངས་ཡིན། ནང་པའི་ཆོས་ལ་དད་མོས་ཆེ་ཞིང་གཏོང་ཕོད་ཆེ་བའི་ནང་སའི་སྦྱིན་བདག་ཆེན་མོ་ཏུའུ་ཆིན་ཧྲན་(杜请山)དང་ཏུའུ་ཆིན་པའོ་(杜清波)སྤུན་མཆེད་གཉིས་ཀྱིས་བཞེངས་སྐྲུན་འཆར་གཞི་ལོ་ལྔ་དང་མ་དངུལ་དམངས་སྐོར་དུང་ཕྱུར་གསུམ་འབུལ་རྩིས་ཡོད་ཅིང་། མ་དངུལ་ཕྱེད་ཀས་གཞི་ཁྱོན་ཆེ་ཞིང་གསེར་འོད་ལམ་ལམ་དུ་འཕྲོ་བའི་དགོན་གསར་གྱི་རྣམ་པ་ཡོངས་སུ་གྲུབ་འདུག  འདུ་ཁང་ཆེན་མོའི་མདུན་ཕྱོགས་དང་གཡས་གཡོན་དུ་ཁང་གསར་གཉིས་བརྩེགས་ཅན་དོ་མཉམ་ཞིང་གྲལ་དག་པ་དང་དེང་རབས་ཀྱི་ཁྱད་ཆོས་ཡོངས་སུ་ཚང་བའི་མལ་ཁང་དང་འགྲུལ་ཁང་། མལ་ཁྲི་དང་མལ་སྟན། དཔེ་སྒམ་དང་མདུན་ཅོག ས་གདན་དང་ཅ་ལག དྲོད་རླུང་དང་མཐིལ་ཤིང་། ཁྲུས་ཁང་དང་གསང་སྤྱོད་ཁང་བཅས་ཁང་པ་གཅིག་ཏུ་འཛོམས་པའི་གྲྭ་ཤག་བདུན་ཅུ་ལྷག་ལེགས་པར་བསྐྲུན་ཡོད། གྲྭ་ཤག་རེར་གྲྭ་པ་གཉིས་ནས་གསུམ་རེ་བཞུགས་ཡོད། དགོན་པའི་ཇ་ཁང་གི་གཞི་རྒྱ་ཆེ་ཞིང་ཇ་ཐབ་སོགས་ཡོ་བྱད་ཐམས་ཅད་དེང་རབས་ཅན་ཡིན་ལ།  བོད་ཟས་དང་རྒྱ་ཟས་སོགས་ཟས་རིགས་སྣ་མང་ལྡན། ཇ་མ་གཉིས་ཡོད་ཅིང་ནང་སའི་གཡོས་སྦྱོར་ལག་རྩལ་ཡོངས་སུ་ཚང་། གྲྭ་པ་རྣམས་ཀྱིས་ཟས་རིན་མེད་པའི་སྒོ་ནས་བཟའ་བཏུང་ལ་རོལ་བ་དང་། ཐ་ན་དཀར་ཡོལ་དང་ཇ་ནེ་སོགས་ཀྱང་བཀྲུ་མི་དགོས་པར་མཐའ་གཅིག་ཏུ་ཐོས་བསམ་ལ་བརྩོན་བཞིན་པས། སློབ་ཆེན་དག་གི་ཇ་ཁང་ལས་ཀྱང་ཆ་རྐྱེན་ལེགས་ཤིང་འཕྲོད་བསྟེན་བཟང་བ་དང་ཐོས་བསམ་གྱི་ཁོར་ཡུག་ལེགས་པོ་འདུག བཞག་མ་ཐང་དགོན་པར་གྲྭ་པ་རྒན་གཞོན་དར་གསུམ་བསྡོམས་པས་བརྒྱ་དང་ཉི་ཤུ་ལྷག་མཆིས། གྲྭ་བ་མང་ཤོས་ནི་ཐ་སྙད་རིག་གནས་དང་མདོ་སྔགས་རིག་གནས་སྦྱང་བར་སྐྱེད་བསྲིང་གི་མདུན་ལམ་ཡོད་པའི་བན་དེ་ལོ་དྲུག་ནས་བཅོ་ལྔ་ཡས་མས་ཡིན།  
     བཞག་མ་ཐང་དགོན་པའི་མཁན་པོ་ནི་བཞག་པ་རིན་པོ་ཆེ་སྐུ་ཕྲེང་བཞི་པ་དགེ་ལེགས་མཁས་གྲུབ་འཇམ་དཔལ་རྒྱ་མཚོ་མཆོག་ཡིན། ཁོང་ནི་སྤྱི་ལོ་1968ལོའི་ཟླ་10པའི་ཚེས་6ཉིན་(ལུགས་རྙིང་གེ་ཟླ་8པའི་ཚེས་15ཉིན།)བཞག་པ་གྲོང་སྡེར་སྐུ་བལྟམས། དགུང་ལོ་8པར་དགེ་བཤེས་ཁྲི་ལེགས་རོལ་དབྱངས་ཀྱི་སྤྱན་སྔར་རབ་ཏུ་བྱུང་ཞིང་མཚན་ལ་དགེ་ལེགས་མཁས་གྲུབ་འཇམ་དཔལ་རྒྱ་མཚོ་ཞེས་གསོལ།  དགུང་ལོ་17སྟེང་དཀོན་བསོད་རིན་པོ་ཆེ་དང་ཡེ་ཤེས་དབང་ཕྱུག་རིན་པོ་ཆེ་གཉིས་ཀྱིས་ལི་ཐང་དགོན་ཆེན་གྱི་བཞག་པ་རིན་པོ་ཆེ་སྐུ་ཕྲེང་གསུམ་པ་ངག་དབང་བློ་བཟང་བསྟན་འཛིན་སྦྱིན་པའི་ཡང་སྲིད་དུ་ངོས་འཛིན་མཛད། ཁོང་གིས་སྔ་ཕྱིར་དགེ་བའི་བཤེས་གཉེན་སུམ་ཅུ་ལྷག་བསྟེན་ནས་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་བཅས་ལ་སྦྱངས་པ་དཔྱིས་ཕྱིན་མཛད། “བཞག་པ་རིན་པོ་ཆེའི་སྐུ་ཕྲེང་དང་པོ་ནི་ཕོ་ཉ་དགེ་བཤེས་ཆེན་མོ་ཡིན་པ་དང་། སྐུ་ཕྲེང་གཉིས་པ་ནི་རྗེ་བཙུན་སྦྱིན་པ་ཆོས་དར་ཡིན། སྐུ་ཕྲེང་གསུམ་པ་ནི་ངག་དབང་བློ་བཟང་བསྟན་འཛིན་སྦྱིན་པ་(ལི་ཐང་དགོན་ཆེན་གྱི་མཁན་རབས་གྱ་གསུམ་པ།)ཡིན། སྐུ་ཕྲེང་གོང་མ་རྣམས་ཀྱི་རྣམ་ཐར་ཞིབ་རྒྱས་མེད་ཅིང་མིག་སྔར་གསར་རྩོམ་བྱེད་བཞིན་ཡོད་”④པར་གསུངས། སྤྱི་ལོ་1994ལོར། བཞག་པ་རིན་པོ་ཆེ་སྐུ་ཕྲེང་བཞི་པ་མཆོག་བཞག་མ་ཐང་དགོན་པའི་མཁན་པོར་བཞུགས། སྤྱི་ལོ་1995ལོར། རང་རེའི་རྒྱལ་ཁབ་ཀྱིས་བཞག་པ་རིན་པོ་ཆེ་སྐུ་ཕྲེང་བཞི་པར་དངོས་སུ་ངོས་འཛིན་མཛད་ཅིང་གསེར་ཁྲིར་མངའ་གསོལ། སྤྱི་ལོ་2001ལོ་ནས་2003ལོར། པེ་ཅིན་སློབ་ཆེན་གྱི་ཆོས་ལུགས་སློབ་གླིང་དུ་སངས་རྒྱས་ཆོས་ལུགས་ཞིབ་འཇུག་འཛིན་གྲྭར་ཞུགས། སྤྱི་ལོ་2002ལོར། ལི་ཐང་དགོན་ཆེན་གྱི་མཁན་རབས་གོ་གསུམ་པར་མངའ་གསོལ་ཞིང་ནང་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ལ་མཐའ་གཅིག་ཏུ་གཞོལ། སྤྱི་ལོ་1992ལོ་ནས་རྒྱ་སྐད་དང་རྒྱ་ཡིག་བསླབ་འགོ་ཚུགས། སྤྱི་ལོ་2002ལོ་ནས་བཟུང་ནང་ཁུལ་ཤར་བྱང་གི་ཏ་ཆིན་དང་ཧྲིན་དབྱང་གཉིས་སུ་རྒྱ་སྐད་དང་རྒྱ་ཡིག་ལ་བརྟེན་ནས་ནང་སའི་དད་ལྡན་རྣམས་ལ་ཆོས་ཀྱི་སྦྱིན་པ་རྒྱ་ཆེར་གནང་ཞིང་གནང་མུས་སུ་དེང་གི་བར་དུ་བཞུགས།  གསུང་རྩོམ་ལ《དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་རྣམ་ཐར་ཆེན་མོ་ལུང་རིགས་རྒྱ་མཚོའི་གཏེར་མཛོད་》སོགས་བོད་རྒྱ་ཡིག་རིགས་གཉིས་ཀྱིས་མཛད་པའི་བསྟན་བཅོས་ཆེན་པོ་དང་བསྒྱུར་གཞུང་སོགས་མང་དུ་བཞུགས།  
