སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
དམུ་ཆུའི་གསང་སྨན་དང་འབྲེལ་བའི་རིག་གཞུང་སྐོར་གླེང་བ།
རྩོམ་པ་པོ། ཚེ་རིང་བཀྲ་ཤིས། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-6-25 14:32:00 རྩོམ་ཁུངས། ཀྲུང་གོའི་བོད་རིག་པ། ཀློག་གྲངས།
     ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་དམུ་ཆུའི་བཅོས་ཐབས་ཀྱི་གདམས་པ་གྲགས་ཆེན་གསུམ་དུ་བགྲངས་པའི་ཉམས་ཡིག་ལུགས་དང་ར་ཤེལ་ལུགས། ཟིལ་ཆགས་ལུགས་གསུམ་ལས་ར་མོ་ཤེལ་སྨན་གྱི་ལུགས་དེ་རྩད་ཞིབ་བྱས་ཡོད་ལ། དེས་སྣེ་དྲངས་ཏེ་སྔོན་བྱོན་གསོ་རིག་བསྟན་བཅོས་ཁག་གི་ཁྱད་ཆོས་མངོན་ཕྱུང་དང་བཅས་ཅུང་ཡིད་རྟོན་རུང་བའི་བོད་ལུགས་གསོ་རིག་གི་དམུ་ཆུའི་ནད་གཞི་གསོ་བཅོས་ཀྱི་བྱུང་འཕེལ་ལོ་རྒྱུས་དག་གསལ་བཀྲོལ་བྱས་ཡོད།
     བརྡ་ཆད་གཙོ་བོ། དམུ་ཆུ། གསང་སྨན། འཕེལ་རིམ།
     ཀྲུང་གོའི་དཔེ་དེབ་དབྱེ་རྟགས། R29“214”
     ཡིག་ཚང་མཚན་བྱང་། A
     རྩོམ་གྱི་གོ་རིམ་ཨང་སྒྲིག 1002-9060-2015-01-0134-18
     གསོ་བ་རིག་པ་ནི་རང་བྱུང་ཚན་རིག་དང་སྤྱི་ཚོགས་ཚན་རིག་གཉིས་ཀར་གཏོགས་པའི་རིག་ཚན་ཞིག་ཡིན་པས་དེའི་ངོ་བོ་སླད་མེད་རྟོག་ཞིབ་བྱ་བ་ལ་རིག་གཞུང་ཞིབ་འཇུག་ཕུད་ལོ་རྒྱུས་སླར་གསོ་བྱ་རྒྱུའང་ཤིན་ཏུ་གལ་ཆེ་བ་ཞིག་ཡིན་ཏེ། སྐབས་ལ་ལར་ལོ་རྒྱུས་ཀྱི་ཁྲོད་ནས་རིག་གཞུང་རྙེད་རྒྱུ་དང་ལ་ལར་རིག་གཞུང་གི་ཁྲོད་ནས་ལོ་རྒྱུས་རྟོགས་རྒྱུའི་རིན་ཐང་མི་དམན་པ་ལྡན་ཡོད། སྤྱིར་དམུ་ཆུའི་གསང་སྨན་ནི་བོད་ཀྱི་ཚེ་རིག་འཛིན་པ་རྣམས་ཀྱིས་ལོ་ངོ་སྟོང་ཕྲག་རིང་གི་ནད་ཐོག་ཕྱག་ལེན་ཁྲོད་མན་ངག་སྡུད་ཉར་དང་མྱོང་བྱང་བརྒྱུད་སྤེལ་ཟམ་མ་ཆད་པར་མཛད་ནས།རིམ་བཞིན་གཞུང་ལུགས་ཀྱི་རྣམ་པ་ཅན་དུ་ཐོད་བརྒལ་སོང་བ་ཞིག་སྟེ། བོད་ཀྱི་གསོ་རིག་གི་ཆེས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཏུ་སྣང་། ནམ་རྒྱུན་ངེད་ཅག་གིས་རང་རེའི་གསོ་རིག་གི་ཐུན་མིན་ཁྱད་ཆོས་བརྗོད་སྐབས་ཉེས་གསུམ་དང་འབྱུང་བའི་རྣམ་བཤད། བདུན་ཕྲག་དང་གནས་སྐབས་ཀྱི་མངལ་གནས་འཕེལ་ཚུལ། རྩ་དང་ཆུ་ཡི་བརྟག་ཐབས།གཏར་བསྲེག་དང་ཐུར་མའི་དཔྱད་ཐབས། རྒྱལ་བློན་གཙོ་འཁོར་སྨན་གྱི་སྦྱར་ཐབས་སོགས་མང་དུ་བགྲང་སྲོལ་མཆིས་ཀྱང་། ཆ་འཕྲིན་དང་རིག་གནས་མང་པོ་གདོང་ཐུག་ཐེབས་བཞིན་པའི་དེང་གི་དུས་འདིར་དེ་དག་གང་ཡིན་ཡང་མི་རིགས་གཞན་གྱི་སྲོལ་རྒྱུན་གསོ་རིག་ཁྲོད་རྗེས་ཤུལ་འཚོལ་རྒྱུ་འདུག་པས། འཛམ་གླིང་སྲོལ་རྒྱུན་གསོ་རིག་གི་གར་སྟེགས་སྟེང་དྲེགས་པའི་བ་དན་བསྒྲེང་ནས་རྐང་གཞི་བརྟན་པོ་ཞིག་ཚུགས་ཐུབ་པ་དགོས་ན་ས་མཐོའི་རྩི་ཤིང་སྨན་རྫས་ཁག་ནི་ཤིན་ཏུ་གལ་ཆེ་བར་སྣང་ལ། དེང་སྐབས་མི་རིགས་གཞན་གྱིས་ངོས་ལེན་འཐོབ་པ་ལའང་རྩྭ་ད་བྱིད་དང་བྱ་རྒོད་སུག་པ། ཨ་བྷི་ཥ་སོགས་མང་དུ་མཆིས། དེ་བས་དམུ་ཆུའི་གསང་སྨན་ཁག་ནི་མཚོ་བོད་ས་མཐོའི་སྟེང་སྐྱེ་བའི་རྩི་ཤིང་སྨན་རྫས་ཤ་སྟག་ཡིན་པས་རང་རེའི་བོད་ཀྱི་གསོ་རིག་གི་ཐུན་མིན་ཁྱད་ཆོས་མངོན་དུ་གྲུབ་པའི་དཔེ་མཚོན་རང་དུ་བརྩི་ཆོག་པར་སྙམ།
དང་པོ། དམུ་ཆུའི་གསང་སྨན་དང་འབྲེལ་བའི་ལོ་རྒྱུས་འཕེལ་རིམ་བཤད་པ།
     དེའང་ཆུ་འགོ་གངས་ལ་ཐུག་པའི་དཔེ་བཞིན་ཏུ་རང་རེའི་གསོ་རིག་གི་དམུ་ཆུའི་བརྟག་བཅོས་རིག་པ་འདིའང་གནའ་བོའི་ཞང་ཞུང་གསོ་རིག་ལ་གཏུགས་དགོས་པར་འདོད་ཀྱང་། འདིའི་རིང་ལུགས་འཛིན་པའི་བསྟན་བཅོས་གང་ཡང་དེང་གི་དུས་འདིར་མཐོང་ཆོས་སུ་མ་གྲུབ། འགའ་རེས་གཤེན་རབ་མི་བོ་ཆེས་དཔྱད་བུ་ཁྲི་ཤེས་ལ་བསྟན་གནང་བའི་དཔྱད་འབུམ་ཁྲ་བོ་དང་། སྨན་འབུམ་དཀར་ནག་ཅེས་པ་མདོ་ཁམས་ཉག་རོང་ཕྱོགས་སུ་བཞུགས་པའི་བོན་གྱི་བཀའ་བསྟན་རྙིང་པ་སི་ཁྲོན་མི་རིགས་ཞིབ་འཇུག་ཁང་གིས་དཔར་དུ་བཏབ་པ་དེའི་ཁྲོད་དུ་བཀོད་པའི་འབུམ་བཞི་ཉིད་ཡིན་པར་གསུངས་ཀྱང་། དེའི་རིགས་གཞུང་གི་རྨང་གཞི་དང་བརྗོད་བྱ་རྗོད་བྱེད་ཀྱི་ནང་དོན་སོགས་གང་ཅིའི་ཆ་ནས་རྒྱུད་བཞི་དང་ཡེ་ནས་མཚུངས་པ་ཞིག་འདུག་ལ་ཡན་ལག་བརྒྱད་པའི་ཤན་ཞུགས་པའི་ནང་དོན་དག་ཀྱང་རང་སོར་བཞུགས་པས་ཞང་ཞུང་གི་བསྟན་བཅོས་ལྷད་མེད་ཅིག་ཡིན་པའི་སྒྲུབ་བྱེད་མ་རྙེད། དེ་བས་ཞང་ཞུང་གསོ་རིག་ནི་ཟ་འོག་གི་རི་མོའི་ཚུལ་དུ་སྣང་བས་བཞིན་རས་ངོ་མ་འཇལ་རྒྱུ་མ་བྱུང་། དམུ་ཆུའི་ནད་གསོ་བར་ཁྱད་ནུས་ལྡན་པའི་མན་ངག་སྨན་ཁག་ཅིག་ལ་གསང་སྨན་གྱི་མཚན་གསོལ་ནས་བསྟན་པའི་སྨན་གཞུང་ཕྱི་མོ་ནི་ར་མོ་ཤེལ་སྨན་ལུགས་ཀྱི་ཆུ་བཅོས་ཟབ་མོ་འདི་ཡིན་འདུག་པས། དམུ་ཆུའི་གསང་སྨན་གྱི་བྱུང་འཕེལ་ལོ་རྒྱུས་དཔྱད་ཞིབ་བྱ་བར་གཅིག་ནས་ཟུར་མཁར་བློ་གྲོས་རྒྱལ་པོའི་ལུགས་ལྟར་དུས་རབས་བཅུ་གཅིག་པའི་ནང་རྒྱ་གར་གྱི་ཡན་ལག་བརྒྱད་པ་བོད་དུ་བསྒྱུར་བ་ནས་གོང་འོག་དབྱེ་བའི་གསོ་དཔྱད་སྔ་དར་ཕྱི་དར་དང་།གཉིས་ནས་ར་ཤེལ་ཆུ་བཅོས་དར་བའི་སྔ་ཕྱིའི་དུས་རིམ་ལ་གཞིགས་ནས་དུས་སྐབས་སོ་སོའི་དམུ་ཆུའི་བརྟག་བཅོས་ཐད་ཀྱི་འཕེལ་འགྱུར་དག་མཐར་ཆགས་སུ་བཀོད་ནས་གླེང་དགོས་པར་སྙམ།
     གཅིག གསོ་དཔྱད་སྔ་དར་སྐབས། ཙན་པ་ཤི་ལ་ཧ་ཡིས་མཛད་པའི་བི་ཇི་པོ་ཏི་ཁ་སེར་ལས།①རླུང་གྱུར་ལ་ལན་ཚྭ་དང་པི་པི་ལིང་། མཁྲིས་གྱུར་ལ་ཀ་ར་དང་ན་ལེ་ཤམ། བད་ཀན་ལས་གྱུར་པར་ལ་ལ་ཕུད་དང་རྒྱ་ཚ། ཟི་ར། སྦྲང་རྩི། ཚ་བ་གསུམ། འདུས་གྱུར་ལ་ཚ་བ་གསུམ་དང་བཙོ་ཚ། མཆིན་པ་ལས་གྱུར་བར་ཤུ་དག་དང་རུ་རྟ། རྒྱ་ཚ། ཏིལ་མར། སྦྲང་རྩི་བཅས་ཁྱད་པར་ཅན་གྱི་སྨན་རྣམས་ཏིལ་མར་རམ་དར་བ་སྐ་སླ་རན་པར་བཏབ་ནས་བསྟེན་དགོས་པར་གསུངས་ཤིང་། འདི་ལས་དམུ་རྫིང་ནད་ཀྱི་དབྱེ་བ་ལ་རླུང་མཁྲིས་བད་ཀན། འདུས་པ།མཆིན་གྱུར་བཅས་ལྔ་རུ་དབྱེ་འདུག
     སྨན་དཔྱད་ཟླ་བའི་རྒྱལ་པོ་ལས།② རྐྱེན་གྱི་སྐབས་སུ་མི་གཙང་བ་དང་ངལ་དུབ་རྗེས་ཆུ་མང་བཏུང་བ། ཀླུ་ཡི་ནད་བཅས་གསུངས་འདུག་ལ། མི་གཙང་བ་ལས་བྱུང་ཞེས་པ་ནི་རྒྱུད་བཞི་དང་སྒྲོས་མི་མཐུན་པར་ཡན་ལག་བརྒྱད་པའི་རྗེས་སུ་འབྲང་བར་སྣང་ལ། སྤྱིའི་དབྱེ་བར།དབྱེ་ན་སྨུག་པོ་དཀར་པོ་དང་།། ནག་པོའི་དམུ་ནི་རྣམ་གཉིས་(ཚ་གྲང་)ཏེ།། ཞེས་གསུངས་ཤིང་། དོན་ལ་དགྲ་ནག་པོ་ལྟ་བུའི་དམུ་ཆུའི་ནད་ལ་དཀར་སྨུག་གཉིས་སམ་དཀར་ནག་གཉིས་ཞེས་ཚ་གྲང་གཉིས་སུ་དབྱེ་བ་དང་། བྱེ་བྲག་གི་དབྱེ་བར་གློ་ནད་ཆུ་ཤོར་དང་མཆིན་པ་ཆུ་ཤོར། ལོང་གི་ཆུ་ཤོར། རྒྱུ་མའི་ཆུ་ཤོར། དུག་ཆུ། རྒྱུ་མར་ཉ་རུས་བྱ་རུས་ཟུག་པའི་ཟགས་ཆུ། ལོང་ལ་ཉ་རུས་བྱ་རུས་ཟུག་པའི་ཟགས་ཆུ། འདུས་པའི་ཆུ། ཀླུ་དང་ས་བདག་གིས་སྐྱེད་པའི་དམུ་ཆུ་བཅས་ཁྱོན་བསྡོམས་དབྱེ་བ་དགུ་རུ་བསྟན་པ་དང་། དེའང་འདི་དག་ལས་ལོང་འབྱམས་དང་གློ་ནད་ཆུ་ཤོར་ནི་དཀར་པོ་སྟེ་ངོ་བོ་གྲང་ཆུ་ཡིན་པ་དང་། རྒྱུ་འབྱམས་ནི་ནག་པོ་སྟེ་ངོ་བོ་ཚ་ཆུ་ཡིན་པ། མཆིན་པའི་དམུ་ཆུ་ནི་ཆང་ལས་སྐྱེད་པ་སོགས་བསྟན་འདུག་གོ། བཅོས་ཐབས་སྐབས་ཚ་ཆུ་གྲང་ཆུའི་སྒེར་བཅོས་གསུངས་ཤིང་། སྒོས་སུ་མཆིན་པ་ཆུ་ཤོར་དང་ལོང་གི་ཆུ་ཤོར་ལ་རྒྱལ་མོའི་ཆུ་སྦྱོངས་གཏང་དགོས་པར་གསུངས། རྒྱལ་མོའི་ཆུ་སྦྱོངས་ནི་སྨན་དཔྱད་ཟླ་རྒྱལ་ལས་དམུ་ཆུའི་གསོ་ཐབས་སྐབས་ཁྱད་དུ་བཏོན་པའི་སྨན་སྦྱོར་ཞིག་ཡིན་ནོ།།
     དཔལ་མགོན་ཀླུ་སྒྲུབ་ཀྱི་མདོར་བསྡུས་གསང་ཏིག་སྒྲོན་མ་ལས། དམུ་ཆུའི་རིགས་དབྱེ་ཁོང་དུ་ཆུད་པར་བྱ་དགོས་ཞེས་གསུངས་པ་ཙམ་ལས་དོན་མཐའ་དག་བསྐུངས་ཤིང་།  ཚབས་ཆུང་ཐལ་བས་སྐམ་པར་བྱ།། ཡང་ན་རྒྱལ་མོའི་ཆུ་སྦྱིན་བྱ།། ཡང་ན་མཚོའི་འདྲེན་སྐེམས་བྱ།། ཡང་ན་འཕྲུལ་གྱི་འཛག་སྐེམས་བྱ།།③ ཞེས་ཚབས་ཆུང་རིགས་ལ་ཐལ་སྨན་གྱིས་སྐེམས་པར་བྱ་བ་དང་རྒྱལ་མོའི་ཆུ་སྦྱོངས་བསྟེན་པ། ཚབས་ཆེ་བར་གསང་ནས་དཔྱད་ཀྱིས་གཙགས་པའམ་སྦྱོངས་སྨན་གྱིས་འདྲེན་དགོས་པའི་བཅོས་ཐབས་ཀྱི་རྩ་དོན་གསལ་བོར་བཏོན་ཅིང་། རྒྱལ་མོའི་ཆུ་སྦྱོངས་ཀྱང་བཅོས་ཐབས་རྩ་དོན་དུ་བཞག་ནས་ལག་ལེན་ཁྲོད་གོ་གནས་མཐོན་པོ་ཞིག་བསྩལ་བར་གཞིགས་ན། འདི་ཉིད་སྨན་དཔྱད་ཟླ་རྒྱལ་གྱི་རྗེས་སུ་བྱུང་བ་དང་སྨན་དཔྱད་ཟླ་རྒྱལ་གྱི་རང་ལུགས་གཙིགས་སུ་འཛིན་པའི་གཞུང་རྙིང་ཞིག་ཡིན་པར་སྣང་།
