སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མུ་ལེ་རྒྱལ་པོའི་ཆབ་སྲིད་སྒྲིག་གཞིའི་ཁྱད་ཆོས་ལ་ཐོག་མར་དཔྱད་པ།
རྩོམ་པ་པོ། བན་དེ་སྐྱབས། སེང་མགུལ་མ་ཎི་དོན་གྲུབ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-5-28 9:40:00 རྩོམ་ཁུངས། ཀྲུང་གོའི་བོད་རིག་པ། ཀློག་གྲངས།
ནང་དོན་གནད་བསྡུས། རྩོམ་ཡིག་འདིར་བཅིངས་འགྲོལ་སྔོན་གྱི་མི་ལོ་སུམ་བརྒྱ་ལྷག་ལ་མུ་ལེ་ས་ཆར་ཆབ་སྲིད་དབང་སྒྱུར་བྱས་པའི་མུ་ལེ་རྒྱལ་པོའི་ཆོས་སྲིད་སྦྲགས་མའི་སྲིད་སྐྱོང་ལམ་ལུགས་ཀྱི་སྒྲིག་གཞི་དང་དེའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས། དེ་འབྲེལ་མུ་ལེ་ས་ཆར་མི་རིགས་མང་པོ་མཛའ་མཐུན་མཉམ་གནས་སུ་ཆགས་ཚུལ་སྐོར་རགས་ཙམ་གླེང་ཡོད།
བརྡ་ཆད་གཙོ་བོ། མུ་ལེ་རྒྱལ་པོ། ཆབ་སྲིད་སྒྲིག་གཞི། བོགས་གཏོང་ལམ་ལུགས། མི་རིགས་སྣ་འདུས།
ཀྲུང་གོའི་དཔེ་དེབ་དབྱེ་རྟགས། K281
ཡིག་ཚང་མཚན་བྱང་། A
རྩོམ་གྱི་གོ་རིམ་ཨང་སྒྲིག 1002-9060-2014-03-0063-11
     བཅིངས་འགྲོལ་མ་བྱས་སྔོན་གྱི་མི་ལོ་ངོ་སུམ་བརྒྱ་ལྷག་གི་རིང་ལ་། མདོ་དབུས་མཐོ་སྒང་དང་སི་ཁྲོན་གཤོང་ས་ཆེན་མོའི་རང་བྱུང་འབྲེལ་མཚམས་ཀྱི་ད་ལྟའི་སི་ཁྲོན་ཞིང་ཆེན་ལའང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ་མུ་ལེ་བོད་རིགས་རང་སྐྱོང་རྫོང་ཁོངས་(སའི་གོ་ལའི་ཤར་གྱི་གཞུང་ཐིག་100°03′~101°40′བར་དང་། བྱང་གི་འཕྲེད་ཐིག་27°40′~29°10′བར་དུ་གནས) གཙོ་བྱས་པའི་ཡུལ་གྲུ་ཁག་ཏུ་མུ་ལེ་རྒྱལ་པོའི་ཆབ་སྲིད་སྟོབས་ཤུགས་ཀྱིས་དབང་སྒྱུར་བྱས། མུ་ལེ་ས་ཆ་འདི་ནི་བོད་ཡུལ་མདོ་དབུས་ཁམས་གསུམ་ལས་སྨད་མདོ་ཁམས་སྒང་དྲུག་གི་ཡ་གྱལ་སྤོམ་པོ་སྒང་གི་ཁོངས་སུ་གཏོགས་ལ། ཡུལ་འདིའི་ནུབ་བྱང་ནས་ཤར་ལྷོའི་ཕྱོགས་སུ་ཤོ་ལོ་གཙང་པོ་དང་། ལི་ཐང་གཙང་པོ། རྫ་ཆུ་གསུམ་མཉམ་གཤིབ་དུ་འབབ་པ་མ་ཟད་རི་ལུང་ཀུན་ཏུ་ཆུ་བོ་ཆེ་ཆུང་མང་པོས་ཕྱོགས་སུ་སྦྲེལ་ཞིང་ས་མགོ་མཐོ་དམའ་ཧ་ཅང་ཆེ་བས། དབྱར་ཁའི་དུས་སུ་རིའི་རྩ་བ་ནས་རྩེ་མོའི་བར་དུ་དུས་ཚུགས་བཞིའི་དྲོད་གྲང་གི་ཁྱད་ཆོས་འཛོམས། གནས་འདི་ས་བབ་དང་ཁ་དབུགས་མཐུན་པའི་རང་བྱུང་ནགས་ཚལ་གྱི་ལྗོན་ཤིང་རིགས་མང་པོ་དང་རི་སྐྱེས་སྲོག་ཆགས་སྣ་ཚོགས་ཀྱི་གནས་ཚང་ཞིག་ཏུ་ཆགས་ཡོད། མུ་ལེ་རྒྱལ་པོ་ལ་རྒྱའི་སྐད་དུ་མུ་ལེ་ཐུའུ་སི་(木里土司)ཞེས་འབོད་ཅིང་གནའ་དུས་སུ་ཚྭ་ཐོག་རྫོང་(盐源县) ཁོངས་ཀྱི་ཐུའུ་སི་དགུའི་གྲས་སུ་བརྩི་ལ། མུ་ལེ་རྒྱལ་པོའི་སྲིད་ལུགས་དེ་ཐུའུ་སི་གཞན་བརྒྱད་དང་མི་འདྲ་བའི་ཁྱད་ཆོས་གཙོ་བོ་ནི་དགེ་ལུགས་པའི་གྲུབ་མཐའི་སྟོབས་ཤུགས་ལ་བརྟེན་པའི་ཆོས་སྲིད་སྦྲགས་མའི་ལམ་ལུགས་དེ་ཡིན།
     མུ་ལེ་རྒྱལ་པོའི་མངའ་ཁོངས་ཀྱི་ཐུན་མོང་མ་ཡིན་པའི་རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་རིག་གནས་ཀྱི་ཁྱད་ཆོས་སྐོར་ལ། དུས་རབས་ཉི་ཤུའི་དུས་མགོ་ཙམ་ནས་བཟུང་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ཡིག་ཐོག་ཟིན་བྲིས་དང་། དེ་རྒྱུའི་བརྩམས་སྒྲུང་དང་གློག་བརྙན་སོགས་ཀྱང་བྱུང་བས། འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་ཀྱི་ནུབ་གླིང་གི་མི་མང་པོས་བོད་ཀྱི་ཡུལ་མཐའ་འདི་བདེ་ལྡན་གྱི་ཞིང་ཁམས་ཤིག་ཏུ་ངོས་བཟུང་སྟེ་དེ་ལ་རེ་སྨོན་བྱེད་པའི་མཐོ་རླབས་ཤིག་ཀྱང་འཕྱུར་མྱོང་བ་དང་། ད་ལྟའི་བར་དུ་ཡུལ་འདིའི་རང་བྱུང་ཁོར་ཡུག་དང་ཆོས་ལུགས་རིག་གནས། ཆབ་སྲིད་ལམ་ལུགས་སོགས་ལ་ཞིབ་འཇུག་བྱེད་མཁན་ཡང་མང་པོ་བྱུང་ཡོད། རྒྱའི་གནའ་དེང་གི་ཡིག་ཚང་ཁག་ཏུ་ཡང་ཡུལ་འདིའི་ཆབ་སྲིད་རིག་གནས་སྐོར་དང་གཏེར་ཁ་སོགས་རང་བྱུང་ཐོན་ཁུངས་ཐད་ཀྱི་ཞིབ་འཇུག་དཔྱད་བརྗོད་མང་པོ་མཐོང་རྒྱུ་ཡོད་མོད། བོད་ཡིག་ཏུ་འཁོད་པའི་མུ་ལེ་ས་ཁུལ་གྱི་ལོ་རྒྱུས་དང་རིག་གནས་ཐད་ཀྱི་ཞིབ་འཇུག་དཔྱད་འབྲས་ལ། ལོ་ངོ་ཉིས་བརྒྱ་ལྷག་གི་སྔོན་དུ་གཙང་རོང་འཚོ་རིགས་རྒྱུད་དུ་འཁྲུངས་པའི་ངག་དབང་མཁྱེན་རབ་ལགས་ཀྱིས་མཛད་པའི་སྤྱི་ལོ་1580ནས་སྤྱི་ལོ་1735བར་གྱི་མུ་ལེ་རྒྱལ་པོའི་ལོ་རྒྱུས་དོན་ཆེན་སྐོར་གྱི་བརྩམས་ཆོས་《མུ་ལེ་ཆོས་འབྱུང་》ཞེས་པ་དེ་དང་དེར་འབྲེལ་གྱི་དེང་རབས་དཔྱད་རྩོམ་རེ་གཉིས་ལས་མཐོང་རྒྱུ་མི་འདུག    
     རྩོམ་ཡིག་འདིར་བདག་གིས་ད་ཡོད་ཀྱི་རྒྱ་བོད་དབྱིན་གསུམ་གྱི་ཡིག་ཚང་གལ་ཆེན་འགར་གཞི་བཅོལ་ཐོག ཡུལ་དངོས་རྩད་གཅོད་ཀྱི་ཐབས་ལ་བརྟེན་ནས་འདི་གའི་སྲིད་གཞུང་དང་དགོན་སྡེ། དེ་མིན་སྤྱི་ཚོགས་ལས་རིགས་སོ་སོའི་ཤེས་ལྡན་པ་དང་། དམངས་ཁྲོད་ཀྱི་ལོ་རྒྱུས་དཔང་མི་གལ་ཆེན་དག་ལ་དངོས་སུ་བཅར་འདྲི་སྒོས་ལག་སོན་བྱུང་བའི་རྒྱུ་ཆར་གཞིགས་ནས། ཡུལ་དུས་ཀྱིས་བར་ཆོད་པའི་དབང་གིས་མུ་ལེ་ས་ཆའི་ཆབ་སྲིད་ལ་རྒྱུས་ལོན་ཆེན་པོ་མེད་པའི་བོད་ཀྱི་གཞོན་སྐྱེས་ཀློག་པ་པོ་རྣམས་ལ་མུ་ལེ་རྒྱལ་པོའི་ཆབ་སྲིད་སྒྲིག་གཞིའི་ཁྱད་ཆོས་དང་མི་རིགས་སྣ་འདུས་ཀྱི་ལོ་རྒྱུས་སྐོར་གྱི་གནས་ཚུལ་དེ་ཕྲན་ཙམ་ཞུ་བར་འདོད།