     བཞག་པ་རིན་པོ་ཆེ་སྐུ་ཕྲེང་བཞི་པ་མཆོག་ནི་ལུང་གི་ཆོས་གསུང་རབ་ཡན་ལག་བཅུ་གཉིས་དང། རྟོགས་པའི་ཆོས་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་ལ་མངའ་བརྙེས་ཤིང་། མདོ་སྔགས་ཀྱི་གཞུང་ཚིག་བློ་ལ་འཛིན་པའི་ཤེས་རབ་དང་། ཐོས་བསམ་བསྐོམས་པའི་ཤེས་རབ། འཆད་རྩོད་རྩོམ་པའི་ཤེས་རབ། ཟབ་གསལ་མྱུར་ཆེའི་ཤེས་རབ་དཔག་མེད་མངའ་བས། རྒྱལ་བའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་དང་། ས་ཁུལ་དང་མི་རིགས་དབྱེར་མེད་ཀྱི་དད་ལྡན་རྣམས་ལ་ཆོས་ཀྱི་སྦྱིན་པ་གཡེལ་མེད་དུ་གནང་བཞིན་བཞུགས། ཁོང་ནི་ད་ལྟ་ལི་ཐང་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་དང་། ལི་ཐང་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ལི་ཐང་རྫོང་དམངས་ཆེན་གྱི་ཀྲུའུ་རིན་གཞོན་པ། སི་ཁྲོན་ཞིང་ཆེན་སངས་རྒྱས་ཆོས་ལུགས་མཐུན་ཚོགས་གྱི་རྒྱུན་ལས་ལས་འཛིན་པ། ཀྲུང་གོའི་ཆོས་ལུགས་ཚོགས་པའི་ལས་འཛིན་པ། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྲིད་གྲོས་ཀྱི་ཨུ་ཡོན། ཏ་ཆིན་གྲོང་ཁྱེར་གྱི་སངས་རྒྱས་ཆོས་ལུགས་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ། ཧྲིན་དབྱང་རྒྱལ་སྐྱོང་ཆོས་འཁོར་གླིང་གི་མཁན་པོ་དང་སྒྲ་སྒྱུར་གླིང་གི་སྐད་གཉིས་སྨྲ་བའི་ལོ་ཙཱ་པ། ཀྲུང་གོའི་མི་དམངས་སློབ་ཆེན་གྱི་མགྲོན་བཞུགས་སློབ་དཔོན་ཆེན་མོ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་མགྲོན་བཞུགས་སློབ་དཔོན་ཆེན་མོ། མཚོ་སྔོན་བོད་ལུགས་གསོ་རིག་སློབ་གླིང་གི་མགྲོན་བཞུགས་སློབ་དཔོན་ཆེན་མོ་སོགས་ཀྱི་འགན་བཞེས་ཡོད་ལ། ནང་པའི་བསྟན་པ་ཡུན་རིང་དུ་གནས་ཕྱིར་མདོ་རྒྱུད་རིག་གནས་ཉམས་པ་སོར་ཆུད་དང་མི་ཉམས་གོང་སྤེལ་ཐད་ལ་ཉིན་མཚན་དབྱེར་མེད་དུ་ཐུགས་བརྩོན་མཛད་ཀྱིན་མཆིས། ཁྱད་པར་ལི་ཐང་དགོན་ཆེན་གྱི་མཁན་རབས་སོ་གསུམ་པ་དང་བཞག་མ་ཐང་དགོན་པའི་མཁན་པོར་བཞུགས་ཏེ་འགྲོ་དོན་རྒྱ་ཆེན་མཛད་པར་མ་ཟད། རིག་གསར་སྐབས་རྩ་བ་ནས་གཏོར་བཤིག་བཏང་བའི་ནང་སའི་ཤར་བྱང་གི་དགེ་ལུགས་པའི་དགོན་པ་ཏ་ཆིན་ཕུན་ཚོགས་རྣམ་དག་གླིང་(大庆正觉寺)དང་ཧྲིན་དབྱང་རྒྱལ་སྐྱོང་ཆོས་འཁོར་གླིང་(沈阳白塔寺)གཉིས་བསྐྱར་བཞེངས་ལེགས་གྲུབ་མཛད་ཅིང་དད་ལྡན་ཁྲི་ཕྲག་དུ་མར་མདོ་སྔགས་གཉིས་ཀྱི་ཆོས་ཀྱི་སྦྱིན་པ་རྒྱ་ཆེར་གནང་མུས་སུ་བཞུགས་སོ།།   
གཉིས་པ། བཞག་མ་ཐང་དགེ་ལྡན་བཤད་སྒྲུབ་ཆོས་གླིང་གི་དཔེ་རྙིང་ཐོར་བུ།  
     ལི་ཐང་རྫོང་བཞག་མ་ཐང་དགོན་པའི་ཉེ་འདབས་ཀྱི་རང་བྱུང་བྲག་ཕུག་ནས་གསར་རྙེད་བྱུང་བའི་ཡིག་རྙིང་སྐོར་ལ། གསེར་བྲིས་དང་དངུལ་བྲིས། གྲོ་གའི་ཡིག་བྲིས། བོད་ཤོག་ཡིག་བྲིས་སོགས་ཡིག་རྙིང་འབོར་ཆེན་བཞུགས། ཡིད་ཕམ་པ་ནི་གསེར་བྲིས་དང་དངུལ་བྲིས་འབོར་ཆེན་ཕུད། ལོ་རྒྱུས་སོགས་དང་འབྲེལ་བའི་ཡིག་རྙིང་ཁག་རྙིང་རལ་དང་ཁ་འཐོར་དུ་སོང་འདུག་པས་ཀློག་མི་བདེ་བ་དང་ཞིབ་འཇུག་བྱ་རྒྱུ་ཅུང་ཁག་པོ་འདུག ཡིན་ནའང་། ཡིག་རྙིང་ཐོར་བུའི་ཤོག་ལྷེ་སོ་སོ་གུང་བསྒྲིགས་ཏེ་དཀར་ཆག་བསྒྲིགས་རྗེས་ཞིབ་འཇུག་བྱེད་པ་ཡིན་ན། ཞིབ་འཇུག་བྱ་བདེ་ཞིང་ཡིག་རྙིང་དེ་དག་གི་རིན་ཐང་ཡང་སྔོག་འདོན་ངེས་ཅན་བྱ་ཐུབ་ངེས་ཡིན།  
གཅིག  ཡིག་རྙིང་གི་རིགས་དབྱེ་ངོ་སྤྲོད།
     བཞག་མ་ཐང་དགོན་པ་ནས་གསར་རྙེད་བྱུང་བའི་གསེར་བྲིས་དང་དངུལ་བྲིས་ཀྱིས་གསར་རྙེད་ཡིག་རྙིང་སྤྱིའི་བརྒྱ་ཆའི་གོ་ལྔའི་ཡན་ཟིན་ཅིང་། བརྒྱ་ཆའི་ལྔ་ཡས་མས་ཀྱི་ཡིག་རྙིང་ཐོར་བུ་དག་ནི་ཕྱག་བྲིས་ཤ་སྟག་ཡིན་ཞིང་། ནང་དོན་གྱི་ཆ་ནས་གནའ་བོའི་བོད་ཀྱི་ལོ་རྒྱུས་སྐོར་དང་། དཔོན་སློབ་བར་གྱི་འཕྲིན་ཡིག  ནང་པའི་གཞུང་དོན་འགྲེལ་བ།  ཡིག་གཟུགས་སྣ་ཚོགས་མཆིས་པ་བཅས་ཡིན།  
1.གསེར་བྲིས་དང་དངུལ་བྲིས་ཀྱི་སྐོར།  
     གསེར་བྲིས་དང་དངུལ་བྲིས་སྐོར་གྱི་ནང་དོན་ནི་ཕར་ཕན་དང་གཟུངས་འདུས་སོགས་ཡིན་ཞིང་བོད་ཤོག་སྔོན་པོ་དང་ནག་པོ་ཤས་ཆེ། སྲིད་ལ་ཁྲི་གང་དང་ཕྱེད་ཀ་ཡས་མས་དང་ཞེང་ལ་ཁྲི་ཕྱེད་ཀ་ཡས་མས། ཡིག་བྲིས་ཐམས་ཅད་དབུ་ཅན་ཡིན་ལ་ཡིག་གཟུགས་མཛེས་ཤིང་ཡི་གེ་ཅུང་ཆེ་བས་ངོས་གཅིག་ལ་ཡིག་འབྲུ་ལྔ་བཅུ་ལས་མི་འདའོ།།  དེ་དག་ནི་བོད་ཁམས་ཕལ་མོ་ཆེར་ཉར་ཚགས་བྱས་ཡོད་པ་དང་གཅིག་མཚུངས་ཡིན་པར་སྙམ་ཡང་། བྱེ་བྲག་ཏུ་ཞིབ་འཇུག་བྱེད་པའི་གོ་སྐབས་བྱུང་ན། འགྱུར་ཞུས་སྐབས་གང་ཡིན་དང་ལོ་ཚུགས་བརྟག་དཔྱད། ཤོག་བུའི་སྤུས་ཀ་དང་བཟོ་རྩལ། གསེར་དངུལ་བཙོ་སྦྱང་གི་ལག་རྩལ་སོགས་ཀྱི་ཆ་ནས་ཀྱང་ངེས་ཤེས་མང་དུ་འབྱུང་ངེས་ཡིན།  ཐེངས་འདིར་བརྟག་དཔྱད་རགས་ཙམ་བྱས་པ་ལྟར་ན།  གསེར་བྲིས་དང་དངུལ་བྲིས་རིགས་ཀྱི་ཡིག་རྙིང་དེ་དག་ལ་ཡིག་ཚང་ཉར་ཚགས་ཀྱི་རིན་ཐང་ཆེན་པོ་ལྡན་པ་སྨོས་མེད་ཡིན།  
2.ཡིག་བྲིས་ཐོར་བུའི་སྐོར།  