     གཉིས། གསོ་དཔྱད་ཕྱི་དར་སྐབས། 1.ཡན་ལག་བརྒྱད་པ་དར་བ་ནས་ར་ཤེལ་ཆུ་བཅོས་དར་བའི་བར།ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས།④དམུ་ཆུའི་ནད་ཀྱི་དབྱེ་བ་ལ། 1.རླུང་གྱུར། 2.མཁྲིས་གྱུར། 3.བད་ཀན་ལས་གྱུར་པ། 4.འདུས་གྱུར། 5.མཚེར་པ་ལས་གྱུར་པ། 6.གཞང་འབྲུམ་སོགས་རྐྱེན་གྱིས་དྲི་འགགས་ལས་གྱུར་པ། 7.རུས་པ་སོགས་ཁོང་དུ་སོང་ནས་རྒྱུ་མ་རྡོལ་ནས་གྱུར་པ། 8.སྣུམ་བག་འཐུངས་སམ་སྐྱུག་སྨན་དང་བཀྲུ་སྨན་བཏང་བའི་རྗེས་ལ་ཆུ་གྲང་མོ་འཐུངས་པ་ལས་གྱུར་པའི་ཆུའི་དམུ་རྫིང་བཅས་དངོས་བསྟན་གྱི་གྲངས་འདྲེན་བརྒྱད་ཡིན་ལ། མཆེར་གྱུར་གྱི་ཤུགས་བསྟན་ལ་མཆིན་པ་ལས་གྱུར་པ་ཞིག་གསུངས་ཤིང་། རྒྱུ་བརྡོལ་གྱི་ཤུགས་བསྟན་དུ་འགྲངས་དྲགས་གླལ་བའི་དབུགས་རྔུབས་དྲགས་པས་རྒྱུ་མ་གས་པ་ལས་བྱུང་བ་ཞིག་གསུངས་འདུག བཅོས་ཐབས་སྐབས་བཀྲུ་སྨན་གྱིས་ཆུ་སྦྱོངས་ཐབས་དང་ཐལ་སྨན་གྱིས་ཆུ་སྐེམས་ཐབས་གསུངས་པ་ཕུད། ཁྱད་དམིགས་སུ་རྒྱུ་རྡོལ་མཚོན་གྱིས་དྲལ་བའི་བཅོས་ཐབས་ཞིབ་ཅིང་རྒྱས་པར་གསུངས་པ་ནི་གཞུང་འདི་ཉིད་གཞུང་གཞན་ལས་ཁྱད་པར་འཕགས་པའི་ཡོན་ཏན་ཞིག་གོ། ཉི་མས་བསྲུང་གིས་མཛད་པའི་སྨན་དཔྱད་གཅེས་པ་གྲུབ་པ་ལས་བསྟན་པའི་དམུ་ཆུའི་ནད་ཀྱི་སྐོར་ཡང་གོང་དང་ཡེ་ནས་མཚུངས་པ་ཞིག་འདུག
     ཙ་ར་ཀ་བསྡུ་བ་ལས།⑤ སེང་ལྡེང་སོགས་གཅིན་སྐེམས་པར་བྱེད་པའི་སྨན་བཅུ་དང་གཟེ་མ་སོགས་གཅིན་སྦྱོང་བར་བྱེད་པའི་སྨན་བཅུ་གསུངས་པ་ཕུད། གཞུང་འདིའི་འགོ་མཇུག་གང་ནས་ཀྱང་དམུ་ཆུ་དང་འབྲེལ་བའི་ནང་དོན་ཇི་ཡང་མ་མཐོང་།
     སྐྱེས་བུ་མེ་ལྷས་མཛད་པའི་འབུམ་ཁུ་ཚུར་དུ་ལེའུ་ཉེར་བཞི་པ་དམུ་ཆུ་གསོ་ཐབས་དང་ལེའུ་དོན་དྲུག་པ་དམུ་ཆུ་གསོ་བ་ཞེས་ལེའུ་གཉིས་ལས་དམུ་ཆུའི་སྐོར་བསྟན་ཞིང་།ལེའུ་ཉེར་བཞི་པ་ལས་ཤིན་ཏུ་བསྡུས་ཏེ་སྔགས་དང་རྫས་ཀྱི་བཅོས་ཐབས་གཉིས་གསུངས་འདུག རྫས་ནི་བ་དམར་མོ་ཁོ་ནའི་ཆུ་ལ་སྔགས་ཅི་མང་བཏབ་སྟེ། སྔོར་ཆུ་ཇ་སུན་གཉིས་མ་(ཡོལ་)ཙམ་རེ་གཏང་།⑥ ཞེས་བ་དམར་ཟལ་གྱི་ཆུ་ལ་སྔགས་ཇི་མང་བཏབ་པའི་སྔགས་ཆུ་ཉིད་ཇ་སུན་གཉིས་ཏེ་སྐོམ་ཇ་འཐུང་ཡུན་གཉིས་མ་ཡོལ་ཙམ་གྱི་རིང་ལ་བསྟེན་དགོས་པར་གསུངས། དམུ་ཆུའི་སྐོམ་ལ་བ་དམར་ཟལ་གྱི་ཆུ་བསྟེན་རྒྱུ་ནི་ཡན་ལག་བརྒྱད་པ་སོགས་ལས་མང་དུ་གསུངས་པ་ལྟར་རྒྱ་གར་གསོ་རིག་སྤྱིའི་ཁྱད་ཆོས་ཤིག་ཏུ་སྣང་། ལེའུ་དོན་དྲུག་པ་དམུ་ཆུ་གསོ་བ་ལས་⑦བཅོས་ཚུལ་གྱི་གནད་ཁ་ཤས་བསྟན་པ་ནི། 1.ཚ་ཆུ་གྲང་ཆུར་སྒྱུར་དུས་བསིལ་བཅོས་ཐལ་བ་ལ་ཐོར་བུའི་རླུང་ལྡང་ཞིང་ཆུ་རླུང་འདྲེས་འགྲོ་བས་འདིའི་རིགས་ལ་ཚ་བ་བཅགས་རྗེས་ཆུ་རླུང་འབྱེད་པའི་བཅོས་ཐབས་བསྟེན་དགོས་པ་དང་། 2.ཚ་ཆུ་བཅོས་ཀྱང་མི་ཐུབ་པ་དང་གྲང་ཆུ་ངེས་པར་འཚོ་བའི་སྤང་བླང་། 3.ཆུ་རིགས་ཀུན་ཀྱང་སྔོན་ལ་གྲང་ཆུ་བྱུང་བ་དང་ཚ་ཆུ་བྱུང་བ་གཉིས་ལས་ཚ་ཆུ་བྱུང་ན་གྲང་ཆུར་བསྒྱུར་དགོས་པ། 4.ཕྱི་ཆུ་ནང་དུ་བསྡུ་བར་བྱ་དགོས་པ་སོགས་ཞིབ་ཕྲའི་མན་ངག་གི་སྨན་དག་དང་སྦྱར་ནས་བསྟན་འདུག དེ་མ་ཟད་འདི་ལས་ཚ་ཆུའི་བཅོས་ཐབས་སྐབས་མཆིན་པའི་ཟགས་སྣ་བསྡམ་པ་དང་མཆིན་པའི་རླངས་བཏོན་པ། མཆིན་ཁྲག་གནས་སུ་སྐེམས་པ་ཞེས་པ་སོགས་ཞིབ་ཏུ་བསྟན་འདུག ཁུ་ཚུར་འབུམ་གྱི་དམུ་ཆུ་གསོ་ཐབས་ལའང་གོང་གསལ་འབུམ་ཁུ་ཚུར་གྱི་ནང་དོན་དག་སྤོ་བཤུས་གནང་འདུག སྐྱེས་བུ་མེ་ལྷའི་སྙན་བརྒྱུད་བེའུ་བུམ་ནག་པོ་ལས།⑧ བསྡུས་པ་ཚ་གྲང་རླུང་གསུམ་ཡིན། ཞེས་མཁྲིས་པའི་རྨུ་ཆུ་དང་དམུ་ཆུ་དཀར་པོ། རླུང་གི་ཆུ་རིགས་བཅས་གསུམ་བྱུང་ལ། སྤྱིའི་ཆ་ནས་རླུང་མཁྲིས་བད་ཀན་གྱི་དམུ་ཆུའི་རྣམ་བཞག་ལྟ་བུ་ཞིག་བསྟན་འདུག ཡང་འདི་ལས། དམུ་ཆུ་རྒྱ་ཡིས་ཐེབས་ནས་ནི།། བཤལ་གྱིས་མི་འདྲོངས་ཆུ་རྒྱས་ཐེབས།། བཙག་ཏུ་མི་གཏུབ་ལུས་ཟུངས་ཡིན་པའི་ཕྱིར།། བཏོན་ན་ཟན་(ཟད་)ནས་མི་དེ་འཆི།།⑨ ཞེས་དམུ་ཆུ་རྒྱ་ཡིས་ཐེབས་ན་ཆུ་རྒྱས་ནས་ཟུངས་ཁྲག་དང་འདྲེས་པས་ཆུ་བརྟན་ཅིང་ལུས་ཟུངས་ཀྱང་བྱས་ཤིང་། ཆུ་གསར་དུ་མི་སྐྱེ་ལ་ལོགས་སུ་མི་གསོག་པས་བཤལ་གྱིས་མི་འདྲོངས། གལ་ཏེ་བཙགས་ནའང་ཟུངས་བཏོན་པ་ཡིན་པས་འཆི་འགྲོ། འདི་ནི་དཔལ་ལྡན་རྒྱུད་བཞི་ཕུད་རྒྱས་ཐེབས་ཞེས་པའི་ཐ་སྙད་འདིའི་མཚན་ཉིད་དང་མཚན་གཞི་ཚང་བ་ཞིག་བསྟན་པ་ཐོག་མ་ཡིན་ལ། དཔལ་ལྡན་རྒྱུད་བཞི་དང་བེའུ་བུམ་ནག་པོ་གཉིས་ཆེས་འདྲ་བའི་ཆའང་འདི་ནས་མཐོང་། ཡང་འདི་ཉིད་ལས་⑩བཅོས་པའི་ཐབས་ལ་བཤལ་དང་སྐེམ་དང་དབུག་པ་གསུམ་དུ་བཀར་ནས་བསྟན་འདུག་གོ། སྐྱེས་བུ་མེ་ལྷའམ་ཨ་ཙ་ར་ཕྱག་རྡུམ། བྷ་རོ་ཕྱག་རྡུམ་དུ་འབོད་པ་མཆོག་ནི་བོད་ཀྱི་མངའ་རིས་རྒྱལ་བརྒྱུད་མངའ་བདག་རྩེ་ལྡེའུའི་སྐབས་ཨོ་རྒྱན་ཡུལ་ནས་བོད་དུ་སྤྱུགས་པའི་སྨན་པ་མཁས་ཅན་ཞིག་ཡིན་ལ། བྱམས་པ་འཕྲིན་ལས་མཆོག་གིས་⑾མངའ་རིས་རྒྱལ་པོ་མངའ་བདག་རྩེ་ལྡེའུའི་འཁྲུངས་ལོ་མི་གསལ་ཡང་རྒྱལ་པོ་དེས་མངའ་རིས་སུ་ཆོས་འཁོར་ཆེན་པོ་བཙུགས་པའི་དུས་ཚོད་ནི་རབ་བྱུང་དང་པོའི་མེ་འབྲུག་སྟེ་སྤྱི་ལོ་1076ལོ་ཡིན་པར་གསུངས་པས། སྐྱེས་བུ་མེ་ལྷ་ཡང་དུས་རབས་བཅུ་གཅིག་པའི་ནང་གི་མཁས་པ་ཞིག་ཡིན་པར་སྣང་། ཨོ་རྒྱན་ནི་རྒྱ་གར་ནུབ་ཕྱོགས་ཀྱི་རྒྱལ་པོ་ཨིནྡྲ་བྷུ་ཏི་བྱོན་པའི་ཡུལ་ཏེ་དེང་ཨ་ཧྥུ་ཧན་(阿富汗)ཞེས་པའི་ཡུལ་གྲུ་དེ་ཡིན་ཞིང་གནའ་བོའི་དུས་སུ་ནང་པའི་ཆོས་དར་སའི་རྒྱལ་ཁམས་ཤིག་ཡིན་པས་སྐྱེས་བུ་མེ་ལྷའང་ཚེ་རིག་མཁས་པའི་གྲལ་དུ་བགྲང་ཆོག་པར་སྙམ། ཡིན་ཡང་རྗེ་ཉིད་ཀྱི་བསྟན་བཅོས་ཁག་ཏུ་དམུ་ཆུའི་སྐབས་ཡན་ལག་བརྒྱད་པའི་ཤན་གོས་པ་དེ་ཙམ་མ་མཐོང་། གཞན་སྐྱེས་བུ་མེ་ལྷས་གསུངས་པའི་ཆུ་རླུང་འབྱེད་པའི་བཅོས་ཐབས་སོགས་ནི་དཔལ་ལྡན་རྒྱུད་བཞི་ལས་དངོས་སུ་མ་བསྟན་ཡང་། མན་ངག་བྱེ་བ་རིང་བསྲེལ་⑿དང་མན་ངག་རིན་ཆེན་འབྱུང་གནས་⒀སོགས་ལས་བཅོས་ཐབས་ཞིབ་ཏུ་གསུངས་འདུག་པས། དུས་ཕྱིས་ཀྱི་མཁས་པའི་ཁྲོད་དུའང་རྗེ་འདིའི་རང་ལུགས་བསྐྱངས་སྤེལ་གནང་མཁན་མང་པོ་བྱོན་འདུག
     གཡུ་ཐོག་པའི་ནོར་བུའི་འཕྲེང་བ་ལས། དབྱེ་བ་རླུང་མཁྲིས་བད་ཀན་དང་།། རྒྱུ་རྡོལ་ཆུ་འགག་རྡོལ་ལས་འབྱུང་།།སྐྲན་ཟགས་གློ་བ་ཟགས་པ་དང་།། དེ་བཞིན་མཆིན་མཚེར་མཁལ་མ་ཟགས།། རྩ་ཁ་ལོག་དང་གླད་པ་ཟག། ཕོ་བ་རྫིང་དང་བཅུ་བཞི་སྟེ།།⒁ཞེས་དབྱེ་བ་བཅུ་བཞིར་གསུངས་ཤིང་ཅུང་ཟད་གབ་པའི་ཚུལ་དུ་སྣང་སྟེ། བཅོས་ཐབས་སོགས་ལས་ཀྱང་བགྲང་ལུགས་གསལ་པོར་བསྟན་མི་འདུག་པས། འདིའི་གནད་བཀྲོལ་བར་བྱས་ན་དོན་དུ་དབྱེ་བ་བཅུ་བཞི་ནི། 1.རླུང་། 2.མཁྲིས་པ། 3.བད་ཀན། 4.ཆུ་འགག་རྡོལ་ནས་བྱུང་བའི་རྒྱུ་རྡོལ་གྱི་ཆུ། 5.ཆུ་སྐྲན་ཟགས་ཆུ།6.ཁྲག་སྐྲན་ཟགས་ཆུ། 7.རྩ་སྐྲན་ཟགས་ཆུ། 8.གློ་བའི་ཟགས་ཆུ། 9.མཆིན་པའི་ཟགས་ཆུ། 10.མཚེར་པའི་ཟགས་ཆུ། 11.མཁལ་མའི་ཟགས་ཆུ། 12.རྩ་ཁ་ལོག་པའི་འཁྱིམས་ཆུ། 13.ཀླད་པ་ཟགས་པ། 14.ཕོ་བའི་རྫིང་བཅས་དང་།དེ་ཡང་བསྡུས་ན་གནས་ཀྱིས་ཕྱི་ནང་བར་གསུམ་དང་ངོ་བོ་ཚ་ཆུ་གྲང་ཆུ་གཉིས་སུ་འདུས་པར་གསུངས། གཞུང་འདིའི་ཆེས་དམིགས་བསལ་གྱི་ཁྱད་ཆོས་ནི་རིགས་དབྱེའི་སྐབས་སུ་མཁལ་མའི་ཟགས་ཆུ་དང་ཀླད་པའི་ཟགས་ཆུ་གཉིས་བསྟན་པ་དེ་ཡིན། འོན་ཀྱང་དེ་གའི་བྱེ་བྲག་གི་གྱུར་ཚུལ་བརྟག་བཅོས་སོགས་ཇི་ཡང་བསྟན་མི་འདུག རྗེ་གཡུ་ཐོག་པའི་བུ་དོན་མ་⒂དང་ཤོག་དྲིལ་⒃ལས་ཀྱང་ངོ་བོའི་དབྱེ་བ་ཚ་ཆུ་གྲང་ཆུ་གཉིས་དང་གནས་ཀྱི་དབྱེ་བ་ཕྱི་ནང་བར་གསུམ་དུ་གསུངས་པ་ལས་བྱེ་བྲག་གི་དབྱེ་བ་གང་ཡང་གསུངས་མི་འདུག ཡང་ཤོག་དྲིལ་ལས་དམིགས་སུ་གནས་ལ་ཕྱི་ནང་བར་གསུམ་ཕུད་རླུང་ཆུ་ཞེས་བཞི་བསྟན་འདུག་གོ།