དང་པོ། མུ་ལེ་རྒྱལ་པོའི་སྲིད་སྐྱོང་གི་ལོ་རྒྱུས་རྒྱབ་ལྗོངས།
     《མུ་ལེ་ཆོས་འབྱུང་》དང་རྒྱའི་ཡིག་ཚང་འགའི་འབྲེལ་ཡོད་ནང་དོན་ལ་གཞིགས་ན། མུ་ལེ་རྒྱལ་རབས་མ་བྱུང་སྔོན་དུ་གནས་འདིར་བོན་དང་། རྙིང་མ་བ། ས་སྐྱ་བའི་གྲུབ་མཐའ་སོགས་སྔ་རྗེས་སུ་དར་མྱོང་བ་མ་ཟད། ཀརྨ་བཀའ་བརྒྱུད་པའི་གྲུབ་མཐའ་ཡང་རྒྱ་ཆེར་དར་མྱོང་བ་དང་། རྗེ་ཙོང་ཁ་བ་ཆེན་པོ་ཞལ་བཞུགས་དུས་སུ་ཡང་ཁོང་གི་བུ་སློབ་ཁ་ཤས་ཀྱིས་དགེ་ལུགས་པའི་བསྟན་པ་ཡུལ་འདིར་ཐོག་མར་སྤེལ་མགོ་བརྩམས་མོད་ཤུགས་ཆེར་དར་མ་ཐུབ། ཕྱིས་སུ་དགེ་ལུགས་པའི་གྲུབ་མཐའ་ཁམས་ཕྱོགས་སུ་རིམ་གྱིས་རྒྱ་ཆེར་དར་བ་དང་། སྤྱི་ལོ་1580ལོར་རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོས་ལི་ཐང་ཐུབ་ཆེན་བྱམས་པ་གླིང་གསར་འདེབས་བྱེད་སྐབས། མུ་ལེ་ས་ཆའི་ཡུལ་དཔོན་འགས་རེ་སྨོན་ཞུས་པ་བཞིན་རྒྱལ་དབང་སྐུ་ཕྲེང་གསུམ་པས་མངགས་པའི་ཆབ་མདོ་བ་ཆོས་རྗེ་སངས་རྒྱས་རྒྱ་མཚོ་①ཡིས་སྤྱི་ལོ1584ལོར་ལྷ་སྟེང་དགའ་ལྡན་དར་རྒྱས་གླིང་ཐོག་མར་བཙུགས་པ་ནས་མུ་ལེ་ས་ཆའི་དགེ་ལུགས་པའི་གྲུབ་མཐའི་རྐང་ཚུགས། དེ་ནས་ཆོས་རྗེ་སངས་རྒྱས་རྒྱ་མཚོའི་སློབ་མ་གནས་བརྟན་ཚུལ་ཁྲིམས་བཟང་པོས་བླ་མའི་ཐུགས་བཀོད་ལྟར་ཁེ་འོང་བདེ་བ་ཅན་བསོད་ནམས་དར་རྒྱས་གླིང་བཏབས་པ་མ་ཟད། དེ་གའི་འབར་ཚང་ཞེས་པའི་ཁྱིམ་རྒྱུད་ཀྱི་བྱིས་པ་ཞིག་ལ་“བུ་ཆུང་ཡ་མཚར་ཅན་འདི་བཙུན་པར་བཞག་ན་སླར་བསྟན་པའི་བདག་པོར་འགྱུར་བ་འདུག་ཨང་”②གསུངས་ནས་ཉེ་གནས་སུ་བླངས་ཤིང་། ཕྱིས་སུ་དེ་ཉིད་རང་གི་བླ་མའི་ཡང་སྲིད་དུ་ངོས་བཟུང་བ་ལ་མུ་ལེ་སྐྱབས་མགོན་སྐུ་ཕྲེང་གཉིས་པ་འཇམ་དབྱངས་བཟང་པོར་འབོད། བླ་མ་འཇམ་དབྱངས་བཟང་པོ་སྔ་རྗེས་སུ་དབུས་གཙང་དུ་ཐེངས་གསུམ་ལ་ཕེབས་རིང་དུ། སེ་འབྲས་དགེ་གསུམ་སོགས་སུ་སློབ་གཉེར་དཔྱིས་ཕྱིན་པ་གནང་བ་དང་། གོང་ས་ལྔ་བ་ཆེན་པོ་དང་པཎ་ཆེན་རིན་པོ་ཆེའི་ཐུགས་བཀོད་མ་ལྡོག་པར་ཕྱིར་རང་ཡུལ་དུ་ཕེབས་ནས་མུ་ལེ་དགོན་ཆེན་གསར་དུ་བཞེངས་པ་ནས་མུ་ལེ་དགོན་ཆེན་གསུམ་དངོས་སུ་བྱུང་ཤིང་། སྐབས་དེའི་སྡེ་བ་གཞུང་གི་རྒྱབ་སྐྱོར་ལ་བརྟེན་ནས་འཇང་ས་དམ་གྱི་ཆབ་སྲིད་དབང་སྒྱུར་དང་བཅས་པའི་ཀརྨ་པའི་གྲུབ་མཐའི་སྟོབས་ཤུགས་ཕྱོགས་སུ་ཕུད་དེ་དགེ་ལུགས་པའི་གྲུབ་མཐའ་རྒྱ་ཆེར་སྤེལ་བས་དགེ་ལུགས་པའི་ཆོས་ལུགས་སྟོབས་ཤུགས་ཆེས་ཆེར་རྒྱས། བླ་མ་འཇམ་དབྱངས་བཟང་པོའི་“ནང་ཆོས་ཀྱི་ཐོས་བསམ་སོགས་གཞན་ལས་ལྷག་པའི་འཇོན་ཐང་དང་ཁྱད་པར་དུ་ཕུལ་དུ་བྱུང་བའི་འཆད་སྟོབས་ཀྱིས་ཡུལ་མིའི་དད་སེམས་རབ་ཏུ་བཀུག་”③པས་ཀུན་གྱིས་གོང་དུ་བཀུར། དེ་ལྟར་དགོན་སྡེ་དང་ཡུལ་མི་རྣམས་ཀྱི་སྤྱི་ཚོགས་རྒྱབ་སྐྱོར་འོག་ཁོང་གིས་ཕྱི་ཡི་དགྲ་བོ་ཕམ་པར་བྱས་ཤིང་། ནང་གི་དབང་རྩོད་སྡེ་བ་གཞུང་གིས་འདུམ་འགྲིག་བྱས་པ་ལ་བརྟེན་ནས་ཞི་འཇགས་སུ་བཏང་སྟེ། ཁོ་རང་མུ་ལེ་རྒྱལ་པོའི་ཁྲི་རབས་དང་པོར་གྱུར། ཁོང་ནི་མུ་ལེ་སྐྱབས་མགོན་སྐུ་ཕྲེང་གཉིས་པ་ཡང་ཡིན་པས་བླ་དཔོན་གཉིས་ཀའི་འགན་བཞེས་པ་ནས་བཟུང་ཡུལ་འདིར་ཆོས་སྲིད་མཉམ་སྦྲགས་ཀྱི་སྲིད་སྐྱོང་ལམ་ལུགས་ཀྱི་དབུ་བརྙེས། དེའི་ཕྱིས་ཀྱི་མུ་ལེ་རྒྱལ་པོའི་ཁྲི་རབས་གཉིས་པ་ནས་བཟུང་བླ་དཔོན་གཉིས་ཀ་སོ་སོར་ཕྱེ་སྟེ་མུ་ལེ་སྐྱབས་མགོན་ལ་སྐུ་ཕྲེང་འཚོལ་ལུགས་བྱུང་བ་དང་། མུ་ལེ་རྒྱལ་པོ་ནི་འབར་ཚང་ཟེར་བའི་ཁྱིམ་རྒྱུད་ཀྱི་མི་ཞིག་གིས་འཛིན་ལུགས་བྱུང་མོད། མུ་ལེ་རྒྱལ་པོ་རིམ་བྱོན་དགེ་འདུན་པ་ཡིན་པས་ཆོས་སྲིད་མཉམ་སྦྲགས་ཀྱི་ལམ་ལུགས་དེ་དུས་ཡུན་རིང་པོར་རྒྱུན་བསྲིངས་ནས་བཅིངས་འགྲོལ་མ་བྱས་བར་དུ་མུ་ལེ་རྒྱལ་པོ་ཁྲི་རབས་བཅུ་དགུ་དང་ད་ལྟའི་བར་དུ་མུ་ལེ་སྐྱབས་མགོན་སྐུ་ཕྲེང་བཅུ་བྱོན་④ཡོད།
     མུ་ལེ་སྐྱབས་མགོན་ནི་དགོན་ཆེན་གསུམ་གཙོས་མངའ་ཁོངས་ཡོངས་ཀྱི་ཆོས་ཕྱོགས་ཀྱི་གཙོ་འཛིན་མཐོ་ཤོས་དང་།ཏཱ་ལོ་ཡས་ནི་འབར་ཚང་གི་ཁྱིམ་གཞིས་ཀྱི་ཤུལ་འཛིན་རྒན་ཤས་སམ་ཁྱིམ་རྒྱུད་ཀྱི་གདུང་རྒྱུད་སྤེལ་མཁན་ཡིན་པ་ལས།དེ་གཉིས་ཀས་མུ་ལེ་རྒྱལ་པོའི་སྲིད་སྐྱོང་ལ་དངོས་སུ་ཤུགས་རྐྱེན་མི་བྱེད་ཅིང་། འབར་ཚང་ཞེས་པ་དེ་ཡང་ཁྱིམ་རྒྱུད་ཆེན་པོ་ཞིག་མ་ཡིན་ལ། དེ་ནི་མུ་ལེ་རྒྱལ་པོ་དང་པོའི་རིང་དུ་རྒྱལ་དབང་ལྔ་པས་མི་མངགས་ཏེ་གཏན་འཁེལ་བྱས་པའི་ལུགས་སྲོལ་ལྟར། དེའི་ཕྱིས་ཀྱི་བླ་མ་འཇམ་དབྱངས་བཟང་པའི་སྐྱེས་ཡུལ་འབར་ཚང་གི་བུའི་རྒྱུད་ཀྱིས་ཆུང་མ་ཚུར་བླངས་ནས་རིགས་རྒྱུད་སྤེལ་བ་དང་བུ་མོའི་རྒྱུད་ཀྱི་བུ་ཞིག་ཆུང་དུས་ནས་རབ་ཏུ་བྱུང་སྟེ་ནང་པའི་ཆོས་གཞུང་ལ་སློབ་གཉེར་བྱས་མཐར་རིམ་གྱིས་ཁྲི་སྐྱོང་མཛད་པ་ཞིག་ཡིན་ལ། ཁྱིམ་རྒྱུད་དེའི་བུ་མོའི་རྒྱུད་ཀྱིས་ཀྱང་ཁྱིམ་གཞིས་གཅིག་ལོགས་སུ་བཟུང་ཡོད་མོད། དེ་དག་གིས་ཁྱོ་ག་ཁྱིམ་དུ་བསུས་ནས་དངོས་སུ་གཉེན་སྒྲིག་བྱེད་ལུགས་མེད་པར་གྲགས། 