     ཡིག་བྲིས་ཐོར་བུའི་སྐོར་མང་ཤོས་རལ་བར་གྱུར་ཞིང་ཡི་གེ་ངོས་འཛིན་བྱ་དཀའ་བ་དང་འཐོར་ཞིག་ཏུ་སོང་བ་ཅུང་ཚབས་ཆེ་བས་དུས་ཡུན་ཐུང་ངུ་ཙམ་ལ་ཡོངས་སུ་བརྟག་དཔྱད་བྱ་དཀའ་བ་དང་དག་བསྒྲིགས་ཀྱང་བྱ་དཀའ་བར་མངོན། དེ་དག་གི་ཁྲོད་ན་སོག་ཡིག་གིས་བྲིས་པའི་ཤོག་ལྷེ་ཆུང་བ་གཉིས་ཡོད་ཅིང་ཉིན་སྲིབ་བཞི་བོར་སོག་ཡིག་བྲིས་ཡོད་ལ། ནང་དོན་ཅི་ཡིན་སྐོར་གནས་སྐབས་སུ་ཤེས་མ་ཐུབ་པས་རེ་ཞིག་བསྐྱུར། བོད་ཡིག་གི་ཕྱག་བྲིས་དེ་དག་ནི་གསར་རྙེད་ཡིག་རྙིང་དག་ལས་ཆེས་ཆེར་རིན་ཐང་ལྡན་པའི་ཁག་ཀྱང་ཡིན། ནང་དོན་གྱི་ཐད་ནས་ངོ་སྤྲོད་མདོ་ཙམ་ཞུས་པ་གཤམ་གསལ་ལྟར།  
     (l)ལཱུ་ཨི་པའི་ལུགས་ཀྱི་བདེ་མཆོག་སྒྲུབ་བདེ་ཆེན།(རྗེ་ཙོང་ཁ་པའི་གསུངས། ཡི་གེ་པ་ནི་རིན་ཆེན་དཔལ། གཅིག་ཞུས་ཡིན་པར་སྙམ།)  (2)ཕར་ཕྱིན་ཆོས་འཁོར།(3)གཡང་འདུས་ས་ཆོག (4)གསོལ་འདེབས་ཚིགས་བཅད་ཆ་ཚང་གཅིག  (5)ཕྱག་རྡོའི་སྒྲུབ་ཐབས། (6)མི་ལའི་ལུགས་ཀྱི་རྣམ་འཇོམས་སྒྲུབ་ཐབས། (7)བླ་མེད་ཀྱི་སྒྲུབ་ཐབས།  སྙིང་པོ་རྒྱན་གྱི་འགྲེལ་བ།  (8)བློ་སྦྱོང་ཚིགས་བཅད་མ།  (9)སྐུ་གསུམ་གྱི་རྣམ་བཞག་སོགས་ཀྱི་ས་བཅད་ཐོར་བུ།  (lo)ཤུགས་རྗེ་ཆེན་པོ་ལ་ཕྱག་འཚལ་བའི་ཚིགས་བཅད།  (ll)དེ་བཞིན་གཤེགས་པའི་སྙིང་པོའི་མདོའི་འགྲེལ་བ་རྒྱལ་ཚབ་རྗེའི་དགོངས་པ་འགྲེལ་བ།  (12)སྦྱིན་སྲེག་གི་རྣམ་བཤད་ཐོར་བུ།  (13)མགོན་པོའི་བསྐང་ཆོག་ཐོར་བུ།  (14)རྙིང་མའི་ཆོ་གའི་ཐོར་བུ།(15)མཛོད་རྩ་བའི་མཆན་འགྲེལ།  (16)བློ་སྦྱོང་གསུང་མགུར་ཐོར་བུ།  (17)བླ་མེད་ཀྱི་རྫོགས་རིམ་གྱི་རྩ་འཁོར་སོགས་ཐོར་བུ།  (l8)གནས་བརྟན་ཕྱག་མཆོད་ཀྱི་ཆོ་ག་ཐོར་བུ། (19)ལྷག་མཐོང་ནང་ནས་གང་ཟག་གི་བདག་བཙལ་ནས་མི་རྙེད་པའི་སྐོར་ཐོར་བུ།  (20)ཀྱཻ་རྡོ་རྗེའི་སྒྲུབ་ཐབས་ཟིན་བྲིས་ཐོར་བུ།  (21)གྲིབ་སེལ་སོགས་རྙིང་མའི་སྲུང་འཁོར་ཁག་གཅིག  (22)རྣལ་འབྱོར་མའི་བདག་འཇུག་པའི་ཆོ་ག་ཐོར་བུ། (23)ལེགས་ཉེས་གསལ་བའི་མེ་ལོང་ཞེས་བྱ་བའི་ཞལ་གདམས། (24)སྤྱོད་འཇུག་ཆེན་མོ་བན་དེ་དཔལ་བརྩེགས་ཀྱི་འགྱུར། (ལོ་ཙཱ་བ་རིན་ཆེན་བཟང་པོས་ཞུས་མེད་སྙམ། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་ཞུ་དག་མ་མཛད་གོང་གི་དཔེ་ཡིན་སྙམ།) (25)ཁྲུས་ཀྱི་ཆོ་ག་ཐོར་བུ།  (26)རྗེ་བཙུན་རེད་འདའ་(མདའ)པས་རྗེ་བཙུན་ཙོང་ཁ་པ་ལ་མཛད་པའི་གསུང་ཤོག་བཞུགས། (27)རྗེ་ཀརྨ་དེ་བཞིན་གཤེགས་པའི་དྲུང་དུ་ཞུ་ཡིག (28)གྲོ་གའི་ཡིག་བྲིས་ཤོག་ལྷེ་བཅུ་ཕྲག་ལྷན་དུ་བཙེམས་པའི་དེབ་ཆུང་གཅིག ནང་དོན་གཙོ་བོ་ནི་གནའ་བོའི་བོད་དང་མཐའ་བཞིའི་རྒྱལ་ཁམས་ཀྱི་ལོ་རྒྱུས་སྐོར་ཡིན་ཤས་ཆེ།  (29)སོག་ཡིག་ཤོག་ལྷེ་ཆུང་ངུ་གཉིས་ལ་སོགས་པ་བཅས་སོ།།  གསལ་འདེབས། 
གོང་དུ་བཀོད་པ་དག་ནི་ཐོག་མར་བརྟག་དཔྱད་བྱས་པའི་འབྲས་བུར་ངེས་ཤིང་། ངེད་ཅག་གིས་ཕྱིས་སུ་དག་བསྒྲིགས་བྱ་སྐབས་དེ་ལས་ཀྱང་མང་པོ་རྙེད་སྲིད་སྙམ་མོ།།  
     གཉིས།  ཡིག་གཟུགས་ཀྱི་སྐོར། དེ་ཡང་“རྗེ་རིན་པོ་ཆེའི་སྐུ་དུས་ཙམ་ནས་བཟུང་དཔེ་རྣམས་དཔར་འདེབས་བྱེད་པའི་སྲོལ་དེ་དར་ཁྱབ་ཆེ་བར་གྱུར་”⑤པ་ཡིན་ལ། བཞག་མ་ཐང་དགོན་པའི་རང་བྱུང་བྲག་ཕུག་ནས་རྙེད་པའི་ཡིག་རྙིང་ཐམས་ཅད་ཕྱག་བྲིས་ཤ་སྟག་ཡིན་ཞིང་། ཡིག་རྙིང་མང་ཤོས་ནི་རྗེ་རིན་པོ་ཆེའི་དུས་སྐབས་དང་ཉུང་ཤས་ནི་དེའི་ཡར་སྔོན་གྱི་ཡིག་རྙིང་རྐྱང་རྐྱང་ཡིན་པས། ཤིང་པར་ལག་རྩལ་མ་བྱུང་བའམ་ཤིང་པར་བཀོལ་སྤྱོད་ཁྱབ་གདལ་དུ་མ་སོང་བའི་ཡས་མས་ཀྱི་ཕྱག་བྲིས་ཡིན་པ་ཤིན་ཏུ་གསལ། ཡིག་གཟུགས་ཀྱི་རྣམ་གྲངས་སྐོར་ལ། དབུ་ཅན་དང་དབུ་མེད།  འབྲུ་ཚ་དང་གཟབ་ཡིག སུག་རིང་དང་སུག་ཐུང་། འཁྱུག་ཡིག་དང་ཚུགས་མ། དབུ་ཅན་ནས་དབུ་མེད་དུ་འགྱུར་བའི་བར་བརྒལ་གྱི་ཡིག་གཟུགས་རྣམ་པ་སྣ་ཚོགས་སོགས་བཞུགས།  མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་“ཅུང་ཟད་རྒྱང་ནས་བལྟས་ཚེ་ལག་མི་མཁས་པ་ཞིག་གིས་བོད་ཡིག་བྲིས་སམ་སྙམ་པ་འཆར་”⑥ཞེས་པ་ལྟར། བཞག་མ་ཐང་དགོན་པ་ནས་རྙེད་པའི་ཡིག་རྙིང་ཁག་གཅིག་ནི་ཏུན་ཧོང་གེ་ཡིག་རྙིང་དང་ཆེས་ཆེར་འདྲ་ཞིང་དེ་ལས་ཅུང་ཟད་མི་འདྲ་བའི་ཡིག་གཟུགས་ཀྱི་རྣམ་པའང་དུ་མ་ཡོད་པས། བོད་ཡིག་གེ་ཡིག་གཟུགས་བྱུང་འཕེལ་དང་འགྱུར་རིམ་བཅས་ལ་ཞིབ་འཇུག་བྱེད་པར་དགེ་མཚན་ལྡན་པའི་ད་ངོས་གཟུགས་དོན་གྱིས་གསལ་བཤད་བྱེད་ཐུབ་པར་སྙམ་པ་བཅས་སོ།། 
གསུམ་པ། ཡིག་རྙིང་ཐོར་བུ་གལ་ཆེན་འགའ་ངོ་བཤུས།
     འདིར་བཞག་མ་ཐང་དགོན་པ་ནས་གསར་རྙེད་བྱུང་བའི་ཡིག་རྙིང་གལ་ཆེན་དུ་མ་ངོ་བཤུས་བྱས་ནས་གཟུར་གནས་རྣམས་ཀྱི་སྤྱན་སྔར་བསྟར་འདོད་པ་ནི་གཤམ་གསལ་ལྟར།
     གཅིག 《རྗེ་བཙུན་རེད་འདའ་(མདའ་)པས་རྗྦེུ་བཙུན་)ཙོང་ཁ་པ་ལ་མཛད་པའི་གསུང་ཤོག་་་་་བཞུགས༔》  འདི་ནི་རྗེ་རེད་མདའ་བས་རྗེ་ཙོང་ཁ་པར་མཛད་པའི་ཕྱག་བྲིས་དངོས་ཡིན་ཚོད་འདུག་པས་ལོ་ངོ་དྲུག་བརྒྱ་ལྷག་གི་ལོ་རྒྱུས་ཡོད།  དེ་ལ་ཐོག་མར་བརྟག་དཔྱད་བ་སྐབས་ཤོག་ལྷེ་གཅིག་ཙམ་ལས་མ་རྙེད་ཅིང་། ཉིན་ངོས་ནི་མཚན་བྱང་དང་སྲིབ་ངོས་ནི་གཞུང་དངོས་ཡིན་ལ།  ངེད་ཅག་གིས་ཕྱིས་སུ་གུང་བསྒྲིགས་སྐབས་ཆ་ཚང་རྙེད་ཀྱང་སྲིད་སྙམ།  