     སུམ་སྟོན་ཡེ་ཤེས་གཟུངས་ཀྱིས་མཛད་པའི་རྫོང་འཕྲང་འཕྲུལ་གྱི་ལྡེ་མིག་⒄ལས། དམུ་ཆུ་གསོ་བའི་ལེའུ་ལ་གྱུར་ཚུལ་དང་ངོས་བཟུང་བ། བཅོས་པའི་ཐབས་བཅས་གསུམ་དུ་དབྱེ་ནས་གསུངས་འདུག་ལ། གྱུར་ཚུལ་ནི་རྒྱུད་བཞིའི་རྒྱུ་རྐྱེན་སྐབས་དང་མཚུངས་པ་ཞིག་བསྟན་པ་ལས་སྤྱི་བྱེ་བྲག་གི་གྱུར་ཚུལ་དག་བསྡུས་ནས་བསྟན་མི་འདུག དབྱེ་བའི་སྐབས། བྱེར་ཆུར་དྭངས་མའི་བྱེར་ཆུ་ཞེས་སྤྱི་བམ་པ་ཙམ་བསྟན་པ་ལས་རྒྱུད་ལྟར་ཁྲག་མཁྲིས་ཆུ་གསུམ་དུ་དབྱེ་མི་འདུག་ལ།ཟགས་ཆུར་གློ་སྙིང་མཆིན་མཆེར་ཕོ་ལོང་རྒྱུ་རྡོལ་བཅས་ཟགས་པ་བདུན་བསྟན་པ་དང་། དེའི་རྩ་ཁ་ལོག་པའི་འཁྱིམས་ཆུ་དང་བཅས་ཁྱོན་བསྡོམས་དབྱེ་བ་བརྒྱད་བསྟན་ལ། འདི་ལས་གསུངས་པའི་སྙིང་གི་ཟགས་ཆུ་ནི་རྒྱུད་ལས་དངོས་སུ་བསྟན་མེད་པ་དང་། གཞན་ཡང་རྒྱུད་ལས་བསྟན་པའི་གདོན་ཆུ་དང་དུག་ཆུ་སོགས་འདིར་གསུངས་མི་འདུག རྟགས་ལ་འཇུག་དུས་སྐྱ་རྦབ་ཀྱི་རྟགས་དང་སྨིན་དུས་འོར་ནད་ཀྱི་རྟགས། རྒྱས་དུས་ཚ་ཆུ་ཡི་དྭགས་འདྲ་བ་དང་གྲང་ཆུ་མགོན་པོ་འདྲ་བའི་རྟགས་སོགས་མངོན་པ་རྒྱུད་བཞིའི་འགྲོས་དང་མཐུན་པར་གསུངས། བཅོས་ཐབས་ལའང་རྒྱུད་ལྟར་དཔེ་དང་བཅས་པའི་རྩ་དོན་ལྔ་དང་དེ་ལྟར་བསྟན་པའི་དགོས་པ་དཔེ་དོན་དང་སྦྱར་བ་སོགས་སྤོ་བཤུས་གནང་འདུག་པས། འདི་དག་ལས་རྫོང་འཕྲང་འཕྲུལ་གྱི་ལྡེ་མིག་ནི་རྒྱུད་བཞིའི་རྗེས་སུ་བྱུང་བའི་བསྟན་བཅོས་རྙིང་གྲས་ཤིག་ཡིན་པ་གསལ། སྙིང་གི་ཟགས་ཆུའི་སྐོར་ཀྱང་དབྱེ་བའི་སྐབས་མིང་ཙམ་བཀོད་པ་ལས་ཞིབ་ཕྲའི་གྱུར་ཚུལ་བརྟག་བཅོས་སོགས་བསྟན་མི་འདུག
     དམུ་ཆུའི་གསང་སྨན་བསྟན་པའི་སྨན་གཞུང་ཕྱི་མོ་ནི་དུས་རབས་བཅུ་གསུམ་པའི་ནང་བྱུང་བའི་ཆུ་བཅོས་ར་ཤེལ་གཏེར་མ་ཡིན་ཏེ། འདིའི་ཡར་སྔོན་དུ་བཙན་པོའི་དུས་ལ་བྱུང་བར་གྲགས་པའི་དཔལ་ལྡན་རྒྱུད་བཞི་དང་གཡུ་ཐོག་སྔོ་འབུམ། སྒྲོལ་མ་སྔོ་འབུམ་བཅས་ལས་སྒ་ཏིག་དང་སྔོ་སྤྱི་བཞུར། བྱིའུ་སྲད་མ་སོགས་བཀོད་འདུག་ཀྱང་། གཞུང་དེ་དག་གྲུབ་པའི་ལོ་ཚོད་ལ་གསོ་རིག་སྨྲ་བའི་ཁྲོད་དུ་རྩོད་གཞི་འདུག་པས་རེ་ཞིག་བཏང་སྙོམས་སུ་བཞག་ན། དུས་རབས་བཅུ་གཉིས་པའི་ནང་གཙང་སྟོད་དར་མ་མགོན་པོས་མཛད་པའི་ཟིན་ཐིག་ཡང་ཐིག་ལས་ཕྱི་ཆུ་སྐེམས་བྱེད་ཀྱི་བྱུག་པའི་སྐབས་སྒ་ཏིག་སྐོར་བཀོད་པ་ནི་ཐོག་མ་ཡིན་པར་མཐོང་།དེའང་གཙང་སྟོད་དར་མ་མགོན་པོའི་ཟིན་ཐིག་ཡང་ཐིག་⒅ལས་ཆུ་སེར་སྐེམས་བྱེད་ཀྱི་བྱུག་པར་སྒ་ཏིག་གི་སྦྱོར་བ་ཁག་གཉིས་བསྟན་འདུག་སྟེ། གཅིག་ནི་སྒ་ཏིག་དང་ཀྱི་ལྕེ།ལྕགས་ཀྱུ། སྒ། གཡེར་མ་བཅས་བ་མར་ལ་སྦྱར་བ་དང་།གཅིག་ཤོས་ནི་ལྕ་བ་དང་སྤྲུ་ནག སྤོས་དཀར། ཤ་རུའི་ཐལ་བ། ལྕགས་ཐལ་བཅས་དང་སྒ་ཏིག རེ་ལྕགལྕགས་ཀྱུ། བཅའ་སྒ སྦང་མ་སོགས་བ་ཆུར་སྦྱར་བའོ།།འདི་ལས་དམུ་ཆུའི་ནད་ཀྱི་དབྱེ་བ་ལ་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། དེ་རང་རྣམ་པ་བརྒྱད་འགྱུར་ཏེ།། ནད་གཞི་ཐ་དད་འདུས་མཆེར་པ།། དྲི་མ་འགགས་དང་རྒྱུ་རྡོལ་དང་།།⒆ ཞེས་པ་དང་། གཙང་སྟོད་ཟིན་ཐིག་ཡང་ཐིག་ལས། དབྱེ་བ་རྣམ་པ་བཅུ་གཅིག་སྟེ།།ནད་གཞི་ཐ་དད་འདུས་མཆེར་མཆིན།། དྲི་མ་འགགས་དང་རྒྱུ་རྡོལ་ཆུ།།⒇ཞེས་གསུངས་པ་གཉིས་ཚིག་གི་གྲུབ་སྟངས་ཤིན་ཏུ་འདྲ་བ་ལས་གཞུང་འདི་ཉིད་ཡན་ལག་བརྒྱད་པའི་རྗེས་སུ་འབྲངས་པ་གསལ་ཡང་གཞུང་རང་ངོས་ལའང་ཡོན་ཏན་ཇི་སྙེད་ཅིག་མཆིས་ཏེ། ཡན་ལག་བརྒྱད་པའི་དངོས་བསྟན་ཆུ་རིགས་བདུན་གྱི་སྟེང་ཉེས་པ་ལྡན་པ་གསུམ་དང་མཆིན་པའི་ཟགས་ཆུ་བསྣན་ཞིང་། ཡན་ལག་བརྒྱད་པའི་འགྲེལ་བ་ཁག་ཏུ་ཤུགས་བསྟན་གནང་བའི་རྒྱུ་གས་ཀྱི་དམུ་ཆུའི་ནད་འཕྲི་འདུག ཡིན་ཡང་མཆིན་པའི་ཟགས་ཆུའི་བཅོས་ཐབས་སྐབས་(21)གཏར་ག་ལག་པ་གཡས་ལ་བྱ་དགོས་པ་ཕུད་མཆེར་པའི་ཟགས་ཆུ་ལྟར་བཅོས་དགོས་ཞེས་བསྡུས་ཏེ་གསུངས་མི་འདུག དེ་ཡང་གནས་ཀྱིས་ཕྱི་ནང་དུ་དབྱེ་ཞིང་ངོ་བོས་ཚ་གྲང་གཉིས་སུ་དབྱེ་འདུག་གོ། བཅོས་ཐབས་ལ། གཙང་སྟོད་དར་མ་མགོན་པོའི་ཡང་ཏིག་འཆི་བདག་འཇོམས་པ་ལས། སྨན་དཔྱད་ལ་ནི་གཉིས་ཡིན་ཏེ།།ཚ་ཆུ་གྲང་ཆུར་བསྒྱུར་བ་དང་།། གྲང་ཆུ་ཆམ་ལ་འབེབས་པར་བྱ།།(22) ཞེས་གསུངས་ལ། ཚ་ཆུ་གྲང་ཆུར་སྒྱུར་བའི་བཅོས་ཐབས་འདི་ཡན་ལག་བརྒྱད་པ་ལས་གསུངས་མེད་ཅིང་འབུམ་ཁུ་ཚུར་ལས་ཀྱང་ཚ་བ་བཅག་ཅེས་པའི་ཐ་སྙད་ཙམ་ལས་ཚ་ཆུ་གྲང་ཆུར་སྒྱུར་བ་ཞེས་དངོས་སུ་གསུངས་མི་འདུག་པས། གཙང་སྟོད་ཟིན་ཐིག་ཡང་ཐིག་ནི་རྒྱུད་བཞི་ཕུད་བཅོས་ཐབས་འདི་གསལ་བོར་བཏོན་པའི་བསྟན་བཅོས་ཐོག་མར་གྲུབ། ནད་ཀྱི་སྤང་བླང་གི་རྟགས་ལ།(23) ཕྱི་རྟགས་གྲང་ཆུ་མགོན་པོ་ལྟ་བུར་མངོན་ཀྱང་རྩ་ཆུ་ཚ་བ་བྱུང་ན་རྒྱུན་ཤེས་བུས་ཀྱང་མི་འཚོ་བས་དེང་སང་སྨན་པས་ག་ལ་འཚོ་ཞེས་གསུངས་འདུག ཡང་འདི་ལས་དམུ་ཆུའི་ནད་སྤྱིའི་བཅོས་ཐབས་རྩ་དོན་ལ།(24) 1.དང་པོ་ཚ་ཆུ་གྲང་ཆུར་བསྒྱུར་བ་དང་གྲང་ཆུར་ཕོ་བའི་མེ་དྲོད་གསོ་བ། 2.དེ་ནས་ལམ་ནས་སྦྱང་བ། 3.ཆུ་སྐེམས་པར་བྱ་བ། 4.མཇུག་ཏུ་ཕྱི་རྗེས་བཅད་པ་བཅས་ཁག་བཞི་རུ་བསྟན་འདུག གཞུང་འདིའི་ཆེས་ཁྱད་འཕགས་ཀྱི་ཡོན་ཏན་ཡང་ཡན་ལག་བརྒྱད་པ་སོགས་ལེགས་སྦྱར་གསོ་རིག་གི་ལེགས་ཆ་ཇི་མང་ཞིག་ཚུར་ལེན་གནང་བའི་ཐོག་མ་ཡིན་པ་དང་། ཡང་གཞུང་ལུགས་ཀྱི་སྒྲོམ་གཞི་དེའི་འོག་ཞིབ་ཕྲའི་བཅོས་ཐབས་སྐབས་རང་རེའི་གསོ་རིག་དང་སྦྱར་གང་ཐུབ་གནང་ནས་བོད་ཀྱི་ཡུལ་དུས་དང་འཚམ་ཞིང་བོད་མིའི་འཚོ་བ་དང་ཉེ་བའི་ཡན་ལག་བརྒྱད་པ་ལྟ་བུ་ཞིག་ཏུ་བརྩམས་ཡོད་དེ། འདི་ཉིད་ལས། ཟིན་ཐིག་དགོས་འདོད་ཀུན་འབྱུང་འདི།། ཙ་ར་ཀ་དང་དཔའ་བོའི་གཞུང་ལུགས་དང་།། ཀླུ་སྒྲུབ་སྙིང་པོའི་མདོ་ལྔ་ལ་སོགས་དང་།། བླ་མའི་མན་ངག་རང་གི་ཉམས་མྱོང་ལ།།བརྟེན་ནས་སྟོད་སྨན་དར་མ་མགོན་པོ་ངས།། ཚིག་ཉུང་དོན་ཟབ་ཤིན་ཏུ་བདེ་བ་འདི།།(25) ཞེས་གསུངས་པ་ལྟར་དང་། དེ་ལས་གཞན་བོད་ཀྱི་གསོ་རིག་བསྟན་བཅོས་གང་དུའང་བཀོད་མི་འདུག་པའི་རྒྱུ་བརྡོལ་མཚོན་གྱིས་དྲལ་བའི་བཅོས་ཐབས་ཡན་ལག་བརྒྱད་པ་ལས་ཚུར་འདྲེན་གནང་འདུག(26)དེའང་གཙང་སྟོད་དར་མ་མགོན་པོ་ནི་ཤེས་བྱ་ཀུན་ཁྱབ་མཛོད་ལས། ཕྱི་དར་རྒྱ་གཞུང་སྔ་རྗེས་བསྒྱུར་མང་ཡང་།། རིན་ཆེན་བཟང་པོས་བརྒྱད་པ་སྤེལ་བ་ལས།། པུ་ཧྲོང་སྨན་པ་བཞི་ལས་ལེགས་བརྒྱུད་དེ།། ཞང་ཞིག་དར་མགོན་གཡུ་ཐོག་པ་ལ་སོགས།། བོད་ཀྱི་གཞན་ཕན་ཅན་རྣམས་ཐོག་མར་གྱེས།།(27) ཞེས་གསུངས་པ་ལྟར་ན་ལོ་ཆེན་རིན་ཆེན་བཟང་པོའི་སློབ་བརྒྱུད་ཆེར་རྗེ་ཞིག་པོའི་སློབ་མའི་གཙོ་བོའི་གྲས་ཤིག་ཡིན་པ་དང་། གཡུ་ཐོག་གསར་མ་དང་དུས་མཉམ་དུ་བྱོན་པ་ཞིག་ཡིན་ལ། དུས་རབས་བཅུ་གཉིས་པའི་ནང་འཁྲུངས་པར་སྣང་།
     བཅོམ་ལྡན་རིག་པའི་རལ་གྲིའི་གསོ་བ་རིག་པའི་རྒྱན་གྱི་མེ་ཏོག་(28)ལས་དམུ་ཆུ་འཇུག་སྨིན་རྒྱས་གསུམ་གྱི་རྟགས་བསྟན་འདུག་ལ། ཐོག་མར་འཇུག་དུས། དེ་རྟགས་དང་པོ་ཆུའི་མཁར་བརྒྱད་གཡོ།། ཞེས་དང་། དེ་ནས་བར་དུ་ཆུ་རུ་སྨིན་དུས། གསུས་ཁེངས་རྒྱབ་ན་ཐོལ་ཐོལ་འཕྲིགཅེས་གསུས་པ་ཆུས་ཁེངས་ཤིང་བེམ་ཏོལ་རྒྱབ་ན་ཐོལ་ཐོལ་ཕྲིག་ཕྲིག་ཅེས་རེག་སྐབས་ཐོལ་ཐོལ་ཞེས་བྱ་སྒོང་སྐྱུར་བ་འདྲ་བ་དང་ཕྲུག་ཕྲུག་ཅེས་ཞོ་གྲོད་ལྟ་བུ་མེར་བའི་རྟགས་མངོན་པ། ཐ་མར་རྒྱས་ནས་ཁྱད་པར་ཡི་དྭགས་མགོན་པོ་འདྲ།། ཞེས་ཚ་ཆུ་གྲང་ཆུའི་ཁྱད་པར་གྱི་རྟགས་དང་ཚ་ཆུ་གསོ་དཀའ་གྲང་ཆུ་གསོ་སླ་བ་སོགས་རྒྱུད་བཞི་དང་ཆེས་འདྲ་བ་ཞིག་གསུངས་འདུག་ལ། ཆུ་ཡི་མཁར་བརྒྱད་དང་ཐོལ་ཐོལ་འཕྲིག་ཅེས་པའི་རྒྱུད་བཞིའི་ཐ་སྙད་འདི་དག་བསྟན་བཅོས་གཞན་ལས་ཐོག་མར་བྱུང་ཞིང་། ཁྱད་དམིགས་བཅོས་ཐབས་སྐབས་ཆུ་མ་རྩི་སྨན་དུ་སྤྱད་པའང་ཐོག་མར་སྣང་། བཅོམ་ལྡན་རིག་པའི་རལ་གྲི་ནི་དུས་རབས་བཅུ་གཉིས་པའི་དུས་འགོར་འཁྲུངས་ཞེས་དེབ་དམར་མཆན་འགྲེལ་ནང་གསལ་བ་དང་། ལོ་རྒྱུས་ཉུང་བསྡུས་དེབ་ཐེར་སྔོན་པོའི་ལེ་ཚན་ཆ་པའི་ནང་དུ་གསལ།(29)
     ཀརྨ་རང་བྱུང་རྡོ་རྗེའི་སྨན་མིང་རྒྱ་མཚོ་(30)ལས་སྲད་ནགསྲད་དཀར། སྲད་སྔོན། སྲད་སེར། སྲད་སྨུག རྒྱལ་མོ་ཆུ་འབྱིན། ཆུ་འབྱིན་གཉིས། བལ་སྲན། སྲད་མ་དྲི་ཅན་བཅས་སྲད་མ་རིགས་མི་འདྲ་བ་བཅུ་རུ་དབྱེ་ནས་གསུངས་ཤིང་། སྲད་སྨུག་དང་ཆུ་འབྱིན་རིགས་གཉིས། བལ་སྲན་བཅས་བཞི་ལ་ཆེད་མངགས་ཆུ་འབེབས་ཤིང་དམུ་ཆུ་སེལ་བའི་ནུས་པ་ཡོད་པར་གསུངས་འདུག འོན་ཀྱང་རེ་རེའི་འཁྲུངས་དཔེ་བཀོད་མི་འདུག་པས་སྲད་རིགས་ལ་ལ་རྩད་བཤེར་མི་ཐུབ་པའི་གནས་སུ་ལུས་འདུག
