སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་ཀྱི་ལོ་རྒྱུས་ཐོག་གི་བྲུ་ཤ་ལ་དཔྱད་པ།
རྩོམ་པ་པོ། བཀྲ་གོ རྩོམ་སྒྲིག་པ། Lhamo དུས་ཚོད། 2019-7-1 9:53:00 རྩོམ་ཁུངས། ཀྲུང་གོའི་བོད་རིག་པ། ཀློག་གྲངས།
     ནང་དོན་གནད་བསྡུས། བྲུ་ཤ་ནི་བོད་ཀྱི་ནུབ་ཕྱོགས་སུ་གནས་པའི་ཡུལ་ལུང་ཞིག་གི་མིང་དང་དེར་འཚོ་སྡོད་བྱེད་པའི་ཡུལ་མི་རྣམས་ལ་གོ དེར་བོད་ཀྱི་རྒྱལ་ཕྲན་ཞང་ཞུང་གི་སྐབས་དང་། སྤུ་རྒྱལ་བཙན་པོའི་སྐབས་སུ་བོན་པོའི་ཆོས་ལུགས་དར་མྱོང་ཤིང་། ཆོས་ལྡན་རྒྱལ་རབས་ཀྱི་སྐབས་སུ་ཀསྨིར་ནས་སངས་རྒྱས་ཆོས་ལུགས་ཤུགས་ཆེར་དར། བོད་སིལ་བུར་གྱུར་ནས་ཅུང་ཙམ་འགོར་རྗེས་ཁ་ཆེའི་ཆོས་ལུགས་ཀྱིས་ཡོངས་སུ་བཟུང་བ་རེད། གང་ལྟར་བྲུ་ཤ་ནི་སྐབས་རེར་བོད་བཙན་པོའི་མངའ་ཁོངས་སུ་འདུ་བ་དང་སྐབས་རེར་མི་འདུ་བར་གནས་རྐྱེན་བོད་ཀྱི་རིག་གནས་ཀྱིས་ཤན་ཤུགས་ཅུང་ཐེབས་ཡོད་པ་ནི་བཤད་མི་དགོས། དེ་བས་དེང་དུས་ཀྱི་བྲུ་ཤའི་ཡུལ་ལུང་ངམ་མི་རྣམས་ཀྱི་ལུས་སྟེང་དུ་བོད་ཀྱི་རིག་གནས་ཀྱི་ཟུངས་ཁྲག་ཉག་ཙམ་རེ་ད་དུང་གནས་ཡོད་པས་གནའ་བོའི་བོད་དང་བྲུ་ཤའི་བར་རིག་གནས་ལོ་རྒྱུས་ཀྱི་འབྲེལ་བ་ངེས་ཅན་ཞིག་ཡོད་ལ། རིགས་རྒྱུད་ནི་བོད་བཙན་པོའི་གདུང་རྒྱུད་ཀྱི་ཁོངས་སུ་གཏོགས་སོ།།
     བརྡ་ཆད་གཙོ་བོ། སྤུ་རྒྱལ། ཞང་ཞུང་། བྲུ་ཤ
     ཀྲུང་གོའི་དཔེ་དེབ་དབྱེ་རྟགས། K281
     ཡིག་ཚང་མཚན་བྱང་། A
     རྩོམ་གྱི་གོ་རིམ་ཨང་སྒྲིག 1002-9060-2015-01-0037-12
གླེང་གཞི།
     བྲུ་ཤ་ཞེས་པའི་མིང་དང་། གནས་ཡུལ། ཡུལ་མི་བཅས་ནི་བོན་གྱི་ཡིག་ཚང་དུ་གནའ་སྔ་མོ་ནས་བྱུང་ཡོད་པ་མ་ཟད། གནས་དེར་བོན་ཆོས་ཀྱི་བསྟན་པའང་དར་ཡོད། ཕྱིས་སུ་ཆོས་ལུགས་ཀྱི་འབྲེལ་བས་སྤུ་རྒྱལ་གྱི་ཆབ་འོག་ཏུ་འདུ་བ་དང་། ཆོས་རྒྱལ་སྲོང་བཙན་སྒམ་པོའི་རིང་བོད་ཀྱིས་ཡུལ་འདི་དག་དངོས་སུ་དབང་དུ་བསྡུས་པར་བཤད་ལ། ཁྱད་པར་དུ་བཙན་པོ་འདུས་སྲོང་མང་པོ་རྗེ་དང་། ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ། ཁྲི་སྲོང་ལྡེ་བཙན་བཅས་ཀྱི་རིང་ནི་བོད་བཙན་པོའི་དམག་དཔུང་གི་སྟོབས་ཤུགས་ཡང་རྩེར་སོན་པའི་སྒང་ཡིན་པས། ལི་ཡུལ་དང་འཇང་། བྲུ་ཤ་ཆེ་ཆུང་སོགས་རང་ཁོངས་སུ་བསྡུས་ནས་ལོ་མང་པོར་དབང་སྒྱུར་བྱས་པ་རེད། བོད་སིལ་བུར་འཐོར་བའི་རྗེས་སུ་བྲུ་ཤ་ཆེ་བ་ནི་ཁྲི་ལྡེ་འོད་སྲུང་གི་ཡང་ཚ་རིག་པ་མགོན་གྱིས་དབང་སྒྱུར་བའི་ལ་དྭགས་རྒྱལ་རབས་ཀྱི་མངའ་རིས་སུ་གཏོགས་པས་བོད་ཆེན་པོའི་མངའ་ཁོངས་བསྙོན་མེད་ཅིག་ཡིན། འོན་ཀྱང་དུས་རབས་བཅུ་གཅིག་པའི་དུས་སུ་ཨ་རབ་བཙན་རྒྱལ་གྱི་གོས་ནག་ཏ་ཟིག་གི་དབང་སྒྱུར་འགོ་ཚུགས་པ་ནས་བཟུང་རིམ་བཞིན་རྒྱ་གར་དང་། ལི་ཡུལ་སོགས་བྲུ་ཤ་ཆེ་ཆུང་གཉིས་ཀྱི་མཐའ་སྐོར་གྱི་ཡུལ་ལུང་མང་པོར་ཁ་ཆེའི་ཆོས་ལུགས་སྤེལ་འགོ་བརྩམས། དེ་དང་མཉམ་དུ་ཇིང་གིར་རྒྱལ་པོའི་བུ་འབྲིང་བ་ཆ་ག་ཐེས་སྤྱི་ལོ་1225ལོར་དེང་དུས་ཀྱི་ཤིན་ཅང་ཧོར་ཁྲན་ས་ཆ་གཙོ་བྱས་པའི་ཨེ་ཤ་ཡའི་ཡུལ་དབུས་སུ་ཁ་ཆེ་ཆོས་ལུགས་ལ་དད་པ་བྱེད་བཞིན་ཡུལ་དེ་དང་དེའི་ཉེ་འཁོར་གྱི་མི་རྣམས་ཁྱུར་མིད་ཧམ་བཟུང་བྱས་པས་རིམ་གྱིས་བྲུ་ཤ་ཆེ་ཆུང་གཉིས་ཀྱང་བོད་ཀྱི་མངའ་ཁོངས་ལས་རིང་དུ་གྱེས་ནས། ཆོས་ལུགས་དད་མོས་དང་སྐད་ཆ། ཡུལ་སྲོལ་གོམས་གཤིས་སོགས་ཕྱོགས་གང་ཐད་ནས་བོད་དང་རིང་དུ་བྲལ་ཆེ་བས། ད་ལྟ་མི་གང་མང་གིས་བྲུ་ཤ་ནི་ཨ་རབ་རྒྱལ་ཁག་གི་ཁོངས་གཏོགས་ལྟ་བུར་འདོད་པས། འདིར་སྤྱིར་བྲུ་ཤའི་ལོ་རྒྱུས་དང་ལྷག་དོན་བོད་དང་འབྲེལ་ཚུལ་གྱི་བྱུང་བ་དག་བརྗོད་པར་བྱ་བ་ལ།
གཅིག བྲུ་ཤ་ཞེས་པའི་མིང་གི་ཐོགས་ཚུལ།
     བྲུ་ཤ་ཞེས་པའི་ཐ་སྙད་འདི་བོན་གྱི་བསྟན་འབྱུང་《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་》ལས། “བོན་གྱི་བསྟན་བདག་གཤེན་གྱི་གདུང་རབས་དྲུག་སྟེ། དམུ་རིགས་གཤེན། རྒྱལ་རིགས་བྲུ། དབང་ལྡན་ཞུ། གྲུབ་ཐོབ་སྤ།མཁས་པ་མིའུ། དམ་པ་ཁྱུང་གི་གདུང་རབས་བྱུང་ཚུལ།”①ཞེས་བྲུ་ནི་གནའ་བོའི་བོན་གྱི་རྒྱལ་རིགས་ཀྱི་རུས་སུ་བརྗོད་པར་མ་ཟད། བྲུ་ཤ་ཞེས་པའི་མིང་འདི་ནི་བོན་གྱི་བསྟན་པ་སྤེལ་ཞིང་སེམས་ཅན་གཉོམ་ཆུང་རྣམས་ལ་བྱམས་ཀྱིས་སྐྱོང་ཞིང་། དྲག་པོ་བཙན་གྱིས་མནོན་མཁན་གྱི་ལྷའི་བུ་འོད་ཟེར་མདངས་ལྡན་ལ་བྲུ་ཤ་གནམ་གསས་སྤྱི་བརྟོལ་ཞེས་པའི་མཚན་བཏགས་ཤིང་རྒྱལ་པོར་བཀུར་བ་དང་། དེ་ལྟའི་རྒྱལ་པོའི་མིང་དེ་ས་མིང་ཡུལ་ལུང་ངམ་ཚོ་སྡེའི་མིང་དུ་ཐོགས་པར་བཤད་ཅིང་། བྲུ་ཤ་གནམ་གསས་སྤྱི་བརྟོལ་གྱི་ཕ་ཚ་བུ་རྒྱུད་རྣམས་ཀྱིས་མངའ་རིས་སྐོར་གསུམ་མན་ཆད་ནས་བོད་ཡུལ་རུ་བཞི་ཡན་ཆད་ཀྱི་ཡུལ་སྡེ་ཐམས་ཅད་བྲུ་ཤའི་མངའ་ཁོངས་སུ་བསྡུས་ནས་བོན་བསྟན་གྱི་མཚན་ཉིད་སྲིད་པའི་མཛོད་ཕུག་ལ་སོགས་པའི་བཤད་པའི་སྡེ་ཆེན་པོ་བཙུགས་ནས་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟན་པའི་བྱ་བ་ཆེས་ཆེར་མཛད་པར་ཡང་བཤད་ཡོད། དེས་ན་བྲུ་ཤ་ཞེས་པ་ནི་བོད་གནའ་བོའི་རུས་མིང་ཞིག་སའི་མིང་དུ་ཐོགས་པ་ཡིན། བྲུ་ཤ་ཞེས་པའི་མིང་གི་ཐ་སྙད་ལ་འབྲི་ཚུལ་ཤིན་ཏུ་མང་པོ་ཡོད་པ་སྟེ། དཔེར་ན་བོད་ཀྱི་ཡིག་རྙིང་དུ“བྲུ་ཞ་”ཞེས་བྲིས་ཡོད་དེ། དེ་ནི་ཨ་མདོའི་ཡུལ་སྐད་དུ་ཤ་ཟ་བ་ལ་ཞ་ཟ་བ་སོགས་ཤ་སྒྲ་ལ་ཞ་སྒྲ་ལྟར་ཀློག་པ་ཤིན་ཏུ་མང་བས་དེ་འདྲ་ཡིན་པར་སྙམ། གཞན་ཡང་ད་དུང་བྲུ་ཤད་དང་། བྲུ་ཤན། སྦྲུ་ཤལ། འབྲུ་ཤལ་སོགས་ཀྱི་འབྲི་སྟངས་ཀྱང་ཡོད་ལ།ཕྱིས་བྱུང་ཡིག་ཆ་ཁག་ཏུ་“བྲུ་ཤ་”ཞེས་འབྲི་བ་ རྒྱུགས་ཆེ།རྒྱའི་ཡིག་ཚང་དུ་བྲུ་ཤ་ལ་པོད་ལུང་(波沦)དང་། པོད་ལུའུ་ལིག(钵卢勒) པའོ་ལུའུ་ལོ།(钵露罗) པོད་ལོ།(钵罗) པོད་ལིས་(勃律)སོགས་རྒྱལ་རབས་རེ་རེའི་དུས་ཀྱི་སྔ་ཕྱིའི་གོ་རིམ་ལྟར་མིང་གི་འབྲི་ཚུལ་ཡང་མི་གཅིག་པ་བྱུང་ཡོད། དཔེར་མཚོན་ཙམ་དྲངས་ན་ལུའུ་ཧྲོས་ལིན་གྱི་《པ་ཅི་སི་ཐན་》ཞེས་པར་རྒྱའི་གནས་མཇལ་པའམ་ལྗོངས་རྒྱུ་མཁན་ཧྥ་ཞིན་(法显)གྱི་སྐད་ཆར། “‘ཏ་ལི་ལོ་(达丽罗)ནས་ཤར་དུ་རི་ཆེན་དང་ཆུ་ཆེན། གྲོག་རོང་བརྒལ་ཏེ་ལེ་དབར་ལྔ་བརྒྱ་བསྐྱོད་པ་ན། བྱང་ཧིན་རྡུའི་མཐའ་མཚམས་ཀྱི་པའོ་ལུའ་ལོ་ (钵露罗)ཁབ་ཏུ་ཐོན་ཡོང་། (སྤྱི་ལོ་403ལོར་)པའོ་ལུའུ་ལོ་ནི་(钵露罗)རྒྱལ་པོ་ཞིག་གི་མིང་རྒྱལ་ཁབ་ལ་ཐོགས་པ་དང་། རྒྱལ་ཁབ་ཧ་ཅང་ཆེ་ཞིང་། སྦལ་ཏི་ནི་པའོ་ལུའུ་ལོ་རྒྱལ་ཁབ་ཀྱི་ལྟེ་གནས་ཡིན།”②ཞེས་དྲངས་ཡོད་དེ། རྒྱ་བོད་གཉིས་ཀྱིས་བྲུ་ཤའི་མིང་དེ་རྒྱལ་པོའི་མིང་ནས་རིམ་བཞིན་ཡུལ་མིང་ལ་ཐོགས་པར་འདོད། འོན་ཀྱང་རྒྱའི་ཡིག་ཚང་མང་པོར་ལོ་ཟླ་དུས་ཚོད་ཀྱི་དབང་གིས་དབང་སྒྱུར་པའི་རྒྱལ་པོ་མི་འདྲ་བ་དང་དེས་དབང་དུ་བསྡུས་པའི་སའི་ཆེ་ཆུང་མི་འདྲ་བས་མིང་གི་འབོད་སྟངས་ལའང་འགྱུར་བ་ཐེབས་འདུག དེ་བས་ཝེ་རྒྱལ་རབས་ཀྱི་སྐབས་སུ་བྲུ་ཤ་ལ་པུ་ལུག་ཧྲ(不流沙)དང་། སུང་རྒྱལ་རབས་ཀྱི་སྐབས་སུ་བྲུ་ཤ་ལ་པུ་ལོ་ཧྲ(布路沙)ཐང་རྒྱལ་རབས་ཀྱི་སྐབས་སུ་བྲུ་ཤ་ལ་པོ་ལུ་(勃律)ཟེར་བ་སོགས་མང་།སྐབས་ལ་ལར་བོད་སྐད་ཀྱི་བྲུ་ཤ་དང་སྒྲ་ཉེ་པོ་ཡོད། བོད་ཀྱི་ཡིག་ཚང་དུ་བྲུ་ཤའི་ཐ་སྙད་ལ་འགྱུར་བ་ཅུང་ཙམ་མ་གཏོགས་བྱུང་མེད་ཅིང་བྲུ་ཤའི་ཡུལ་གྱི་ས་ཁྱོན་ཇི་ལྟར་འགྱུར་ཡང་མིང་ལ་འགྱུར་བ་ཐེབས་མེད་པ་འདྲ།
གཉིས། “བྲུ་ཤ་”ཞེས་པའི་གནས་ཡུལ་ངོས་འཛིན།
     བྲུ་ཤ་ཞེས་པ་ནི་བོད་ཀྱི་ནུབ་ཕྱོགས་མཐའ་མཚམས་ཀྱི་ཡུལ་ལུང་བྱེ་བྲག་པ་ཞིག་གི་མིང་རྙིང་ཡིན་ཞིང་། དུང་དཀར་བློ་བཟང་འཕྲིན་ལས་ཚང་གིས“བྲུ་ཤ་འདི་མངའ་རིས་ལྷོ་རྒྱུད་ཀྱི་ས་ཆ་ཞིག་མིན་ནམ་སྙམ།”③ཞེས་དང་། རྒྱ་བོད་ཚིག་མཛོད་ཆེན་མོའི་ནང་ཤིན་ཅང་ཁུ་ཧྲིའི་ལྷོ་དང་བོད་ལྗོངས་མངའ་རིས་ཀྱི་བྱང་ཀསྨིར་དང་འབྲེལ་བའི་རྒྱ་ཡིག་གི་ནང་པོ་ལི་(勃律)ཟེར་བའི་ས་ཆ་དེར་ངོས་བཟུང་ཡོད་པ་དང་། 《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》ཞེས་པར་རྒྱ་བོད་གཉིས་ཀྱི་སྐད་བྲིས་ཡོད་པ་དེའི་ནང་དུ་ཡང་བྲུ་ཤ་ལ་པོ་ལི་(勃律)ཞེས་བསྒྱུར་ཡོད། 《རྒྱའི་ཡིག་ཚང་དུ་འཁོད་པའི་བོད་དང་འབྲེལ་བའི་ལོ་རྒྱུས》(གཉིས་པ་)ལས། “བྲུ་ཤ་ཞེས་པ་ཞིག་ཡོད་པ་དེ་‘ཅི་པིན་’④དང་བོད་ཀྱི་བར་དུ་ཡོད། བྲུ་ཤ་ཆེ་བར་པུའུ་ལུའུ་ཡང་ཟེར། བོད་ཀྱི་ནུབ་ཕྱོགས་སུ་ཡོད་ཅིང་བྲུ་ཤ་ཆུང་བ་དང་འབྲེལ།ནུབ་མཐའ་རྒྱ་གར་བྱང་མ་དང་ཨྱོན་གཉིས་དང་འབྲེལ། ས་ནས་མདངས་ལེགས་པའི་གསེར་ཐོན། བོད་ཀྱི་མངའ་འོག་ཏུ་མཆིས། བྲུ་ཤ་ཆུང་བ་ནི་རྒྱའི་རྒྱལ་ས་ནས་ལེ་དབར་དགུ་སྟོང་ལྷག་ཙམ་གྱི་གནས་སུ་ཡོད། དེའི་ཅུང་ཟད་ལྷོ་རུ་ཉེ་བའི་ཤར་ཕྱོགས་ལེ་དབར་སུམ་སྟོང་གི་མཚམས་སུ་བོད་ཀྱི་བཙན་པོའི་ཕོ་བྲང་ཡོད་པ་དང་། ཤར་ཕྱོགས་ལེ་དབར་བརྒྱད་བརྒྱའི་མཚམས་སུ་ཨྱོན་ཡོད། ཤར་ལྷོའི་ལེ་དབར་སུམ་བརྒྱའི་མཚམས་སུ་བྲུ་ཤ་ཆེ་བ་ཡོད། ལྷོ་ཕྱོགས་ཀྱི་ལེ་དབར་ལྔ་བརྒྱའི་མཚམས་སུ་ཀསྨིར་ཡོད།”⑤ཅེས་དང་། ཀྲང་ཞིན་ལིང་ལགས་ཀྱིས་“བྲུ་ཤ་ཆེ་བ་དང་ཆུང་བ་གཉིས་ཐོག་མ་གཅིག་ཡིན་པ་ལ། བོད་ཀྱི་སྟོབས་ལ་འཇིགས་ཏེ་ཡུལ་གཉིས་སུ་ཆད་པ་ལས་བྲུ་ཤ་ཆེ་ཆུང་གཉིས་བྱུང་”⑥ཞེས་དང་། ཉི་ཧོང་གི་མཁས་པ་ས་ཐའོ་ཁྱོ་ལགས་ནས་ཀྱང“བྲུ་ཤ་ཆུང་བ་ནི་བྲུ་ཤའི་ཡུལ་གྱི་མི་སྐོར་ཚོ་གཅིག་བོད་དང་འགལ་བ་བྱུང་བར། དེང་གི་ས་གནས་ཅིར་ཅི་ཐི་ས་ཁུལ་དུ་ཕྱིར་སྤོས་པ་ལས་གྲུབ་པར་བརྗོད།”⑦ཅེས་པ་སོགས་ལ་བསམ་ཚེ་ཕལ་ཆེར་བྲུ་ཤའི་ཚོ་སྡེ་འདི་ནི་བོད་ཀྱི་ཡིག་ཚང་རྙིང་བ་དང་རྒྱའི་ཡིག་ཚང་གསར་རྙིང་། ཕྱི་རྒྱལ་གྱིས་བྲིས་པའི་རྩོམ་ཡིག་བཅས་སུ་ཡང་ས་གནས་ཕལ་ཆེར་ཁ་ཕྱོགས་གཅིག་ལ་བབ་ཡོད། སྤྱིར་བཏང་ས་ཆ་གང་ཞིག་ཡིན་ན་ཡང་ལོ་ཟླ་དུས་ཚོད་དང་བསྟུན་ནས་འགྱུར་བའི་རང་བཞིན་ཅན་ཡིན་པ་དེ་ཡང་ཤེས་དགོས་པའི་གནད་ཅིག་རེད། དོན་ལ་བྲུ་ཤ་ཞེས་པ་ནི་དེང་གི་ཕ་ཁི་སི་ཐན་དང་རྒྱ་གར། བོད་ལྗོངས་སོགས་འདྲེས་མཚམས་ཀྱི་ balitistanསྟེ། ཀསྨིར་བྱང་ཤར་གྱི་ཕྱོགས་དེར་བསྟན་ལ། སྤྱིར་བཏང་གི་བོད་ཀྱི་བྲུ་ཤའི་ཡུལ་ཞེས་པའི་ནང་དུ་ས་ཁོངས་གང་དག་འདུ་བ་དང་གང་དག་མི་འདུ་བ་བརྗོད་མེད་པར་རགས་བཤད་བྱས་ཡོད་ཅིང་། བོད་རྒྱལ་ཁྲི་ལྡེ་གཙུག་བརྟན་གྱིས་དབང་སྒྱུར་བ་ནས་བཟུང་བྲུ་ཤ་དེ་ཆེ་ཆུང་གཉིས་སུ་གྱུར་ཡོད་པ་རེད། དུས་རབས་བརྒྱད་པའི་ནང་དུ། ཆེ་བའི་མིང་དུ་བོད་དང་ལ་དྭགས་གཉིས་ཀྱིས“སྦལ་ཏི་”(Balti)ཞེས་འབོད་པ་དང་། ས་གནས་རང་གི་མིས་སྦལ་ཏི་བ་(Balti-pa)ཞེས་འབོད། གང་ལྟར་ཡང་མིང་དེ་ནི་བོད་སྐད་ཏག་ཏག་ཡིན། བྲུ་ཤ་ཆུང་བ་ནི་ཅེར་ཅི་ཐེ(吉尔吉特)ལ་ངོས་འཛིན་བྱེད་པ་རེད།
གསུམ། གནའ་བོའི་ཞང་ཞུང་སྐབས་ཀྱི་བྲུ་ཤ