     “<><><><><>(རྟགས་འདིས་ཡི་གེ་ཆད་པའམ་མི་གསལ་བ་མཚོན།)  ཚ་བའི་གྲོག་(གྲོགས་)མཆོག་སྙིང་ལ་བགྱིས་པ༔ དགྱེས་པའི་གཏམ་ཞེས་བྱ་བ། དྲིན་<><><><><>ཞབས་ལ་འདུད། དགེ་སློང་བློ་བཟང་གྲགས་པའི་སྙན་དུ༔ བ་བྲལ་བ་གཞོནུ་བློས་ (གཞོན་ནུ་བློ་གྲོས།)ཀྱིས་<><><><><>བླ་མ་བཟང་པོའི་སྐུ་དྲིན་ལ་བརྟེན་ནས༔ འབྱུང་༤(བཞིའི་ཚབ་ཏུ་༤བྲིས་པ་ཅུང་མང་།) ཆ་སྙོམ་ཞིང་འགལ་རྐྱེན་མེད་པར་མཐུན་རྐྱེན་<><><><><>བཅས་ཏེ༔ དབེན་པའི་རི་ཁྲོད་ན་དགོན་པ་ཅིག་ནས་བཞུགས་ཅེས་(ཞེས)ཐོས་པས་དཔེས་སྤྲོ༔ <><><><><> ད་ཡང་ཁྱེད་གྱི་(ཀྱི)བཞུགས་ཚུལ་དེ་ལ༔ དགོངས་ཚུལ་འདི་ལྟར་དགོས་པས་དགོངས་འཚལ༔ ཚེ་འདི་རྐྱེན་མང༔ བློ་ཡུན་ཉུང་། སྔོན་ལས་འདི་ཚན་ཆེ་ཤུག་(ཤུགས)དྲག༔ འཁོར་བ་འདི་གང་དུ་སྐྱེས་ཀྱང་སྡུགལ་(སྡུག་བསྔལ།) གྱི་<><><><><> ལས་མ་འདས་པའི་ཕྱིར༔ ད་ལན་<><><><><> དཀའ་བས་ཆོས་ལ་མི་བྱེད་པའི་མཐུ་མེད་པ་<><><><><>”ཞེས་སོགས་འབྱུང་ངོ་།།  
     རྗེ་རེད་མདའ་བ་དང་རྗེ་ཙོང་ཁ་པ་གཉིས་ནི་དཔོན་སློབ་ཀྱི་འབྲེལ་བ་ཡིན་ཏེ། 《དད་པའི་འཇུག་ངོགས་》ལས།“རྗེ་རིན་པོ་ཆེ་འདིས་བླ་མ་རྗེ་བཙུན་རེད་མདའ་པའི་ཞལ་སྔ་ནས། རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྩ་རྒྱུད་ཀྱི་བཤད་པ་ཚར་གཅིག་གསན་”⑦ཞེས་སོགས་གསུངས་ཤིང་། 《འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་》ལས། “དགུང་ལོ་ཉེར་གཉིས་པ་ས་ཕོ་རྟ་ལོའི་དཔྱིད་ཀ་སྣར་ཐང་བརྒྱུད་ནས་ས་སྐྱར་བྱོན། དེའི་ཚེ་ས་སྐྱར་བླ་མ་རྗེ་བཙུན་རེད་མདའ་བ་ཆེན་པོ་ལམ་འབྲས་གསན་ཞིང་འདུག་པ་དང་མཇལ། དེ་ནས་བཟུང་སྟེ་ཟླ་བ་བཅུ་གཅིག་ཙམ་གྱི་རིང་ལ་ས་སྐྱར་ཁོང་གི་སྤྱན་སྔར་བཞུགས།  རྗེ་བཙུན་པ་རང་ཉིད་ལམ་འབྲས་སོགས་གསན་པའི་ངང་ནས་རྗེ་འདི་ཉིད་ལ་《མངོན་པ་ཀུན་ལས་བཏུས་》ཀྱི་གཟབ་བཤད་ཚར་གཅིག་གནང་། གཞན་ཡང་དེའི་ཚེ་《ཚད་མ་རྣམ་འགྲེལ་》ལ་གཙོ་བོར་སྦྱངས་ཤིང་།《དབུ་མ་འཇུག་པ་》སོགས་ཀྱི་བཤད་པ་དང་། 《འདུལ་བ་ལུང་》ལ་སོགས་པ་བཀའ་བསྟན་བཅོས་མང་པོའི་ལུང་ཡང་གསན་”⑧ཞེས་གསུངས་པ་ལྟར། རྗེ་ཙོང་ཁ་པས་རྗེ་རེད་མདའ་བའི་དྲུང་ནས་གཞུང་ཆེན་མང་དུ་གསན་ཅིང་ལྷག་པར་མཛོད་དང་ཚད་མ་དང་དབུ་མར་ཡང་ཡང་གསན་སྦྱངས་མཛད། རྗེ་རེད་མདའ་པ་(བོད་ལྗོངས་གཞིས་ཀ་རྩེ་ལྷ་རྩེ་རྫོང་ཕུན་ཚོགས་གླིང་རེད་མདའ་གྲོང་སྡེར་སྐུ་འཁྲུངས་པས་རྗེ་རེད་མདའ་པ་ཞེས་གསོལ།)ནི་ས་སྐྱའི་བླ་མ་གྲགས་ཆེན་ཞིག་ཡིན་ལ། མཚན་ལ་གཞོན་ནུ་བློ་གྲོས་ཟེར།(གོང་གི་ཡིག་རྙིང་ཕྱག་བྲིས་ལས་བྱ་བྲལ་བ་གཞོནུ་བླཽས་ཞེས་བྲིས་ཡོད།) ཁོང་ནི་བོད་ཀྱི་རབ་བྱུང་དྲུག་པའི་ས་གླང་ལོར་གཙང་ས་སྐྱ་དགོན་པའི་ཉེ་འདབས་སུ་སྐུ་འཁྲུངས། དབུ་མ་ལ་འཇུག་པ་དང་ཚིག་གསལ་སོགས་ལས་ཐལ་འགྱུར་བའི་ལྟ་བའི་གནད་རྣམས་རིགས་ལམ་ཡང་དག་པས་འདོམས་པར་མཛད་ཅིང་དར་སྤེལ་ཆེན་པོ་བཏང། རབ་བྱུང་བདུན་པའི་ཆུ་འབྲུག་ལོར་སྐུ་འདས།  ཁོང་ལ་རྗེ་ཙོང་ཁ་པ་དང། རྒྱལ་ཚབ་དར་མ་རིན་ཆེན།  མཁས་གྲུབ་དགེ་ལེགས་དཔལ་བཟང་སོགས་སློབ་མ་གྲགས་ཆེན་མང་དུ་བྱུང་།⑨ རབ་བྱུང་བདུན་པའི་ཆུ་འབྲུག་ལོར་འདས།  
     འདིར་ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས་ཀྱིས་མཛད་པའི་《རྗེ་ཙོང་ཁ་པའི་རྣམ་ཐར་ཆེན་མོ་》སོགས་གཞིར་བཟུང་ན། རྗེ་བླ་མ་ཙོང་ཁ་པ་ཆེན་པོ་ནི་མདོ་སྨད་ཙོང་ཁའི་ཡུལ་དུ་ཡབ་ད་ར་ཁ་ཆེ་ཀླུ་འབུམ་དགེ་དང་ཡུམ་ཤིང་བཟའ་ཨ་ཆོས་གཉིས་ཀྱི་སྲས་སུ་སྤྱི་ལོ་1357ལོར་སྐུ་འཁྲུངས། དགུང་ལོ་གསུམ་པར་ཀརྨ་པ་རོལ་བའི་རྡོ་རྗེ་ལས་དགེ་བསྙེན་གྱི་སྡོམ་པ་བླངས་ཏེ་མཚན་ལ་ཀུན་དགའ་སྙིང་བོ་ཞེས་གསོལ། དགུང་ལོ་བདུན་པར་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་མཁན་པོ་མཛད་པ་དང། ཀོའུ་བ་གཞོན་ནུ་བྱང་ཆུབ་འོད་ཀྱིས་སློབ་དཔོན་མཛད་དེ་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་ལ་བློ་བཟང་གྲགས་པ་ཞེས་གསོལ། དགུང་ལོ་བཅུ་བདུན་པར་དབུས་གཙང་དུ་ཕེབས་ཏེ་ས་སྐྱའི་བླ་མ་རྗེ་རེད་མདའ་བ་གཞོན་ནུ་བློ་གྲོས་སོགས་དགེ་བའི་བཤེས་བསྙེན་དུ་མ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་བྱང་ཆུབ་པར་སྦྱངས། དགུང་ལོ་ཉེར་བཞི་པར་མཁན་པོ་དཀའ་བཞི་པ་ཚུལ་ཁྲིམས་རིན་ཆེན་ལས་བསྙེན་པར་རྫོགས། དགུང་ལོ་སོ་དྲུག་པར་དཔོན་སློབ་དགུ་སྐྱོར་མོ་ལུང་ནས་འོལ་ཁར་ཕེབས་ཏེ་སྒྲུབ་པ་གཙོ་བོར་མཛད། དེ་ནས་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ཀྱི་དོན་རྣམས་སངས་རྒྱས་ཀྱི་དགོངས་པ་ལྟར་འཆད་རྩོད་རྩོམ་གྱི་ཤེས་རབ་ཆེན་པོས་མཛད་པ་བསྐྱངས་ཏེ་གངས་ཅན་བོད་ཀྱི་མཁས་གྲུབ་ཀུན་གྱིས་གཙུག་ཏུ་བཀུར། དགུང་ལོ་སོ་བདུན་པར་འོལ་ཁའི་རྫིང་ཕྱིའི་བྱམས་པ་རྟེན་དང་བརྟེན་པ་བཞེངས། དགུང་ལོ་སོ་དགུ་བར་གཉན་གྱི་ལུང་རར་ཆོས་འཁོར་བསྐོར། དགུང་ལོ་ཞེ་བརྒྱད་པར་《སྔགས་རིམ་ཆེན་མོ་》བརྩམས། དགུང་ལོ་ང་གཅིག་པར་གོང་མ་ཡུང་ལོ་རྒྱལ་པོས་འཇའ་ས་དང། གསེར་ཡིག  