     2.ར་ཤེལ་ཆུ་བཅོས་དར་བ་ནས་དུས་རབས་བཅུ་བདུན་པའི་བར། གཏེར་སྟོན་ར་མོ་ཤེལ་སྨན་གྱི་ཆུ་བཅོས་གཏེར་མ་(31)ལས་འོད་ལྡན་ཞེས་སྒ་ཏིག་གི་གབ་མིང་དང་། སྔོ་སྤྱི་བཞུར་ཞེས་སྔོ་སྟབས་སེང་ངམ་བཻཌཱུརྱ། སྔོན་མོ་ཆུ་འདྲེན་ཞེས་བྱིས་སྲན་ནག་ཆུང་། ཀི་ཥ་ཞེས་པྲི་ཡང་ཀུ་དུས་བཏུས་བཅས་དམུ་ཆུའི་གསང་སྨན་བཞིའི་འཁྲུངས་དཔེ་དང་གསང་སྨན་ལས་གྲུབ་པའི་སྨན་གྱི་སྦྱར་ཐབས། ནད་ཐོག་སྤྱོད་ཚུལ། དམུ་ཆུའི་ནད་ཀྱི་རྒྱུ་རྐྱེན་བརྟག་བཅོས་སོགས་བསྟན་ནས། དམུ་ཆུའི་གསང་སྨན་གྱི་གཞུང་ལུགས་རྨང་གཞི་བརྟན་པོ་ཞིག་བཏིངས་ཤིང་། བོད་ལུགས་གསོ་རིག་གི་དམུ་ཆུའི་ནད་ཀྱི་བཅོས་ཐབས་ཆུ་ཚད་མཐོར་འདེགས་ཐད་བགྲོད་ལམ་གསར་བ་བཙལ་བ་དང་སྒོ་འཕར་ཡངས་པར་ཕྱེ།བྲང་ཏི་དཔལ་ལྡན་རྒྱལ་མཚན་གྱི་མན་ངག་གསེར་བྲེ་(32)ལས་དམུ་ཆུའི་ནད་ཀྱི་རིགས་ལ་གཞུང་གཞན་གང་དང་ཡང་མི་མཐུན་པར་མགོན་པོ་ཡི་དྭགས་དམུ་རྫིང་གསུམ་དུ་དབྱེ་ཞིང་། མགོན་པོ་ནི་རླུང་ལས་གྱུར་བ་དང་ཡི་དྭགས་ནི་ཁྲག་མཁྲིས་ལས་གྱུར་བ། དམུ་རྫིང་ནི་ཀླུ་ལས་སྐྱེད་པར་གསུངས། བོད་ཀྱི་གསོ་རིག་སྤྱིའི་འགྲོས་ལྟར་ན་དམུ་རྫིང་ནི་དམུ་ཆུའི་ནད་ཀྱི་མིང་འདོགས་སྟངས་མི་འདྲ་བ་ཙམ་ལས་དབྱེ་བར་མི་འགྲོ། དམུ་ཆུའི་ནད་ཀྱི་བཅོས་ཐབས་རྩ་དོན་ལ་དང་པོ་ཆུའི་འོལ་ཁ་སྒྱུར། གཉིས་པ་རྒྱ་མཚོ་གནས་སུ་སྐམས། གསུམ་པ་མཚོ་མོ་ཡུར་དུ་དྲངས། བཞི་པ་སྔོན་ལ་གཡེར་ཆུ་བཏང་ཞིང་དེ་ནས་མེ་བཙའི་འགག་མིག་གཞུག་པའི་རྩ་དོན་གསུངས་ཤིང་། རྫིང་གི་འོར་ཁུང་བརྟོལ་བའི་བཅོས་ཐབས་གསུངས་མེད་པ་མ་གཏོགས་རྒྱུད་བཞི་དང་མཐུན་པར་སྣང་། དངོས་གཞིའི་སྨན་ལའང་སྒ་ཏིག་འཕྲུལ་བཤལ་དང་དམུ་ཆུའི་རྩ་སྦྱོངས་སོགས་ཞིབ་ཏུ་བསྟན་འདུག གཞན་ཡང་གསེར་བྲེ་ལས་དམུ་ཆུའི་འཕྲུལ་ཚགས་སྦྱོངས་སྐེམས་ཀྱི་གདམས་པ་ཞིག་གསུངས་འདུག་ལ།འདི་ནི་ཆུ་བཅོས་མན་ངག་ཀུན་གྱི་ཉིང་བཅུད་དང་ས་སྟེང་ན་ཟབ་པའི་མཐར་ཐུག མཁའ་འགྲོའི་གསང་བ་གནད་ཀྱི་གདམས་པ་ཡིན་ཞིང་། འདི་ལ་ཚ་གྲང་། དོན་སྣོད། ཕྱི་ནང་། རྒན་གཞོན། ཕོ་མོ། གསར་རྙིང་ལ་སོགས་པ་གང་ཡང་དབྱེ་མི་དགོས་ལ། ཡོལ་མ་ཐུབ་པ་དང་།དབུགས་མ་ཆད་པའི་དམུ་ཆུ་ལ་སླེབ་པས་ཆོག་ཅེས་ཆེ་བརྗོད་ཀྱི་ཚིག་གིས་མདུན་བསུས་ནས། དེ་ལ་དམུ་ཆུའི་རྒྱུ་ཉིད་རྩད་ནས་འབྱིན་བྱེད་ཁྱད་འཕགས་གསང་བའི་སྨན་དགུ་ནི་སྒ་ཏིག་ནག་པོ། ནིམ་པ་དཀར་པོ། ཆུ་འཛིན་དཀར་དམར་སྔོན་པོ་གསུམ། སྔོན་མོ་ཆབ་འདྲེན། སྦྱོང་བྱེད་དམར་པོ། ཚིགས་དང་ནའི་མེ་ཏོག་མཐིང་སེར་དགུ་ཡིན་པར་གསུངས་ཤིང་བ་ཆུ་ལ་ཁཎྜ་སྨན་གཞན་ཀུན་གྱི་སུམ་གཉིས་བྱ་དགོས་པར་གསུངས། རྗེ་འདི་ཉིད་ནི་དུས་རབས་13ནས་14བར་འཁྲུངས་ཤིང་ར་ཤེལ་གསང་སྨན་ལ་འགྲེལ་བསྐྱོན་མཁན་ཐོག་མ་ལྟ་བུར་སྣང་། སྦྱོར་བ་འདིའི་ཟུར་མཆན་དུ་གསང་སྨན་གྱི་གབ་པ་ཕྱུང་ནས་རེ་རེའི་ངོས་འཛིན་བསྟན་གནང་ཞིང་རྗེས་རབས་ཀྱི་མཁས་པ་མང་པོས་དེ་ལ་ངོས་འཛིན་མི་འདྲ་བ་གནང་བ་ནི་གཤམ་གསལ་རེའུ་མིག་ལས་གསལ་ཏེ།
     བྱང་པ་རྣམ་རྒྱལ་གྲགས་བཟང་གི་ཡན་ལག་བརྒྱད་པའི་སྙིང་པོ་བཏུས་པ་ཡིད་བཞིན་ནོར་བུ་ལས་གོང་གི་གསང་སྨན་དགུ་པོའི་སྦྱར་ཐབས་བསྟན་པ་ནི། ཡང་ན་སྒ་སྡིག་(ཏིག་)སྔོ་ཡི་ཚ་བ་གསུམ།། དར་ཡ་ཀན་ནི་རིགས་གསུམ་ཆུ་མ་རྩི།། སྲད་དཀར་རྣམས་ལ་བ་ཆུས་ཁ་འདའ་བྱ།།(38) ཞེས་སྒ་ཏིག་དང་ལྕེ་ཚ་དབྱི་མོང་སྲུབ་ཀ་བཅས་སྔོ་ཡི་ཚ་བ་གསུམ།དར་ཡ་ཀན་རིགས་གསུམ་སྟེ་གོང་ལྟར་གཞིགས་ན་བྱི་བཟུང་སྔོན་བུ་རྒྱལ་མོ་ཆུ་འབྱིན་གསུམ། ཆུ་མ་རྩི། སྲད་དཀར་བཅས་སྨན་སྣ་དགུ་པོ་བ་ཆུར་ཁཎྜ་བྱ་ཞིང་། དེའི་སྟེང་དུ་བྱང་པ་དང་སུག་སྨེལ། རྒྱ་ཚ། སྡིག་སྲིན། གསེར་བྱེ།དུང་ཐལ། འབུ་སྐྱོགས། སྒྲོན་ཤིང་། སྨན་ཆེན། བོང་རྨིག་བསྲེགས་ཐལ། དངུལ་ཆུ། ཟངས་ཐལ། མཛེ་ཚ།ཙི་ཏྲ་ཀ བུལ་ཏོག སྤོས་དཀར་བཅས་སྦྱར་བའི་ཕྱེ་མ་ནི་སྦྱོངས་སྐེམས་སྨན་གྱི་མཆོག་ཡིན་པར་གསུངས་འདུག་ལ།འདིའི་སྦྱོར་ཚུལ་ལ་གོང་ལས་ཁཎྜ་སུམ་ཉིས་ལྟར་སྦྱར་ཞེས་གསུངས་འདུག་གོ།
     ཟུར་མཁར་མཉམ་ཉིད་རྡོ་རྗེ་ཡི་མན་ངག་བྱེ་བ་རིང་བསྲེལ་(39)ལས་དམུ་ཆུའི་བཅོས་ཐབས་རིགས་བརྒྱད་གསུངས་འདུག་ལ་དེ་དག་ནི། 1.ཚ་ཆུ་གྲང་ཆུར་བསྒྱུར་བ། 2.གསུས་མཁར་འབེབས་པའི་སྦྱོར་བ། 3.ཆུ་རླུང་འབྱེད་པའི་སྦྱོར་བ།4.ཆུ་བོ་ལམ་དུ་གཞུག་པ། 5.རྒྱ་མཚོ་གནས་སུ་སྐེམ་པ།6.རྩ་སྦུག་དྲི་མ་སྐེམ་པ། 7.རེ་ཐག་མཐའ་ནས་བརྟུལ་བ། 8.ཕྱིར་མི་ལྡོག་པའི་གནད་འགག་བཅས་སོ།། ཚ་ཆུ་གྲང་ཆུར་བསྒྱུར་བ་ནི་ཆུ་བོའི་འོལ་ཀ་སྒྱུར་བའི་བཅོས་ཐབས་ཀྱི་ཡ་གྱལ་ཡིན་པ་དང་། གསུས་མཁར་འབེབས་པའི་སྦྱོར་བ་ནི་རྫིང་གི་འོར་ཁུང་བརྟོལ་བའི་བཅོས་ཐབས་དང་དོན་གཅིག་ཡིན་ཏེ། གསུས་མཁར་འབེབས་པའམ་གསུས་མཁར་བཤིག་པ་ཞེས་པ་ནི་ཚ་ཆུའི་དབལ་བཅགས་རྗེས་དངོས་སུ་ཆུ་སྦྱོངས་སྨན་བསྟེན་ནས་དམུ་ཆུར་ཕྱིར་དྲངས་ལ་གསུས་པ་སྐྲངས་པ་ཞི་བར་བྱེད་པའི་དོན། ཆུ་བོ་ལམ་དུ་གཞུག་པ་ནི་མཚོ་མོ་ཡུར་དུ་དྲངས་པའི་བཅོས་ཐབས་དང་དོན་གཅིག་ཡིན་པ། རྒྱ་མཚོ་གནས་སུ་སྐེམ་པའི་བཅོས་ཐབས་རྒྱུད་དང་མཐུན་ལ། ཕྱིར་མི་ལྡོག་པའི་གནད་འགག་ཀྱང་རྩ་ལ་འགག་མིག་གཞུག་པ་དང་དོན་གཅིག་ཏུ་གནས། འདི་ལས་ཆུ་རླུང་འབྱེད་པའི་བཅོས་ཐབས་ནི་སྙིང་པོ་བསྡུས་པ་དང་ཁུ་ཚུར་འབུམ། སྨན་བསྡུས་ཨེ་སོགས་ལས་ཞིབ་ཏུ་བསྟན་ཡོད་ཅིང་གཙོ་བོ་དྲོད་བཅུད་ཀྱི་བཅོས་ཐབས་འབའ་ཞིག་ཡིན་ཞིང་། ཚ་ཆུ་གྲང་ཆུར་སྒྱུར་དུས་བསིལ་བཅོས་ཐལ་བའམ་ཚ་ཆུ་རྒྱས་པར་མ་གཏོགས་པ་ལ་བསིལ་སྨན་བཏང་ན་ཐོར་བུའི་རླུང་ལྡང་ཞིང་ཆུ་རླུང་འདྲེས་པར་འགྲོ་བས་འདིའི་རིགས་ལ་ཆུ་རླུང་འབྱེད་པའི་བཅོས་ཐབས་བསྟེན་དགོས་སོ།།
     3.དུས་རབས་བཅུ་བདུན་པའི་རྗེས། དཀོན་མཆོག་འགྲོ་ཕན་དབང་པོ་དང་དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས། ཉི་ཐང་དྲུང་ཆེན་བློ་བཟང་རྒྱ་མཚོ་སོགས་ཀྱི་ཉམས་ཡིག་ལས་ཤེས་གསལ་ཐུབ་པ་ནི། དུས་རབས་བཅུ་བདུན་པ་སྟེ་རྒྱལ་དབང་ལྔ་པ་ཆེན་པོ་དང་སྡེ་སྲིན་རིན་པོ་ཆེའི་སྐུ་དུས་ལ་སླེབས་ཙ་ན། དམུ་ཆུའི་ནད་ཐོག་རྒྱུན་སྤྱོད་སྨན་སྦྱོར་ཁག་རིམ་བཞིན་ཡོངས་གྲགས་ཀུན་ཁྱབ་དང་སྣ་མང་འཐུས་ཚང་གི་རྣམ་པ་ཅན་དུ་གྲུབ་ལ། དེ་ལས་ཐོད་བརྒལ་དུ་གྱུར་ནས་རྒྱུན་སྤྱོད་སྨན་སྦྱོར་གྱི་རྨང་གཞིའི་སྟེང་ཁ་ཚར་ཞིབ་འཇུག་གི་དུས་རབས་གསར་བ་ཞིག་གི་འགོ་ཚུགས་པ་རེད། དེའང་འདིའི་སྐབས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་ལ་གཞིགས་ན། རྒྱལ་དབང་ལྔ་པ་བློ་བཟང་རྒྱ་མཚོ་མཆོག་གིས་ཀུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱི་ཕྱག་རོགས་འོག་བོད་ཁྲི་ཤོར་བཅུ་གསུམ་ལ་བདག་དབང་མཛད་པ་ནས་བཟུང་སྒང་པ་བོད་དུ་ཆབ་སྲིད་བརྟན་འཇགས་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དཔྱིད་དཔལ་བསྐྱར་ཏུ་རྒྱས་ལ། རྒྱལ་བའི་ཟབ་ཡངས་ཀྱི་མཁྱེན་གཟིགས་འོག་བོད་ཀྱི་གསོ་རིག་སློབ་གསོའི་བྱ་གཞག་ལ་སྒོ་འཕར་ཡངས་པོར་ཕྱེས་ཏེ། སློབ་དཔོན་དོན་གྲུབ་དཔལ་བ་དང་དར་མོ་སྨན་རམས་པ། རྣམ་གླིང་པཎ་ཆེན། ཉི་ཐང་དྲུང་ཆེན་བློ་བཟང་རྒྱ་མཚོ་སོགས་ངེས་པའི་མཁས་མཆོག་མང་པོ་གདན་ཞུ་མཛད་ནས་གྲ་ཐང་རྒྱུད་བཞི་དང་མེས་པོའི་ཞལ་ལུང་། ཆ་ལག་བཅོ་བརྒྱད་སོགས་གསོ་རིག་གི་བསྟན་བཅོས་ཁུངས་མ་གང་འཛོམས་བསྡུ་བསྒྲིགས་དང་པར་གཞི་གསར་བརྐོས་མཛད་ནས་ཕྱོགས་སོ་སོའི་ཚེ་རིག་འཛིན་པ་རྣམས་ལ་མཐུན་རྐྱེན་བསྩལ་བ་དང་། འབྲས་སྤུངས་ཕོ་བྲང་ནུབ་མར་གསོ་རིག་འགྲོ་ཕན་གླིང་བཙུགས་ཤིང་། གཞིས་ཀ་བསམ་འགྲུབ་རྩེར་གསོ་རིག་སློབ་གྲྭ་དྲང་སྲོང་འདུས་པའི་གླིང་བཙུགས་པ། དེ་རྗེས་རྩེ་ཕོ་བྲང་གི་ཤར་ཆེན་ལྕོག་དང་གཡུལ་རྒྱལ་ལྕོག གསང་ཕུ་ཉི་མ་ཐང་སོ་སོར་བྱང་ངོས་པ་དང་དར་མོ་སྨན་རམས་པའི་སློབ་གྲྭ་བྱ་བ་བཙུགས་གནང་མཛད་པ། སྡེ་སྲིད་ཀྱི་སྐུ་རིང་ལའང་གོང་ས་མཆོག་གི་དགོངས་བཞེད་བསྐང་སླད་སྨན་པའི་གྲྭ་ཚང་ལྕགས་རི་བེེ་ཌཱུརྱ་ལྟ་ན་ངོ་མཚར་འགྲོ་ཕན་རིག་བྱེད་གླིང་བཙུགས་ཤིང་། རྗེ་ཉིད་ཀྱིས་ལྗོངས་འདིར་གྲགས་སོ་ཅོག་གི་སྨན་གཞུང་ཕལ་ཆེར་ལ་ཐུགས་དཔྱད་ཞིབ་ཏུ་མཛད་དེ་ལུང་རིགས་ཁུངས་ཐུབ་ཀྱི་སྒོ་ནས་གཏན་ལ་ཕབ་པའི་རྒྱུད་བཞི་འདི་པར་བརྐོས་མཛད་པ་དང་། རྒྱུད་བཞིའི་ཁ་སྐོང་གི་ཚུལ་དུ་མན་ངག་ལྷན་ཐབས་དང་། རྒྱུད་འགྲེལ་བེེ་ཌཱུརྱ་སྔོན་པོའི་མལླི་ཀ གསོ་རིག་ཁོག་འབུགས་དྲང་སྲོང་དགྱེས་པའི་དགའ་སྟོན་སོགས་མཛད་ཅིང་། སྐབས་དེར་གངས་ཅན་ན་གྲགས་ཆེ་བའི་ལྷ་རིས་མཁས་ཅན་མང་པོ་བསྡུ་ཉར་གྱིས་རྒྱུད་བཞིའི་བྲིས་ཆ་མཐོང་བ་དོན་ལྡན་མཛད་དེ་གསོ་རིག་འགྲོ་དོན་རྒྱ་ཆེར་བསྐྱངས། ལོ་རྒྱུས་རྒྱབ་ལྗོངས་དེ་འདྲ་ཞིག་གི་འོག་ནས་བོད་ཀྱི་ཆབ་དཔལ་རིག་གསུམ་འཕུར་མཆོངས་སུ་ཕྱིན་ལ། བོད་ཀྱི་གསོ་རིག་སྤྱི་དང་སྒོས་སུ་དམུ་ཆུའི་གསོ་ཐབས་ཐད་ལའང་འབྲེལ་འབྱོར་ལྡན་པ་དང་ཁྱད་ཆོས་ལྡན་པའི་བསྟན་བཅོས་བགྲང་གིས་མི་ལང་བ་བྱུང་ཡོད་དོ།། 