     མུ་ལེའི་དགོན་ཆེན་གསུམ་འཕེལ་རྒྱས་སུ་ཕྱིན་པ་དང་དགོན་མ་ལག་བཅོ་བརྒྱད་དུ་གྲགས་པ་ཡང་རིམ་གྱིས་བྱུང་བར་བརྟེན། དགེ་ལུགས་པའི་གྲུབ་མཐའ་ཡུལ་གྲུ་འདིར་རྒྱ་ཆེར་དར་ལ། མུ་ལེ་རྒྱལ་པོ་སོ་སོའི་“དཔོན་རིགས་རྣམས་དབུས་ཕྱོགས་སུ་ཐེངས་མང་སོང་ནས་མུ་ལེ་ས་ཆའི་གསེར་དངུལ་ཐོན་ཁུངས་ཀྱི་སྟོབས་ཤུགས་ལ་བརྟེན་ཏེ་སེ་འབྲས་དགེ་གསུམ་གཙོ་བྱས་པའི་དགོན་སྡེ་སོ་སོའི་གྲྭ་མང་དང་།དབུས་གཞུང་ལ་གསེར་དངུལ་ཟས་གོས་ཀྱི་ཞུ་འབུལ་རྒྱ་ཆེན་བྱས་”⑤ནས་བོད་ཡུལ་དབུས་དང་ཆོས་སྲིད་ཀྱི་འབྲེལ་ལམ་དམ་པོ་བཙུགས། མུ་ལེ་ས་ཆའི་ལྷ་སྟེང་དགོན་དང་ཁེ་འོང་དགོན། མུ་ལེ་དགོན་བཅས་དགོན་ཆེན་གསུམ་གྱི་སྒྲིག་གཞི་ཡང་སེ་འབྲས་དགེ་གསུམ་གྱི་སྒྲིག་གཞི་དང་མཚུངས་ཤིང་། དེ་དག་གི་དགེ་འདུན་པའི་མི་གྲངས་ཀྱང་སྐབས་དེའི་དགའ་ལྡན་(3300)དང་སེ་ར་(5500)། འབྲས་སྤུངས་(7700) སོ་སོའི་དགེ་འདུན་གྱི་གྲངས་ཀའི་བཅུ་ཆའི་གཅིག་ཏུ་གཏན་འཁེལ་བྱས། བླ་མ་འཇམ་དབྱངས་བཟང་པོས་སེ་འབྲས་དགེ་གསུམ་དང་བཀྲ་ཤིས་ལྷུན་པོ་སོགས་སུ་སྤོམ་འབོར་ཁམས་ཚན་དང་རྒྱལ་ཁམས་ཚན་སོགས་ཁམས་ཚན་སོ་སོ་བཙུགས་པས་ལི་ཐང་དང་རྒྱལ་ཐང་སོགས་འདུས་པའི་སྤོར་འབོར་སྒང་གསུམ་གྱི་གྲྭ་བཙུན་རྣམས་ཁམས་ཚན་དེ་དག་ཏུ་གཏན་འཇགས་གནང་ལ། ལྷ་ལྡན་སྨོན་ལམ་ཆེན་མོས་མཚོན་པའི་དགེ་ལུགས་པའི་ཆོས་ལུགས་ཆོ་ག་སོགས་ཀྱང་དེ་བཞིན་དུ་སྤེལ་ནས་དེ་ལྟ་ཡང་མ་ཉམས་པར་ཡོད།དེ་མིན་མུ་ལེ་དགོན་ཆེན་གསུམ་ནས་དབུས་ཕྱོགས་སུ་གྲྭ་རྒྱུན་ཆག་མེད་དུ་བཏང་པས་ལོ་རྒྱུས་ཁྲོད་མུ་ལེ་ནས་ཐོན་པའི་དགའ་ལྡན་གསེར་ཁྲི་ཡང་བཞི་བྱོན་མྱོང་།
གཉིས་པ། མུ་ལེ་རྒྱལ་པོའི་སྲིད་སྐྱོང་གི་ཆབ་སྲིད་སྒྲིག་གཞི།
     མུ་ལེ་རྒྱལ་པོ་ནི་དགེ་འདུན་པ་ཡིན་པས་རྒྱལ་པོའི་སྲིད་སྐྱོང་གི་ལྟེ་གནས་ཀྱང་དགོན་པའི་གནས་སུ་ཡོད་པ་དང་། མུ་ལེ་དགོན་ཆེན་གསུམ་དུ་བླ་བྲང་རེ་ཡོད་⑥པ་དེ་དག་ཆོས་རྗེ་སངས་རྒྱས་རྒྱ་མཚོའི་སྲིད་དབང་བཟུང་བ་ནས་མུ་ལེ་རྒྱལ་པོའི་སྲིད་སྐྱོང་ལྟེ་གནས་ཡིན་པ་མ་ཟད་མུ་ལེ་རྒྱལ་པོ་དང་མུ་ལེ་སྐྱབས་མགོན། ཉེ་འཁོར་དགེ་འདུན་པའི་དཔོན་རིགས་ཀྱི་འཚོ་བའི་སྡོད་གནས་ཀྱང་ཡིན། མུ་ལེ་རྒྱལ་པོ་དང་མུ་ལེ་སྐྱབས་མགོན་གཉིས་ལོ་རེ་བཞིན་དཔོན་རིགས་ཁ་ཤས་དང་ལྷན་དུ་མུ་ལེ་དགོན་ཆེན་དང་ལྷ་སྟེང་དགོན། ཁེ་འོང་དགོན་གསུམ་གྱི་དགོན་པའི་བླ་བྲང་སོ་སོར་རེས་མོས་ཀྱིས་སྡོད་ཅིང་། མུ་ལེ་རྒྱལ་པོའི་མངའ་འོག་ཏུ་མཇལ་ས་གཅིག་དང་། དྲུང་ཡིག གསོལ་དཔོན། སྐུ་ཚབ། ཕྱག་མཛོད་སོགས་དཔོན་རིགས་སྐོར་ཞིག་ཡོད་ལ། དེ་དག་ནི་མུ་ལེ་རྒྱལ་པོའི་སྲིད་སྐྱོང་སྒྲིག་གཞི་གལ་ཆེན་ཡིན།
     མཇལ་ས་ནི་བློན་ཆེན་གྱི་གོ་གནས་འཛིན་པའི་དགེ་འདུན་པ་ཞིག་སྟེ། དེས་རྒྱལ་པོའི་བཀའ་བཞིན་ལས་དོན་ཡོད་ཚད་ལག་ཏུ་འཁྱོལ་དགོས་ཤིང་། བླ་བྲང་ཕྱི་ནང་གི་ལས་དོན་དང་། ཁྲིམས་གཏུག་ཁ་མཆུ་སྣ་ཚོགས། དེ་མིན་ཁྲལ་བསྡུ་དང་དམག་གཞི་ལེགས་སྒྲིག་སོགས་ཀྱི་དོན་དག་ཆེ་གྲས་ཐམས་ཅད་ཀྱི་འགན་འཁུར་དགོས་པ་མ་ཟད་ནམ་རྒྱུན་རྒྱལ་པོའི་སྐུ་རྗེས་སུ་འགྲོ་དགོས། རྒྱལ་པོའི་ཁབ་ཀྱི་ཡུལ་སྡེ་སོ་སོའི་དཔོན་རིགས་རྣམས་སྙན་ཞུ་འབུལ་བར་སླེབས་ཚེ། སྤྱིར་བཏང་དུ་མཇལ་ས་རང་ནས་རྒྱལ་པོའི་ཚབ་ཏུ་མཇལ་ཁ་གནང་བ་ལས་རྒྱལ་པོ་དང་ཐད་ཀར་མི་འཕྲད། མཇལ་ས་ནི་དཔོན་རིགས་མཐོ་ཤོས་རྣམས་ལས་བསྐོ་འཇོག་བྱས་པའི་དཔོན་ས་ཧ་ཅང་མཐོ་ཤོས་ཤིག་ཡིན་མོད། དེའི་བྱ་བའི་ནུས་པ་མི་ལེགས་པའམ་རྒྱུ་རྐྱེན་གཞན་གྱི་དབང་གིས་སྔ་བསྣུར་བརྗེ་བསྐོ་མ་དགོས་ཚེ་འགན་ཡུན་ལོ་གསུམ་རེའི་རྗེས་སུ་ད་གཟོད་བསྐྱར་བསྐོ་བྱེད་ཅིང་། མཇལ་སར་འདེམས་བསྐོའི་འོས་མི་ནི་དེའི་འོག་གི་དྲུང་ཡིག་ཆེན་མོ་དང་གསོལ་དཔོན་ཆེན་མོ། ཡང་ན་བླ་བྲང་སོ་སོའི་སྐུ་ཚབ་སོགས་འགན་ནུས་གྱི་མི་སྣ་འཇོན་ཐང་ཅན་དག་ཡིན།
     དྲུང་ཡིག་ནི་མཇལ་སའི་འོག་གི་དཔོན་གནས་ཤིག་སྟེ། དྲུང་ཡིག་གི་ལས་ཀ་གཙོ་བོ་རྒྱལ་པོའི་བཀའ་ཤོག་དང་། བཀའ་ལན་ལྗགས་རྩོམ་བྱེད་རྒྱུ་དེ་ཡིན་ལ། དྲུང་ཡིག་ལ་དཔོན་གནས་ཆེ་ཆུང་གཉིས་ཡོད་པ་ལས་ཆེ་བས་རྒྱལ་པོའི་བླ་བྲང་གི་ཡིག་ཆ་བདག་གཉེར་བྱས་ཐོག ཕྱི་འབྲེལ་ཐད་ཀྱི་བོད་ཡིག་བཀའ་ཤོག་སོགས་ཀྱི་བྲིས་འགན་འཁུར་ཅིང་། ཁོ་རང་རྒྱལ་པོའི་མངའ་ཁོངས་ཀྱི་ཚོགས་འདུ་ཆེ་ཆུང་ཀུན་ལ་ཞུགས་ཆོག དྲུང་ཡིག་ཆུང་བས་དྲུང་ཡིག་ཆེ་བའི་ཕྱག་གཡོག་ཏུ་ལོ་ཙཱ་དང་ཡིག་ཆ་ཕབ་བཤུ་སོགས་བྱེད་དགོས་ལ་དེ་དག་དྲུང་ཡིག་ཆེ་བའི་རྗེས་སྐྱོང་འོས་མི་ཡང་ཡིན། གཞན་དུ་རྒྱ་ཡིག་གི་གཞུང་ཤོག་དང་ཡིག་སྒྱུར། སྦྲག་ཡིག་སོགས་འབྲི་མཁན་གྱི་དྲུང་ཡིག་ཅིག་ཡོད་ལ། དེ་ནི་རྒྱལ་པོའི་མངའ་ཁོངས་ཀྱི་ཕྱི་ནས་གདན་དྲངས་པའི་མི་རིགས་གཞན་གྱི་ཡིག་མཁན་གྱིས་འགན་འཛིན་ཞིང་། དེའི་ལས་འཛིན་གྱི་དུས་ཡུན་ལ་གཏན་འཁེལ་མེད།