     ཞང་ཞུང་དང་བྲུ་ཤ་གཉིས་ནི་ས་གནས་མི་གཅིག་པའི་ཡུལ་ལུང་བྱེ་བྲག་པ་གཉིས་ཡིན་མོད། ཡིན་ནའང་དེ་གཉིས་ནི་ཕན་ཚུན་བར་ཐག་ཉེ་བས་རིག་གནས་ཀྱི་འགྲོ་ལམ་གནའ་སྔ་མོ་ནས་བཏོད་ཡོད་པ་བོན་གྱི་ལོ་རྒྱུས་དེབ་ཐར་སྟེང་གསལ་པོ་ཡིན། དེའི་རྒྱུ་མཚན་ནི་ཞང་ཞུང་གི་ཡུལ་གྲུ་འདི་ནི་གནའ་ནས་བཟུང་ཤེས་རིག་གི་འབྱུང་ཁུངས་རྨད་དུ་བྱུང་བ་ཞིག་ཡིན། ཞང་ཞུང་ནི་བོད་གདོད་མའི་ཆོས་ལུགས་བོན་བསྟན་གྱི་འབྱུང་ཁུངས་དང་བོན་གྱི་སྟོན་པ་གཤེན་རབ་ཀྱི་འཁྲུངས་ཡུལ་ཡང་ཡིན་ཏེ། བོད་ཀྱི་གདོད་མའི་ཤེས་རིག་གི་འབྱུང་ཁུངས་སུ་གྱུར་ཅིང་རུས་ཚན་སྦྲས་བདག་ཏུ་བཟུང་བའི་ས་འདི་སྲོང་བཙན་ཡར་སྔོན་དུ་སྤུ་རྒྱལ་ལས་ལོགས་སུ་གནས་པའི་རྒྱལ་ཕྲན་ལྟ་བུ་ཞིག་ཏུ་གནས་མོད། སྲོང་བཙན་སྒམ་པོས་བོད་ཀྱི་མངའ་ཁོངས་སུ་བསྡུས་པ་ནས་བཟུང་། ཞང་ཞུང་ཞེས་མི་འབོད་པར་སྟོད་མངའ་རིས་ཞེས་བརྗོད་པར་གྲགས། ཞང་ཞུང་ནི་བོད་མིའུ་གདུང་དྲུག་གི་ནང་ཚན་སྦྲ་རིགས་སུ་གཏོགས་པར་བཤད་པས་བོད་ཡིན་པ་ལས་མི་རིགས་གཞན་ཞིག་མིན། དེར་བརྟེན། ཞང་ཞུང་དང་བྲུ་ཤ་གཉིས་ནི་གཅིག་ནས་ས་འབྲེལ་དང་གཉིས་ནས་རིག་གནས་བརྗེ་རེས་ཀྱི་ཐོན་ཁུངས་དང་ཆ་རྐྱེན་སོགས་ཕུན་སུམ་ཚོགས་པར་ཡོད་པ་ནི། 《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》ལས། “ཐེག་རིམ་ལ་སོགས་པའང་ཞང་ཞུང་ནས་རྒྱ་གར་ཡུལ་དང་། དེ་ནས་བྲུ་ཤའི་ཡུལ་དུ་འགྱུར་ཞིང་། དེ་ནས་བོད་ཡུལ་དུ་འགྱུར་བ་སྟེ། དབུ་ལ་དང་པོ་ཞང་ཞུང་གི་སྐད། དེ་ནས་རྒྱ་གར་སྐད། དེ་ནས་བྲུ་ཤའི་སྐད། དེ་ནས་བོད་སྐད་བྱུང་བའི་གོ་རིམ་བཞིན་དུ་འགྱུར་བར་སེམས་སོ།།”⑧ཞེས་པ་ལས་ཀྱང་ཞང་ཞུང་གིས་གདོད་མའི་ཆོས་ལུགས་དེ་ཕྱི་ལ་ཁྱབ་བསྒྲགས་བྱེད་པའི་ནུས་པ་དང་བྲུ་ཤའི་མི་རྣམས་ཀྱིས་སྔོན་ཐོན་རིག་གནས་ནང་ལ་བསྡུ་ལེན་བྱེད་པའི་སྙིང་སྟོབས་གཉིས་ཚད་ངེས་ཅན་ཞིག་ལ་སླེབས་ཡོད་པ་ཤེས་ཐུབ།《ཤེས་བྱ་ཀུན་ཁྱབ་ཀྱི་རྩ་བ》ལས། “འདུས་པ་གཤེད་སྐོར་ལ་སོགས་གནུབས་ཆེན་པོས།། རྒྱ་བལ་བྲུ་ཤའི་སློབ་དཔོན་བཞི་ལས་བླངས།།”⑨ཞེས་པ་ལྟར། རྒྱལ་བོ་ཁྲི་རལ་བ་ཅན་གྱི་སྐབས་སུ། གྲུབ་པའི་སློབ་དཔོན་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་མདོ་དགོངས་པ་འདུས་པ་སོགས་ཨ་ནུ་ལུང་གི་མདོ་བཞི་དང་། དེའི་ལམ་རིམ་འདུས་པ་མདོའི་དབང་བཤད་མན་ངག་དང་བཅས་པ། གཤིན་རྗེ་གཤེད་ཕྱག་རྒྱ་ཟིལ་གྱིས་གནོན་པ་གཙོ་བོར་གྱུར་པའི་གཤེད་སྐོར་ལ་སོགས་གདམས་ངག་མཐའ་ཡས་པ་ནི་རྒྱ་གར་ཁྲག་འཐུང་ནག་པོ་དང་། ཆོས་རྒྱལ་སྐྱོང་། བལ་པོ་བ་སུ་དྷ་ར། བྲུ་ཤའི་སློབ་དཔོན་ཆེ་བཙན་སྐྱེས་སོགས་ལས་བླངས་ཏེ་བོད་དུ་སྤེལ་བ་ཡིན་པས་སྐབས་དེར་བྲུ་ཤའི་ཡུལ་དུའང་ཆོས་ལུགས་ཀྱི་རིག་གནས་དར་རྒྱས་སུ་སོང་ནས་རྨང་གཞི་ངེས་ཅན་ཞིག་ལ་སླེབས་ཡོད་པ་ཤེས་ཐུབ། གལ་ཏེ་དེ་ལྟར་མེད་ཚེ། མདོ་དགོངས་པ་འདུས་པ་སོགས་ཨ་ནུ་ལུང་གི་མདོ་བཞི་དང་།ལམ་རིམ་འདུས་པ་མདོའི་དབང་བཤད་མན་ངག་དང་བཅས་པ་སོགས་མཐར་ཕྱིན་པ་ཞིག་སློབ་མི་ཐུབ་ལ། ཡིན་ཡང་འདིར་ཆོས་ལུགས་དར་སྔ་བའི་རྒྱ་གར་གྱི་མཁས་པ་དང་བལ་པོའི་མཁས་པ་དེ་དག་དང་ཤེས་བྱའི་ཆུ་ཚད་དོ་མཉམ་གྱི་ཚད་དུ་སླེབས་ཡོད་པར་མ་ཟད། བོད་ཀྱི་གྲུབ་པའི་སློབ་དཔོན་གནུབས་ཆེན་སངས་རྒྱས་ཡེ་ཤེས་ལྟ་བུའི་མཁས་ཆེན་གྱིས་ཀྱང་སློབ་དཔོན་དུ་བསྟེན་པ་སོགས་ཀྱི་བྲུ་ཤའི་ཡུལ་དུ་གནའ་བོའི་ཞང་ཞུང་གི་སྐབས་ནས་བཟུང་ཆོས་ལུགས་དར་ཏེ་རྨང་གཞིའི་མཐུག་པོ་ཞིག་ཆགས་པར་བརྟེན་ནས་ད་གཟོད་རིམ་བཞིན་མཁས་ཆེན་མང་དུ་བྱུང་ཡོད་པ་ཤེས་ཐུབ།ཡང་《རྒྱ་བོད་མིང་མཛོད་》ལས། “བྲུ་ཤ་ནི་དོན་གཉིས་ལ་འཇུག་སྟེ། ༡ བོད་ཀྱི་ནུབ་ཕྱོགས་སུ་ཡོད་པའི་གནའ་བོའི་ཡུལ་མིང་ཞིག(1.祝夏,西藏西部古地名。)༢ བྲུ་ཤའི་ཡུལ་དུ་བོན་ཆོས་དར་བའི་ཡུལ་ལུང་ཞིག་ཡིན། (2.本教的一支,系由祝夏传入。)”⑩ཞེས་པ་ལྟར་བྲུ་ཤའི་ཡུལ་དུ་བོན་ཆོས་དར་ཡོད་པས་གནའ་སྔ་མོ་ནས་ཞང་ཞུང་དང་འབྲེལ་བ་ཟབ་མོ་ཡོད་པ་ཤེས་ཐུབ། གཞན་ཡང་རྒྱལ་རིགས་བྲུ་ཡི་གདུང་རྒྱུད་འཛིན་མཁན་ཐེག་པ་ཆེན་པོའི་བོན་བསྟན་སྤེལ་མཁན་བྲུ་ཤ་གནམ་གསས་སྤྱི་བརྟོལ་དང་། གྲི་གུམ་བཙན་པོ་སྐབས་ཀྱི་སྐུ་གཤེན་བྲུ་ཤ་གནམ་གསས་ལྟ་བུའི་མིང་གི་ནང་དུའང་གནམ་གསས་ཡོད་པ་དང་། བྲུ་ཤ་གནམ་གསས་སྤྱི་བརྟོལ་གྱི་ཚ་བོ་མཚོ་བཙན་སྐྱེས་དང་ཁྲི་རལ་སྐབས་ཀྱི་གནུབས་སངས་རྒྱས་ཡེ་ཤེས་ཀྱི་སློབ་དཔོན་བྲུ་ཤ་ཆེ་བཙན་སྐྱེས་ལྟ་བུའི་མིང་གི་ནང་དུ་བཙན་སྐྱེས་ཟེར་པ་འདི་དག་ནི་དེང་དུས་ཀྱི་བོན་པོ་མིའི་མིང་དུ་འབོད་པའང་ཡོད། གང་ལྟར་བྲུ་ཤ་ནི་ཕྱོགས་གང་ཅིའི་ཐད་ནས་ཀྱང་ཞང་ཞུང་གི་རིག་གནས་ར་བའི་ནང་དུ་འདུས་ཡོད་པས་སྤུར་རྒྱལ་རིག་གནས་ཀྱི་འདུ་ཤེས་ཟབ་མོ་ཡོད་པ་ཤེས་ཐུབ།
བཞི། སྤུ་རྒྱལ་བཙན་པོ་སྐབས་ཀྱི་བྲུ་ཤ