     མདོར་བསྟན་ན། དཔལ་ལྡན་རྒྱུད་བཞི་ནི་དུས་རབས་བརྒྱད་པའི་ནང་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་མཛད་པ་ཡིན་ཕྱིན་དེ་དང་དུས་ཉེ་བའི་བསྟན་བཅོས་ཁག་ལས་ཁུངས་སྣེ་རྙེད་དགོས་མོད། འོན་ཀྱང་གཡུ་ཐོག་གསར་མའི་ཡར་སྔོན་དུ་བྱུང་བར་ཐག་ཆོད་པའི་བསྟན་བཅོས་འགའ་ཡོད་པ་ལས་བི་ཇི་པོ་ཏི་ཁ་སེར་དུ་རླུང་མཁྲིས་བད་འདུས་མཆིན་གྱུར་གྱི་དམུ་ཆུ་རིགས་ལྔའི་རྣམ་གཞག་ཙམ་དང་། ཟླ་རྒྱལ་ལས་ལེགས་སྦྱར་གསོ་རིག་གི་བཞེད་སྲོལ་ལྟར་མི་གཙང་བའི་རྐྱེན་བསྟན་ཅིང་རྒྱལ་མོའི་ཆུ་སྦྱོངས་ཀྱི་བཅོས་ཐབས་ཟུར་འདོན་བྱས་པ་དང་། དེ་དང་བསྟུན་ནས་གསང་ཏིག་སྒྲོན་མ་ལས་ཀྱང་རྒྱལ་མོ་ཆུ་སྦྱོངས་ཉིད་བཅོས་ཐབས་རྩ་དོན་གྱི་གྲས་སུ་བགྲངས་ནས་ནད་ཐོག་གི་གོ་གནས་ཆེས་མཐོར་བསྩལ་ཡོད་པ་དག་ཀུན་ཀྱང་རྒྱུད་བཞི་དང་འབྲེལ་བ་ཆེར་མ་ཡོད། སྤྱིར་ན་རྒྱུད་བཞིའི་ལེའུ་ཁ་ཤས་སུ་ཡན་ལག་བརྒྱད་པའི་ལེགས་ཆ་ཇི་སྙེད་ཅིག་ཚུར་འདྲེན་གནང་ཡོད་ཀྱང་དམུ་ཆུ་གསོ་བའི་སྐབས་སུ་དེ་ཙམ་མ་ཡིན་ཏེ། ཡན་ལག་བརྒྱད་པ་ཆ་ལག་དང་གཅེས་པ་གྲུབ་པ་སོགས་ལེགས་སྦྱར་གསོ་རིག་གི་མཚོན་བྱེད་གཞུང་ཁག་ལས་ཀྱང་རྒྱུད་བཞི་དང་འདྲ་བའི་ཆ་ཆེར་མ་མཐོང་ལ་ཐ་ན་རྒྱུ་བརྡོལ་མཚོན་གྱིས་དྲལ་བའི་དཔྱད་ཐབས་ཉིད་ཀྱང་རྒྱུད་བཞི་རུ་བསྡུས་མི་འདུག དེ་ནས་ཨོ་རྒྱན་པ་བྷ་རོ་ཕྱག་རྡུམ་གྱིས་མཛད་པའི་འབུམ་ཁུ་ཚུར་ལས་ལེགས་སྦྱར་གསོ་རིག་གི་སྤྱི་འགྲོས་ལྟར་བ་ཆུའི་བཅོས་ཐབས་དང་ཆུ་རླུང་འབྱེད་པའི་བཅོས་ཐབས་བསྟན་ཡོད་ལ། ཆུ་རླུང་འབྱེད་པའི་བཅོས་ཐབས་འདིའང་ཡན་ལག་བརྒྱད་པ་དང་འབུམ་ཁུ་ཚུར་སོགས་ལེགས་སྦྱར་གསོ་རིག་ལས་བསྟན་པའི་བཅོས་ཐབས་ཤིག་ཡིན་ཡང་རྒྱུད་བཞི་རུ་བསྡུས་མི་འདུག་ལ་ནད་ཐོག་ཏུ་གནད་ཆེ་བས་ཕྱིས་སུ་བྱེ་བ་རིང་བསྲེལ་དང་རིན་ཆེན་འབྱུང་གནས། ཕན་བདེའི་བསིལ་ཟེར་སྤྲོ་བའི་ཟླ་ཟེར་སོགས་ལས་རྒྱས་པར་གསུངས་ཡོད། དམུ་ཆུའི་སྐབས་ཨོ་རྒྱན་མཁས་མཆོག་འདི་ཉིད་དང་རྒྱུད་བཞིའི་བར་གྱི་འབྲེལ་བ་ཆེས་ཆེ་བ་ནི་གཅིག་ནས་ཚ་ཆུའི་ཚ་བ་བཅག་ཅེས་པའི་རིག་པ་ཡིས་རྒྱུད་བཞིའི་ཚ་ཆུ་གྲང་ཆུར་སྒྱུར་བའི་བཅོས་ཐབས་གྲུབ་པར་ཤུགས་རྐྱེན་ཐེབས་ཡོད་ཤས་ཆེ་ལ། རྒྱུད་བཞི་ཕུད་ཚ་ཆུ་གྲང་ཆུར་སྒྱུར་བའི་བཅོས་ཐབས་བསྟན་པའི་སྨན་གཞུང་ཕྱི་མོ་ནི་གཙང་སྟོད་ཟིན་ཐིག་ཡང་ཐིག་ཡིན་ཕྱིར་ཁུ་ཚུར་འབུམ་ནས་རྒྱུད་བཞི་དང་གཙང་སྟོད་ཟིན་ཐིག་གཉིས་བར་གྱི་འཕེལ་རིམ་ཞིག་ཁད་ཀྱིས་མངོན་ཡོད། གཙང་སྟོད་དར་མགོན་དང་གཡུ་ཐོག་གསར་མ་གཉིས་ནི་དུས་མཉམ་དུ་བྱོན་པས་བསྟན་བཅོས་གང་སྔུན་ལ་བྱུང་ཡོད་པ་བརྗོད་དཀའ་ཡང་ཤུགས་རྐྱེན་ཐེབས་ཡོད་པ་བསྙོན་དུ་མེད་དེ་ཚ་ཆུ་གྲང་ཆུར་སྒྱུར་བའི་བཅོས་ཐབས་ནི་གཙང་སྟོད་ཟིན་ཐིག་དང་རྒྱུད་བཞི་གཉིས་ལས་ཐོག་མར་བྱུང་བས་སོ།། གཉིས་ནས་ཨ་ཙ་རའི་སྙན་བརྒྱུད་བེའུ་བུམ་ནག་པོ་ལས་རྒྱ་ཡིས་ཐེབས་ཞེས་པའི་ཐ་སྙད་དེ་ཐོག་མར་བྱུང་ཞིང་རྒྱུད་བཞི་རུའང་བསྡུས་ཡོད། དེའང་རྒྱུད་བཞི་དང་འབྲེལ་ཐག་ཆེས་ཉེ་བའི་བསྟན་བཅོས་ནི་ནོར་འཕྲེང་ཡིན་པར་མངོན་ཞིང་ནོར་འཕྲེང་ལས་དམུ་ཆུའི་རིགས་དབྱེ་ལ་སྔར་མེད་རྒྱས་ཤོས་ཀྱི་དབྱེ་བ་བཅུ་བཞི་བསྟན་ཡོད། འོན་ཀྱང་དབྱེ་བའི་ཁྲོད་དུ་མཁལ་མའི་ཟགས་ཆུ་དང་ཀླད་པའི་ཟགས་ཆུ་གཉིས་བསྡུས་པ་ནི་རྒྱུད་བཞི་དང་མི་མཐུན་པར་གྲུབ་པས་རྨང་གཞིའི་རིགས་དབྱེ་ཐད་ཀྱི་འགྱུར་བ་འདི་ཡིས་ནོར་འཕྲེང་ནི་གཡུ་ཐོག་གསར་མས་སྐུ་ཚེ་སྟོད་ལ་མཛད་ཅིང་རྒྱུད་བཞི་ནི་སྐུ་ཚེ་སྨད་ལ་མཛད་པར་གསུངས་པའི་བཞེད་ཚུལ་ལ་རྒྱབ་རྟེན་རུང་བར་སྙམ། འདི་ལྟར་བརྗོད་དགོས་དོན་གཞན་ཞིག་ནི་རྫོང་འཕྲང་ལ་མཚོན་ནའང་གྱུར་ཚུལ་སྐབས་རྒྱུད་བཞིའི་རྒྱུ་རྐྱེན་གྱི་རྣམ་བཤད་དང་མཚུངས་པར་བཀོད་ཡོད་ལ། བརྟག་བཅོས་སོགས་རྒྱུད་བཞིའི་ནང་དོན་དང་ཡེ་ནས་མཚུངས་པ་མ་ཟད་ལྷག་དོན་བཅོས་ཐབས་ཀྱི་དཔེ་དོན་རིགས་ལྔ་སོགས་རྒྱུད་བཞི་ཕུད་བསྟན་བཅོས་གཞན་ལས་རྒྱས་པར་བཀོད་པ་ཐོག་མར་གྲུབ་པས། ནོར་འཕྲེང་ནས་རྒྱུད་བཞི་དང་དེ་ནས་རྫོང་འཕྲང་བར་གྱི་འཕེལ་རིམ་ཞིག་ཁད་ཀྱིས་མངོན་ཡོད། ཡིན་ཡང་རྫོང་འཕྲང་ལ་རྒྱུད་བཞི་དང་མི་མཐུན་པའི་ཁྱད་ཆོས་ཤིག་མངའ་བ་ནི་སྙིང་གི་ཟགས་ཆུ་བསྟན་ཡོད་པས་རྫོང་འཕྲང་ནི་གཡུ་ཐོག་གསར་མས་མཛད་པ་མ་ཡིན་པར་རྗེ་ཉིད་ཀྱི་སློབ་མའི་ཐུ་བོ་སུམ་སྟོན་ཡེ་ཤེས་གཟུངས་ཀྱིས་མཛད་པར་བདེན་དཔང་ཐུབ་པར་སྙམ། གསུས་ཁེངས་རྒྱབ་ན་ཐོལ་ཐོལ་འཕྲིག་ཅེས་པ་དང་ཆུ་ཡི་མཁར་བརྒྱད་ཅེས་པའི་ཐ་སྙད་དག་རྒྱུད་བཞི་ཕུད་བྱུང་བའི་བསྟན་བཅོས་ཐོག་མ་ནི་གསོ་རིག་རྒྱན་གྱི་མེ་ཏོག་ཡིན་ལ་དེའི་མཛད་པ་པོ་བཅོམ་ལྡན་རིག་པའི་རལ་གྲིའང་དུས་རབས་བཅུ་གཉིས་པའི་དུས་མགོར་བྱོན་ཅིང་གཡུ་ཐོག་གསར་མ་དང་དུས་མཉམ་ཡིན། རྒྱུད་བཞི་བྱུང་བ་ནས་དམུ་ཆུའི་གཞུང་ལུགས་ཡོངས་སུ་གྲུབ་པ་མཚོན་ཞིང་དམུ་ཆུའི་གསང་སྨན་ཐད་རྒྱུད་བཞི་དང་གཡུ་ཐོག་སྔོ་འབུམ། སྒྲོལ་མ་སྔོ་འབུམ་སོགས་ལས་སྒ་ཏིག་དང་སྔོ་སྤྱི་བཞུར་བྱིའུ་སྲད་མ་སོགས་བཀོད་ཡོད་ཀྱང་བསྟན་བཅོས་དེ་དག་གི་མཛད་དུས་མ་ངེས་པས་གཙང་སྟོད་ཟིན་ཐིག་ལས་སྒ་ཏིག་གི་བྱུག་པ་ཞིག་བསྟན་པ་ནི་ཐོག་མར་གྲུབ། དེ་ནས་སྨན་མིང་རྒྱ་མཚོའི་ནང་སྲད་རིགས་བཅུ་བཀོད་པ་དང་། དེ་ནས་དུས་རབས་བཅུ་གསུམ་པའི་ནང་ར་ཤེལ་གཏེར་མ་བྱུང་བ་ཡིས་དམུ་ཆུའི་གསང་སྨན་གྱི་གཞུང་ལུགས་ཡོངས་སུ་རྫོགས་པ་མཚོན། དེའང་གསེར་བྲེ་ལས་དམུ་ཆུའི་འཕྲུལ་ཚགས་སྦྱོངས་སྐེམས་ཀྱི་གདམས་པ་ཞེས་གསང་སྨན་རིགས་དགུའི་སྦྱོར་བ་ཞིག་བསྟན་པ་ལ་རིམ་བཞིན་འབྲོང་རྩེ་བེའུ་བུམ་དང་བྱེ་བ་རིང་བསྲེལ། འཚོ་སྨན་སྙིང་བསྡུས། པོད་དམར་སོགས་ལས་གསང་སྨན་འདི་དག་གི་ངོས་འཛིན་དང་སྦྱར་ཐབས་སོགས་བཀོད་པ་ནི་ར་ཤེལ་གསང་སྨན་གྱི་རྨང་གཞིའི་སྟེང་ནས་གྲུབ་པ་ཡིན་ཞིང་། གསང་བ་སྦུབས་འདྲེན་དང་ཀོང་སྤྲུལ་ཟིན་ཏིག་སོགས་ལས་ཀྱང་ར་ཤེལ་གསང་སྨན་ལ་ལྷན་ཐབས་མཛད་ཡོད། དེ་མིན་དམུ་ཆུའི་གཞུང་ལུགས་ཐད་དུའང་བྱེ་བ་རིང་བསྲེལ་ལས་བཅོས་ཐབས་རྩ་དོན་བརྒྱད་དུ་ལྷན་ཐབས་མཛད་འདུག དུས་རབས་བཅུ་བདུན་པའི་ནང་དུ་དཀོན་མཆོག་འགྲོ་ཕན་དབང་པོ་དང་དར་མོ་སྨན་རམས་པ། ཉི་ཐང་དྲུང་ཆེན་སོགས་ནས་བཟུང་དམུ་ཆུའི་རྒྱུན་སྤྱོད་སྨན་སྦྱོར་གཅིག་མཐུན་བྱུང་བའི་ཁར་ཁ་ཚར་ཞིབ་འཇུག་གི་འཕེལ་རྒྱས་ཀྱི་དུས་རིམ་གསར་བ་ཞིག་ལ་སླེབས་པ་ཡིན་ཞིང་རྗེས་རབས་པའི་ཁྲོད་དུའང་ཁ་ཚར་ཞིབ་འཇུག་གི་མཛད་འཕྲིན་བསྐྱངས་མཁན་གྱི་སྐྱེས་བུ་དམ་པ་མང་པོ་བྱུང་ཞིང་དེ་དག་ནི། འབྲི་གུང་ཆོས་གྲགས་དང་། དཔོན་ཚང་ཡེ་ཤེས།དེའུ་དམར་དགེ་བཤེས། ཀརྨ་རིན་ཆེན་དབང་རྒྱལ། ཀརྨ་ཚུལ་ཁྲིམས། བསྟན་འཛིན་འཕྲིན་ལས་རབ་རྒྱས། འཇམ་དབྱངས་མཁྱེན་བརྩེ་དབང་པོ། སྡེ་དགེ་བླ་སྨན་རིན་ཆེན་འོད་ཟེར་སོགས་ཡིན། དོན་གྱི་སྙིང་པོ་གཅིག་ཏུ་དྲིལ་ན་འདི་དག་ལས་ཤེས་གསལ་ཐུབ་པ་ནི་གཡུ་ཐོག་གསར་མའི་དུས་སུ་དམུ་ཆུའི་གཞུང་ལུགས་འཐུས་ཚང་གྲུབ་པ་དང་། ར་ཤེལ་གཏེར་མ་ནས་དམུ་ཆུའི་གསང་སྨན་རྣམས་གཞུང་ལུགས་ཅན་དུ་གྲུབ་པ། གསང་བ་སྦུབས་འདྲེན་གྱིས་དམུ་ཆུའི་གསང་སྨན་གཞུང་ལུགས་ལ་ལྷན་ཐབས་མཛད་པ།རྒྱལ་དབང་ལྔ་པའི་དུས་ནས་དམུ་ཆུའི་རྒྱུན་སྤྱོད་སྨན་སྦྱོར་གཅིག་གྱུར་དུ་གྲུབ་པའི་ལོ་རྒྱུས་འཕེལ་རིམ་དག་ཡིན་ནོ།།གོང་སྨོས་ཀྱི་རྒྱུད་བཞི་དང་འབྲེལ་བའི་འཕེལ་རིམ་ལོ་རྒྱུས་དག་ནི་དམུ་ཆུའི་སྐབས་གཅིག་པུར་དམིགས་པའི་བྱེ་བྲག་གི་འཕེལ་རིམ་ཡིན་ལ་བོད་ཀྱི་གསོ་རིག་སྤྱིའི་ཚབ་ཏུ་མི་རུང་ཡང་། རྒྱུད་བཞིའི་བྱུང་བ་དང་འཕེལ་རིམ་གྱི་ལོ་རྒྱུས་སླད་མེད་རྟོག་ཞིབ་བྱ་བར་བྱེ་བྲག་གི་གཞུང་དོན་ཞིབ་འཇུག་ཐད་ལ་ཤུགས་སྣོན་རྒྱག་རྒྱུ་འགངས་ཆེ་བར་སྙམ་པས་དཔྱད་གཞི་ཙམ་གྱི་ཚུལ་དུ་བཀོད་པ་ཡིན།