     མཇལ་སའི་འོག་ཏུ་གསོལ་དཔོན་ཆེ་ཆུང་གཉིས་ཡོད་པ་ལས། གསོལ་དཔོན་ཆེ་བས་རྒྱལ་པོའི་བླ་བྲང་གི་ནོར་སྲིད་དང་ཡོང་འབབ་སྤྱི་ལ་དོ་དམ་དང་། བླ་མའི་གསོལ་ཆའི་རིགས་ལ་ཞིབ་བཤེར་བྱེད་པའི་འགན་ཡང་འཁུར་ལ། དེའི་གོ་གནས་དྲུང་ཡིག་ཆེ་བ་དང་མཉམ། གསོལ་དཔོན་ཆུང་བ་དེ་གསོལ་དཔོན་ཆེ་བའི་རྗེས་སྐྱོང་འོས་མིའི་གྲས་ཡིན་པ་དང་། དེས་རྒྱལ་པོའི་སྒེར་ནོར་དོ་དམ་དང་ཁོང་གི་ཉིན་རྒྱུན་འཚོ་བར་བཀོད་སྒྲིག་དང་སྲི་ཞུ་བྱེད་དགོས་པ་མ་ཟད་རྒྱལ་པོའི་སྐུ་སྲུང་གི་ལས་འགན་ཡང་འཁུར་དགོས་ལ་དེའི་འོག་ཏུ་ལས་གཉེར་བ་འགའ་ཤས་ཡོད། 
     མུ་ལེ་རྒྱལ་པོ་དང་མུ་ལེ་སྐྱབས་མགོན་གཉིས་ཉེ་འཁོར་དང་བཅས་མུ་ལེ་དགོན་ཆེན་གསུམ་དུ་ལོ་རེ་བཞིན་སྡོད་ཡུན་དུ། རྒྱལ་པོའི་མངའ་ཁོངས་ཀྱི་ལས་དོན་རྣམས་གཙོ་བོ་མུ་ལེ་དགོན་ཆེན་གསུམ་ཀའི་བླ་བྲང་གིས་སྐྱོང་དགོས་ཤིང་། རྒྱལ་པོ་སོགས་བླ་བྲང་ཞིག་ཏུ་སྡོད་སྐབས་བླ་བྲང་གཞན་གཉིས་སུ་རྒྱལ་པོའི་ཚབ་ཏུ་སྐུ་ཚབ་ཅིག་ཡོད་ལ། དེ་མིན་བླ་བྲང་གི་ཕྱག་མཛོད་སོགས་དཔོན་རིགས་སྐོར་ཞིག་ཡོད། དགོན་པའི་ནང་དུ་ཡང་མུ་ལེ་སྐྱབས་མགོན་གྱི་ཚབ་ཏུ་བླ་ཚབ་རེ་དང་། མཁན་པོ་དང་དབུ་འཛིན། དགེ་བསྐོས་སོགས་ལས་འཛིན་ཁག་ཡོད། བླ་ཚབ་ཀྱིས་བླ་མའི་ཚབ་ཏུ་ཆོས་ཕྱོགས་ཀྱི་ལས་དོན་གཙོ་སྐྱོང་བྱེད་དགོས་པ་དང་སྐུ་ཚབ་ཀྱིས་རྒྱལ་པོའི་ཚབ་ཏུ་མངའ་ཁོངས་ཀྱི་སྲིད་དོན་སྐྱོང་བ་དང་། སྐུ་ཚབ་ལ་རང་གི་མངའ་ཁོངས་ཀྱི་ཁྲིམས་འཛིན་དབང་ཆ་ཐམས་ཅད་ཡོད་པས་དམངས་ཁྲོད་ཀྱི་ཉེས་དོན་དང་ཁ་མཆུ་སྣ་ཚོགས་ཐག་གཅོད་དགོས། སྐུ་ཚབ་དེ་ཡང་ལོ་གསུམ་རེའི་ནང་བསྐྱར་བསྐོ་བྱེད་མོད། དེ་དག་གི་འགན་ཡུན་མཇུག་སྒྲིལ་རྗེས་ཀྱང་དཔོན་ཐོབ་སོར་འཇོག་བྱེད་པ་མ་ཟད། དེ་དག་ལ་གསོལ་དཔོན་ཆེན་མོའམ་ཡང་ན་མཇལ་སའི་གོ་གནས་སུ་མཐོར་སྙེགས་ཆོག་པའི་ཐོབ་ཐང་ཡོད། དེའི་འོག་ཏུ་ཕྱག་མཛོད་ཡིན་ལ། དེས་ཁྲལ་དང་འུ་ལག་བསྡུ་བ་དང་བླ་བྲང་དང་རྒྱལ་པོའི་འཚོ་བའི་མཁོ་ཆས་རྣམས་འདོན་སྤྲོད་བྱེད་དགོས།གཞན་ཡང་གཟིམ་དཔོན་ཟེར་བའི་རྒྱལ་པོའི་གཟིམ་གཡོག་ཕྱོགས་ཀྱི་ལས་འགན་ཁུར་མཁན་ཞིག་དང་བླ་བྲང་གི་མཆོད་བཤམས་སོགས་ཆོས་ཕྱོགས་ཀྱི་ཆོ་ག་སྒྲུབ་མཁན་གྱི་མཆོད་དཔོན་ལས་གཞན་ལས་དཔོན་ཆུང་ངུ་འགའ་ཤས་ཀྱང་ཡོད་པར་གྲགས།
     མུ་ལེ་རྒྱལ་པོའི་ཕོ་བྲང་གི་དཔོན་རིགས་རྣམས་དགེ་འདུན་པ་ཡིན་ལ། དགོན་པ་སོ་སོར་ལས་སྣེ་ཐོན་པ་ཟེར་བའི་སྔར་གྱི་དཔོན་གནས་ལས་ཐོན་པའི་དགེ་འདུན་པ་སྐོར་ཞིག་ཡོད་ཅིང་། དེ་དག་ལས་ཡུལ་སྡེ་སོ་སོར་རྫོང་དཔོན་དུ་མངགས་པའམ་སྐུ་ཚབ་ཀྱི་གོ་གནས་སུ་འཕར་ཆོག ལས་སྣེ་ཐོན་པའི་དགེ་འདུན་རྒན་གྲས་ཀྱིས་གྲུབ་པའི་ལས་ཚན་ཞིག་ཡོད་པ་ལ་“རྒན་སོང་”ཞེས་འབོད་ཅིང་། དེའི་གྲས་སུ་སྔོན་ཆད་བླ་བྲང་གི་མཇལ་ས་དང་དྲུང་ཡིག གསོལ་དཔོན། རྫོང་དཔོན་སོགས་དང་། དགོན་པའི་བླ་ཚབ། མཁན་པོ། དབུ་འཛིན། དགེ་བསྐོས། ཕྱག་མཛོད་སོགས་ཀྱི་ལས་ཀ་བྱས་མྱོང་ཤིང་ཀུན་གྱིས་ཁས་ལེན་ཐོབ་པའི་ལས་ཐོན་རྒན་གྲས་ཁག་ཡོད་ལ། རྒན་སོང་དེར་ལས་སྒྲུབ་ཁང་ཞིག་ཡོད་པ་མ་ཟད། དེས་ལོ་རེ་བཞིན་“རྒན་སོང་ཚོགས་འདུ་”ཞེས་པའི་ཚོགས་འདུ་ཆེན་པོ་ཞིག་བསྡུ་ཞིང་། ཚོགས་འདུ་དེ་བརྒྱུད་ནས་ཡུལ་གྲུ་སོ་སོའི་ཆོས་སྲིད་གཉིས་ཀའི་དོན་དག་འགངས་ཆེན་སྐོར་ལ་གྲོས་མོལ་བྱས་ཏེ། ཕྱིའི་ཇག་རྐུན་ཀྱི་གནོད་འཚེ་ལྡོག་པ་དང་ནང་གི་ཟིང་འཁྲུག་གནོན་པ་སོགས་དགྲ་འགོག་རང་སྲུང་དང་མངའ་ཁོངས་བརྟན་སྐྱོང་། མཐའ་མཚམས་བདེ་སྲུང་ཐད་ཀྱི་དོན་ཆེན་རྣམས་ཚོགས་འདུའི་སྟེང་གྲོས་མོལ་སྒོས་ཐག་གཅོད་བྱེད། དགོན་ཆེན་གསུམ་ཀའི་“རྒན་སོང་ཚོགས་འདུ་”ཡི་ཚོགས་མིའི་གྲངས་ཀ་ཡང་དགོན་པའི་གྲྭ་བཙུན་གྱི་སྤྱི་གྲངས་ལ་གཞིགས་ནས་མི་འདྲ་སྟེ། མུ་ལེ་དགོན་ཆེན་དུ་ཚོགས་མི་བཞི་བཅུ་དང་། ཁེ་འོང་དགོན་ཆེན་དང་ལྷ་སྟེང་དགོན་ཆེན་སོ་སོར་ཚོགས་མི་སུམ་བཅུ་རེ་ཡོད། ཚོགས་འདུ་དེ་ལ་སྤྱི་རྒན་ཟེར་བའི་དགོན་པ་སོ་སོས་ཁས་ལེན་བྱེད་པའི་དགེ་འདུན་པ་ཞིག་གིས་དབུ་འཛིན་བྱེད་ཅིང་། སྤྱི་རྒན་དེ་དག་བརྒྱུད་ནས་ཚོགས་འདུའི་དོན་འགངས་རྣམས་རྒྱལ་པོ་དང་མཇལ་སར་ཞུ་བ་ལས། མུ་ལེ་རྒྱལ་པོ་དང་མུ་ལེ་སྐྱབས་མགོན། མཇལ་ས་སོགས་ཚོགས་འདུ་དེར་དངོས་སུ་མི་ཞུགས།