     འདིར་བོད་རྒྱལ་ཐོག་མ་གཉའ་ཁྲི་ནས་གནམ་རི་སྲོང་བཙན་གྱི་བར་དུ་སྤུ་རྒྱལ་གྱི་དུས་སྐབས་ཟེར་ཏེ། བོད་ཀྱི་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོའི་སྐབས་སུ་བོན་ཆོས་ལ་དད་པ་བྱེད་པ་མ་ཟད། སྐུ་གཤེན་ནམ་སྐུ་སྲུང་བྱེད་མཁན་ཞང་ཞུང་ནས་གདན་དྲངས་པའི་མཚེ་མི་རྒྱལ་དང་། ཙོ་མི་ཕྱག་གར་གཉིས་ཀྱིས་བྱས་པ་དང་། བོད་རྒྱལ་གཉིས་པ་མུ་ཁྲི་བཙན་པོའི་དུས་དབུ་རུར་བོན་གྱི་འདུ་གནས་བཅུ་གསུམ་དང་། གཡོན་རུར་བོན་གྱི་འདུ་གནས་བདུན། གཡས་རུར་བོན་གྱི་འདུ་གནས་བརྒྱད། རུ་ལག་བོན་གྱི་འདུ་གནས་དགུ་བཅས་བོད་དུ་བོན་གྱི་འདུ་གནས་སོ་བདུན་བཙུགས་ཏེ་ཞང་ཞུང་ནས་བོན་པོ་གདན་དྲངས་ཏེ་བོན་བསྟན་དར་སྤེལ་བཏང་ཚུལ་བོད་ཀྱི་ཡིག་ཚང་ཁག་ཏུ་གསལ་བས། སྐབས་རེར་བོན་ཆོས་ཆེས་ཆེར་དར་བའི་བྲུ་ཤའི་ཡུལ་ནས་ཀྱང་བོན་པོ་གང་མང་གདན་དྲངས་ཏེ་བོད་དུ་བོན་བསྟན་དར་རྒྱས་བཏང་ཡོད་པ་གདོན་མི་ཟ། “དེ་ལྟར་དུས་དང་། ལས་དང་། རྐྱེན་གསུམ་ཀ་དུས་གསུམ་དུ་འཛོམས་པས་རྒྱལ་པོའི་ཐུགས་ལ་དོགས་པ་མེད་པར་གཡུང་དྲུང་གི་བོན་བསྣུབ་པར་དྲན་པ་ལ། བྲུ་ཤ་གནམ་སྲས་ན་རེ། རྒྱལ་པོ་ལགས། གྲོས་འདི་བཤོལ་པར་ཞུ། ཅིས་ཀྱང་མཛད་ན་བོན་བཤོས་ཀྱི་ལྷ་བོན་སྒོ་བཞི་དང་། དེ་བཏོན་པའི་སྐུ་བཤེན་གཅིག་བཞག་འཚལ། དེ་ལྟར་མ་མཛད་ན་ལྷ་རྒོད་ལྕམ་དྲལ་རུ་འཐུར་བས་རྒྱལ་པོ་རང་སྐུ་མི་རྟག་ཉེན་མཆིའོ།།”⑾ཞེས་བཙན་པོའི་སྐུ་གཤེན་དུ་བྲུ་ཤའི་ཡུལ་གྱི་བོན་བསྟན་ལ་མཁས་པའི་བོན་པོ་གནམ་སྲས་སོགས་གདན་དྲངས་ཡོད་པ་ལས་བྲུ་ཤའི་ཡུལ་གྱི་བོན་མཁས་གང་མང་བོད་དུ་གདན་དྲངས་ནས་བོད་དང་བྲུ་ཤའི་བར་དུ་འབྲེལ་བ་ཟབ་མོ་ཡོད་པ་རྟོགས་ཐུབ། ཡང《དེབ་ཐེར་ཀུན་གསལ་མེ་ལོང་》ལས། “གྲི་གུམ་བཙན་པོའི་དུར་མཆོད་བོད་ཀྱི་བོན་རྣམས་ཀྱིས་བྱེད་མ་ཤེས་སྟབས། ཁ་ཆེ་དང་། བྲུ་ཤ ཞང་ཞུང་བཅས་ནས་བོན་པོ་མི་གསུམ་གདན་དྲངས་པས། གཅིག་གིས་གེ་གོད་ཁྱུང་དང་མེ་ལྷ་བསྒྲུབས་པ་ལ་བརྟེན་ནས་རྔ་བཞོན་ནས་ནམ་མཁའ་ལ་འགྲོ་བ་དང་། གཏར་བ་ལེན་པ། བྱ་སྒྲོས་ལྕགས་གཅོད་པ་སོགས་ཀྱི་ནུས་པ་བཏོན། གཅིག་གིས་ཇུ་ཏིག་དང་། ལྷ་བཀའ་དང་། སོག་དམར་ལ་སོགས་པ་མོ་བཏབ་ནས་ལེགས་ཉེས་གཏན་ལ་ཕབ། གཅིག་གིས་གཤིན་པོ་དུར་བ་དང་། གྲི་འདུལ་བ་ལ་སོགས་པ་ཤེད་ཀྱི་བྱེ་བྲག་རྣམས་ཤེས། དེ་གསུམ་མ་བྱུང་གོང་དུ་བོན་ལ་ལྟ་བ་འདི་ཡིན་བྱ་བ་མེད།”⑿ཅེས་དང་། 《ཀིརྟི་རྣམ་ཐར་གསེར་ཕྲེང་གླེགས་བམ་གསུམ་པ་》ལས། “རྒྱལ་པོ་ལྡེ་འཕྲུལ་གནམ་གཞུང་བཙན་དང་། བཙུན་མོ་ས་སྙན་མའི་སྲས་སེ་སྣོལ་གནམ་ལྡེ་བཙན་བྱ་བ་འཁྲུངས། སྐུ་མཛེས་ཐུགས་རྒྱུད་འཇམ་པ་སོགས་ཕལ་ཆེར་ཡབ་ཀྱི་ཡོན་ཏན་རྣམས་དང་མཚུངས་པས་འབངས་རྣམས་ཀྱང་ཤིན་ཏུ་གུས། བློན་འབངས་རྣམས་ལ་བཀར་བཏགས་ཏེ་གསེར་དངུལ་ཟངས་ལྕགས་སོགས་ཀྱི་ལས་དང་། ཞིང་ལས་ཀྱི་མཐའ་ཕན་ཚུན་མཛའ་མཐུན་གྱི་ཁྲིམས་སོགས་རྒྱ་ཆེར་སྤེལ། བྲུ་ཤའི་རྒྱལ་པོ་ལ་དཔུང་གིས་སྐྲག་པར་མཛད་ནས་མངའ་འོག་ཏུ་བསྡུས།།”⒀ཞེས་འབྱུང་སྟེ། སྲོང་བཙན་སྒམ་པོའི་ཡར་སྔོན་གྱི་རྒྱལ་པོ་གྲི་གུམ་བཙན་པོའི་རིང་ནས་བཟུང་བོད་དང་བྲུ་ཤའི་འབྲེལ་ལམ་ཟབ་ཚུལ་རྟོགས་ནུས།
ལྔ། ཆོས་ལྡན་རྒྱལ་རབས་སྐབས་ཀྱི་བྲུ་ཤ
     དུས་རབས་བདུན་པ་ནས་བཟུང་བོད་རྒྱལ་སྲོང་བཙན་སྒམ་པོས་ནང་ཁུལ་བདེ་ལ་བཀོད་རྗེས། སྔོན་ཡབ་མེས་ཀྱི་རིང་ལ་མངའ་འབངས་སུ་ཡོད་པ་ཕྱིས་སུ་ངོ་ལོག་པའི་དྭགས་ཀོང་མྱང་གསུམ་ཡང་བསྐྱར་བཙན་པོའི་ཆབ་འོག་ཏུ་བསྡུས་པ་དང་། རིམ་གྱིས་རང་གི་སྟོབས་ཤུགས་ཕྱི་རུ་བསྐྱེད་དེ་སྤྱི་ལོ་641ཙམ་ལ་བལ་བོའི་རྒྱལ་པོ་ཡུ་སྣ་ཀུག་ཏི་བྱ་བ་བཀུམས་ནས་ན་རིར་བ་རྒྱལ་པོར་བཅུག་ནས་སྲིད་དབང་རང་ལ་གཏོགས་པར་བྱས། སྤྱི་ལོ་644ཙམ་ལ་ཞང་ཞུང་རྒྱལ་པོ་ལི་སྙ་ཤུར་བྱ་བའི་ཆབ་སྲིད་བརླགས་ཏེ་འབངས་སུ་བཀུག་ནས་བོད་ཡུལ་གཅིག་གྱུར་གྱི་རྨང་བཏིང་། སྤྱི་ལོ་665ནས་བཟུང་བློན་པོ་མགར་དང་ཁོའི་བུ་བཞི་ཡིས་གྲུ་གུ་དང་འཇང་། རྒྱའི་ས་མཚམས་མང་པོར་དམག་དྲངས་པ་ནི། 《ཐང་ཡིག་རྙིང་མ》ལས། “ཁྲི་འབྲིང་སྤུན་མཆེད་ཀྱིས་དམག་གི་བྱ་བ་གཉེར་བ་ནས་བཟུང་། ཁྲི་འབྲིང་ནི་རྒྱལ་པོའི་ཕོ་བྲང་དུ་སྲིད་ཀྱི་ལས་ལ་བྲེལ་ཞིང་། ཁོང་གི་མཆེད་ཟླ་རྣམས་ཕྱོགས་ཀྱི་དམག་དཔོན་ལ་བསྐོས། བཙན་བྲོད་ཀྱིས་ཀྲུང་གོ་དང་འབྲེལ་བའི་ཤར་ཕྱོགས་ས་ཆ་བདག་ཏུ་གཉེར་ཏེ། ལོ་ངོ་སུམ་ཅུ་ལྷག་གི་རིང་ལ་ཐང་རྒྱལ་ཁབ་ཀྱི་ས་མཚམས་ཀྱི་གེགས་སུ་གྱུར། ཁྲི་འབྲིང་སྤུན་མཆེད་རྣམས་དེས་ཤིང་མཛངས་དཀྱེལ་ཆེ་བས་བྷོད་པ་རྣམས་ཀྱང་འཇིགས་པ་ཡིན།”⒁ཞེས་པས་ཀྱང་སྲོང་བཙན་སྒམ་པོའི་དགུང་བློན་ཏེ། མགར་སྟོང་བཙན་ཕ་བུས་དམག་དཔུང་གི་སྟོབས་ཤུགས་ཕྱི་ལ་བསྐྱེད་ནས་ཉེ་མཚེས་མི་རིགས་རྣམས་ལ་མི་བདེ་བ་བཟོ་བཞིན་ཡོད་པ་མཚོན་ཐུབ་པ་དང་། 《རྒྱའི་ཡིག་ཚང་དུ་འཁོད་པའི་བོད་དང་འབྲེལ་བའི་ལོ་རྒྱུས》(དང་པོ)ལས། “ཞན་ཧེང་ཁྲི་ལོ་དང་པོ། སྤྱི་ལོ་670ལོའི་དབྱར་ཟླ་བཞི་པར།‘ནུབ་ཡུལ་’⒂གྱི་ཀྲོའུ་བཅོ་བརྒྱད་བོད་ལ་ཤོར་བ་དང་།བོད་ཀྱིས་ཡང་ཡུས་ཐེན་དང་བསྡོངས་ནས་ཆིའུ་ཚིའི་‘པོ་ཧོན་མཁར་’⒃ལ་དམག་དྲངས་པས་པོ་ཧོན་མཁར་བོད་ལ་ཤོར།དེར་ཐང་གིས་ཆིའུ་ཚི་དང་། ཡུན་ཐེན། ཡན་ཆི། ཧྲུའུ་ལེ་བཅས་‘དམག་སྡེ་བཞི་’⒄ཡི་སྒྲིག་གཞི་མེད་པར་བཟོས།”⒅ཞེས་པས་གོང་གི་ཚིག་འདི་དང་ཏུང་ཧོང་ཡིག་རྙིང་གི་“རྟའྀ་ལོའབཙན་པོ:འོ་དང་ན་བཞུགས་ཤྀང་། ཇྀ་མ་ཁོལ་དུ:རྒྱ་མང་པོ་བཏུངས་ཕར:ལོ གཆིག་”⒆ཅེས་པ་གཉིས་ནི་ནང་དོན་ཧ་ཅང་གཅིག་མཚུངས་རེད། ཇྀ་མ་ཁོལ་ནི་ད་ལྟའི་ཤིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་ཆེ་མོ་(且末)ཡིན་པར་སྙམ། གང་ལྟར་སྐབས་དེར་བོད་ཀྱི་དཔུང་ཤུགས་ནུབ་ལྗོངས་ཀྱི་འུ་ཐེན་(于阗)དང་། ཤུ་ལིག (疏勒)ཆིའུ་ཚི་(龟兹)བཅས་སུ་སླེབས་ནས་བྲུ་ཤའི་ཡུལ་དབང་སྒྱུར་ཡོད་པ་ནི། ཐང་ཁའེ་ཡོན་ཁྲི་ལོའི་ལོ་འགོར། རྒྱའི་ཧ་ཤང་ཤེས་རབ་འཕེལ་(慧超)ཕ་སྨིར་མཐོ་གཤོངས་བརྒྱུད་དེ་ཚུང་ལིན་གྲོང་བརྡལ་དུ་འབྱོར་སྐབས“此即旧日王裴星国境,为王背叛,走投吐蕃”⒇ཞེས་དུས་དེར་ས་ཁུལ་དེ་བོད་ཀྱི་དབང་འོག་ཏུ་ཡོད་པ་དང་། འདིར་འཁོད་ “དེ་སྔ་”ཞེས་པས་ཡུལ་འདི་བོད་ཀྱི་བདག་ཏུ་བཟུང་ནས་ཡུན་རིང་ཞིག་འགོར་བ་བསྟན་པས། ཕལ་ཆེར་དུས་རབས་བདུན་པའི་འགོ་ཙམ་ལ་བོད་ཀྱིས་དམག་དོན་འགུལ་སྐྱོད་སྤེལ་ཡོད་པ་ཤེས་ཐུབ། ཁ་བརྒྱད་ནི་ཁྲོམ་ཁ་ཆེན་པོ་བརྒྱད་ལ་བྱ་སྟེ། 《ལྡེའུ་ཆོས་འབྱུང་》ལས། “ཁ་བརྒྱད་ཁེ་བརྒྱད་ནི། སྟོད་ན་ཁྲོམ་ཁ་ཆེན་པོ་གསུམ་སྟེ། དྲུ་ཞའི་རྒྱལ་ཁམས་དང་། དྲུ་གུ་དང་།བལ་པོའོ། སྨད་ཀྱི་ཁྲོམ་ཁ་གསུམ་ལ། གར་ལོག རོང་རོང་། ལྡན་མའོ། དབུས་ཀྱི་ཁྲོམ་ཁ་གཉིས་ནི་སྟོང་སྟོང་གཉིས་སོ་”﹙21﹚ཞེས་པས་སྲོང་བཙན་གྱི་དུས་སུ་ཁྲོམ་ཁ་ཆེན་པོ་བརྒྱད་ཡོད་པར་བཤད་པ་དང་། སྤྱིར་བཏང་ཁྲོམ་དང་འབྲེལ་བའི་ས་གནས་འདི་དག་ཚང་མ་བོད་ས་གནས་རང་དུ་མེད་པར་བོད་དང་འདབས་འབྲེལ་བའི་བོད་གཏོགས་ཡུལ་གྲུ་ཁག་ཏུ་ཡོད། བོད་ཀྱིས་ས་ཁུལ་གསར་བ་འདི་དག་དབང་དུ་བསྡུས་རྗེས། དབང་སྒྱུར་གྱི་དགོས་པར་དམིགས་ནས་དམག་དོན་གཙོར་བྱས་ཏེ་བཙུགས་པ་ཡིན་ལ། ཕྱིས་ཁྲོམ་གྱི་ལམ་ལུགས་འདི་གཏན་འཇགས་སུ་གྱུར་བ་དང་བསྟུན་ནས་སྲིད་འཛིན་གྱི་ངོ་བོར་འཕེལ་བ་རེད་སྙམ། བོད་རྒྱལ་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་གྱི་རིང་ལ། བོད་ཀྱིས་ནུབ་ལྗོངས་ས་ཆར་དམག་དོན་རྒྱ་བསྐྱེད་པ་ལས་བྲུ་ཤ་དང་ཆབ་སྲིད་ཀྱི་འབྲེལ་བ་ཐོག་མར་བྱུང་ཚུལ་ནི། 《ཐང་བོད་དང་ནུབ་བྱང་གི་མི་རིགས་སོ་སོའི་འབྲེལ་བའི་ལོ་རྒྱུས་ལ་ཞིབ་འཇུག་》ལས། “དེའང་བོད་དམག་ནུབ་ལྗོངས་སུ་སྐྱོད་སྐབས། ཐོག་མར་མཚོ་སྔོན་པོའི་ཕྱོགས་ནས་ནུབ་ཏུ་བསྐྱོད་དེ་ཚྭ་འདམ་གཞོང་ས་བརྒྱུད་ཅིང་།ཤིང་ཤན་ནས་ཐོན་ཏེ་ཨན་ཞི་སྡེ་བཞི་ལ་བསླེབས་པའི་‘འ་ཞའི་ལམ་’དེ་བརྒྱུད་པ་ཡིན་མོད། ཕྱིས་ཐང་གིས་བོད་ཀྱི་ས་ནས་ཨན་ཞི་སྡེ་བཞི་སླར་བླངས་པས། བོད་དམག་ནུབ་ལྗོངས་སུ་དཔུང་བསྐྱོད་བྱེད་པར་འགོག་རྒོལ་ཐེབས།” ﹙22﹚ཞེས་པ་ལ་བལྟས་ན་བོད་ཀྱིས་སའི་གནས་བབ་དང་གནམ་གཤིས་ཀྱི་ཆ་རྐྱེན་གང་གི་ཆ་ནས་ཀྱང་སྟོད་དུ་དམག་འདྲེན་ཚེ་བར་ལམ་དེ་‘བྲུ་ཤའི་ལམ་’འདི་འདེམས་དགོས་པས་བྲུ་ཤ་དང་བོད་བར་ལ་རང་བཞིན་གྱིས་ཆབ་སྲིད་ཀྱི་འབྲེལ་བ་བྱུང་དགོས་པ་དཔོག་ཐུབ། ཡང《རྒྱའི་ཡིག་ཚང་དུ་འཁོད་པའི་བོད་དང་འབྲེལ་བའི་ལོ་རྒྱུས》(དང་པོ)ལས། “ཁའེ་ཡོན་ཁྲི་ལོ་བཅུ་པ། སྤྱི་ལོ་722ལོའི་ཟླ་བརྒྱད་པའི་ཚེས་བཅོ་ལྔའི་ཉིན།བོད་དམག་གིས་བྲུ་ཤ་ཆུང་བའི་རྒྱལ་པོ་མོ་ཅིན་མང་བསྐོར། དེར་མོ་ཅིན་མང་གིས་‘པེ་ཐིང་’ ﹙23﹚ཅེ་ཏུའུ་ཧྲིའི་གོ་ཐོབ་ཅན་ཀྲང་སུང་ལ། བྲུ་ཤ་ནི་ཐང་གི་སྒོ་མོ་ལྟ་བུ་ལགས་ན། བྲུ་ཤ་ཤོར་ཚེ་ནུབ་ཡུལ་ཧྲིལ་པོ་བོད་ལ་འཆོར་བར་འགྱུར་” ﹙24﹚ཞེས་བཤད་པའི་ཚིག་འདི་ལས་ཐང་ལ་འཕྲིན་ཡིག་བསྐུར་ཏེ་བསྐྱལ་རྒྱུའི་རེ་བ་ཞུས་པས་བོད་བཙན་པོར་ཕྱིར་རྒོལ་དགོས་ན་ནུབ་ཡུལ་དུ་རྒྱ་ནག་ཐང་ལྟ་བུས་མ་གཏོགས་རྒོལ་ལན་སློག་མི་ཐུབ་པ་དེ་བསྟན་པའི་ཤུགས་ལས་རྒྱལ་ཕྲན་ནམ་ཚོ་སྡེ་དེ་དག་བོད་དང་རྒྱ་ནག་ཐང་གཉིས་ཀྱི་ཆབ་འབངས་སུ་ངེས་མེད་རེས་འགྱུར་གྱིས་འཚོ་བ་རོལ་བཞིན་ཡོད་པ་མཚོན་ཐུབ། གཞན་ཡང་《ཐང་ཡིག་རྙིང་མའི་ཐུ་བྷོད་ཀྱི་གླེགས་བམ་》ལས། “སྤྱི་ལོ737ལོར། (ཁེ་ཡོན་ཁྲི་ལོ་ཉེར་ལྔ་བ)བྲུ་ཤ་དབང་དུ་བསྡུས་” ﹙25﹚པར་བཤད་ཅིང་། 《ཏུན་ཧོང་ཡིག་ཚང་》དུ། “གླང་གྀ་ལོ་ལ། བཙན་པོ:ཕོ་བྲང:དྲོན་གྱྀ་མང་སྟེ:ལུང་ན་བཞུགས། བློན་སྐྱེས:བཟང་ལྡོང་ཙབ:གྱྀས།བྲུ་ཤ་ཡུལ་དུ་དྲངས། དགུན་ཕོ་བྲང་བྲག་མར་ན་བཞུག་སྟེ།བྲུ་ཞའྀ:རྒྱལ:པོ:ཕབ་སྟེ:ཕྱག་འཚལད། རྒྱའྀ:ཕོ་ཉ:འྭང་འདོ་ཤི:པྱག་འཙལད། ནས། རྒྱས:ཆབ:སྲྀད་བཤྀག་པར་ལོ་གཅིག” ﹙26﹚ཅེས་བཀོད་པ་ལྟར་ལོ་འདིར་བོད་ཀྱིས་བྲུ་ཤར་དམག་དྲངས་ནས་ཕབ་པར་བསྙད་དེ་རྒྱས་ཆབ་སྲིད་བཤིགས་པ་སྟེ། སྔོན་རི་བོ་ཁྲི་ལིང་དུ་རྡོ་རིང་བསླངས་ནས་མཇལ་དུམ་བྱས་པ་དང་འགལ་ཏེ་བོད་ཡུལ་དུ་དམག་དྲངས་པས་སླར་ཡང་རྒྱ་བོད་བར་དམག་འཁྲུག་ལངས་པ་སོགས་ཀྱིས་བྲུ་ཤ་ཆེ་ཆུང་ནི་བོད་དབུས་དང་ས་ཁད་རིང་ཞིང་དམག་འཐབ་ཀྱི་འགག་སྒོ་གལ་ཆེན་ཞིག་ཏུ་གནས་ཕྱིར།སྔ་རྗེས་སུ་ཐང་ལ་ཤོར་བའི་སྣང་ཚུལ་བྱུང་ཡང་། སྤྱི་ལོ་737ལོར་ཡང་བསྐྱར་འབངས་རྣལ་མར་བཀུགས་ཏེ་བཙན་པོ་རིམ་བྱོན་གྱིས་ཐུགས་རྗེས་ཡུན་རིང་བསྐྱངས་པ་མཚོན་པ་དང་། 《རྒྱའི་ཡིག་ཚང་དུ་འཁོད་པའི་བོད་དང་འབྲེལ་བའི་ལོ་རྒྱུས》(དང་པོ)ལས། “ཐེན་པོ་ཁྲི་ལོ་དྲུག་པ། སྤྱི་ལོ་747ལོར་བོད་ཀྱིས་སྲས་མོ་བྲུ་ཤ་ཆུང་བའི་རྒྱལ་པོའི་བཙུན་མོར་བརྫངས་ཏེ་རྒྱལ་ཁམས་དེ་དང་དེའི་ཉེ་འཁོར་གྱི་རྒྱལ་ཁབ་ཉི་ཤུ་ལྷག་ཚང་མས་བོད་ལ་སྐྱབས་བཅོལ། ཐང་ལ་སྐྱེས་འབུལ་མཚམས་བཞག ཅེ་ཏུའུ་ཧྲི་སྔ་ཕྱི་གཉིས་ཀྱིས་དམག་དྲངས་ཀྱང་འདུལ་མ་ཐུབ་པས་གོང་མས་ཀའོ་ཞན་ཀྲི་རུ་འདེགས་ཅེ་ཏུའུ་ཧྲིར་བཀས་བསྐོས་ཤིང་རྟ་དམག་ཁྲི་གཅིག་དང་བཅས་འཐབ་ཏུ་བཏང་། ཨན་ཞི་ནས་ཉིན་བརྒྱ་ལྷག་ལ་བསྐྱོད་མཐར་ཐེ་ལེ་མན་ཁྲོན་ཞེས་པར་སླེབས། དམག་དཔུང་ལམ་ཁག་གསུམ་དུ་བགོས་ཏེ་ཟླ་བདུན་པའི་ཚེས་བཅུ་གསུམ་གྱི་ཉིན་བོད་ཀྱི་‘ལེན་ཡུན་མཁར་’ ﹙27﹚གྱི་འདབས་སུ་འཛོམས། དེར་བོད་དམག་ཁྲིར་ཉེ་བ་ཡོད་པར།ཐང་དམག་གློ་བུར་དུ་སླེབ་སྲིད་པ་བློ་ཡུལ་དུའང་འཁོར་མེད་པས་དངངས་འཚུབ་ཆེན་པོ་བྱུང་། ཟླ་བརྒྱད་པར་ཀའོ་ཞན་ཀྲིས་བྲུ་ཤ་ཆུང་བའི་རྒྱལ་པོ་དང་བོད་ཀྱི་སྲས་མོ་གཉིས་བཟུང་ནས་ཕྱིར་ལོག