གཉིས་པ། དམུ་ཆུའི་གསང་སྨན་ཞིབ་འཇུག་གི་ད་ལྟའི་གནས་བབས།
     དེང་རབས་གསོ་རིག་ལས་ཧྥུ་ཧྲོས་腹水(ascites)ཞེས་པ་དང་ཀྲུང་ལུགས་གསོ་རིག་ལས་ཧྲོའི་ཀྲང་水胀ཞེས་པ།བོད་ལུགས་གསོ་རིག་གི་གཅོང་ཆེན་དམུ་ཆུའི་ནད་བཅས་ནི་བརྟག་བཅོས་སོགས་ཅུང་རིགས་མཐུན་དུ་འགྲོ་ལ། ནད་གཞི་འདི་རིགས་ལ་ཞིབ་འཇུག་བྱེད་མཁན་རྒྱལ་ཁབ་ཕྱི་ནང་དུ་མང་པོ་མཆིས། འོན་ཀྱང་བོད་ལུགས་གསོ་རིག་གི་དམུ་ཆུའི་ནད་གཞིའི་བརྟག་བཅོས་སྐོར་ལ་ཞིབ་འཇུག་བྱེད་མཁན་ཤིན་ཏུ་དཀོན་ཞིང་། རེ་འགའ་ཡོད་པའང་རྩ་བའི་རྨང་གཞིའི་གཞུང་ལུགས་ཀྱི་ཁྱབ་ཁོངས་ལས་མི་འདའ། དམུ་ཆུའི་གསང་སྨན་སྐོར་ལ་ཞིབ་འཇུག་བྱ་བའི་རླབས་ཆེན་བྱ་གཞག་འདི་དངོས་སུ་འགོ་བརྩམས་དུས་ནི་དུས་རབས་ཉི་ཤུ་པའི་ལོ་རབས་དྲུག་ཅུ་པ་ཙམ་ནས་ཡིན་ཏེ། བོད་ལྗོངས་སྨན་རྩིས་ཁང་གི་དབུ་འཛིན་ཡབ་སྲས་ཀྱི་ཟབ་ཡངས་ཐུགས་དགོངས་འོག་མཁས་དབང་མང་པོས་ལོ་མང་རིང་དཀའ་སྐྱེད་འབད་བརྩོན་མཛད་ཡོད་ཅིང་། དུས་སྐབས་འདིའི་ཁྲོད་ཀྱི་ཞིབ་འཇུག་གི་འཕེལ་རིམ་དང་ཞིབ་འཇུག་གི་གྲུབ་འབྲས་དག་མཐར་ཆགས་སུ་བཀོད་པ་གཤམ་གསལ་རེའུ་མིག་ལྟར།(40)
གསུམ་པ། དམུ་ཆུའི་གསང་སྨན་དང་འབྲེལ་བའི་ཡིག་ཆ་ཁག་བཤད་པ།
     གཅིག ཆུ་བཅོས་ར་ཤེལ་གཏེར་མ། གཏེར་ཡིག་འདིའི་མཚན་ཡོངས་ལ་ཆུ་བཅོས་ར་ཤེལ་གཏེར་མ་ཤིན་ཏུ་གབ་རྒྱ་ཟབ་གནད་གསང་བ་མཁའ་འགྲོའི་ཡིག་ཅན་ཞེས་གསོལ་ཞིང་། མཁའ་འགྲོ་མ་གསང་བ་ཡེ་ཤེས་དང་ཚངས་པ་དུང་གི་མགྲིན་ཅན། ལས་ཀྱི་དབང་མོ། མཁའ་དབྱིངས་ཡེ་ཤེས་རྣམ་བཞི་ཡིས་ཞུས་པ་ལྟར་སློབ་དཔོན་པདྨ་འབྱུང་གནས་ཀྱིས་བསམ་ཡས་ལ་རབ་གནས་མཛད་དུས་མ་འོངས་བསྐལ་པའི་སྙིགས་མར་སེམས་ཅན་ཟ་ཐང་འབྲི་ནས་རྨུ་ཡིས་བཙེས་པར་ཐུགས་རྗེ་བསྐྱེད་དེ་ལུང་བསྟན་ཞིང་གཏེར་དུ་སྦས་པར་གསུངས། ཡང་སྙིང་སུ་ཉིད་ཀྱིས་མཛད་པ་ད་སྔ་རྩད་མི་ཆོད་པའི་གནས་སུ་ལུས་འདུག འདི་ལས་(41)དམུ་ཆུའི་ནད་རྒྱུ་རྩད་ནས་འབྱིན་པར་བྱེད་པའི་གསང་སྨན་བཞི་གསུངས་ཤིང་། དེ་དག་ནི། 1.འོད་ལྡན་ཞེས་དང་ལི་ག་དུར་ཞེས་ཀྱང་མཚན་གསོལ་བ་དོན་དུ་སྒ་ཏིག་གི་གབ་མིང་སྟེ། འོད་ལྡན་དཀར་པོ་དང་ལི་ག་དུར་གཉིས་སྐྱེ་དབྱིབས་ཅུང་འདྲ་བའི་ཆ་ནས་འདིའི་གབ་བྱེད་ཀྱི་ཚུལ་དུ་འོད་ལྡན་ཞེས་གསུངས་པར་སྣང་། 2.སྔོ་སྤྱི་བཞུར་ཞེས་སྔོ་སྟབ་སེང་ངམ་སྔོ་བཻཌཱུརྱ། 3.སྔོན་མོ་ཆུ་འདྲེན་ཞེས་བྱིས་སྲན་ནག་ཆུང་། 4.ཀི་ཥ་ཞེས་པྲི་ཡང་ཀུ་དུས་བཏུས་བཅས་སོ།།འདི་ལས་དམུ་ཆུའི་གསང་སྨན་བཞིའི་འཁྲུངས་དཔེ་དང་གསང་སྨན་ལས་གྲུབ་པའི་སྨན་གྱི་སྦྱར་ཐབས། ནད་ཐོག་སྤྱོད་ཚུལ། དམུ་ཆུའི་ནད་ཀྱི་རྒྱུ་རྐྱེན་བརྟག་བཅོས་སོགས་ཆ་ཚང་བར་གསུངས་ཤིང་། དམུ་ཆུའི་གསང་སྨན་བསྟན་པའི་སྨན་གཞུང་ཀུན་གྱི་ཕྱི་མོ་ལྟ་བུར་གྲུབ།
     གཏེར་ཡིག་འདི་གཏེར་ནས་འདོན་མཁན་ནི་གཏེར་སྟོན་ར་མོ་ཤེལ་སྨན་ནམ་ཤེལ་སྨན་སྔོན་མོ་ཞེས་བྱ་བ་ཉིད་ཡིན་པར་གསུངས་ཏེ། དེའང་ཛྙ་ན་ཀ་རས།(42) ཐང་ཡིག་ལས། རྒྱ་གར་མ་ཕྱིན་ཀུན་ཀྱང་ལོ་ཙཱར་བཞེད༔བོད་ཀྱི་མཁས་བཙུན་ཐམས་ཅད་ས་མཐར་འཁྱར༔ཧོར་རྒྱལ་ཡོན་མཆོད་ཁྲིམས་གསར་འབྲེལ་བ་ཡོད༔ནང་ནག་ཕྱི་དཀར་དུད་ཁའི་སྐེ་མ་བཞིན༔བོད་ཀྱི་བསོད་ནམས་མར་མར་འགྲིབ་པའི་དུས༔པདྨ་ཤེལ་ཕུག་སྦས་པའི་གཏེར་ཁ་འདི༔མི་བཞག་འདོན་པའི་རྟགས་དེར་བསྟན་ནས་འབྱུང་༔ཞེས་གསུངས་ལ།གཏེར་སྟོན་ར་མོ་ཤེལ་སྨན་ནི་དུས་རབས་བཅུ་གསུམ་པའི་ནང་དཔལ་ལྡན་ས་སྐྱ་བ་དང་ཧོར་རྒྱལ་ཡོན་མཆོད་ཐོག་མར་འབྲེལ་བའི་དུས་སུ་ལྷོ་ཁ་ཡར་སྟོད་ར་མོ་ཤེལ་སྨན་ཆུ་ཞེས་པའི་སར་འཁྲུངས་ཤིང་། སྨན་ཆུའི་རྫོང་བྲག་རིའི་ཕུག་པ་ནས་བླ་རྫོགས་ཐུགས་གསུམ་གསོ་དཔྱད་དང་རྩིས་ཀྱི་སྐོར་མཐའ་ཡས་པ་བཏོན་ཀྱང་། ཐོག་མར་གསོ་རིག་དང་ཕན་བྱ་གནོད་བྱའི་སྐོར་མང་པོ་ཉམས་སུ་བླངས་པས་ཆོས་ཀྱི་འགྲོ་དོན་ཆེར་མ་བྱུང་། གསང་སྨན་སོགས་ཆུ་བཅོས་ཀྱི་སྐོར་དང་། འབམ་ནད་ལ་སྨན་དཀར་སྨན་ནག རྡེལ་ནད་སོགས་ཐོར་བུ་མ་གཏོགས་གཏེར་ཆོས་ཕལ་ཆེར་ཤོག་སེར་ལས་འབེབས་མ་ཐུབ་པར་ལུས། ཕྱིས་སུ་ཀོང་སྤྲུལ་བློ་གྲོས་མཐའ་ཡས་མཆོག་གིས་གསོ་དཔྱད་ཀྱི་སྐོར་རྣམས་རིན་ཆེན་གཏེར་མཛོད་ཆེན་མོའི་ནང་དུ་བསྡུས་པ་དེས་ད་ལྟའི་བར་ལུང་རྒྱུན་མ་ཉམས་པར་བཞུགས་ཐུབ་པ་བྱུང་། ཆུ་དང་འབམ་གྱི་ཕྱག་ལེན་འཁྲུལ་མེད་དག་ནི་ཛྙ་ན་ཀ་རའི་དུས་བར་མ་ཉམས་པར་ཡོད་པར་གསུངས། འདི་དག་གཏེར་སྟོན་ར་མོ་ཤེལ་སྨན་ཀྱི་ཟབ་གཏེར་ལས་བྱུང་བའི་སྦྱོར་སྡེ་ཡིན་པས་ར་ཤེལ་གཏེར་མ་ཞེས་གསོལ་ལོ།། དེའུ་དམར་བའི་དམུ་ཆུ་བཅོས་པའི་ཟིན་བྲིས་ལས། སྤྲུལ་སྐུ་ཤེལ་སྨན་སྔོན་མོ་ཡི།། ཆུ་སྨན་རྣམ་བཞི་པྲི་ཡང་ཀུ།། སྲན་ཆུང་ག་དུར་སྔོ་སྟབ་སེང་།། དེ་ལ་ཆུ་སྨན་རྣམ་བཞི་ཟེར།།(43)ཞེས་པར་གཞིགས་ན་གཏེར་སྟོན་མཆོག་ཉིད་ནི་རིགས་ལྡན་གྱི་སྤྲུལ་སྐུ་ཞིག་ཡིན་པ་གསལ་ཞིང་། ཁམས་གཙང་འབྲུག་རྒྱལ་གྱི་མན་ངག་བཅུད་བསྡུས་རིན་ཆེན་དཔལ་གྱི་བུམ་བཟང་(44)ཞེས་པའི་མཇུག་བྱང་དུ་གཉག་ཛྙཱ་ན་ཀུ་མའི་སྤྲུལ་པ་ཡིན་པར་གསུངས་འདུག མཚན་དངོས་ལ་ཡེ་ཤེས་བཟང་པོ་ཞུ་བ་དང་རྟེན་སྔགས་འཆང་ཡིན་པ། རབ་བྱུང་གཉིས་པའི་ནང་བྱོན་པ་སོགས་ཀོང་སྤྲུལ་བློ་གྲོས་མཐའ་ཡས་མཆོག་གིས་མཛད་པའི་ཟབ་མོའི་གཏེར་དང་གཏེར་སྟོན་གྲུབ་ཐོབ་ཇི་ལྟར་བྱོན་པའི་ལོ་རྒྱུས་མདོར་བསྡུས་བཀོད་པ་རིན་ཆེན་བེེ་ཌཱུརྱའི་ཕྲེང་བ་(45)ཞེས་པའི་ནང་བཀོད་འདུག
     སྔོན་མོ་ཆུ་འདྲེན་མན་ངག་མཁའ་འགྲོའི་ཡིག་ཅན་འདི་བརྒྱུད་པའི་ལོ་རྒྱུས་ནི། ཆུ་བཅོས་ར་ཤེལ་གཏེར་མ་ལས།(46)ཤེའུ་སྨན་སྔོན་མོ་ཞེས་ར་མོ་ཤེལ་སྨན། →ཉི་མ་འོད་ཟེར།→ཛཾགྷིརྟི།→པད་མ་བསམ་འགྲུབ། →པད་མ་རྒྱལ་མཚན། →གྲུབ་པ་དཔག→ཡེ་ཤེས། →རྡོ་རྗེ། →བསོད་ནམས་འོད།→བླ་མ་གཡའ་བཟང་། →ཤེས་རབ་གྲགས།→མདོ་སྡེ་འབུམ།→ཐར་ལེགས་འོད་རྣམས་ལ་རིམ་བཞིན་བཀའ་བརྒྱུད་པར་གསུངས་ཤིང་། མཁས་པ་འདི་དག་གི་ཕྱག་རྒྱུན་ལ་བརྟེན་ནས་སྔོ་སྨན་དང་བཅས་པ་རྣམས་ལ་ཞུ་དག་ལེགས་པར་བྱས་ཤིང་ཐེ་ཚོམ་གྱི་སྒྲིབ་པ་ཐམས་ཅད་སེལ་ཡོད་པར་གསུངས།
གཉིས། ཆུ་བཅོས་གསང་བ་སྦུབས་འདྲེན། ཆུ་བཅོས་གསང་བ་སྦུབས་འདྲེན་ནི་དཀོན་མཆོག་འགྲོ་ཕན་དབང་པོའམ་འབྲི་གུང་ཚེ་དབང་བརྟན་པ་བྱ་བས་རང་ལོ་དྲུག་ཅུའི་སྟེང་སྟེ། རབ་བྱུང་བཅུ་གཉིས་པའི་ལྕགས་ཕོ་རྟ་ཡི་ལོ། སྤྱི་ལོ་1691ལོར་མཛད་ལ། འདིའི་ནང་རྗེ་ཉིད་ཀྱི་སློབ་དཔོན་དྷརྨཱ་ཀིརྟིའམ་འབྲི་གུང་རིག་འཛིན་ཆོས་ཀྱི་གྲགས་པའི་དམུ་ཆུའི་གསང་སྨན་རིགས་དྲུག་གི་ངོས་འཛིན་དང་གསང་སྨན་དག་ཕྱག་བཞེས་མཛད་པའི་ཉམས་ཡིག་སོགས་བསྟན་ཡོད་ལ། གཞན་ཡང་བསམ་གཏན་གླིང་པའི་མན་ངག ལྷོ་པ་འཚོ་བྱེད་ཀྱི་མན་ངག འཚོ་བྱེད་ཀརྨ་ཀུན་བདེ་ཡི་མན་ངག ཤངས་པ་གཞན་ཕན་གྱི་མན་ངག་སོགས་དམུ་ཆུའི་གསང་སྨན་དང་འབྲེལ་བའི་ཟབ་མོའི་གདམས་པ་མང་པོ་གཞི་གཅིག་ཏུ་སྦྱར་བའི་ཆེས་བྲིན་པའི་ཉམས་ཡིག་ཅིག་རེད།