     གོང་གསལ་གྱི་དཔོན་གནས་དག་ནི་མུ་ལེ་རྒྱལ་པོའི་སྲིད་སྐྱོང་སྒྲིག་གཞིའི་མཐོ་རིམ་དཔོན་གནས་སྐོར་ཡིན་ལ།  མངའ་ཁོངས་ཀྱི་ཡུལ་གྲུ་སོ་སོར་བདག་སྐྱོང་བྱེད་མཁན་ལ་ཡང་རྫོང་དཔོན་དང་སྡེ་དཔོན། མི་དཔོན་སོགས་ཡུལ་སྡེའི་སྲིད་སྐྱོང་དཔོན་རིམ་སྐོར་ཞིག་ཡོད། རྫོང་དཔོན་ནི་བླ་བྲང་སོ་སོས་དབང་ཤུགས་ལག་བསྟར་བྱེད་པར་ཆེད་དུ་མངགས་པའི་དཔོན་རིགས་ཤིག་ཡིན་ལ་དཔོན་གནས་དེ་དག་ལས་སྣེ་ཐོན་པའི་དགེ་འདུན་པས་འཛིན་དགོས་ཤིང་འགན་ཡུན་ལོ་གསུམ་ཡིན། སྡེ་དཔོན་ནི་ཡུལ་སྡེ་སོ་སོའི་དཔོན་པོ་ཡིན་ལ། དེ་དག་ལས་ཕྱག་འཕྲེང་གི་འབྲེལ་མཚམས་སུ་ཡོད་པའི་སྟོང་རིང་གི་སྟོབས་ཤུགས་ཅུང་ཆེ་སྟབས། དེའི་སྡེ་དཔོན་ལ་དམིགས་བསལ་དུ་སྐུ་ཚབ་ཀྱི་གོ་ཐོབ་ཅིག་གནང་ཡོད། དེ་མིན། མི་དཔོན་ནི་ནཱ་ཞིའི་ས་ཁུལ་གྱི་ཝ་ཡག་སྡེ་བར་བཙུགས་པའི་སྡེ་དཔོན་གྱི་དཔོན་གནས་ཤིག་ཡིན་མོད། དེའི་ཡུལ་སྡེ་རྒྱལ་ཐང་གི་འབྲེལ་མཚམས་སུ་ཡོད་ཅིང་སྟོབས་ཤུགས་ཀྱང་ཅུང་ཆེ་བས་དེ་ལ་ཡང་སྐུ་ཚབ་ཀྱི་གོ་ཐོབ་གནང་ཞིང་དཔོན་གནས་དེ་ཕ་ཤུལ་བུ་འཛིན་བྱས་ཆོག གོང་གི་ཕ་ཤུལ་བུ་འཛིན་བྱེད་མཁན་གྱི་སྡེ་དཔོན་རིགས་འདི་དག་མ་གཏོགས་དཔོན་མི་ཕལ་ཆེ་བ་བླ་བྲང་སོ་སོས་དུས་ལྟར་ཆེད་དུ་མངགས་པ་ཡིན་ལ། སྡེ་དཔོན་ཚོས་རང་རང་གི་འགན་ཡུན་དུ་རྒྱལ་པོའི་བླ་བྲང་དུ་གསེར་འབྲུ་འབུལ་དགོས་ཀྱང་བླ་བྲང་དུ་ལས་གཡོག་བྱེད་མི་དགོས། དེ་ལས་གཞན་པའི་དཔོན་ཚན་ཆུང་བ་དག་གིས་ཞིང་ཕྱུགས་སོ་སོའི་བོགས་ཁྲལ་བསྡུ་བ་དང་མེལ་ཚེ་བྱེད་རྒྱུའི་འགན་འཁུར་དགོས།
     མུ་ལེ་རྒྱལ་པོའི་སྐུ་སྲུང་ལ་རྒྱུན་སྡོད་དམག་མི་ཉེར་གཅིག་ཡོད་ཅིང་དེ་ལ་མཇལ་སས་ཐད་ཀར་བཀོད་འདོམས་བྱེད་པ་དང་། བླ་བྲང་དུ་ཡུལ་སྡེ་སོ་སོ་ནས་ལོ་རེར་རེས་མོས་བཞིན་དམག་ཁྲལ་དུ་ཡོང་བའི་དམག་མི་བརྒྱ་ཡོད་ཅིང་། དེ་དག་ནི་རྒྱལ་པོའི་མངའ་ཁོངས་ཀྱི་རྒྱུན་སྡོད་དམག་ཤུགས་གཙོ་བོ་ཡིན་ལ་ཁོ་ཚོའི་འཚོ་བ་རྒྱལ་པོའི་བླ་བྲང་གིས་སྦྱོར་དགོས་ཤིང་། བླ་བྲང་སོ་སོར་ཡོད་པའི་མཚོན་ཆ་རྣམས་ཀྱང་ཕྱི་ནང་གི་ཟིང་འཁྲུག་གནོན་པ་དང་ཡུལ་གྲུ་རྒྱ་བསྐྱེད་པའི་དྲག་ཆས་སྟོབས་ཤུགས་གཙོ་བོ་ཡིན་ལ་དེ་དག་བཀོད་སྒྲིག་བྱེད་མཁན་ཡང་བླ་བྲང་དང་དགོན་པའི་དཔོན་རིགས་ཆེ་ཁག་རྣམས་ཡིན།
གསུམ་པ། མུ་ལེ་རྒྱལ་པོའི་ཆབ་སྲིད་སྒྲིག་གཞིའི་ཁྱད་ཆོས། 
     ཆིང་གོང་མས་མུ་ལེ་རྒྱལ་པོར་“སྤྱི་ལོ་1729ལོ་དང་སྤྱི་ལོ་1868ལོ་གཉིས་ལ་སྔ་རྗེས་སུ་ཐུའུ་སིའམ་ཡུལ་དཔོན་གྱི་གོ་ཐམ་མི་འདྲ་བ་སོ་སོར་གནང་བ་ནས་མུ་ལེ་རྒྱལ་པོ་དེ་ཚྭ་ཐོག་རྫོང་ཁོངས་ཀྱི་ཐུའུ་སི་དགུའི་”⑦གྲས་སུ་བརྩིས་པ་ནས་བཟུང་ཡུལ་གྲུ་འདིར་གོང་མས་གནང་བའི་མུ་ལེ་ཐུའུ་སིའམ་ཡུལ་དཔོན་གྱི་ལམ་ལུགས་ཀྱང་བྱུང་། མུ་ལེ་རྒྱལ་པོའི་ཁྲི་རབས་དགུ་བའི་དུས་སུ་རྒྱ་ཡུལ་ནས་ཞང་(项)གི་རུས་མཚན་ཞིག་ཀྱང་གནང་བས་དེའི་རྗེས་ཀྱི་རྒྱལ་པོ་རིམ་བྱོན་ལ་རུས་དེ་བྱུང་། ཐུའུ་སིའི་ལམ་ལུགས་ནི་བཀས་བཀོད་རྒྱུད་འཛིན་གྱི་གོང་མའི་སྲིད་གཞུང་གིས་མཐའ་མཚམས་ཀྱི་མི་རིགས་གཞན་གྱི་ས་ཁུལ་དུ་ཡུལ་དཔོན་བཀས་བཞག་སྒོས་སྲིད་ལུགས་རྒྱུད་འཛིན་བྱེད་པའི་སྲིད་སྐྱོང་ལམ་ལུགས་ཤིག་ཡིན་ལ། དེ་ནི་གོང་མའི་སྲིད་གཞུང་གིས་ཐམ་ཀ་དང་བཀའ་ཡིག་སོགས་བཏང་ནས་མཐའ་མཚམས་ཀྱི་མི་རིགས་དང་ཡུལ་གྲུ་སོ་སོའི་འགོ་གཙོར་འབྲེལ་ཏེ། དེ་གའི་མི་ཆེན་དང་དཔོན་ཆེན་གྱིས་རང་ཡུལ་བདག་སྐྱོང་བྱས་པར་བརྒྱུད་ནས་མཐའ་ཁུལ་སྐྱོང་བའི་སྲིད་སྐྱོང་ལམ་ལུགས་ཤིག་ཡིན་པས། མུ་ལེ་རྒྱལ་པོའི་སྲིད་ལུགས་དེ་ཡང་དེ་འདྲའི་ཡུལ་དཔོན་སོ་སོས་རང་ས་རང་བདག་ཏུ་བཅད་བཟུང་བྱས་པའི་ལམ་ལུགས་ཀྱི་ཁོངས་སུ་གཏོགས། “ཡུལ་དཔོན་ལམ་ལུགས་ནི་སྒེར་གཅོད་དུས་སྐབས་སུ་མཐའ་མཚམས་ཀྱི་མི་དམངས་ཚོད་འཛིན་བྱེད་ཆེད་ཀྱི་ཐོན་དངོས་ཤིག་ཡིན་ལ། ཡུལ་དཔོན་རང་ཉིད་ལ་མཚོན་ན། ཡུལ་དུས་དང་བསྟུན་ནས་སྲིད་སྐྱོང་གི་ཐབས་ལམ་ཡོད་དེ། མུ་ལེ་རྒྱལ་པོའི་མངའ་ཁོངས་སུ་དགེ་འདུན་པས་སྲིད་འཛིན་པའི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཤིག་ཡོད་ཅིང་། དེ་ཉིད་བོད་ཀྱི་ཡུལ་དབུས་དང་བསྡུར་ན་གཞི་ཁྱོན་ཆུང་བ་ཙམ་ལས་གཞན་ཀུན་ནས་མཚུངས་”⑧ཞེས་བཤད་པ་བཞིན། མུ་ལེའི་རྒྱལ་པོའི་མངའ་ཁོངས་དེ་ཚྭ་ཐོག་རྫོང་ཁོངས་སུ་གཏོགས་ཀྱང་། ལོ་རྒྱུས་དང་ས་བབ། མི་རིགས་བཅས་ཀྱི་རྐྱེན་གྱིས་དེ་གར་བོད་ཀྱི་ས་གནས་རང་བདག་སྒེར་གཅོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་སྲིད་ལུགས་ཤིག་ཆགས་ཡོད།
     མུ་ལེ་རྒྱལ་པོའི་སྲིད་སྐྱོང་ལམ་ལུགས་དེ་དགའ་ལྡན་ཕོ་བྲང་གི་དུས་སྐབས་སུ་བྱུང་པའི་རྒྱ་བོད་འབྲེལ་མཚམས་ཀྱི་ཆབ་སྲིད་སྒྲིག་གཞི་ཡིན་པ་དང་དེའི་ཆབ་སྲིད་ཀྱི་ལོ་རྒྱུས་རྒྱབ་ལྗོངས་སུ་སྐབས་དེའི་བོད་ས་གནས་སྲིད་གཞུང་གི་ཆབ་སྲིད་སྟོབས་ཤུགས་དང་འབྲལ་ཐབས་མེད་པས། དེའི་ཆབ་སྲིད་སྒྲིག་གཞི་ཡང་མུ་ལེ་རྒྱལ་པོས་གསར་བཟོ་བྱས་པའམ་མི་རིགས་གཞན་གྱི་ཆབ་སྲིད་སྒྲིག་གཞི་ཚུར་བླངས་པ་མིན་པར་བོད་དབུས་ཀྱི་ས་གནས་སྲིད་གཞུང་གི་ཆབ་སྲིད་སྒྲིག་གཞིའི་ཤུགས་རྐྱེན་ཐེབས་ཡོད་པ་མ་ཟད། རང་གི་ཐུན་མོང་མ་ཡིན་པའི་དབང་འཛིན་ཁྱད་ཆོས་ཤིག་ཀྱང་ཡོད།