ཕྱག་རྟེན་སོགས་གནང་ཞིང་གདན་འདྲེན་ལན་གསུམ་ཞུས་ཀྱང་སྐུ་བྲེལ་ཆེ་བས་མ་ཕེབས། དགུང་ལོ་ང་གཉིས་པར་ལྷ་སར་ཆོ་འཕྲུལ་ཆེན་མོའི་སྨོན་ལམ་བཙུགས། དགུང་ལོ་ང་གསུམ་པར་དགའ་ལྡན་དགོན་པ་བཏབ། དགུང་ལོ་ང་དགུ་པར་དགའ་ལྡན་དུ་སྟག་རྩེའི་སྒྲུབ་མཆོད་སྤེལ་བ་བཅས་མཛད་ཆེན་རྣམ་བཞིས་བསྟན་འགྲོའི་དོན་རྒྱ་ཆེར་བསྐྱངས། ཁོང་ནི་རི་བོ་དགེ་ལྡན་པའི་གྲུབ་མཐའི་སྲོལ་འབྱེད་མཁན་ཡིན་པར་མ་ཟད། དགའ་ལྡན་ཁྲི་རབས་དང་པོའང་ཡིན། སྤྱི་ལོ་1419ལོར་སྐུ་གཤེགས།  
     《རྗེ་ཙོང་ཁ་པ་ཆེན་པོའི་བཀའ་འབུམ་ཐོར་བུ་》ལས།“ཡང་ཁྱེད་ཀྱིས། བཅོམ་གཞིག་ལྟ་བུའི་ཆད་པའི་སྟོང་ཉིད་དང་།།  སྣང་བ་སྟོང་པར་རྟོགས་པའི་ཉམས་དང་ནི།།  རྟེན་འབྲེལ་སྒྱུ་མ་ལྟ་བུར་རྟོགས་ཚུལ་དང་།།  བཏགས་ཡོད་མིང་རྐྱང་ཙམ་དུ་དགོངས་ཚུལ་རྣམས།།  རིམ་བཞིན་སྔ་མ་སྔ་མ་དམན་པ་དང་།།  ཕྱི་མ་ཕྱི་མ་བཟང་བའི་གཏན་ཚིགས་རྣམས།།  ཚུལ་བཞིན་ལེགས་པར་བཀོད་པ་བདག་གིས་མཐོང་།།  ཞེས་རྗེ་རེད་མདའ་པའི་འཕྲིན་ཡིག་ལས་སྟོང་པའི་དགོངས་ཚུལ་བཞི་བྱུང་བར་གསུངས་པ་ལ་”⑩ཞེས་རྗེ་རེད་མདའ་པ་དང་རྗེ་ཙོང་ཁ་པའི་བར་འཕྲིན་ཡིག་གི་ལམ་ནས་དྲི་བ་དྲིས་ལན་མཛད་མྱོང་བ་ལྟར་ལགས་སོ།།  
     མདོར་ན། རྗེ་རིན་པོ་ཆེའི་སྲས་ཀྱི་ཐུ་བོ་གྲགས་ཆེན་ནི་རྒྱལ་ཚབ་དར་མ་རིན་ཆེན། མཁས་གྲུབ་དགེ་ལེགས་དཔལ་བཟང། རྗེ་དགེ་འདུན་གྲུབ། འདུལ་འཛིན་གྲགས་པ་རྒྱལ་མཚན། འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན།  བྱམས་ཆེན་ཆོས་རྗེ་ཤཱ ཀྱ་ཡེ་ཤེས་སོགས་མང་དུ་བྱུང་། རྗེ་བླ་མ་ཙོང་ཁ་པ་ཆེན་པོ་དང་རྒྱལ་ཚབ་དར་མ་རིན་ཆེན། མཁས་གྲུབ་དགེ་ལེགས་དཔལ་བཟང་གསུམ་ལ་རྗེ་ཡབ་སྲས་གསུམ་ཞེས་གསོལ་ཞིང་བོད་ཁམས་ཡོངས་སུ་གྲགས་སྙན་ཤིན་ཏུ་ཆེའོ།།  རྗེ་ཙོང་ཁ་པའི་གསུང་རྩོམ་ལ་《བྱང་ཆུབ་ལམ་རིམ་ཆེན་མོ་》དང་། 《སྔགས་རིམ་ཆེན་མོ》《ལེགས་བཤད་གསེར་ཕྲེང》 《རིམ་ལྔ་གསལ་སྒྲོན་》སོགས་པོད་བཅུ་དགུ་བཞུགས་སོ།།⑾  
     གཉིས།  《རྗེ་ཀརྨ་དེ་བཞིན་གཤེགས་པའི་དྲུང་དུ་ཞུ་ཡིག》 ཞུ་ཡིག་འདིར་ཤོག་ལྷེ་གཅིག་ཡོད་ཅིང་ཉིན་སྲིབ་གཉིས་ཀྱི་ཡིག་གཟུགས་མི་འདྲ་སྟེ། ཉིན་ངོས་ནི་མདུན་ཤོག་དང་གཞུང་དངོས་གཉིས་ཀ་ཡིན་ཞིང་དཀྱུས་ཀྱི་ཡིག་རྒྱ་དམར་པོའི་ནང་དུ་《རྗེ་ཀརྨ་དེ་བཞིན་གཤེགས་པའི་དྲུང་དུ་ཞུ་ཡིག་》ཅེས་ཁ་བྱང་གསལ་བོར་བཀོད་འདུག་ལ། ཁ་བྱང་གི་ཡིག་གཟུགས་ནི་ཏུན་ཧོང་ཡིག་རྙིང་གི་ཡིག་གཟུགས་དང་ཆ་འདྲ་ཞིང་དབུ་ཅན་ནས་དབུ་མེད་དུ་འགྱུར་བའི་བར་བརྒལ་གྱི་ཡིག་གཟུགས་ཤིག་ཏུའང་སྣང་། སྲིབ་ངོས་ནི་གཟབ་ཡིག་རྐྱང་རྐྱང་ཡིན། ནང་དོན་ནི་རྗེ་ཀརྨ་པར་ཕུལ་བའི་ཞུ་ཡིག་ཅིག་ཡིན་པ་ཙམ་ལས་ནང་དོན་ཞིབ་ཏུ་རྟོགས་མ་ནུས། རྒྱུ་མཚན་ནི་ཆ་མི་ཚང་ཞིང་ཤོག་མཐའ་གཉིས་ཅུང་ཟད་རལ་བར་གྱུར་པ་དང་ཡི་གེ་མང་ཤོས་ངོས་འཛིན་བྱ་དཀའ་བར་འདུག་ལ། ཞུ་ཡིག་འབྲི་མཁན་སུ་ཡིན་ཡང་གནས་སྐབས་སུ་ཤེས་མ་བྱུང་། ཡིན་ནའང་། ང་ཚོས་ཐོག་མར་བརྟག་དཔྱད་བྱ་སྐབས་ཤོག་ལྷེ་གཅིག་ལས་གཞན་མ་མཐོང་ལ། དངོས་སུ་དག་བསྒྲིགས་བྱ་སྐབས་ཆ་ཚང་རྙེད་ཀྱང་སྲིད་སྙམ།  
     དོན་དམ་དུ་རྗེ་ཀརྨ་དེ་བཞིན་གཤེགས་པ་ཞེས་གྲགས་པ་ནི་ཀརྨ་བཀའ་བརྒྱུད་ཞྭ་ནག་པའི་སྐུ་ཕྲེང་ལྔ་པ་ལ་གོ་བ་ཡིན་ཏེ། 《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས།“དཔལ་ཀརྨ་པ་ན་རིམ་ལྔ་པ་ནི་རྗེ་དེ་བཞིན་གཤེགས་པ་སྟེ་”⑿ཞེས་གསུངས་པ་ལྟར་ཡིན། རྗེ་ཀརྨ་དེ་བཞིན་གཤེགས་པ་ནི་1384ལོར། ཡབ་སྔགས་པ་གུ་རུ་རིན་ཆེན་དང་ཡུམ་ལྷ་མོ་སྐྱིད་གཉིས་ཀྱི་སྲས་སུ་བོད་ལྗོངས་ཉིང་གསུམ་ཡ་གྱལ་ཉང་པོར་སྐུ་འཁྲུངས། རབ་བྱུང་བདུན་པའི་མེ་ཁྱི་ལོར་ཏཱ་མིང་རྒྱལ་པོའི་ཡབ་ཡུམ་གྱི་འདས་མཆོད་ལ་རིས་མེད་ཀུན་སྒྲོལ་གྱི་རིམ་གྲོ་རྒྱ་ཆེར་བསྒྲུབས་པའི་ཡོན་དུ་རྒྱལ་པོས་དེ་བཞིན་གཤེགས་པ་རིན་ཆེན་ཆོས་རྒྱལ་ཞེས་པའི་འཇའ་ས་ཤེལ་ཐམ་བཅས་ཕུལ། སྤྱི་ལོ་1415ལོར་སྐུ་གཤེགས། བཀའ་བརྒྱུད་པའི་བླ་མ་ཀརྨ་དུས་གསུམ་མཁྱེན་པ་དང་། ཀརྨ་པཀྴི། ཀརྨ་རང་བྱུང་རྡོ་རྗེ། ཀརྨ་རོལ་པའི་རྡོ་རྗེ། ཀརྨ་དེ་བཞིན་གཤེགས་པ། ཀརྨ་མཐོང་བ་དོན་ལྡན། ཀརྨ་ཆོས་གྲགས་རྒྱ་མཚོ། ཀརྨ་མི་བསྐྱོད་རྡོ་རྗེ་བཅས་ནི་ཀརྨ་རབས་བརྒྱད་ཡིན་ཞིང་དེ་ལས་ལྔ་པ་ནི་རྗེ་ཀརྨ་དེ་བཞིན་གཤེགས་པ་ཡིན་ནོ།།⒀ 