ཟླ་དགུ་པར་ལེན་ཡུན་མཁར་ལ་སླེབས་ཏེ་པེན་ལིང་ཁྲེང་དང་ལྷན་དུ་བསྐྱོད། ཟླ་མཇུག་ཏུ་པོ་སྨི་ཁྲོན་ཞེས་པར་སླེབས་ཤིང་བང་ཆེན་མངགས་ནས་གནས་ཚུལ་གོང་མར་ཞུས།” ﹙28﹚ཞེས་པ་འདི་དང་ཏུང་ཧོང་ཡིག་རྙིང་གི“ཕགྀ་ལོ་ལ་བབ་སྟེ། དབྱར་བཙན་ཕོ་ན་མར་ན་བཞུགས། གོག་ཡུལ་དུ་རྒྱའི་བྱིམ་པོ་བྱུང་སྟེ། བྲུ་ཤ་དང་གོག་སྟོརད་”bཅེས་བཀོད་པ་ལྟར། ལོ་དེར་ཀེ་ཧྲུའུ་ཧན་གྱི་སོ་དམག་གིས་གོག་ཡུལ་ལམ་ཁོ་ཀྲོའུ་ཡི་ཁོངས་སུ་སྟོན་ཐོག་སྡུད་མཁན་གྱི་བོད་དམག་ཕམ་པ་དང་། ནུབ་ཕྱོགས་སུ་བྲུ་ཤ་ཆུང་བ་རྒྱར་ཤོར་བ་བཀོད་པ་དང་མཐུན་པ་རེད། ཡང་《རྒྱའི་ཡིག་ཚང་དུ་འཁོད་པའི་བོད་དང་འབྲེལ་བའི་ལོ་རྒྱུས》(དང་པོ)ལས།“ཐེན་པོ་ཁྲི་ལོ་བརྒྱད་པ་སྤྱི་ལོ་749ལོའི་ཟླ་བཅུ་གཅིག་པའི་ཚེས་ལྔའི་ཉིན། ‘ཐུའུ་ཧུའོ་ལོ་’ ﹙29﹚རྒྱལ་ཁབ་ཀྱི་‘ཡེ་ཧུའུ་’ ﹙30﹚ཧྲི་ལི་ཏ་ཅ་ལོ་ཡིས་ཕོ་ཉ་མངགས་ཏེ་ཞུ་ཡིག་ཕུལ་དོན།‘ཆེ་ཧྲི་’ ﹙31﹚རྒྱལ་ཁབ་ཀྱི་རྒྱལ་པོས་བོད་ལ་སྐྱབས་བཅོལ་ཞིང་། བྲུ་ཤ་ཆུང་བ་སྲུང་བའི་ཐང་གི་དམག་དཔུང་བསྐོར་ཏེ་དམག་འབྲུ་འདྲེན་ལམ་བཅད། བློན་པོ་ཕྲན་གྱིས་སྡང་དགྲ་འདུལ་བར་འདོད་པས་ཨན་ཞིའི་དམག་གཏོང་རྒྱུ་མཁྱེན། སང་ལོའི་ཟླ་དང་པོར་བྲུ་ཤ་ཆུང་བར་འཛོམ་རྒྱུ་དང་ཟླ་དྲུག་པར་བྲུ་ཤ་ཆེ་བར་བསླེབ་པར་བྱ་རྒྱུ་འཚལ་ཞུས། གོང་མས་ཀྱང་དེ་ལྟར་ཞལ་གྱིས་བཞེས།” ﹙32﹚ དེར་བརྟེན། ཡུལ་གྲུ་འདི་དག་ནི་རྒྱ་བོད་གང་ལ་མཚོན་ནའང་ཧ་ཅང་དགོས་གལ་ཤིན་ཏུ་ཆེ་བས་མཚམས་རེར་རྒྱ་ཡིས་འཛིན་པ་དང་མཚམས་རེར་བོད་ཀྱིས་འཛིན་པའི་སྣང་ཚུལ་ཡོད་ཅིང་། ཁྱད་པར་དུ་བཙན་པོ་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་གྱི་རིང་། བྷོད་ཀྱིས་བྲུ་ཤ་དང་ཨན་ཞི་སྡེ་བཞི་བཅས་ལ་དབང་སྒྱུར་སྲ་བརྟན་གནང་བ་དང་བོད་བཙན་པོའི་དམག་དོན་ཐད་བྱས་རྗེས་མི་དམན་པ་ཞིག་བཞག་ཡོད་པ་དང་། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བྲུ་ཤ་ནི་བོད་ཀྱི་མངའ་རིས་སྐོར་གསུམ་གྱི་གྲས་སུ་གྱུར་ཡོད་ནི། 《བཀའ་ཐང་སྡེ་ལྔ་》ལས། སློབ་དཔོན་པདྨ་འབྱུང་གནས་ཀྱིས་ལྷ་ཀླུ་གཞི་བདག་རྣམས་གསོལ་མཆོད་མཛད་སྐབས། “སྟོད་དུ་མངའ་རིས་སྐོར་གསུམ་དམག་གིས་བཀང་།། བར་དུ་དབུས་གཙང་རུ་བཞི་དམག་གིས་བཀང་།། སྨད་དུ་མདོ་ཁམས་བཅོ་བརྒྱད་དམག་གིས་བཀང་།།” ﹙33﹚ཞེས་པ་ལས་སྐབས་དེ་དུས་ནས་བཟུང་སྟོད་མངའ་རིས་སྐོར་གསུམ་སོ་སོར་དབྱེ་ཡོད་པ་དང་། དེ་དག་ནི་པུ་རངས། ཟངས་དཀར། མང་ཡུལ་(ལ་དྭགས)གསུམ་སྐོར་གཅིག ལི། བྲུ་ཤ སྦལ་ཏི་གསུམ་སྐོར་གཅིགཞང་ཞུང་། ཁྲི་སྡེ་སྟོད། ཁྲི་སྡེ་སྨད་གསུམ་སྐོར་གཅིག་བཅས་ལ་སྟོད་ཀྱི་གླིང་དགུའམ་མངའ་རིས་སྐོར་གསུམ་ཡང་ཟེར། གཞན་ཡང་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་རིང་ཆོས་མི་བསྣུབ་པའི་ཕྱིར་རྗེ་བློན་མནས་བསྒགས་པའི་བཀའ་གཙིགས་ཡི་གེ་དང་པོ་ལས། “བྲུ་ཤ་ཡུལ་དང་།ཞང་ཞུང་ཡུལ་དང་། མདོ་སྨད་དང་” ﹙34﹚ཞེས་བྲུ་ཤ་དང་ཞང་ཞུང་མདོ་སྨད་དག་མཐུན་པར་བགྲངས་པ་འདིས། བྲུ་ཤ་ནི་སྐབས་དེར་བོད་ཀྱི་མངའ་རིས་སུ་གཏོགས་པའི་རྒྱལ་ཕྲན་ཙམ་མིན་པར་བོད་རིགས་ཀྱི་ཁྱིམ་རྒྱུད་ཆེན་པོའི་གྲུབ་ཆར་དངོས་སུ་གྱུར་ཡོད་པ་མཚོན་ཐུབ། མདོར་ན། བོད་རྒྱལ་སྲོང་བཙན་སྒམ་པོ་ནས་ལྷ་སྲས་དར་མའི་བར་གྱི་ལོ་རྒྱུས་དངོས་མ་དེ་རྒྱའི་ཡིག་རྙིང་དང་ཏུན་ཧོང་གཏེར་ཡིག་བཅས་སུ་ཡི་གེར་ཕབ་ཡོད་པས་དོན་དངོས་ཡིན་ལ། སྐབས་དེར་བོད་ཀྱི་དམག་དཔུང་གི་སྟོབས་ཤུགས་ནི་བོད་ཀྱི་ལོ་རྒྱུས་ཐོག་ཏུ་རྩེ་མོར་སོན་པའི་དུས་སྐབས་ཤིག་ཡིན་པར་བརྟེན། བོད་བཙན་པོས་རིམ་བཞིན་མངའ་ཁོངས་མཐའ་བཞིར་བསྐྱེད་པའི་གོ་རིམ་ཁྲོད། རྒྱལ་ཁབ་དང་ཡང་ན་རྒྱལ་ཕྲན། ཚོ་སྡེ་མང་པོ་དབང་དུ་བསྡུས་པ་ནི་བཤད་མ་དགོས་པ་ཞིག་རེད། དེ་ལྟར་རང་གི་མངའ་ཁོངས་རྒྱ་བསྐྱེད་པའི་དུས་རིམ་ནང་། རྒྱ་ནག་ཐང་ནི་བོད་ཀྱི་ཁ་གཏད་དུ་ལངས་པའི་དཔུང་ཆེན་གཙོ་བོ་ཞིག་ཡིན་པས་རྒྱ་བོད་གཉིས་ཀྱི་དམག་འཁྲུག་གི་ཡོ་ལང་ནང་འདབས་འབྲེལ་གྱི་རྒྱལ་ཕྲན་དང་ཚོ་སྡེ་མང་པོ་རང་རང་གི་སྟོབས་ཤུགས་ལ་བརྟེན་ནས་ལོ་འཁོར་མང་པོར་དབང་སྒྱུར་བྱས་ཡོད་ལ། བྲུ་ཤ་ནི་བོད་ཀྱི་དམག་དཔུང་གིས་དབང་སྒྱུར་གནང་བའི་ལོ་གྲངས་རྒྱ་ནག་ཐང་ལས་མང་བར་མ་ཟད། དམག་དཔུང་གནས་དེར་བཅའ་སྡོད་བྱས་ཏེ་ས་དེའི་དམག་དམངས་དང་ལྷན་དུ་འཚོ་བ་རོལ་བས་རིག་གནས་ཀྱི་རྣམ་པ་སོགས་ཕྱོགས་གང་ཅིའི་ཐད་སིམ་འདྲེས་ཆེན་པོ་བྱུང་ཡོད་པའང་ཤེས་ཐུབ།
དྲུག བོད་སིལ་བུའི་དུས་ནས་ཉེ་རབས་བར་གྱི་བྲུ་ཤ
     བསྟན་པ་སྔ་དར་སྐབས་ཀྱི་མངའ་རིས་སྐོར་གསུམ་དང་བསྟན་པ་ཕྱི་དར་སྐབས་ཀྱི་མངའ་རིས་སྐོར་གསུམ་དབྱེ་སྟངས་ཆེས་ཆེར་མི་འདྲ་སྟེ། བསྟན་པ་སྔ་དར་སྐབས་ཀྱི་མངའ་རིས་སྐོར་གསུམ་ནི། པུ་རངས། ཟངས་དཀར། མང་ཡུལ་(ལ་དྭགས་)གསུམ་སྐོར་གཅིག ལི། བྲུ་ཤ སྦལ་ཏི་གསུམ་སྐོར་གཅིག ཞང་ཞུང་། ཁྲི་སྡེ་སྟོད། ཁྲི་སྡེ་སྨད་གསུམ་སྐོར་གཅིག་བཅས་ལ་སྟོད་ཀྱི་གླིང་དགུའམ་མངའ་རིས་སྐོར་གསུམ་ཡང་ཟེར། བསྟན་པ་ཕྱི་དར་སྐབས་ཀྱི་མངའ་རིས་སྐོར་གསུམ་ནི་གུ་གེ་ལ་སྐོར་གཅིག མར་ཡུལ་ལ་དྭགས་ལ་སྐོར་གཅིག ཟངས་དཀར་སྒོ་གསུམ་ལ་སྐོར་གཅིག་བཅས་སུ་བགྲངས་པ་ཡིན། དེ་ཡང་《ལྡེའུ་ཆོས་འབྱུང་》ལས། “དཔལ་འཁོར་སྲས་གཉིས། གཅེན་ཉི་མ་མགོན་ཞེས་པ་དེ། རྒྱལ་པོ་ཀུན་གྱི་གཉེན་རྒྱུད་ཡིན་ཞེས་པའི་བར་གྱི ། སྲས་སྐྱིད་ལྡེ་ཉི་མ་མགོན་དང་སྟོད་ཀྱི་མགོན་གསུམ་གྱི་གདུང་རབས་མཛད་ཚུལ་ནི་དཔལ་མགོན་ལ་མང་ཡུལ་གཏད། བཀྲ་ཤིས་མགོན་ལ་སྤུ་རངས་གཏད། གཙུག་ལྡེ་ལ་ཞང་ཞུང་གཏད་པས་སྟོད་མངའ་རིས་སྐོར་གསུམ་དེ་ཚོ་ལགས།” ﹙35﹚ཞེས་དང་། མངའ་བདག་དཔལ་འཁོར་བཙན་གྱི་སྲས་ཆུང་བ་སྐྱིད་ལྡེ་ཉི་མ་མགོན་གྱིས་པུ་ཧྲངས་ཀྱི་ཡུལ་དཔོན་དགེ་བཤེས་བཙན་(བཀྲ་ཤིས་བཙན་)གྱི་རྒྱབ་སྐྱོར་འོག་མངའ་རིས་སྟོད་དུ་ཆབ་སྲིད་ཀྱི་རྟེན་གཞི་བཟང་པོ་ཞིག་རྙེད་རྗེས། སྲིད་དབང་ཁྱབ་རྒྱ་ཆེ་ཞིང་ཁྲིམས་ལུགས་དང་བཙན་མཁར་ཕོ་བྲང་། སོགས་ཅུང་ཟད་ཆ་ཚང་བའི་རྒྱལ་རབས་ཤིག་བཙུགས་ཏེ། སྲས་སྟོད་ཀྱི་མགོན་གསུམ་ལ་མངའ་རིས་བགོ་སྐབས། ཆེ་བ་རིག་པ་མགོན་ལ་མར་ཡུལ་བྲུ་ཤའི་བར་གྱི་སའི་ཁྱོན་ལ་དབང་སྒྱུར། དེ་ཡང་བྲུ་ཤ་ཆེ་བ་སྦལ་ཏི་ནི་《ཐང་གི་ལམ་སྲོལ་》ལས། “བྲུ་ཤ་ཆེ་བ་ནི་བྲུ་ཤ་ཆུང་བའི་ཤར་ལྷོའི་ངོས་ཀྱི་ལམ་ཐག་ལེ་དབར་སུམ་བརྒྱ་ཡོད་པའི་ས་ཆར་ཡོད་” ﹙36﹚ཅེས་པ་བཞིན། སྦལ་ཏི་བ་ནི་ཤ་ལ་ནག་པོའི་རི་རྒྱུད་དང་ཧི་མ་ལ་ཡའི་རི་རྒྱུད་གཉིས་ཀྱི་ནུབ་མཚམས་སུ་གནས་ཤིང་། བྱང་ཤར་ཕྱོགས་ཏེ་རང་རྒྱལ་གྱི་ཤིན་ཅང་དང་བོད་ལྗོངས་ཀྱི་ཁ་གཏད་ན་ཤ་ལ་ནག་པོའི་རི་རྒྱུད་ཀྱིས་བཀག་ཡོད་ཅིང་། ཤར་ལྷོ་ནི་ལ་དྭགས་ཀྱི་ཡུལ་དང་ལྷོ་ནུབ་ཀསྨིར་དང་འབྲེལ། ནུབ་ཁུལ་ནི་པ་ཀི་སི་ཐན་དང་ནུབ་བྱང་གི་བྲུ་ཤ་ཆུང་བ་(ཇུར་ཅི་ཐུ་)དང་འབྲེལ། སྟོད་མངའ་རིས་ཀྱི་གངས་དཀར་ཏི་སེའི་འདབས་ཀྱི་མ་ཕམ་གཡུ་མཚོ་ནས་ཐོན་པའི་རྒྱ་གར་ཆུ་བོ་དེ་ཉིད་ལ་དྭགས་རྒྱུད་ནུབ་བྱང་ཕྱོགས་སུ་བསྐྱོགས་ནས་སྦལ་ཏིའི་ཡུལ་དུ་འབབ་ཅིང་། མཐར་ཨ་རབ་རྒྱ་མཚོར་འདྲེས། པ་ཀི་སི་ཐན་ན་ཨིནྡྲ་སུར་གྲགས་པའི་རྒྱ་གར་ཆུ་བོ་ལ་སྦལ་ཏི་བས་སེང་གེ་ཁ་འབབ་ཏུ་འབོད་པ་དང་ཀུན་ནས་མཐུན་ཞིང་། ཆུ་བོ་འདི་ཉིད་བོད་ལྗོངས་དང་ལ་དྭགས། སྦལ་ཏི་མི་དམངས་ཀྱི་སྦྲེལ་ཐག་ལྟ་བུར་གྱུར་འདུག ལ་དྭགས་དང་སྦལ་ཏི་གཉིས་ས་ཁོངས་དང་མུ་འབྲེལ་གཅིག་ཏུ་གནས་པར་མ་ཟད། བར་ཐག་ཀྱང་ཅུང་ཉེ་པོ་ཡོད་པས་ལོ་རྒྱུས་སྟེང་སྦལ་ཏི་ནི་ལ་དྭགས་དང་འགྲོ་འོང་ཤིན་ཏུ་ཆེ་བས་ཕྱི་རོལ་གྱི་མི་རྣམས་ཀྱིས་རྒྱུན་པར་སྦལ་ཏི་དང་ལ་དྭགས་སྦྱར་ནས་གླེང་བ་མང་སྟེ། སྦལ་ཏི་ལ་“བོད་ཆུང་བ་”(litte Tibet)དང་། ལ་དྭགས་ལ་“བོད་ཆེན་པོ་”(big Tibet)ཞེས་སུ་འབོད། དེ་མིན་སྦལ་ཏི་བས་ལ་དྭགས་ལ་“མར་ཡུལ་”ཞེས་འབོད་ཅིང་། དོན་དུ་དེ་ནི་ལ་དྭགས་པ་རང་གིས་འབོད་སྟངས་ཤིག་ཀྱང་རེད། སྦལ་ཏི་དང་ལ་དྭགས་གཉིས་ཀས་དབུས་གཙང་ས་ཁུལ་ལ་ལྷ་ཡུལ་དུ་འབོད་ལ། དེ་ནི་རང་གི་མེས་པོའི་རྒྱལ་ཁམས་དང་མི་རིགས་ལ་བཅངས་པའི་བརྩེ་དུང་ཞིག་ཀྱང་ཡིན་པར་སྙམ།《སོག་པོའི་གནའ་རབས་དམག་འཐབ་ལོ་རྒྱུས་》ལས། “སྤྱི་ལོ་1225ལོའི་དཔྱིད་ཀར་སོག་དམག་རྒྱལ་ཁའི་ངང་ཕྱིར་འཐེན་བྱས།” ﹙37﹚ཞེས་བཀོད་པ་ལྟར་ན་སོག་དམག་གིས་བྲུ་ཤ་དབང་དུ་བསྡུ་བའི་ལོ་ཚིགས་ཀྱང་སྤྱི་ལོ་1225ལོའི་ཡར་སྔོན་ཡིན་དགོས་པར་མ་ཟད། བྲུ་ཤའི་ཡུལ་དེ་ཇིང་གིར་རྒྱལ་པོའི་བུ་འབྲིང་བ་ཆ་ག་ཐའམ་ཚ་ཧི་ཐེའི་མངའ་ཁོངས་སུ་ཚུད་པ་ནས་བཟུང་རིམ་བཞིན་ཁ་ཆེ་ཆོས་ལུགས་དང་ལེན་བྱས་པ་སྟེ།སྐབས་དེར་གཅིག་ནས་ཨ་ལ་པོའི་ཆོས་སྤེལ་མི་སྣས་རྒྱ་གར་དང་ལི་ཡུལ་སོགས་བྲུ་ཤའི་མཐའ་སྐོར་གྱི་ཡུལ་གྲུ་མང་པོར་ཁ་ཆེའི་ཆོས་ལུགས་སྤེལ་བའི་སྒང་ཡིན་པ་དང་། སོག་པོའི་མོང་གོལ་རྒྱལ་རབས་ཀྱིས་ཁ་ཆེའི་ཆོས་ལུགས་ཀྱི་དར་ཆ་མཐོ་རུ་བསྒྲེངས་ནས་དྲག་པོའི་དཔུང་གིས་རྒོལ་བ་བྱས་པ་སོགས་རྒྱུ་རྐྱེན་དུ་མས་བྲུ་ཤ་ཆུང་བ་ཁ་ཆེ་ལ་བསྒྱུར་བ་རེད། འོན་ཀྱང་སྤྱིར་བོད་རིགས་ཡིན་པ་དང་སྒོས་སུ་ལོ་ངོ་སྟོང་ཕྲག་མང་པོའི་རིང་གི་བོད་པའི་རིག་གནས་ཀྱི་རྐང་དང་མ་བྲལ་བས་དུས་ད་ལྟ་ཡང་བོད་པ་རང་གི་ཁྱད་ཆོས་གང་མང་རྒྱུད་འཛིན་བྱས་ཡོད་དེ། ལུའུ་ཧྲེ་ལིན་གྱིས་མཛད་པའི《་པ་ཅི་སི་ཐན་》ལས། “ཉེ་རབས་ཀྱི་སྦལ་ཏིའི་ཡུལ་དུ་སྡེ་བ་200ལྷག་ཡོད་པ་དེར་དུད་ཁྱིམ་ཁྲི་20ལྷག་འདུས་སྡོད་བྱས་པའི་ནང་དུ་མང་ཤོས་ཤིག་བོད་ཀྱི་རིགས་རྒྱུད་ཡིན་པ་མ་ཟད། སྐད་ཆའང་བོད་སྐད་རེད། ལྷ་ཁང་གི་སྒོ་ལ་གཡུང་དྲུང་གི་རི་མོ་བརྐོ་བ་དང་དམངས་ཁྲོད་དུ་གེ་སར་རྒྱལ་པོའི་སྒྲུང་བཤད་པ་” ﹙38﹚ཞེས་དང་། ལོ་སྐོར་བཅུ་གཉིས་བརྩི་ཚུལ། ལ་གཞས། རྟ་རྩལ་སྤོ་ལོ་དང་མདའ་རྩལ། རྡོ་བརྩིགས་ཁང་པ་ལས་པ་སོགས་བོད་དང་གཅིག་འདྲ་ཡིན་ལ། སྐད་ཆའི་ནང་དུ་གཉེན་སྒྲིག་གི་ཆོ་ག་སྤེལ་སྐབས་གོ་རེ་བསྲེགས་པ་ལ་གོར་སྐྱ་ཞེས་འབོད་པ་དང་། ཕོ་མོ་གཉིས་ཕན་ཚུན་གཉེན་སྒྲིག་པར་ཐོག་མར་མཚམས་སྦྱོར་བྱེད་མཁན་གྱི་མི་ལ་བར་བ་ཞེས་འབོད་པ་སོགས་ཨ་མདོའི་ཁ་སྐད་དང་མཐུན་པ་ཤིན་ཏུ་མང་པོ་ཡོད།
མཇུག་སྡུད་པ།