     མུ་ལེ་དགོན་ཆེན་གསུམ་གྱི་བླ་བྲང་སོ་སོ་ནི་མུ་ལེ་རྒྱལ་པོའི་མངའ་ཁོངས་ཀྱི་ཆེས་མཐོ་བའི་སྲིད་འཛིན་ལས་ཁུངས་དང་ཆབ་སྲིད་ལྟེ་གནས་དང་། རྒྱལ་པོ་ནི་བླ་བྲང་གི་ཆེས་མཐོ་བའི་སྲིད་འཛིན་པ་ཡིན་ལ། དེའི་སྲིད་རབས་རྣམས་ནི་འབར་ཚང་གི་བུ་མོའི་རྒྱུད་ཀྱི་བུ་ཕྲུག་དགོན་པར་བཏང་ནས་དེ་བསྐོ་བཞག་སྒོས་རྒྱུད་འཛིན་བྱེད་ཅིང་། དེ་ལ་ཏཱ་བླ་མ་ཞེས་ཀྱང་འབོད། མུ་ལེ་རྒྱལ་པོའི་ཆབ་སྲིད་སྒྲིག་གཞིའི་ནང་དུ་མུ་ལེ་རྒྱལ་པོ་དང་མུ་ལེ་སྐྱབས་མགོན ། འབར་ཚང་གི་ཏྰ་ལོ་ཡས་བཅས་ཆེས་གལ་ཆེ་བའི་མི་སྣ་གསུམ་ཡོད་ཅིང་། དེ་དག་ནི་མུ་ལེ་རྒྱལ་པོ་དང་པོ་བླ་མ་འཇམ་དབྱངས་བཟང་པོའི་རྗེས་ནས་བྱུང་། མུ་ལེ་རྒྱལ་པོ་ནི་འབར་ཚང་གི་ཁྱིམ་རྒྱུད་ལས་རབ་ཏུ་བྱུང་བའི་སྲིད་ཕྱོགས་ཀྱི་ཆེས་མཐོ་བའི་དབང་འཛིན་པ་དང་། མུ་ལེ་སྐྱབས་མགོན་ནི་ཆོས་ཕྱོགས་ཀྱི་ཆེས་མཐོ་བའི་དབང་འཛིན་པ། ཏྰ་ལོ་ཡས་ནི་འབར་ཚང་གི་ཁྱིམ་འཛིན་གྱི་གདོང་རྒྱུད་སྤེལ་མཁན་ཡིན།འདི་ནི་དགའ་ལྡན་ཕོ་བྲང་ཡར་སྔོན་གྱི་ཕག་མོ་གྲུ་བའི་སྲིད་སྐྱོང་དུས་སྐབས་ཀྱི་དབང་འཛིན་སྒྲིག་གཞི་གཙོ་བོ་སྟེ་སྲིད་དབང་འཛིན་མཁན་གྱི་སྣེའུ་གདོང་སྡེ་སྲིད་དང་ཆོས་དབང་འཛིན་པའི་སྤྱན་སྔ་བ། རླངས་ཀྱི་གདུང་རྒྱུད་སྤེལ་མཁན་གྱི་ཁྱིམ་པ་བཅས་གསུམ་གྱིས་གྲུབ་པའི་སྒྲིག་གཞི་དང་ཡོངས་སུ་མཚུངས་ལ། མུ་ལེའི་སྲིད་སྐྱོང་གི་འགན་འཛིན་མཐོ་རིམ་རྣམས་དགེ་འདུན་པ་ཡིན་ལ། རྒྱལ་པོའི་རྗེས་འཛིན་པ་རྣམས་འབར་ཚང་གི་ཁྱིམ་རྒྱུད་ཀྱི་རབ་བྱུང་དག་ལས་བདམས་དགོས་པས་སྲིད་ཁྲི་ཁྱིམ་རྒྱུད་གཅིག་གིས་འཛིན་ལུགས་དེ་ཡང་ཕག་གྲུའི་དུས་སྐབས་ཀྱི་སྲིད་སྐྱོང་ལམ་ལུགས་དང་མཚུངས།
     མུ་ལེ་རྒྱལ་པོའི་ཆབ་སྲིད་ལམ་ལུགས་ནི་མུ་ལེ་ས་ཆུའི་དགེ་ལུགས་པའི་དགོན་ཆེན་གསུམ་གྱིས་མཚོན་པའི་དགེ་འདུན་པའི་སྲིད་འཛིན་སྟོབས་ཤུགས་ལ་བརྟེན་པའི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཤིག་ཡིན་ལ། དེའི་ཆབ་སྲིད་སྒྲིག་གཞི་དེར་བོད་ཡུལ་དབུས་ཀྱི་སྲིད་སྐྱོང་གི་ཤུགས་རྐྱེན་ཐེབས་ཡོད་པ་མ་ཟད་ས་གནས་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཀྱང་ཡོད། དགེ་ལུགས་པའི་གྲུབ་མཐའ་རྒྱ་ཆེར་དར་བར་བསྟུན་ནས་མུ་ལེ་རྒྱལ་པོའི་སྲིད་དབང་ནི་བོད་ཡུལ་དབུས་ཀྱི་ཆོས་སྲིད་སྟོབས་ཤུགས་ལ་བརྟེན་ནས་བཙུགས་པ་ཞིག་ཡིན་མོད། རྒྱའི་ལོ་རྒྱུས་སྨྲ་བ་ཆུག་ཧྲུའུ་ལིན་གྱིས་“མུ་ལེ་བདེ་སྐྱོང་དཔོན་གྱིས་ཚྭ་ཐོག་ནུབ་ཡུལ་གྱི་བོད་དམངས་དུད་ཁྱིམ་སུམ་སྟོང་བདག་ཏུ་བྱེད་ཅིང་། ཡུལ་དེ་སྲིད་སྐྱོང་རང་བདག་བྱེད་པས་རྒྱལ་པོའི་ཁབ་ཅིག་དང་གཉིས་སུ་མ་མཆིས་སོ།།”⑨ཞེས་པ་བཞིན། དབུས་ཀྱི་ཆོས་སྲིད་ཀྱི་སྟོབས་ཤུགས་རྒྱབ་རྩར་བཟུང་ཞིང་། ཆིན་གོང་མའི་ཐུའུ་སིའི་གོ་ཐོབ་ཐབས་སུ་ཁྱེར་ནས་ཆབ་སྲིད་ཀྱི་འགལ་རྐྱེན་ལྡོག་ཅིང་མཐུན་རྐྱེན་ལེགས་པར་བསྒྲུབས་པས་མུ་ལེ་རྒྱལ་པོ་རིམ་བྱོན་གྱིས་ལོ་ངོ་སུམ་བརྒྱ་ལྷག་རིང་དུ་ཆབ་སྲིད་བསྐྱངས། རྒྱལ་པོའི་སྲིད་སྐྱོང་སྒྲིག་གཞི་ཕག་གྲུའི་སྲིད་སྐྱོང་ལམ་ལུགས་དང་ཕྱོགས་མང་པོ་མཚུངས་པ་དང་། སྲིད་འཛིན་དཔོན་གནས་ཀྱི་གོ་ཐོབ་རྣམས་ཀྱང་དེ་སྔོན་བོད་ཀྱི་ལོ་རྒྱུས་ཐོག་གི་སྲིད་འཛིན་སྒྲིག་གཞིའི་ནང་དུ་ཆེན་པོ་འོས་པའི་ལས་ཚན་བཅུ་གསུམ་ཞེས་པའི་གསོལ་གཟིམ་མཆོད་གསུམ་དང་། མཇལ་ཡིག་མཛོད་གསུམ། ཐབ་འདྲེན་གདན་གསུམ། སྐྱ་རྟ་གཉིས། མཛོ་ཁྱི་གཉིས་བཅས་བསྡོམས་པའི་ལས་ཚན་བཅུ་གསུམ་ཡོད་པ་དེ་དང་ཕལ་ཆེར་འདྲ།
     ཡིན་ཡང་། མུ་ལེ་རྒྱལ་པོ་ནི་དགེ་འདུན་པ་ཡིན་ལ་ཁོང་གི་བླ་བྲང་སོ་སོ་དགོན་པའི་ནང་དུ་ཡོད་ཅིང་། རྒྱལ་པོ་རང་ཉིད་ཀྱང་ཆུང་དུས་ནས་དགོན་པར་ཞུགས་ཏེ་སྲིད་འཛིན་རྗེས་སྐྱོང་གི་དུས་ལ་ཐོན་ཚེ་བསྐོ་འཇོག་བྱེད་པ་ཡིན་པས་འབར་ཚང་གི་ཁྱིམ་རྒྱུད་དང་རྒྱལ་པོ་མི་སྒེར་ལ་ཆུང་དུས་སུ་ཆབ་སྲད་དང་དམག་ཤུགས་སོགས་ཀྱི་རྒྱབ་རྩ་ཆེན་པོ་མེད། དགོན་པ་དང་བླ་བྲང་དུ་གནས་པའི་མི་རྣམས་ཕལ་ཆེར་གྲྭ་བ་རྐྱང་རྐྱང་ཡིན་པས་སྲིད་ཀྱི་དོན་དག་ཆེ་འབྲིང་ཆུང་གསུམ་ཆོས་ལུགས་པའི་ཚོགས་སྤྱིའི་སྟོབས་ཤུགས་ལ་བརྟེན་ཡོད་ཅིང་། མངའ་ཁོངས་ཀྱི་དོན་ཆེན་རྣམས་རྒན་སོང་བརྒྱུད་ནས་ཐག་གཅོད་ཞུ་འབུལ་བྱེད་པ་ཞིག་ཡིན་པས།མུ་ལེ་རྒྱལ་པོ་ཡང་ང་ཚོའི་ད་ལྟའི་དྲན་ངོས་སུ་གོ་བསྐོན་རྒྱུན་འཇགས་སུ་གྱུར་བའི་དབང་བརྒྱ་གཅིག་འཛིན་བྱེད་མཁན་ཞིག་ཏུ་གོ་མི་རིགས་ལ། མུ་ལེ་རྒྱལ་པོའི་མངའ་ཁོངས་ཀྱི་ཆབ་སྲིད་སྐོར་གྱི་ལོ་རྒྱུས་ཡིག་ཚང་ཁུངས་བཙུན་ལ་གཞིར་བཅོལ་ཐོག ས་གནས་རང་གི་ལོ་རྒྱུས་དཔང་མི་དང་ཤེས་ལྡན་པ་རྣམས་ལ་བཀའ་འདྲི་བྱས་ཏེ་ཤེས་གསལ་ལྟར་ན། མུ་ལེ་རྒྱལ་པོའི་ཆབ་སྲིད་སྒྲིག་གཞི་ལ་ས་གནས་རང་གི་ཐུན་མོང་མ་ཡིན་པའི་དབང་འཛིན་ལམ་ལུགས་གལ་ཆེན་ཞིག་ཡོད་དེ།དོན་དངོས་སུ་མུ་ལེ་རྒྱལ་པོ་ནི་མུ་ལེ་དགོན་ཆེན་གསུམ་གྱིས་མཚོན་པའི་ཆོས་སྲིད་ཟུང་འབྲེལ་གྱི་ཆབ་སྲིད་སྒྲིག་གཞིའི་ནང་གི་དཔོན་གནས་མང་པོའི་གྲས་ཀྱི་མཐོ་ཤས་ཤིག་ཡིན་པ་ལས། རྒྱལ་པོའི་སྲིད་སྐྱོང་དངོས་ནི་རྒྱལ་པོའི་མངའ་ཁོངས་ཀྱི་དགོན་པ་དང་བླ་བྲང་སོ་སོའི་དཔོན་རིགས་ལས་འཛིན་དང་ལས་སྣེ་ཐོན་པ་དག་གིས་གྲུབ་པའི་རྒན་སོང་ཚོགས་སྤྱི་དེ་ཡིན། དེ་བས། མུ་ལེ་རྒྱལ་པོའི་ཆབ་སྲིད་ལམ་ལུགས་ཀྱི་ཐུན་མིན་ཁྱད་ཆོས་དངོས་ནི་མུ་ལེ་རྒྱལ་པོ་དང་མུ་ལེ་དགོན་ཆེན་གསུམ་གྱི་དགེ་ལུགས་པའི་རྒན་སོང་གིས་མཚོན་པའི་དགེ་འདུན་པའི་སྲིད་འཛིན་སྟོབས་ཤུགས་ཡོངས་ལ་བརྟེན་པའི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དེ་ཡིན།