     གསུམ།  གྲོ་གའི་ཡིག་བྲིས་ཀྱི་དེབ་ཆུང་། ངོ་མཚར་ཆེ་བ་ཞིག་ལ་ཡིག་རྙིང་ཐོར་བུའི་ཁྲོད་དུ་མདུན་ཤོག་དང་རྒྱབ་ཤོག་སོགས་རལ་བར་གྱུར་པའི་བོད་ཀྱི་ལོ་རྒྱུས་སྐོར་གྱི་དེབ་ཆུང་ཞིག་ཡོད།   དེ་ནི་གྲོ་གའི་ཡིག་བྲིས་ཤོག་ལྷེ་བཅུ་ཕྲག་ལྷན་དུ་བཙེམས་པའི་དཔེ་ཆུང་ཞིག་ཡིན། ནང་དོན་གཙོ་བོ་ནི་གནའ་བོའི་བོད་ཀྱི་ལོ་རྒྱུས་སྐོར་ཡིན་པས་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་ཐད་ལ་དགེ་མཚན་ཆེ་བའི་ཡིག་རྙིང་གི་ཁག་ཡིན།  འོན་ཀྱང་གྲོ་གའི་ཡིག་བྲིས་འདི་འཐོར་ཞིག་དང་ཆག་སྐྱོན་བྱུང་བ་ཚབས་ཆེ་བས་ཆ་ཡོངས་སུ་རྟོགས་མ་བྱུང་།  འདིར་ཐོར་བུའི་ཚིག་འབྲུ་དུ་མ་ངོ་བཤུས་བརྒྱབ་ན་འདི་ལྟ་སྟེ།  
     “<><><><><><>(རྟགས་འདིས་ཡི་གེ་མི་གསལ་བའམ་བཀླག་མི་བདེ་བ་མཚོན།) ཉི་མ་ཤར་ཕྱོགས་ཁ་བེ་ན། རྒྱ་ནག་ཁྲིམས་ཀྱི་རྒྱལ་པོ་བཞུགས། <><><><><><>དུང་གི་སྐོ་མོ་ཁྲིག་སེ་ཁྲིག<><><><><><>ཉི་མ་ནུབ་ཕྱོགས་ཁ་བེ་ན། ཏ་ཟིག་ནོར་ཡི་(གྱི)རྒྱལ་པོ་བཞུགས། རྒྱལ་ཁ་(ཁབ)ནི་རྒྱ་རེ་ཆེ།  དབུ་ནག་ནི་གྲངས་རེ་མང་<><><>༠<>ལྷོ་འཛམ་བུ་གླིང་གི་སྟོན་པ<><><><> ལོང་(ལོངས)སྤྱོད་སྣ་ཚོག་(ཚོགས།)ལྡན།  <><><><><><>སྟོན་པ་སྣང་མཐའ་ཡས།<><><><><><>ཚེ་ལོ་ལྔ་བརྒྱ་ལ། ཟསུ་(ཟས་སུ)མ་རྨོས་མངར་ཟ་ཟ།  <><><><><>འགོ་(མགོ)ནག་ནི་གྲངས་རེ་མང་། རྒྱལ་ཁ་(ཁབ)ནི་རྒྱ་རེ་ཆེ། <><><><><>བྱང་ཕྱོགས་ཧོར་ཡི་(གྱི)ཡུལ། <><><><><><>གོས་སུ་རྔ་རལ་གོན།  ཟས་སུ་རྟ་ཆང་འཐུང་། <><><><>རྒུ་ཚིག་(དགུ་ཚིགས)སྐྱ་མོ་འདོས་ཀྱི་ལཾ། (ལམ)གནཾ་(གནམ)གྱི་རྒྱལ་པོ་འབོད་ཏོང་ཏོང་། ལྷ་སྲིན་སྡེ་བརྒྱད་[གཤིན་རྗེ་གཤེད་(དཔལ་རྡོ་རྗེ་འཇིགས་བྱེད་དེ་གསང་སྔགས་བླ་མེད་ཕ་རྒྱུད་ཀྱི་ཡི་དམ་ཞིག་ཡིན)ཀྱི་རྒྱུད་ལས། གཤིན་རྗེ་དང། མ་མོ། སྲིན་པོ། གནོད་སྦྱིན། མིའམ་ཅི། ས་བདག་བཙན། བདུད་བཅས་སུ་བཤད། བཤད་སྲོལ་གཞན་ནི་ལྷ་དང། མིའམ་ཅི། ལྟོ་འཕྱེ་ཆེན་པོ་བཅས་སུ་བཤད། ཡང་བཤད་སྲོལ་གཞན་ཞིག་ལ་གཤིན་རྗེ་དང། མ་མོ། བདུད། བཙན། རྒྱལ་པོ། ཀླུ། གནོད་སྦྱིན། གཟའ་བཅས་ལུགས་མི་འདྲ་བ་མང་པོ་ཡོད་པར་གསུངས།]དར་སོ་༡(གཅིག་གི་ཚབ་ཏུ་༡བྲིས་པ་ལྟ་བུའི་འབྲི་ཚུལ་མང་པོ་བཞུགས།) <><><><>མཐོ་སྲིད་པ་རྩེ་མོ་མ་འཆད་ན། དམའ་ན་རག་རྩང་སོ་ཡ་འཆོད་དུ། སྲིན་པོ་སྲིན་མོ་བཙན་ཡི་(གྱི)རིག(རིགས)བདུད་དང་རྒྱལ་པོ་གཟའ་བདུད་རྣམས། འགོང་པོ་ཐེའུ་རང་ལསོགས་(ལ་སོགས)རྣཾས། (རྣམས)མ་བདུད་རྒྱལ་མོ་<><><><>”སོགས་བྲིས་འདུག་ཅིང་། མཇུག་མཐར། “<><><><><>དགྲ་བགེགས་ལ་བྷྱོ་བྷྱོ།།  །།  དགེའོ།།  བཀྲ་ཤིས་པར་གྱུར་དང་།།  །། ཞུས་སྷོ།།”ཞེས་བཀོད་འདུག་པ་དང་། དེ་དག་གི་མཇུག་ཏུ་རེ་ཞིག་ངོས་འཛིན་བྱ་དཀའ་ཞིང་ནང་དོན་རྟོགས་དཀའ་བའི་རི་མོ་ཁ་འཐོར་སྣ་མང་བཀོད་འདུག་པ་བཅས་སོ།།  
     གོང་གི་ཡིག་རྙིང་ཐོར་བུ་དེ་ནི་ཏུན་ཧུང་ཡིག་རྙིང་གི་བྲིས་གཟུགས་དང་ཤིན་ཏུ་འདྲ་ཞིང་སྐད་གསར་བཅད་ཡར་སྔོན་གྱི་ཡི་གེ་ཡིན་པ་གསལ། སྐད་གསར་བཅད་རྣམ་པ་གསུམ་ནི་འབྲི་ཀློག་མི་བདེ་བའི་བརྡ་རྙིང་དག་དོར་ནས་ཀློག་བདེ་བའི་སྐད་ཡིག་གཏན་ལ་ཕབ་པ་གསུམ་སྟེ། བཙན་པོ་ཁྲི་སྲོང་ལྡེའུ་བཙན་ནས་མངའ་བདག་ཁྲི་རལ་པ་ཅན་ཡན་ཆད་དུ་སྐ་ཅོག་ཞང་གསུམ་ལ་སོགས་པས་བཀས་བཅད་ལན་གཉིས་བྱས་ཤིང་།  བཀས་བཅད་གསུམ་པ་ནི་ལྷ་བླ་མ་ཡེ་ཤེས་འོད་ཀྱི་དུས་སུ་བྱོན་པའི་ལོ་ཙཱ་ཆེན་པོ་རིན་ཆེན་བཟང་པོ་ནས་དྷརྨ་པཱ་ལ་བྷ་དྲའི་བར་དུ་བྱོན་པ་རྣམས་ཀྱིས་བྱས་པ་ཡིན།  ཡིག་རྙིང་ཐོར་བུའི་ནང་དོན་གྱི་ཆ་ནས་བོད་དང་མཐའ་བཞིའི་རྒྱལ་ཁམས་ཀྱི་ལོ་རྒྱུས་བརྗོད་པ་ཡིན་ལ།  ལྷག་པར་དེ་ལས་བྱུང་བའི་“གནཾ་གྱི་འབོད་ཏོང་ཏོང་”ཞེས་པ་ནི་གནའ་བོའི་ཞང་ཞུང་གི་སྐད་ཡིན་ངེས་ཤིང་གནའ་རབས་བོད་ཀྱི་རྒྱལ་པོ་ཞིག་གི་མཚན་ཡིན་སྙམ་སྟེ། 《ཞྭ་ལྷ་ཁང་གི་རྡོ་བརྐོས་ཡི་གེ་》ལས། “ལྷ་རྗེ་ཆེན་པོ་གནཾ་ལྷའི་སྲས་”ཞེས་པ་དང་མཚུངས།  “གནཾ་གྱི་འབོད་ཏོང་ཏོང་”ཞེས་པ་འདིའི་རིགས་བོད་ཀྱི་ཆོས་འབྱུང་ལོ་རྒྱུས་དེབ་ཐེར་དག་ལས་མ་བྱུང་ཡང་།  ཏུན་ཧོང་ཡིག་རྙིང་གི་བོན་གྱི་ཡིག་རྙིང་ཐོར་བུ་ལས་“འབོད་ཐོང་ཐོང་”ཞེས་བྱུང་ཡོད་ལ།  “འབོད་ཏོང་ཏོང་”དང་“འབོད་ཐོང་ཐོང་”གཉིས་ནི་མིང་གཞིའི་ཡི་གེ་ཏ་དང་ཐ་གཉིས་བརྗེས་པ་ཙམ་ཡིན། ཏུན་ཧོང་ཡིག་རྙིང་ཁྲོད་མིང་གཞིའི་ཡི་གེ་ཅ་དང་ཆ།  ཏ་དང་ཐ།  པ་དང་ཕ་སོགས་བརྗེས་པ་ཤིན་ཏུ་མང་།  ངོ་མཚར་བ་ནི་“འབོད་”ཅེས་པའི་ཡིག་འབྲུར་འགྱུར་བ་ཅུང་ཙམ་ཡང་བྱུང་མེད་པས།  ཡིག་རྙིང་ཐོར་བུ་འདིའི་རིགས་ལ་ཡིག་ཚང་གི་རིན་ཐང་དང་ལོ་རྒྱུས་རྟོག་དཔྱོད་ཀྱི་རིན་ཐང་ཤིན་ཏུ་ཆེ་སྙམ།  གོང་དང་འབྲེལ་ན་སྔོན་དུས་བོད་ཀྱི་བརྗོད་སྲོལ་ལྟར་བོད་ཅེས་པའི་ཐ་སྙད་ནི་བོད་པའམ་འབོད་པའི་དོན་ལས་བྱུང་བར་གྲགས་ཚུལ་⒁ལ་སྒྲུབ་བྱེད་ཀྱི་ལུང་དང་རིགས་པ་འདི་ནས་རྙེད་ཐུབ་སྙམ།  འདིར་ཡིག་རྙིང་ཁག་རིགས་གཉིས་ལས་བྱུང་བའི་“འབོད་ཏོང་ཏོང་”དང་“འབོད་ཐོང་ཐོང་”གཉིས་ཀྱི་དཔྱད་བསྡུར་སྐོར་ཞིབ་ཏུ་མི་བརྗོད་པར་ཆེད་རྩོམ་གཞན་དུ་བྲིས་ན་བསམས་ཏེ་བསྐྱུར་ཏོ།།     