     གསང་བ་སྦུབས་འདྲེན་ལས་གསུངས་པའི་གསང་སྨན་ཆབ་འདྲེན་རྣམ་པ་དྲུག་ནི། 1.ཐོད་དཀར་སྨུག་པོའམ་ཆབ་འདྲེན་སྔོན་པོ་སྟེ་མེ་ཏོག་སྔོན་པོ་ཤར་བ། 2.མེ་ཏོག་རྒྱ་ཚོས་ཤར་བ། 3.མཆོང་རྩ་གཡུ་ལོ་བྱུ་རུའི་མེ་ཏོག་ཅན་ཞེས་གོང་དུ་བཤད་པའི་སྒ་ཏིག་ནག་པོ། 4.བྱུ་རུའི་ཕྲེང་ལྡན་ཞེས་ལྷ་ལུང་ཆབ་འདྲེན་སྲད་མའམ་སྲད་སྔོན་ཞེས་པ། 5.གསང་སྨན་སྔོན་མོ་ཆབ་འདྲེན་ཞེས་པ་གོང་དུ་བཤད་པའི་བྱིས་སྲན་ནག་ཆུང་། 6.ཆུ་སྨན་དེ་བ་སྤྱི་བཞུར་ཞེས་གོང་དུ་བཤད་པའི་སྔོ་སྟབས་སེང་ངམ་སྔོ་བཻཌཱུརྱ་ཞེས་པ་བཅས་སོ།། ཡང་འབྲི་གུང་གསང་སྨན་རྣམ་ལྔ་ཞེས་འབོད་པ་ནི། གོང་གི་ཆབ་འདྲེན་རྣམ་པ་དྲུག་གི་ཁནྜ་དང་གསེར་ལྕམ་སྡིག་གསུམ། འུ་སུ་བཅས་སྦྱར་བ་ལ་བྱ། ཉམས་ཡིག་འདིར་ར་མོ་ཤེལ་སྨན་གྱི་གསང་སྨན་བཞིའི་ཕྱག་ལེན་ཐོད་བརྒལ་དུ་གྱུར་ནས་དེའི་ཁར་ཐོད་དཀར་སྨུག་པོ་རིགས་གཉིས་དང་སྲད་སྔོན་བསྣན་ཞིང་པྲི་ཡང་ཀུ་ཕྲིས་ཏེ་མན་ངག་གསང་སྨན་དྲུག་སྦྱོར་འདི་བསྟན་འདུག མན་ངག་ཡིག་ཆུང་འདིའི་ནང་དུ་གསང་སྨན་པུཥྤ་ཨ་ལཀྟ་དང་པུཥྤ་ནཱི་ལ་གཉིས་ཞལ་གབ་པའི་ཚུལ་དུ་བསྟན་ཞིང་སྔ་མ་དུས་ལ་བལྟ་མི་དགོས་པ་དང་ཕྱི་མ་ཀུ་ཧུ་བྷཱ་ཥ་ཞེས་བྱ་ཁུ་བྱུག་མ་གྲགས་པའི་སྔོན་དུ་བཏུ་དགོས་པ། གཞན་ཡང་བོང་དཀར་བཅུ་པའི་སྟེང་དུ་ཁ་ཚར་དུ་སྦྱར་ལུགས་སོགས་བསྟན་འདུག དེའང་དམུ་ཆུའི་གསང་སྨན་ཐོད་དཀར་སྨུག་པོ་མེ་ཏོག་རྒྱ་ཚོས་ཅན་དང་ཐོད་དཀར་སྨུག་པོ་མེ་ཏོག་སྔོན་པོ་ཅན་གཉིས་ཀྱི་འབྱུང་ཁུངས་དང་བརྒྱུད་པའི་རིམ་པ་ནི་འདི་ལྟར་ཏེ།གསང་བ་སྦུབས་འདྲེན་ལས།(47) འཕན་ཡུལ་མཁར་ཤོང་པ།→སྟག་ལུང་འཚོ་བྱེད་ཀུན་བཀྲ་བ། →ཐ་བ་ཁ་པ་བྲག་པོ་ཆེ་བ། →འབྲི་གུང་པ་ཆོས་ཀྱི་གྲགས་པ།→དཀོན་མཆོག་འགྲོ་ཕན་དབང་པོ་བཅས་སོ།།
     ཡང་དཀོན་མཆོག་འགྲོ་ཕན་དབང་པོའི་སློབ་བརྒྱུད་དང་བཅས་པས་གསང་བ་སྦུབས་འདྲེན་ལ་མ་བུ་ལེ་ལག་གསུམ་དུ་མཛད་ཡོད་དེ། གསང་བ་སྦུབས་འདྲེན་ནི་མ་ཡིག་དང་། རྗེ་ཉིད་ཀྱི་ཞལ་སློབ་དཔོན་ཚང་ཡེ་ཤེས་བསམ་གཏན་གྱིས་མཛད་པའི་གཅེས་བསྡུས་ཕན་བདེའི་ཡང་སྙིང་གི་ལེའུ་བཅུ་གཉིས་པ་ཆུ་ནད་སེལ་བའི་སྡེ་ཚན་དང་གཅེས་བཏུས་ཕན་བདེའི་སྙིང་པོའི་གབ་པ་མངོན་དུ་ཕྱུང་བའི་ལྡེ་མིག་ནང་གི་ཆུ་བཅོས་ཀྱི་ཞལ་ཤེས་སྐོར་གཉིས་ནི་བུ་ཡིགདཔོན་ཚང་ཡེ་ཤེས་ཀྱི་ཞལ་སློབ་ནི་སྒར་འོག་པ་ཀརྨ་བསྟན་འཕེལ་ཡིན་ཞིང་སྒར་འོག་པའི་ཞལ་སློབ་ངར་ཕུག་ཨེམ་ཆི་ཡིན་ཏེ། ངར་ཕུག་ཨེམ་ཆི་ཚེ་རིང་དབང་རྒྱལ་གྱིས་མཛད་པའི་ངར་ཕུག་དྲིས་ལེན་གྱི་དམུ་ཆུའི་སྐོར་ལ་ལེ་ལག་ཅེས་འབོད་དོ།།
མཇུག་བསྡུ་བ།
     ཚན་རྩལ་འཕེལ་རྒྱས་འཕུར་མཆོང་དུ་འགྲོ་བཞིན་པའི་དུས་རབས་ཉེར་གཅིག་པ་ལ་མཚོན་ནའང་། གཅོང་ཆེན་དམུ་ཆུའི་ནད་འདི་འཛམ་གླིང་གསོ་རིག་ཁྲོད་སྔར་བཞིན་ཤིན་ཏུ་གསོ་དཀའ་བའི་ནད་གཞིའི་གྲས་སུ་བགྲང་ཞིང་སྐྱེས་བུ་མང་པོའི་ཚེ་སྲོག་བག་མེད་དུ་འཕྲོག་བཞིན་ཡོད། དེའི་རྐྱེན་གྱིས་མིའི་རིགས་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལའང་འགལ་རྐྱེན་ཆེན་པོ་བཟོ་བཞིན་འདུག འཛམ་གླིང་ཁྱོན་ཡོངས་ནས་བལྟས་ན་མི་སྒེར་དང་ཚོགས་པ་གང་མང་གིས་དམུ་ཆུའི་ནད་ལ་འཕྲལ་ཕུགས་གཉིས་སུ་ཕན་པའི་གསོ་ཐབས་ཞིབ་འཇུག་དང་འཚོལ་སྙེག་བྱ་བའི་རྒྱབ་ལྗོངས་ཇི་ལེགས་མཆིས་པས། རང་ཅག་བོད་ཀྱི་ཚེ་རིག་འཛིན་པ་རྣམས་ཀྱིས་ཀྱང་གོ་རྟོགས་སད་དེ་དཔུང་སྡེ་དེའི་ཁྲོད་དུ་ཞུགས་རྒྱུ་ཤིན་ཏུ་གལ་ཆེ། ད་ལྟའི་དངོས་ཡོད་ཀྱི་གནས་སྟངས་ལ་གཞིགས་ན་བོད་ལུགས་སྨན་ཁང་དག་གི་དམུ་ཆུའི་ནད་གསོ་བཅོས་ཀྱི་ཆུ་ཚད་ཤིན་ཏུ་ཞན་ཏེ། རྒྱུན་སྤྱོད་ཀྱི་འབེབས་སྐེམས་སྨན་སྦྱོར་ཁ་ཤས་ཤིག་ལ་སྐྱབས་བཅོལ་ཞིང་མ་འཐུས་ན་ཕྱི་ལུགས་ཀྱི་ཆུ་འབེབས་སྨན་སྤྱོད་ལ་དེས་ཀྱང་སྐབས་འཕྲལ་གྱི་ངོ་ལེན་ཙམ་ལས་མི་ནུས། ཡིན་ཡང་དོན་དམ་པར་བོད་ཀྱི་གསོ་རིག་ཏུ་དམུ་ཆུའི་རིག་གཞུང་གི་རྟིང་གཞི་ཤིན་ཏུ་བརྟན་པོ་ཡོད་ཅིང་བརྟག་བཅོས་ཀྱི་རྣམ་པའང་ཕུན་སུམ་ཚོགས་པར་ལྡན་ཡོད། བོད་ཀྱི་གསོ་རིག་ནང་དམུ་ཆུའི་ནད་ལ་རྒྱུད་ཀྱི་དངོས་བསྟན་དབྱེ་བ་བྱེར་ཟགས་འཁྱིམས་བརྡོལ་བཅོ་ལྔ་ཕུད། རྫོང་འཕྲང་ལས་བསྟན་པའི་སྙིང་གི་ཟགས་ཆུ་དང་ནོར་འཕྲེང་ལས་བསྟན་པའི་མཁལ་མ་དང་ཀླད་པའི་ཟགས་ཆུ་སོགས་དམུ་ཆུ་སྐྱེད་སྲིད་པའི་ནད་ཀྱི་རིགས་སུ་མ་ཚུད་པ་མེད། དེ་མ་ཟད་ཆུ་རིགས་རེ་རེའི་ནད་གྱུར་གྱི་འཕེལ་རིམ་དང་གསོ་ཐབས་ཀྱི་རྩ་དོན་སོགས་ཞིབ་ཅིང་རྒྱས་པ་གླེགས་བམ་ཆུ་གཏེར་འདྲ་བའི་ཀློང་དུ་བཞུགས་ཤིང་།  གསོ་ཐབས་ཀྱི་ཐད་ལ་སྔོན་བྱོན་མཁས་པའི་ཁྲོད་དུ་གྲགས་ཆེ་ཟོར་ཡང་ཕུགས་བཟང་བའི་ར་ཤེལ་ལུགས་དང་ཟིལ་ཆགས་ལུགས། ཉམས་ཡིག་ལུགས། འབྲི་གུང་ལུགས་སོགས་ལུགས་ཆེན་མང་པོ་ཡོད་ལ་དེ་དཔག་གིས་གདམས་ངག་ཐོར་བུ་བགྲང་གིས་མི་ལང་བ་ཡོད་པའང་ངང་ངམ་ཤུགས་ནས་རྟོགས་ཐུབ། གཞན་ཡང་ཐུར་མ་དང་མཚོན་གྱིས་དྲལ་བའི་དཔྱད་བཅོས་ཀྱི་ལག་ཐབས། ཚ་ཆུ་གྲང་ཆུར་སྒྱུར་བའི་གསོ་ཐབས་ཀྱི་གནད་སོགས་ཞིབ་འཇུག་གི་མདུན་ལྗོངས་ཡངས་ཤིང་ལག་ལེན་དངོས་ཀྱི་རིན་ཐང་ཆེ་བ་སྨོས་མ་དགོས་སོ།།
     དེ་བས་དཔེ་རྙིང་དང་བཅོས་རྒྱུན་མ་ཉམས་པའི་མཁས་པའི་ཞལ་སྔ་ནས་དམིགས་བསལ་གྱི་བཅོས་ཐབས་བཙལ་ཕྱུང་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་བས། ཆེས་ཟབ་གསང་དང་བཀའ་རྒྱའི་རང་བཞིན་ལྡན་པའི་རིན་ཆེན་གཏེར་མཛོད་ཀྱི་ཆུ་བཅོས་ར་ཤེལ་གཏེར་མ་དང་འབྲི་གུང་གཅེས་བསྡུས་ཀྱི་ཆུ་བཅོས་གསང་བ་སྦུབས་འདྲེན་སོགས་རིན་ཐང་གཞལ་དུ་མེད་པའི་ཡིག་ཆ་ཚད་ལྡན་དག་ལ་གཞི་བཅོལ་ནས་དམུ་ཆུའི་གསང་སྨན་ཁག་གི་ངོས་འཛིན་དང་། གསང་སྨན་གྱི་སྦྱར་ཐབས། ནད་གཞིའི་འཕེལ་རིམ་དང་བསྟུན་ནས་བསྟེན་ཐབས། ནད་སྨན་སྤྲོད་ཐབས་སོགས་ལ་རྟོག་ཞིབ་བྱ་རྒྱུ་ཤིན་ཏུ་གལ་ཆེ་ལ། རང་རེའི་གསོ་རིག་གི་དམིགས་བསལ་ཁྱད་ཆོས་མངོན་དུ་ཕྱུང་རྒྱུ་དང་དུས་རབས་ཀྱི་དགོས་མཁོ་དང་བསྟུན་པའི་སྒོ་ནས་རིན་ཐང་འདོན་ཐུབ་པར་བྱ་རྒྱུ།དམུ་ཆུའི་ནད་གཞི་གསོ་བཅོས་ཀྱི་ཆུ་ཚད་མཐོར་འདེགས་གཏོང་རྒྱུ། རང་སྐྱ་འཕེར་བའི་ལག་ལེན་གྱི་རྣམ་པ་འཛུགས་ཐུབ་པ་བྱ་རྒྱུ་སོགས་ཀྱི་རིན་ཐང་ལྡན་ཡོད། དཀོན་མཆོག་འགྲོ་ཕན་དབང་པོའི་གསང་བ་སྦུབས་འདྲེན་ལས།(48)ལྕགས་ཀྱི་རྒྱུ་གཅིག་ལ་མགར་བ་མཁས་པས་མཚོན་ཆ་བརྡུང་བ་ན་ངར་འདོགས་ཀྱི་ཁྱད་པར་མི་འདྲ་བ་ལས། མཚོན་ཆ་ལ་རྣོ་རྟུལ་གྱི་བྱེ་བྲག་མི་འདྲ་བ་མང་དུ་འབྱུང་བཞིན་སྣང་ལ། ཚུལ་དེ་བཞིན་དུ་སྦྱོར་སྡེ་ཟབ་མོ་འདི་དག་རེ་རེ་ལའང་འཕྲོད་པར་སྦྱར་བའི་གནད་གསུམ་ཚུལ་བཞིན་དུ་ཤེས་ན་ནུས་པའི་ཁྱད་པར་མི་འདྲ་བ་ཇི་སྙེད་ཅིག་འབྱུང་བ་ཡིན་ནོ།། ཞེས་གསུངས་པ་ལྟར། དམུ་ཆུའི་གསང་སྨན་དང་འབྲེལ་བའི་སྨན་སྦྱོར་རམ་འབེབས་སྐེམས་སྨན་སྦྱོར་གང་ཡིན་ཀྱང་རོ་ནུས་ཞུ་རྗེས་གསུམ་གྱིས་ལས་བྱེད་པའི་གནད་ལྟར་སྦྱར་ཞིང་། སྔོ་སྨན་སོགས་སྐྱེ་བའི་ཡན་ལག་བདུན་ལྡན་ལྟར་སྦྱར་བ། གསང་སྨན་སོགས་ངོས་འཛིན་འཁྲུལ་མེད་བྱུང་ཞིང་གཞུང་ལས་བསྟན་པའི་བཏུ་དུས་སོགས་ཚུལ་བཞིན་བསྲུང་ན་ནད་ཐོག་ཏུ་རིན་ཐང་ཆེས་ཆེར་འདོན་ཐུབ་པ་གདོན་མི་ཟའོ།།
མཆན་འགྲེལ།
     ①ཙན་པ་ཤི་ལ་ཧ་ཡིས་མཛད། 《བི་ཇི་པོ་ཏི་ཁ་སེར།》[M] བོད་ཀྱི་གསོ་རིག་ཀུན་བཏུས་པོད་སོ་བཞི་པ། 2012ལོར་མི་རིགས་དཔེ་སྐྲུན་ཁང་གིས་པེ་ཅིན་དུ་དཔར་དུ་བསྐྲུན། ཤ་724ལས།
     ②མཁས་མང་བགྲོས་ནས་མཛད། 《སྨན་དཔྱད་ཟླ་བའི་རྒྱལ་པོ།》[M] བོད་ཀྱི་གསོ་རིག་ཀུན་བཏུས་པོད་དགུ་པ། 2012ལོར་མི་རིགས་དཔེ་སྐྲུན་ཁང་གིས་པེ་ཅིན་དུ་དཔར་དུ་བསྐྲུན།ཤ་570ལས།
     ③དཔལ་མགོན་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས། 《མདོར་བསྡུས་གསང་ཏིག་སྒྲོན་མ།》[M] བོད་ཀྱི་གསོ་རིག་དཔེ་རྙིང་ཕྱོགས་སྒྲིག་གངས་རི་དཀར་པོའི་ཕྲེང་བ་པོད་བཅུ་པ། ཁྲོ་རུ་ཀླུ་སྒྲུབ་རྒྱ་མཚོས་བསྒྲིགས། 2007ལོའི་ཟླ་7པར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་ཁྲིན་ཏུའུ་རུ་དཔར་དུ་བསྐྲུན། ཤ་141ལས།
     ④དཔལ་ལྡན་ཕ་ཁོལ་གྱིས་མཛད། 《ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ།》[M] བོད་ཀྱི་གསོ་རིག་ཀུན་བཏུས་པོད་གསུམ་པ། 2012ལོར་མི་རིགས་དཔེ་སྐྲུན་ཁང་གིས་པེ་ཅིན་དུ་དཔར་དུ་བསྐྲུན།ཤ་587ལས།
     ⑤དཔལ་ལྡན་ཕྲེང་བས་མཛད། 《ཙ་ར་ཀ་བསྡུ་བ།》[M] རག་རྡོ་བློ་བཟང་བསྟན་འཛིན་དང་བློ་བཟང་ནོར་བུ་ཤཱ་སྟྲཱི་གཉིས་ཀྱིས་བོད་ཡིག་ཏུ་བསྒྱུར། 2008ལོར་རྒྱ་གར་དུ་པར་དུ་བསྐྲུན། ཤ་106ལས།
     ⑥⑦⑧⑨⑩སྐྱེས་བུ་མེ་ལྷས་མཛད། 《འབུམ་ཁུ་ཚུར།》 ལེའུ་ཉེར་བཞི་པ།དམུ་ཆུ་གསོ་ཐབས།[M] བོད་ཀྱི་གསོ་རིག་ཀུན་བཏུས་པོད་སོ་བཞི་པ། 2012ལོར་མི་རིགས་དཔེ་སྐྲུན་ཁང་གིས་པེ་ཅིན་དུ་དཔར་དུ་བསྐྲུན། ཤ་810ལས། ཤ་32ལས། ཤ་529ལས། ཤ་531ལས། ཤ་531ལས།