     གཞན་དུ། མུ་ལེ་རྒྱལ་པོའི་མངའ་ཁོངས་སུ་ཡིག་ཐོག་ཏུ་འཁོད་པའི་ཁྲིམས་ལུགས་གང་དག་ཡོད་ཚུལ་ད་སྔ་ཁོ་བོས་གོ་ཐོས་ལག་སོན་མ་བྱུང་མོད། མུ་ལེ་རྒྱལ་པོའི་ཆབ་སྲིད་སྒྲིག་གཞི་དེ་ཕག་གྲུའི་སྐབས་དུས་ཀྱི་སྲིད་སྐྱོང་དང་ཕྱོགས་མང་པོ་མཚུངས་པ་དང་། རྒྱལ་པོའི་བཀའ་ལ་རྒྱབ་འགལ་བྱེད་པའམ་ཁྲལ་དང་བོགས་སོགས་མི་སྤྲོད་མཁན་ལ་བླ་བྲང་སོ་སོ་ནས་ཁྲིམས་ཐག་ནན་མོ་གཅོད་ཅིང་། ཡུལ་ཁམས་དོ་དམ་དང་། རྐུ་དང་འཐབ་རྩོད་འགོག་ལུགས་སོགས་ལ་ཁྲིམས་གཅོད་ནན་མོ་ཡོད་ཚུལ་དང་མུ་ལེ་རྒྱལ་པོའི་ཁྲིམས་གཅོད་བཀའ་རྒྱ་བཙན་པོའི་རྐྱེན་གྱིས་ཡུལ་འདི་ལ་ཡང་རྒན་མོ་གསེར་ཁུར་ལྟ་བུའི་དུས་ཤིག་བྱུང་ཚུལ་སོགས་ཡུལ་མི་རྒན་པ་ཚོའི་ངག་ཏུ་ཁྱབ་འདུག་པར་གཞིགས་ན། ཕག་གྲུའི་སྐབས་ཀྱི་གཡུ་འབྲུག་སྒྲོག་པའི་ཞལ་ལྕེ་བཅོ་ལྔས་མཚོན་པའི་ཁྲིམས་ལུགས་སོགས་ལ་གཞིར་བཅོལ་ངེས་པ་ཡང་རིགས་པས་བཅད་ཆོག་སྙམ།
བཞི་པ། མུ་ལེ་རྒྱལ་པོའི་མངའ་ཁོངས་ཀྱི་མི་རིགས་གྲུབ་ཆ།
     ད་ལྟའི་དུས་སྐབས་སུ། ཀྲུང་གོའི་ནུབ་རྒྱུད་ཀྱི་མུ་ལེ་བོད་རིགས་རང་སྐྱོང་རྫོང་ཡོངས་སུ་མི་རིགས་མི་གཅིག་པ་བཅོ་བརྒྱད་ཡོད་ཅིང་། སྤྱིའི་མི་གྲངས་ཆིག་འབུམ་སུམ་ཁྲི་ཡས་མས་ཡོད་པ་ལས་བོད་རིགས་མི་གྲངས་ཀྱིས་བརྒྱ་ཆའི་སུམ་ཅུ་ཟིན། རང་བྱུང་ཁོར་ཡུག་གི་ཆ་རྐྱེན་ཕུན་སུམ་ཚོགས་པའི་ཡུལ་འདིའི་རི་ལུང་ཀུན་མི་རིགས་མང་པོའི་རིག་གནས་སྣ་མང་འདྲེས་སྡོད་ཀྱི་སྐྱེད་ཚལ་ཞིག་ཏུ་གྱུར་ཅིང། རིག་གནས་སྣ་འདུས་ཀྱི་ཐུན་མོང་མ་ཡིན་པའི་རྣམ་པ་དེ་རྒྱལ་ཁབ་ཕྱི་ནང་ཀུན་གྱི་ཞིབ་འཇུག་པ་མང་པོས་རིག་གནས་སྣ་མང་ལ་རྩད་གཅོད་ཞིབ་འཇུག་བྱེད་ས་གལ་ཆེན་ཞིག་དང་ཡུལ་སྐོར་ལྗོངས་རྒྱུ་བྱེད་སའི་སྨོན་ཞིང་ཞིག་ཏུ་གྱུར་ཡོད།
     མུ་ལེ་རྒྱལ་པོ་རིམ་བྱོན་གྱི་སྲིད་སྐྱོང་སྐབས་སུ། ཕྱིའི་སྟོབས་ཤུགས་གི་གནོད་པ་མི་ཡོང་བ་དང་ནང་གི་ཁྲམ་ཇག་གིས་ཟིང་འཁྲུག་མི་སློང་བའི་ཆེད་དུ། མངའ་ཁོངས་ཕྱི་ནང་གི་མི་སྣའི་འགྲོ་འོང་དང་བརྡ་འཕྲིན་བརྒྱུད་སྒྲོག་ཐད་ལ་ཚོད་འཛིན་དང་ལྟ་རྟོག་ནན་པོ་བྱས་ཏེ། མུ་ལེའི་ས་ཁོངས་སུ་ཡོང་མཁན་སུ་ཡིན་ཡང་ཐོག་མར་མུ་ལེ་རྒྱལ་པོས་མོས་མཐུན་བྱེད་དགོས་⑩ལ། “འགྲོ་འོང་ལ་ཆོག་མཆན་ཐོབ་པའི་ཕྱིའི་མི་རྣམས་ཀྱིས་ཀྱང་ས་འདི་གར་སླེབས་པ་ནས་འགྲོ་འདུག་གླེང་བརྗོད་སོགས་གང་ཅིའི་ཐད་ལ་དོགས་ཟོན་བྱེད་དགོས་པ་དང་། ཐ་ན་དེ་གར་ཡོང་བའི་རྒྱ་རིགས་ཚོང་པ་རྣམས་ཀྱིས་ཀྱང་གང་འདོད་དུ་ཕྱི་རོལ་གྱི་མི་ལ་ལབ་གླེང་བྱས་མི་ཆོག་”⑾པས། མུ་ལེ་རྒྱལ་པོའི་མངའ་ཁོངས་ནི་དུས་ཡུན་རིང་པོར་ཕྱི་ཕྱོགས་ཀྱི་མི་རིགས་གཞན་ལ་འབྲེལ་བ་ཆེན་པོ་མེད་པའི་ཡུལ་གྲུ་ཞིག་ཡིན་མོད། རྒྱལ་པོའི་མངའ་ཐང་ཇེ་ཆེར་ཕྱིན་པ་དང་། ཁྱད་པར་དུ་མུ་ལེའི་ཉེ་འཁོར་གྱི་ཐུའུ་སི་གཞན་རྣམས་ཀྱི་སྲིད་དབང་རིམ་གྱིས་ཉམས་རྒུད་དུ་གྱུར་ནས་གོང་མའི་སྲིད་གཞུང་གིས་ཀྱང་མཐའ་མཚམས་ཀྱི་ཡུལ་གྲུ་དེ་དག་ལ་ཐེ་གཏོགས་མ་ནུས་པས། མུ་ལེ་རྒྱལ་པོའི་སྲིད་དབང་དེ་ཡུལ་ཕྱོགས་བཅད་བཟུང་གི་སྲིད་དབང་སྒེར་འཛིན་ཞིག་ཏུ་དངོས་སུ་གྱུར་ཏེ། དེའི་མངའ་ཁོངས་ཀྱི་ས་ཆ་རྣམས་རྒྱལ་པོས་མཚོན་པའི་བླ་བྲང་དང་དགོན་སྡེ་གཙོས་དཔོན་རིགས་རྣམས་ཀྱིས་བདག་དུ་བཟུང་བས་མངའ་ཁོངས་ཀྱི་རི་ཆུ་ནགས་ཚལ་སོགས་རང་བྱུང་ཐོན་ཁུངས་རྣམས་ཀྱང་སུ་ལ་དབང་བ་དེ་ཡིས་བེད་སྤྱོད་བྱེད་པ་ལས་གཞན་སུས་ཀྱང་སྔོག་འདོན་དང་བེད་སྤྱོད་བྱས་མི་ཆོག་ལ། མངའ་འབངས་རྣམས་ས་ཞིང་དེ་ལ་བོགས་མར་འགྲོ་དགོས། རྒྱལ་པོའི་མངའ་ཁོངས་ཀྱི་བརྒྱ་ཆའི་བཅུ་ཙམ་ཕུད་པའི་ས་ཞིང་རྣམས་བླ་བྲང་གིས་བོགས་སུ་བཏང་ནས་འུ་ལག་བསྡུ་བ་དང་། “བླ་མ་དང་དཔོན་རིགས། འགོ་བ་ཆེ་ཆུང་སོ་སོར་རྒྱལ་པོས་ས་ཞིང་དང་བོགས་ལེན་དུད་ཚང་བགོས་ཏེ། དེའི་ཁྲལ་བསྡུ་ཡིས་ཁོ་ཚོར་འཚོ་བ་སོགས་ཀྱི་འགྲོ་གྲོན་མཁོ་སྤྲོད་བྱས་”པ་མ་ཟད། “བོགས་སུ་ཐོབ་པའི་ས་ཞིང་རྣམས་བོགས་ལེན་གྱི་བུ་རབས་ཚ་རྒྱུད་ཀྱིས་རྒྱུད་འཛིན་བྱས་ཆོག་མོད། གལ་ཏེ་རྒྱུད་འཛིན་བྱེད་མཁན་མེད་ཚེ་རྒྱལ་པོའི་བླ་བྲང་གིས་ཕྱིར་ལེན་”⑿པ་རེད། མངའ་ཁོངས་ཀྱི་ས་ཞིང་བགོ་ལུགས་ལ་ཡང་མུ་ལེ་རྒྱལ་པོས་མཚོན་པའི་བླ་བྲང་དང་དགོན་པ་སོ་སོའི་འགོ་བ་ཚོས་ས་ཞིང་མང་པོ་བདག་ཏུ་བྱེད་ཅིང་། དེར་བརྟེན་ནས་ཁོ་ཚོས་བོགས་ལེན་དུད་ཚང་མང་པོ་ཡང་དབང་དུ་བསྡུས་པ་རེད། མུ་ལེ་ས་ཆའི་མི་རིགས་སྣ་མང་འདི་དག་བཅིངས་འགྲོལ་མ་བྱས་གོང་ཙམ་དུ་མུ་ལེ་རྒྱལ་པོའི་མངའ་ཁོངས་སུ་འདུས་སྡོད་བྱས་ལ། མི་རིགས་དེ་རྣམས་ལོ་རྒྱུས་ཀྱི་དུས་རིམ་ངེས་ཅན་ཞིག་བརྒྱུད་དེ་འདུས་པ་ཡིན་ཏེ། “མུ་ལེ་རྒྱལ་པོ་ཁྲི་རབས་དགུ་བ་ཞང་སྙན་གྲགས་ཀྱིས་སྲིད་སྐྱོང་སྐབས་(སྤྱི་ལོ་1781ནས་1800ལོའི་བར་)སུ། མུ་ལེའི་ས་ཁོངས་ཀྱི་ཤར་ལྷོའི་ཕྱོགས་ཀྱི་ཚྭ་ཐོག་རྫོང་གི་འབྲེལ་མཚམས་སུ་ཕྱི་འབྲེལ་རྫོང་དཔོན་བསྐོས་ཏེ་དེའི་གླ་ཆར་བོགས་ལེན་ཁྱིམ་ཚང་འགའ་ཤས་ལས་འུ་ལག་ཉུང་ངུ་བསྡུས་པ་དང་། སྤྱི་ལོ་དུས་རབས་བཅུ་དགུའི་མཇུག་ཙམ་དུ་ས་ཞིང་བོགས་གཏོང་གི་ཁེ་ཕན་ཆེ་བར་དམིགས་ནས་དེའི་གཞི་རྒྱ་ཆེ་རུ་བཏང་སྟེ་ཕྱི་ཕྱོགས་ནས་མི་རིགས་གཞན་གྱི་ཁྲལ་བ་མང་དུ་བསྡུས། དེ་ལྟར་སྤྱི་ལོ་1939ལོའི་མཚམས་སུ་སླེབས་དུས།ཁྲལ་བའི་དུད་ཁྱིམ་གྱི་གྲངས་འབོར་སུམ་སྟོང་ལ་སོན་ཏེ་སྐབས་དེའི་མངའ་ཁོངས་ཡོངས་ཀྱི་དུད་གྲངས་ཀྱི་ཕྱེད་ཙམ་ཟིན།”⒀ སྐབས་དེ་དུས་སུ་མི་རིགས་མང་པོ་གནས་འདིར་འདུས་པའི་རྒྱུ་རྐྱེན་གཙོ་བོ་ཡང་། ཉེ་འཁོར་ཐུའུ་སི་གཞན་གྱི་མངའ་ཁོངས་སུ་དམག་འཁྲུག་དང་མུ་གེའི་འཇིགས་པ་རྒྱུན་དུ་བྱུང་ནས་མང་ཚོགས་ཀྱི་འཚོ་བར་དཀའ་ངལ་ཆེན་པོ་བྱུང་བས། ཆབ་སྲིད་སྲ་བརྟན་དུ་གནས་པའི་སྐབས་དེའི་མུ་ལེ་རྒྱལ་པོའི་མངའ་ཁོངས་དེ་ཡུལ་གྲུ་གཞན་གྱི་མངའ་འབངས་ཉེན་བྱོལ་སྐྱབས་བཅོལ་དུ་ཡོང་སར་གྱུར་ནས་མུ་ལེ་རྒྱལ་པོའི་སྐྱབས་འོག་ཏུ་གནས་འབྱོར་བྱུང་བ་རྣམས་ལ་ཡུལ་གྲུ་གཞན་གྱི་གནོད་འཚེས་མི་ཚུགས་པ་མ་ཟད་འཚོ་གནས་ཀྱང་ཅུང་ལེགས་པོ་བྱུང་བ་དང་། མུ་ལེ་རྒྱལ་པོའི་སྲིད་དབང་གིས་ཀྱང་ཁྲལ་མིའི་གྲངས་འབོར་འཕེལ་བ་དང་བསྟུན་ནས་ཁྲལ་འུལ་བསྡུས་ཏེ་དཔལ་འབྱོར་གྱི་ཡོང་འབབ་ཆེར་བསྐྱེད་ཐུབ་པའི་རྐྱེན་རེད། དེ་ལྟར་མི་རིགས་མང་པོ་གནས་འབྱོར་བྱུང་བས་“དུས་རབས་ཉི་ཤུའི་ལོ་རབས་བཞི་བཅུའི་ནང་དུ་ཡུལ་འདིའི་མི་རིགས་ཀྱི་གྲུབ་ལུགས་ལ་རིམ་གྱིས་འགྱུར་བ་བྱུང་སྟེ། དེ་སྔོན་གྱི་བོད་རིགས་གཙོ་བྱས་ཐོག་འཇང་རིགས་སོགས་མི་རིགས་མི་འདྲ་བ་ཁ་ཤས་ལས་མེད་པའི་མངའ་ཁོངས་ཀྱི་མི་རིགས་གྲུབ་སྟངས་དེ་ཡང་ཕྱིས་སུ་དབྱིས་རིགས་དང་ནྰ་ཞི་རིགས། རྒྱ་རིགས། མེའོ་རིགས། ཀྲོང་རིགས། པུའུ་དབྱི་རིགས་སོགས་མང་པོ་འདུས་པའི་མི་རིགས་མང་པོའི་ཐུན་མོང་གི་ཁྱིམ་གཞིས་སུ་གྱུར་བ་དང་། སྤྱི་ལོ་1948ལོའི་མཚམས་སུ་མུ་ལེའི་མངའ་ཁོངས་ཀྱི་དུད་ཁྱིམ་གྲངས་འབོར་བརྒྱད་སྟོང་ལྷག་ལ་འཕེལ།”⒁
     མདོར་ན། མུ་ལེ་རྒྱལ་པོའི་མངའ་ཁོངས་ནི་རྒྱ་བོད་མི་རིགས་མང་པོ་འདྲེས་མཚམས་སུ་དུས་ཡིན་རིང་པོར་ཆོས་སྲིད་ཟུང་འབྲེལ་གྱི་སྲིད་ལུགས་བསྐྱངས་པའི་ཡུལ་གྲུ་ཞིག་ཡིན་ལ། མུ་ལེ་རྒྱལ་པོའི་སྲིད་སྐྱོང་སྒྲིག་གཞི་དེ་ཕག་གྲུའི་དུས་ཀྱི་བོད་ས་གནས་སྲིད་གཞུང་གི་སྒྲིག་གཞི་དང་ཕྱོགས་མང་པོ་འདྲ་བ་མ་ཟད་དེ་ལ་ས་གནས་རང་གི་ཐུན་མིན་གྱི་སྲིད་སྐྱོང་ཁྱད་ཆོས་ཤིག་ཀྱང་ལྡན། མུ་ལེ་རྒྱལ་པོའི་མངའ་ཁོངས་དེ་མི་རིགས་མང་པོ་ཐུན་མོང་འཚོ་གནས་བྱེད་སའི་གཞིས་ཁྱིམ་དང་རིག་གནས་སྣ་མང་འདྲེས་ཡུལ་ཞིག་ཏུ་གྱུར་བ་ཡང་གཙོ་བོ་མུ་ལེ་ས་ཆའི་རང་བྱུང་ས་བབ་དང་ཆོས་སྲིད་ཟུང་འབྲེལ་གྱི་སྲིད་དབང་སྲ་བརྟན་གྱི་འཚོ་བའི་ཁོར་ཡུག་གིས་ཉེ་འཁོར་ཡུལ་གྲུ་གཞན་དུ་ཆབ་སྲིད་ཀྱི་ཟིང་འཁྲུག་དང་རང་བྱུང་ནད་ཡམས་བྱུང་བ་ལས་བྲོས་བྱོལ་དུ་ཡོང་བའི་མི་དམངས་ལ་ཁོར་ཡུག་སྐྲུན་པ་ལས་འཕེལ་བ་ཡིན་ལ། ང་ཚོས་མུ་ལེའི་རྒྱལ་པོའི་སྲིད་སྐྱོང་དང་བཅས་པའི་བོད་ཀྱི་ཡུལ་མཐའི་རིག་གནས་ལོ་རྒྱུས་ལ་མུ་མཐུད་དུ་ཞིབ་འཇུག་བྱས་ན་བོད་ཀྱི་ལོ་རྒྱུས་སྤྱི་དང་ཁྱད་པར་དུ་བོད་ཡུལ་ཤར་མཐར་གནས་པའི་བོད་ཀྱི་གནའ་བོའི་རིགས་རུས་སྐོར་ལ་རྒྱུས་ལོན་གཏིང་ཟབ་བྱེད་པར་དོན་སྙིང་ཆེན་པོ་ལྡན་སྙམ།
ཟུར་བཀོད། མུ་ལེ་རྒྱལ་པོའི་ཁྲི་རབས་དང་མུ་ལེ་སྐྱབས་མགོན་སྐུ་ཕྲེང་རིམ་བྱོན་གྱི་རེའུ་མིག
     ①དགའ་ལྡན་ཁྲི་ཐོག་ལྔ་བ་རྗེ་བློ་གྲོས་ཆོས་སྐྱོང་གི་ཡང་སྲིད་ཡིན།
     ②ངག་དབང་མཁྱེན་རབ་ཀྱིས་བརྩམས་པའི་《མུ་ལེ་ཆོས་འབྱུང་》དུ་གསལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་1992ལོར་པར་དུ་བཀོད།
     ③《木里藏族自治县志》,四川人民出版社,1995年12月出版,第542页。
     ④ཟུར་བཀོད་གཉིས་པའི་རེའུ་མིག་ཏུ་གསལ།
     ⑤ འདིའི་དོན་《མུ་ལེ་ཆོས་འབྱུང་》དུ་ཞིབ་ཏུ་གསལ་བས་དེར་གཟིགས་ཆོག
     ⑥ཟུར་བཀོད་དང་པོའི་འདྲ་པར་ལ་གཟིགས་རོགས།
     ⑦ 《木里藏族自治县志》,四川人民出版社,2010年12月出版,第2页。
     ⑧ 邱输铃著:《木里土司-项巴扎松典》
     ⑨ 邱输铃著:《木里土司-项巴扎松典》
     ⑩དེའི་དོན་ཨ་རིའི་སྐྱེ་དངོས་རྟོག་དཔྱོད་པ་དང་སྐད་བརྡ་རིག་པའི་མཁས་ཆེན། ས་ཁམས་རིག་པའི་མཁས་པ། མིའི་རིགས་རིག་པ་བ་སོགས་སུ་གྲགས་པའི་རོའོ་ཁི་(Joseph FRock) ལགས་ཀྱིས་མཛད་པའི་THE LAND OF THE YELLOW LAMAཞེས་པར་གསལ། སྤྱི་ལོ་1925ལོར་པར་དུ་བཀོད།
     ⑾ 邹立波:封闭中的变迁:近代四川木里的租佃制度与族群关系, 中南民族大学学报(人文社会学版),2010年1月。
     ⑿《川康边政资料辑要. 盐源.附木里记》边政设计委员会编,民国廿九年铅印版。
     ⒀刘历荣:西康木里宣慰司政教概况,摘自《西南边疆》,1940(8)。
     ⒁详述于中南民族大学学报(人文社会科学版)第30卷第1期:《封闭中的变迁:近代四川木里的租佃制与族群关系》,邱立波著,2010年1月。

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...