བཞི་པ། མཇུག་བསྡུས་པ།  
     ཐེངས་འདིར་ཐོག་མར་ལི་ཐང་རྫོང་བཞག་མ་ཐང་དགོན་པའི་ཡིག་རྙིང་གི་རིགས་ལ་རྒྱུས་ལོན་དང་བརྟག་དཔྱད་བྱེད་པར་ཕྱིན་ཏེ། ཡིག་རྙིང་ཐོར་བུ་མང་ཙམ་མཐོང་བ་དང་བརྟག་དཔྱད་རགས་ཙམ་བྱས་པ་བརྒྱུད། དེ་དག་ནི་རིན་ཐང་ཤིན་ཏུ་ཆེ་བའི་ཡིག་རྙིང་གི་རིགས་ཡིན་པ་རྦད་དེ་རྟོགས་ཤིང་། བྱེ་བྲག་ཏུ་བོད་ཀྱི་ལོ་རྒྱུས་རྟོག་དཔྱོད་དང་བོད་ཡིག་གི་ཡིག་གཟུགས་ཞིབ་འཇུག  ལོ་ཙཱའི་གཞུང་ལུགས་ཞིབ་འཇུག་དང་ནང་རིག་ཞིབ་འཇུག  བོད་ཤོག་གི་བཟོ་རྩལ་ཞིབ་འཇུག་སོགས་ཀྱི་ཐད་ལ་རིན་ཐང་གཞལ་དུ་མེད་དོ།།  
     ཡིག་རྙིང་ཐོར་བུར་བརྟག་དཔྱད་བགྱིས་པ་སྡོམ་ཚིག་ཏུ་བཀོད་ན།  
     གཅིག རྣམ་གྲངས་ཀྱི་ཆ་ནས་རིགས་མང་ཞིང་ནང་དོན་གྱི་ཁྱབ་རྒྱ་ཆེ། གཙོ་ཤོས་ནི་གསེར་བྲིས་དང་དངུལ་བྲིས་ཡིན་ཅིང་ཕལ་ཆེར་སྒྱེ་མོ་བཅུ་གཉིས་ཙམ་ཡོད།⒂  
     གཉིས། ཕྱག་བྲིས་ཀྱི་ཆ་ནས་གཙོ་བོ་གསེར་ཡིག་དང་དངུལ་ཡིག་གི་ཕྱག་བྲིས་ཡིན་ལ། སྣག་ཚའི་བྲིས་མ་མང་ཤོས་ནི་ཕྱག་བྲིས་ཐོར་བུའི་སྐོར་ཡིན།  
     གསུམ།  བྲི་ཤོག་གི་ཆ་ནས་བོད་ཤོག་དང་གྲོ་ག་སོགས་ཡིན་ལ། འཐོར་ཞིག་ཏུ་གྱུར་པའི་བོད་ཤོག་གི་རྒྱུ་ཆ་གཙོ་བོ་ནི་སྲིང་བལ་ཡིན་པ་ཤེས། ལར་བོད་ཤོག་ལ་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་ཀྱང་རྒྱུ་ཆ་སྲིང་བལ་ཡིན་པ་ནི་ཞིབ་འཇུག་བྱ་རན་ཡོད་པ་ཞིག་ཡིན། མིག་སྔར་གྲོ་གའི་བྲིས་མའི་རིགས་ལ་དེབ་ཆུང་གཅིག་ལས་གཞན་མ་མཐོང་། དེ་ནི་ཤིང་སྟག་པའི་ཕྱི་ཤུན་སྟེང་དུ་ཡི་གེ་བྲིས་པ་ཡིན་ལ། སྣག་ཚའི་མདོག་ཅུང་ཙམ་ཡང་ཡལ་མེད་པ་ནི་ངོ་མཚར།  
     བཞི། ནང་དོན་གྱི་ཆ་ནས་ནང་ཆོས་ཀྱི་འགྱུར་ཡིག་དང་མཆན་འགྲེལ་སོགས་དང་། གནའ་བོའི་བོད་དང་མཐའ་བཞིའི་རྒྱལ་ཁམས་ཀྱི་ལོ་རྒྱུས་ཐར་ཐོར། རྗེ་རེད་མདའ་བས་རྗེ་བཙུན་ཙོང་ཁ་པ་ལ་མཛད་པའི་གསུང་ཤོག   རྗེ་ཀརྨ་དེ་བཞིན་གཤེགས་པའི་དྲུང་དུ་ཕུལ་བའི་ཞུ་ཡིག་སོགས་མང་དུ་བཞུགས།  
     ལྔ། ཡིག་གཟུགས་ཀྱི་ཆ་ནས་དབུ་ཅན་དང་དབུ་མེད་གཉིས་གཙོར་ཆེ་ཞིང་། བྱེ་བྲག་ཏུ་འབྲུ་ཚ་དང་གཟབ་ཡིག  སུག་རིང་དང་སུག་ཐུང་། འཁྱུག་ཡིག་དང་ཚུགས་མ།  གཞན་ཡང་། དབུ་ཅན་ནས་དབུ་མེད་དུ་འགྱུར་བའི་བར་བརྒལ་གྱི་ཡིག་གཟུགས་རྣམ་པ་སོགས་བཞུགས།  
     དྲུག ལོ་ཚིགས་ཀྱི་ཆ་ནས་རྗེ་རིན་པོ་ཆེའི་དུས་སྐབས་དང་དེའི་ཡར་སྔོན་གྱི་ཡིག་ཚང་ཡིན་པས་ལོ་ངོ་དྲུག་བརྒྱ་ཡས་མས་ནས་ཆིག་སྟོང་ལྷག་གི་ལོ་རྒྱུས་ཡོད་སྙམ།  
     བདུན། ཡིག་བྲིས་ཁྲོད་དུ་བསྐུངས་ཡིག་གམ་བསྡུས་ཡིག་སྣ་ཚོགས་ཡོད་པ་དཔེར་ན། རྗྦེུན་(རྗེ་བཙུན)དང་།སྡུགལ།  (སྡུག་བསྔལ) གཞོནུ་བླཽས།(གཞོན་ནུ་བློ་གྲོས) གནཾ།(གནམ) རྣཾས།(རྣམས)ཟསུ་(ཟས་སུ)སོགས་བྱུང་བ་ནི་ཏུན་ཧོང་ཡིག་རྙིང་གེ་འབྲི་ཚུལ་དང་ཡེ་ནས་མཚུངས་ཏེ།《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》ལས།“སྟགི་(སྟག་གི)ལོ་ལ་བབ་སྟེ། བཙན་ཕོ་མེར་ཁེ་ནའ་བཞུགས་ཤིང་། བློན་ཆེ་སྟོང་རྩན་གྱིས། མོང་པུ་སྲལ་མཛོང་དུའ་བསྡུསྟེ་(བསྡུས་ཏེ)”⒃ཞེས་དང་། 《ཧྥ་རན་སིར་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས་》ལས། “ལྷོ་ཕྱོགསུ་(ཕྱོགས་སུ)སོང་ན། དཔལ་ཆེད་པོ་དང་ཕྲད། ནུབ་ཕྱོགསུ་(ཕྱོགས་སུ)སོང་ན། དགའྦ་(དགའ་བ)དང་ཕྲད་”⒄ཅེས་དང་། “དམག་པོན་(དཔོན)ཆུངུ་(ཆུང་ངུ)སྒོ་གཙང་པའྀ་འོག་ན་མཆྀ་སྟེ་”⒅ཞེས་སོགས་དང་། 《ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ་》ལས། “བྱེ་བྲག་དབྱེར་ཡོད་དཾ་མྱེད་”⒆ཅེས་དང་། 《ཞྭ་ལྷ་ཁང་གི་རྡོ་བརྐོས་ཡི་གེ་》ལས། “ལྷ་རྗེ་ཆེན་པོ་གནཾ་ལྷའི་སྲས་ལས། ཆོ་ཕྱི་ཚེ་གསུཾ་དང་མདའ་མྱྀ་ཙེ་གསྀུ་དྔ། ཙེ་ཙེ་གསུཾ་དང་། ཕྱུག་པོ་ཚེ་གསུཾ་དྔ་།  གྱྀམ་པོ་ཙེ་གསུཾ་ལས་སྩོགས་པ་སྤུན་མྱྀ་འཕགས་རྀགས་སུ་གྱེས་སོ་”⒇སོགས་ལྟ་བུ།   
     བརྒྱད། ཡིག་རྙིང་ཐོར་བུའི་ཁྲོད་དུ་སོག་ཡིག་བྲིས་མའི་ཤོག་ལྷེ་ཆུང་ངུ་གཉིས་རྙེད་ཅིང་ནང་དོན་ཅི་ཡིན་སྐོར་རེ་ཞིག་བསྐྱུར་བ་བཅས་སོ།།  