     ⑾བྱམས་པ་འཕྲིན་ལས་ཀྱིས་མཛད། 《གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར།》[M] 2012ལོའི་ཟླ་4པར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་ལྷ་ས་རུ་དཔར་དུ་བསྐྲུན། ཤ་99ལས།
     ⑿ཟུར་མཁར་མཉམ་ཉིད་རྡོ་རྗེ་ཡིས་མཛད། 《མན་ངག་བྱེ་བ་རིང་བསྲེལ།》[M] བོད་ཀྱི་གསོ་རིག་ཀུན་བཏུས་པོད་སོ་བརྒྱད་པ། 2012ལོར་མི་རིགས་དཔེ་སྐྲུན་ཁང་གིས་པེ་ཅིན་དུ་དཔར་དུ་བསྐྲུན། ཤ་657ལས།
     ⒀བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད། 《མན་ངག་རིན་ཆེན་འབྱུང་གནས།》[M]བོད་ཀྱི་གསོ་རིག་ཀུན་བཏུས་པོད་ཞེ་དྲུག་པ། 2012ལོར་མི་རིགས་དཔེ་སྐྲུན་ཁང་གིས་པེ་ཅིན་དུ་དཔར་དུ་བསྐྲུན། ཤ་615ལས།
     ⒁⒂⒃གཡུ་ཐོག་ཡོན་ཏན་མགོན་པོས་མཛད། 《ནོར་བུའི་འཕྲེང་བ།》[M] བོད་ཀྱི་གསོ་རིག་ཀུན་བཏུས་པོད་སོ་བཞི་པ། 2012ལོར་མི་རིགས་དཔེ་སྐྲུན་ཁང་གིས་པེ་ཅིན་དུ་དཔར་དུ་བསྐྲུན། ཤ་14ལས། ཤ་277ལས། ཤ་513ལས།
     ⒄སུམ་སྟོན་ཡེ་ཤེས་གཟུངས་ཀྱིས་མཛད། 《རྫོང་འཕྲང་འཕྲུལ་གྱི་ལྡེ་མིག》[A] དཔེ་རྙིང་ལག་བྲིས་མ། ཤ་83ལས།
     ⒅⒆⒇གཙང་སྟོད་དར་མ་མགོན་པོས་མཛད། 《གཙང་སྟོད་ཟིན་ཐིག་ཡང་ཐིག》[M] བོད་ཀྱི་གསོ་རིག་ཀུན་བཏུས་པོད་སོ་དྲུག་པ། 2012ལོར་མི་རིགས་དཔེ་སྐྲུན་ཁང་གིས་པེ་ཅིན་དུ་དཔར་དུ་བསྐྲུན། ཤ་154ལས། ཤ་148ལས། ཤ་153ལས།
     (21)དཔལ་ལྡན་ཕ་ཁོལ་གྱིས་མཛད། 《ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ།》[M] བོད་ཀྱི་གསོ་རིག་ཀུན་བཏུས་པོད་གསུམ་པ། 2012ལོར་མི་རིགས་དཔེ་སྐྲུན་ཁང་གིས་པེ་ཅིན་དུ་དཔར་དུ་བསྐྲུན། ཤ་587ལས།
     (22)(23)(24)(25)(26)གཙང་སྟོད་དར་མ་མགོན་པོས་མཛད། 《གཙང་སྟོད་ཟིན་ཐིག་ཡང་ཐིག》[M] བོད་ཀྱི་གསོ་རིག་ཀུན་བཏུས་པོད་སོ་དྲུག་པ། 2012ལོར་མི་རིགས་དཔེ་སྐྲུན་ཁང་གིས་པེ་ཅིན་དུ་དཔར་དུ་བསྐྲུན། ཤ་154ལས། ཤ་148ལས། ཤ་153ལས།
     (27)ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད། 《ཤེས་བྱ་ཀུན་ཁྱབ་མཛོད།》[M] སྟོད་ཆ། 1985ལོའི་ཟླ་2པར་མི་རིགས་དཔེ་བསྐྲུན་ཁང་གིས་པེ་ཅིན་དུ་དཔར་དུ་བསྐྲུན། པར་ཐེངས་གཉིས་པ། ཤ་40ལས།
     (28)བཅོམ་ལྡན་རིག་པའི་རལ་གྲིས་མཛད། 《གསོ་བ་རིག་པའི་རྒྱན་གྱི་མེ་ཏོག》[M] བོད་ཀྱི་གསོ་རིག་ཀུན་བཏུས་པོད་སོ་དྲུག་པ། 2012ལོར་མི་རིགས་དཔེ་སྐྲུན་ཁང་གིས་པེ་ཅིན་དུ་དཔར་དུ་བསྐྲུན། ཤ་666ལས།
     (29)བྱམས་པ་འཕྲིན་ལས་ཀྱིས་མཛད། 《གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར།》[M] 2012ལོའི་ཟླ་4པར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་ལྷ་ས་རུ་དཔར་དུ་བསྐྲུན། ཤ་123ལས།
     (30)ཀརྨ་རང་བྱུང་རྡོ་རྗེས་མཛད། 《སྨན་མིང་རྒྱ་མཚོ།》[M] བོད་ཀྱི་གསོ་རིག་ཀུན་བཏུས་པོད་ལྔ་བཅུ་པ། 2012ལོར་མི་རིགས་དཔེ་སྐྲུན་ཁང་གིས་པེ་ཅིན་དུ་དཔར་དུ་བསྐྲུན། ཤ་580ལས།
     (31)ར་མོ་ཤེལ་སྨན་གྱིས་གཏེར་ནས་བཏོན། 《ཆུ་བཅོས་ར་ཤེལ་གཏེར་མ།》[M སློབ་དཔོན་པདྨ་འབྱུང་གནས་ཀྱི་སྨན་ཡིག བོད་ཀྱི་གསོ་རིག་ཀུན་བཏུས་པོད་དགུ་པ། 2012ལོར་མི་རིགས་པེ་ཅིན་དུ་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན། ཤ་383ལས།
     (32)བྲང་ཏི་དཔལ་ལྡན་རྒྱལ་མཚན་གྱིས་མཛད། 《མན་ངག་གསེར་བྲེ།》[M]བོད་ཀྱི་གསོ་རིག་ཀུན་བཏུས་པོད་སོ་དྲུག་པ། 2012ལོར་མི་རིགས་དཔེ་སྐྲུན་ཁང་གིས་པེ་ཅིན་དུ་དཔར་དུ་བསྐྲུན། ཤ་756ལས།
     (33)བྲང་ཏི་དཔལ་ལྡན་རྒྱལ་མཚན་གྱིས་མཛད། 《མན་ངག་གསེར་བྲེ།》[M] བོད་ཀྱི་གསོ་རིག་ཀུན་བཏུས་པོད་སོ་དྲུག་པ། 2012ལོར་མི་རིགས་དཔེ་སྐྲུན་ཁང་གིས་པེ་ཅིན་དུ་དཔར་དུ་བསྐྲུན། ཤ་756ལས།
     (34)འབྲོང་རྩེ་ལྷ་བཙུན་རིན་ཆེན་རྒྱ་མཚོས་མཛད། 《འབྲོང་རྩེའི་བེའུ་བུམ།》[M] བོད་ཀྱི་གསོ་རིག་ཀུན་བཏུས་པོད་སོ་བདུན་པ། 2012ལོར་མི་རིགས་དཔེ་སྐྲུན་ཁང་གིས་པེ་ཅིན་དུ་དཔར་དུ་བསྐྲུན། ཤ་717ལས།
     (35)ཟུར་མཁར་མཉམ་ཉིད་རྡོ་རྗེ་ཡིས་མཛད། 《མན་ངག་བྱེ་བ་རིང་བསྲེལ།》[M] བོད་ཀྱི་གསོ་རིག་ཀུན་བཏུས་པོད་སོ་བརྒྱད་པ། 2012ལོར་མི་རིགས་དཔེ་སྐྲུན་ཁང་གིས་པེ་ཅིན་དུ་དཔར་དུ་བསྐྲུན། ཤ་658ལས།
     (36)འཚོ་སྨན་མཁན་ཆེན་ཤཱཀྱ་དབང་ཕྱུག་གིས་མཛད། 《མན་ངག་ཀུན་གྱི་སྙིང་པོ་བསྡུས་པ།》[M] བོད་ཀྱི་གསོ་རིག་ཀུན་བཏུས་པོད་སོ་དགུ་པ། 2012ལོར་མི་རིགས་དཔེ་སྐྲུན་ཁང་གིས་པེ་ཅིན་དུ་དཔར་དུ་བསྐྲུན། ཤ་12ལས།
     (37)གོང་སྨན་དཀོན་མཆོག་བདེ་ལེགས་ཀྱིས་མཛད། 《མན་ངག་པོ་ཏི་དམར་པོ།》[M] བོད་ཀྱི་གསོ་རིག་ཀུན་བཏུས་པོད་སོ་དགུ་པ། 2012ལོར་མི་རིགས་དཔེ་སྐྲུན་ཁང་གིས་པེ་ཅིན་དུ་དཔར་དུ་བསྐྲུན། ཤ་247ལས།
     (38)བྱང་པ་རྣམ་རྒྱལ་གྲགས་བཟང་གིས་མཛད། 《ཡན་ལག་བརྒྱད་པའི་སྙིང་པོ་བཏུས་པ་ཡིད་བཞིན་ནོར་བུ།》[M] བོད་ཀྱི་གསོ་རིག་ཀུན་བཏུས་པོད་སོ་བདུན་པ། 2012ལོར་མི་རིགས་དཔེ་སྐྲུན་ཁང་གིས་པེ་ཅིན་དུ་དཔར་དུ་བསྐྲུན། ཤ་353ལས།
     (39)ཟུར་མཁར་མཉམ་ཉིད་རྡོ་རྗེ་ཡིས་མཛད། 《མན་ངག་བྱེ་བ་རིང་བསྲེལ།》[M]བོད་ཀྱི་གསོ་རིག་ཀུན་བཏུས་པོད་སོ་བརྒྱད་པ། 2012ལོར་མི་རིགས་དཔེ་སྐྲུན་ཁང་གིས་པེ་ཅིན་དུ་དཔར་དུ་བསྐྲུན། ཤ་657ལས།
     (40)བྱམས་པ་འཕྲིན་ལས་ཀྱིས་མཛད།  《དམུ་ཆུའི་ནད་གཞིའི་སྐོར་གྱི་བགྲོ་གླེང་》[J]ཀྲུང་གོའི་བོད་ཀྱི་གསོ་རིག་དུས་དེབ། 2007ལོའི་དེབ་དང་པོ།
     (41)ར་མོ་ཤེལ་སྨན་གྱིས་གཏེར་ནས་བཏོན། 《ཆུ་བཅོས་ར་ཤེལ་གཏེར་མ།》[M] སློབ་དཔོན་པདྨ་འབྱུང་གནས་ཀྱི་སྨན་ཡིག བོད་ཀྱི་གསོ་རིག་ཀུན་བཏུས་པོད་དགུ་པ། 2012ལོར་མི་རིགས་པེ་ཅིན་དུ་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན། ཤ་392ལས།
     (42)ཛྙ་ན་ཀ་རས་མཛད། 《ལྷན་ཐབས་ལྡེ་མིག》[M] བོད་ཀྱི་གསོ་རིག་ཀུན་བཏུས་པོད་སོ་གཅིག་པ། 2012ལོར་མི་རིགས་དཔེ་སྐྲུན་ཁང་གིས་པེ་ཅིན་དུ་དཔར་དུ་བསྐྲུན། ཤ་707ལས།
     (43)དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད། 《དམུ་ཆུ་བཅོས་པའི་ཟིན་བྲིས།》[M] བོད་ཀྱི་གསོ་རིག་ཀུན་བཏུས་པོད་ཞེ་ལྔ་པ། 2012ལོར་མི་རིགས་དཔེ་སྐྲུན་ཁང་གིས་པེ་ཅིན་དུ་དཔར་དུ་བསྐྲུན། ཤ་164ལས།
     (44)ཁམས་གཙང་འབྲུག་རྒྱལ་གྱིས་མཛད། 《མན་ངག་མྱོང་བྱང་ཕན་བདེ་ནོར་བུའི་སྙེ་མ།》[M] 2006ལོའི་ཟླ་8པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ཟི་ལིང་དུ་དཔར་དུ་བསྐྲུན། པར་གཞི་གཉིས་པ། དཔར་ཐེངས་དང་པོ། ཤ་398ལས།
     (45)ཀོང་སྤྲུལ་ཡོན་ཏན་རྒྱལ་རྒྱ་མཚོས་མཛད། 《ཟབ་མོའི་གཏེར་དང་གཏེར་སྟོན་གྲུབ་ཐོབ་ཇི་ལྟར་བྱོན་པའི་ལོ་རྒྱུས་མདོར་བསྡུས་བཀོད་པ་རིན་ཆེན་བེེ་ཌཱུརྱའི་ཕྲེང་བ།》[G]2007ལོའི་ཟླ་12པར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་ལྷ་ས་རུ་དཔར་དུ་བསྐྲུན། ཤ་71ལས།
     (46)ར་མོ་ཤེལ་སྨན་གྱིས་གཏེར་ནས་བཏོན། 《ཆུ་བཅོས་ར་ཤེལ་གཏེར་མ།》[M]སློབ་དཔོན་པདྨ་འབྱུང་གནས་ཀྱི་སྨན་ཡིག བོད་ཀྱི་གསོ་རིག་ཀུན་བཏུས་པོད་དགུ་པ། 2012ལོར་མི་རིགས་པེ་ཅིན་དུ་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན། ཤ་392ལས།
     (47)དཀོན་མཆོག་འགྲོ་ཕན་དབང་པོས་མཛད། 《ཆུ་བཅོས་གསང་བ་སྦུབས་འདྲེན།》[M]བོད་ཀྱི་གསོ་རིག་ཀུན་བཏུས་པོད་ཞེ་བཞི་པ། 2012ལོར་མི་རིགས་དཔེ་སྐྲུན་ཁང་གིས་པེ་ཅན་དུ་དཔར་དུ་བསྐྲུན། ཤ་210ལས།
     (48)དཀོན་མཆོག་འགྲོ་ཕན་དབང་པོས་མཛད། 《ཆུ་བཅོས་གསང་བ་སྦུབས་འདྲེན།》[M] བོད་ཀྱི་གསོ་རིག་ཀུན་བཏུས་པོད་ཞེ་བཞི་པ། 2012ལོར་མི་རིགས་དཔེ་སྐྲུན་ཁང་གིས་པེ་ཅིན་དུ་དཔར་དུ་བསྐྲུན། ཤ་213ལས།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...