     མདོར་ན། རྒྱུ་རྐྱེན་གང་མང་གིས་ཐེངས་འདིར་ཆ་ཡོངས་སུ་ཚང་བར་བརྟག་དཔྱད་བྱ་མ་ནུས་ལ། ཕྱིས་སུ་ད་ཡོད་ཀྱི་ཡིག་ཚང་དང་གསར་རྙེད་ཡིག་རྙིང་ཐོར་བུ་སོ་སོ་གུང་བསྒྲིགས་ཏེ་དག་བསྒྲིགས་བྱེད་པའི་གོ་རིམ་ཁྲོད་དུ་ལྐོག་གྱུར་གྱི་ཟབ་གནད་མང་དུ་ཤེས་སྲིད་སྙམ་ལ། གལ་ཏེ་ཆ་ཡོངས་སུ་རྟོགས་མ་ནུས་ཀྱང་སྔོན་བྱོན་གོང་མ་རྣམས་ཀྱི་ཕྱག་བྲིས་ཐོར་བུ་དག་ཉམས་པ་སོར་ཆུད་ཐད་དགེ་མཚན་བསྐྲུན་ཐུབ་ངེས་ཡིན་ནོ།།  མཇུག་མཐར། བཞག་པ་རིན་པོ་ཆེ་མཆོག་གིས་ཡིག་རྙིང་གི་རིགས་གསལ་སྟོན་དང་བཅས་ལན་གཅིག་མིན་པར་མཐུན་རྐྱེན་གང་མང་བསྐྲུན་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུའོ།།
མཆན་འགྲེལ།
     ①《ཁམས་ཕྱོགས་དཀར་མཛེས་ཁུལ་གྱི་དགོན་སྡེ་སོ་སོའི་ལོ་རྒྱུས་གསལ་བར་བཤད་པ་ཐུབ་བསྟན་གསལ་བའི་མེ་ལོང་》ཞེས་བྱ་བ་དེབ་ཆེན་གསུམ་གྱི་བདག་ཉིད་ཅན་གཞིར་བཟུང་ནས་སྡོམ་བརྩིས་བྱས་པ་ཡིན། དེབ་དེ་གསུམ་ནི་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་དང་། ཀྲུང་གོ་བོད་བརྒྱུད་ནང་བསྟན་སློབ་གླིང་། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཆོས་ལུགས་ཅུད། དཀར་མཛེས་ཁུལ་ཡིག་བསྒྱུར་ཅུད་བཅས་ལས་ཁུངས་བཞི་ནས་བསྡུ་སྒྲིག་བྱས་ཏེ་ནང་ཁུལ་དུ་ཉར་པའི་ཡིག་ཆར་གཏོགས། 1995ལོའི་ཟླ་loཔར་དཔར་དུ་བསྐྲུན།
     ②《ལི་ཐང་རྫོང་རིག་གནས་ལོ་རྒྱུས་ཀྱི་དཔྱད་ཡིག་》དེབ་དང་པོ་དང་གཉིས་པ། ལི་ཐང་རྫོང་སྲིད་གྲོས་ཀྱིས་བསྒྲིགས།
     ③《ཁམས་ཕྱོགས་དཀར་མཛེས་ཁུལ་གྱི་དགོན་སྡེ་སོ་སོའི་ལོ་རྒྱུས་གསལ་བར་བཤད་པ་ཐུབ་བསྟན་གསལ་བའི་མེ་ལོང་》་ཞེས་བྱ་བ་དེབ་ཆེན་གསུམ་གྱི་བདག་ཉིད་ཅན་གཞིར་བཟུང་པ་ཡིན། དེབ་དེ་གསུམ་ནི་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་དང་། ཀྲུང་གོ་བོད་བརྒྱུད་ནང་བསྟན་སློབ་གླིང་། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཆོས་ལུགས་ཅུད། དཀར་མཛེས་ཁུལ་ཡིག་བསྒྱུར་ཅུད་བཅས་ལས་ཁུངས་བཞི་ནས་བསྡུ་སྒྲིག་བྱས་ཏེ་ནང་ཁུལ་དུ་ཉར་པའི་ཡིག་ཆར་གཏོགས། 1995ལོའི་ཟླ་10པར་དཔར་དུ་བསྐྲུན། ཤོག་ངོས་41ན་གསལ།
     ④བཞག་པ་རིན་པོ་ཆེ་སྐུ་ཕྲེང་བཞི་པ་འཇམ་དབྱངས་མཁས་སྲུབ་མཆོག་གིས་གསུངས།
     ⑤⑥《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་》པོད་གསུམ་པ།  བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།  1994ལོ། ཤོག་ངོས་271དང་269ན་གསལ།
     ⑦མཁས་སྲུབ་དགེ་ལེགས་དཔལ་བཟང་གིས་མཛད་པའི་《རྗེ་བཙུན་བླ་མ་ཙོང་ཁ་པ་ཆེན་པོའི་ངོ་མཚར་རྨད་དུ་བྱུང་བའི་རྣམ་པར་ཐར་པ་དད་པའི་འཇུག་ངོགས།》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1982ལོ། ཤོག་ངོས་46ན་གསལ།
     ⑧འབྲུག་རྒྱལ་དབང་ཆོས་རྗེས་མཛད་པའི་《འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་བཞུགས་སོ།།》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1981ལོ། ཤོག་ངོས་138ན་གསལ།
     ⑨ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས་ཀྱིས་མཛད་པའི་《རྗེ་ཙོང་ཁ་པའི་རྣམ་ཐར་ཆེན་མོ།》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2006ལོ། ཤོག་ངོས་56ནས་120ན་བར་གསལ།
     ⑩《རྗེ་ཙོང་ཁ་བ་ཆེན་པོའི་བཀའ་འབུམ་ཐོར་བུ》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1987ལོ།  ཤོག་ངོས་266ན་གསལ།
     ⑾ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས་ཀྱིས་མཛད་པའི་《རྗེ་ཙོང་ཁ་པའི་རྣམ་ཐར་ཆེན་མོ།》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2oo6ལོ། ཤོག་ངོས་56ནས་12oན་བར་གསལ།
     ⑿《ཆོས་འབྱུང་མཁས་པའི་དགའ་སྟོན》སྨད་ཆ།  མི་རིགས་དཔེ་སྐྲུན་ཁང་།  1986ལོ།  ཤོག་ངོས་991ན་གསལ།
     ⒀《དུང་དཀར་ཚིག་མཛོད་ཆེན་མོ》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2006ལོ།  ཤོག་ངོས་34ནས་40བར་གསལ།
     ⒁《ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ།》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 1993ལོ། ཤོག་ངོས་300ན་གསལ།
     ⒂བཞག་པ་རིན་པོ་ཆེ་སྐུ་ཕྲེང་བཞི་པ་འཇམ་དབྱངས་མཁས་སྲུབ་མཆོག་གིས་གསུངས།
     ⒃《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ།》མི་རིགས་དཔེ་སྐྲུན་ཁང་། 1980ལོ། ཤོག་ངོས་16ན་གསལ།
     ⒄⒅《ཧྥ་རིན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས》དེབ་10པ། ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་། 2009ལོ།
     ⒆《ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོའི་རྩ་འགྲེལ།》མི་རིགས་དཔེ་སྐྲུན་ཁང་། 1997ལོ། ཤོག་ངོས་50ན་གསལ།
     ⒇《བོད་ཀྱི་རྡོ་རིང་གི་ཡི་གེ་དང་དྲིལ་བུའི་ཁ་བྱང་།》མི་རིགས་དཔེ་སྐྲུན་ཁང་། 1984ལོ། ཤོག་ངོས་99ན་གསལ།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...