     བྲུ་ཤ་ཞེས་པའི་ཐ་སྙད་འདི་གནའ་སྔ་མོའི་བོན་གྱི་ཡིག་ཆ་ཁག་ཏུ་ཡོད་པ་མ་ཟད། བན་བོན་གཉིས་ཀྱི་ཆོས་ལུགས་དར་མྱོང་བའི་ཡུལ་ཁམས་ཤིག་ཀྱང་ཡིན། བོད་རྒྱལ་སྲོང་བཙན་སྒམ་པོས་ཡང་བསྐྱར་བྲུ་ཤ་ཆབ་འབངས་སུ་བཀུག་ལ། དེ་ནས་རིམ་བཞིན་དབང་སྒྱུར་བའི་ལོ་ཟླའི་ཁྲོད་དུ་རྒྱ་བོད་སྟག་གཟིག་གསུམ་གྱིས་གཡུལ་གྱི་འཁོར་ལོ་བསྐོར་བའི་དུས་རིམ་ནང་བྲུ་ཤ་ནི་ཡུལ་ལུང་དུམ་བུ་ཆེ་ཆུང་གཉིས་སུ་གྱེས་ཤིང་། དེ་རེ་རེའི་ས་ཁོངས་ཀྱང་ཆེ་ཆུང་མི་འདྲ་བ་བྱུང་ཡང་། བོད་ཀྱི་སྟོབས་ཤུགས་ཤིན་ཏུ་རྒྱས་ནས་ནུབ་ཡུལ་གྱི་རྒྱལ་ཕྲན་མང་པོ་དབང་དུ་བཅུག་པའི་སྐབས་དེར་བོད་ཁོངས་སུ་འདུས་ཤིང་བོད་རྣལ་མར་གྱུར་ནས་ལོ་ངོ་གང་མང་སོང་ཚུལ་ལོ་རྒྱུས་ཡིག་ཚང་ཁག་ཏུ་གསལ། བོད་སིལ་བུའི་སྐབས་སུའང་བཙན་པོའི་གདུང་རྒྱུད་མངའ་བདག་འོད་སྲུང་གི་བུ་རབས་ཚ་བརྒྱུད་རྣམས་ཀྱིས་ཡུན་རིང་བཟུང་པ་དང་། ལྷག་པར་དུ་གླིང་རྗེ་གེ་སར་གྱིས་གྲུ་གུའི་ཡུལ་དུ་དམག་དྲངས་ནས་མ་རུང་དགྲ་བགེགས་བཅོམ་པའི་དྲང་བདེན་གྱི་གཡུལ་འགྱེད་དེ་ད་ལྟའི་བར་དུ་མི་རྣམས་ཀྱི་སེམས་སུ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། དུས་རབས་བཅུ་བཞི་པ་ནས་བཟུང་ཁ་ཆེའི་ཆོས་སྤེལ་མཁན་ཚོས་ག་ས་གང་དུ་དབྱི་སི་ལན་གྱི་ཆོས་ཁང་(清真寺)བཙུགས་ནས་རིམ་བཞིན་ཁ་ཆེའམ་ཨེམ་སི་ལན་ཆོས་ལུགས་ཀྱི་རྨང་བཏིང་སྟེ་ཁ་ཆེ་ལ་བསྒྱུར་ཏེ་ད་ལྟའི་བར་དུ་གནས་པ་འདི་རེད། གང་ལྟར་ཆོས་ལྡན་རྒྱལ་རབས་ཀྱི་སྐབས་སུ་ཡང་བསྐྱར་བྲུ་ཤ་ཕབ་ནས་བོད་བཙན་པོའི་དམག་དཔུང་དུས་ཡུན་རིང་པོར་གནས་དེར་མཐའ་མཚམས་བརྟན་སྲུང་གི་ཆེད་དུ་བཅའ་སྡོད་བྱས་ཏེ་ས་དེའི་དམག་དམངས་དང་ལྷན་དུ་འཚོ་བ་རོལ་བས། བོད་དང་ས་དེར་འདུས་སྡོད་བྱེད་པའི་བོད་མིའི་རིགས་རྒྱུད་བར་རིག་གནས་སིམ་འདྲེས་ཆེན་པོ་གཅིག་ཐོག་གཉིས་བརྩེགས་བྱུང་ཏེ་མི་རིགས་མཉམ་འདྲེས་ཀྱི་རྣམ་པ་ཁྱད་པར་བའི་བོད་རིགས་ཤིག་ཆགས་ཏེ་ད་ལྟའི་བར་དུ་འཛམ་གླིང་གི་ཡུལ་གྲུ་ཀུན་གྱི་མཐོང་ཆོས་སུ་གྱུར་ཡོད་པ་འདི་རེད། དེ་བས་རང་རེ་རྣམས་ཀྱིས་བོན་གྱི་བསྟན་འབྱུང་ལ་ཁུངས་བཅོལ་ནས་བོད་ཀྱི་ལོ་རྒྱུས་ཀྱི་འགོ་ཁུངས་བཙལ་བ་དང་། བན་ཁའི་ཆོས་འབྱུང་ལ་ཁུངས་བཅོལ་ནས་བོད་ཀྱི་ལོ་རྒྱུས་ཀྱི་མཇུག་བཙལ་ན་ད་གཟོད་བོད་ཀྱི་ལོ་རྒྱུས་ཡང་དག་ཅིག་ཡོང་ཐུབ། དེ་མ་གཏོགས་རང་གི་ཆོས་ལུགས་གྲུབ་མཐའི་ཕྱོགས་ཞེན་གྱི་དབང་དུ་ཤོར་ནས་རང་གི་གྲུབ་མཐའི་ཆེ་བ་གཅིག་པུ་བརྗོད་དེ་སྲིད་ཕྱོགས་ཀྱི་བྱ་བ་གལ་ཆེན་དུ་མི་རྩི་ཞིང་ཐ་ན་ལོ་རྒྱུས་དེབ་ཐེར་དུ་མ་བཀོད་ཚེ།བོད་ཀྱིས་ནུབ་ལྗོངས་ལ་དབང་སྒྱུར་བའི་རང་གི་མེས་པོ་གོང་མ་རྣམས་ཀྱི་དམག་དཔུང་གི་སྟོབས་ཤུགས་རླབས་པོ་ཆེ་འདི་འདྲའང་བོད་རང་གི་ལོ་རྒྱུས་དེབ་ཐེར་དུ་མི་སྣང་བར་ཉེ་མཚེས་མི་རིགས་གཞན་གྱི་ཡིག་ཚང་ནས་བཙལ་དགོས་པའི་གནས་ཚུའ་ཡིད་ཕངས་པ་འདི་ལྟ་བུ་ད་དུང་བྱུང་དང་འབྱུང་ངེས་རེད།
མཆན་འགྲེལ།
     ①ཤར་རྫ་བཀྲ་ཤིས་རྒྱལ་མཚན། 《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》[M]པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། 1985ལོའི་ཟླ9པར་དཔར། p.140-141.
     ②陆水林:《巴尔蒂斯坦(小西藏)的历史与文化》[M],中国藏学出版社,2011年5月,第36页。
     ③དུང་དཀར་བློ་བཟང་འཕྲིན་ལས། 《དུང་དཀར་ཚིག་མཛོད་ཆེན་མོ》[M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན་ཏེ་བཀྲམས། 2002ལོའི་ཟླ་4པར་དཔར། p. 1505.
     ④ཅི་པིན་ནི་གནའ་བོའི་ནུབ་ཡུལ་གྱི་རྒྱལ་ཁབ་ཅིག ཐང་རྒྱལ་རབས་ཀྱི་སྐབས་སུ་ད་ལྟའི་ཨྱོན་གྱི་བྱང་ཤར་རྒྱུད་དུ་ཡོད།
     ⑤འཇམ་དབྱངས་དར་རྒྱས་ཀྱིས་བསྒྱུར་པའི་《རྒྱའི་ཡིག་ཚང་དུ་འཁོད་པའི་བོད་དང་འབྲེལ་བའི་ལོ་རྒྱུས(གཉིས་པ)ཐང་གི་ལམ་སྲོལ་གནད་བསྡུས་སོགས་སུ་འཁོད་པའི་བོད་ཀྱི་སྐོར》 2013ལོ། p.337.
     ⑥张星烺:《往五天竺国传》[G],中西交通史料汇编,第四册,中华书局。1978年,第131页。
     ⑦佐藤长:《古代藏族史研究》[M],同朋舍昭和五十二年再版。第443—444页。
     ⑧ཤར་རྫ་བཀྲ་ཤིས་རྒྱལ་མཚན། 《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》[M]པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། 1985ལོའི་ཟླ་9པར་དཔར། p.155 .
     ⑨ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། 《ཤེས་བྱ་ཀུན་ཁྱབ》[M] མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། 2002ལོའི་ཟླ་3པར་དཔར། p. 257.
     ⑩ནུབ་བྱང་མི་རིགས་སློབ་ཆེན་བོད་ཡིག་སློབ་དཔྱོད་ཙུའུ་ནས་རྩོམ་སྒྲིག་བྱས་པའི་《རྒྱ་བོད་མིང་མཛོད》[M] ཀན་སུའུ་མི་དམངས་དཔེ་སྐྲུན་ཁང་གིས་བསྐྲུན། 1979ལོའི་ཟླ་10པར་དཔར། p.603.
     ⑾ཤར་རྫ་བཀྲ་ཤིས་རྒྱལ་མཚན། 《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》[M]པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། 1985ལོའི་ཟླ་9པར་དཔར། p.186.
     ⑿ཕུན་ཚོགས་ཚེ་རིང་། 《དེབ་ཐེར་ཀུན་གསལ་མེ་ལོང》[M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་བསྐྲུན། 2000ལོའི་ཟླ་11པར་དཔར། p.19.
     ⒀རེ་མདོ་སེངྒེས་ཕྱོགས་བསྒྲིགས་མཛད་པའི《རོང་ཆེན་བསྟན་པའི་སྒྲོན་མེ་ཀིརྟི་སྐུ་ཕྲེང་རྣམ་ཐར་གསེར་ཕྲེང》[M] འཕགས་ཡུལ་ཀིརྟི་བྱེས་པ་གྲྭ་ཚང་ནས་འགྲེམས་སྤེལ་བྱས། 2002ལོའི་ཟླ་3པར་དཔར། p. 139.
     ⒁དོན་གྲུབ་རྒྱལ་དང་ཁྲིན་ཆིན་དབྱིན་གཉིས་ཀྱིས་བསྒྱུར་བའི་《ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས》[M] 1984ལོ། p.147.
     ⒂ནུབ་ཡུལ་ཞེས་པ་ནི་ཡུས་མོན་ས་སྒོ་དང་དབྱང་ཀོན་ས་སྒོའི་ནུབ་ཕྱོགས་ཀྱི་ཡུལ་གྲུ་རྒྱ་ཆེན་པོར་གོ དེ་ཡང་སྒྲ་ཡངས་འཇུག་ཏུ་གླིང་ཆེན་ཨེ་ཤ་ཡའི་དཀྱིལ་རྒྱུད་དང་ནུབ་རྒྱུད། རྒྱ་གར་ཕྱེད་གླིང་། ཨ་ཧྥེ་རི་ཁ་བྱང་མ། ཡོ་རོབ་གླིང་གི་ཁག་ཅིག་བཅས་འདུས་པ་དང་། སྒྲ་དོག་འཇུག་ཏུ་ད་ལྟའི་ཀན་སུའུ་ཞིང་ཆེན་གྱི་ཏུང་ཧོང་ནུབ་ཕྱོགས་ནས་ཤིན་ཅང་ཧྲིལ་པོ་ཙམ་ལ་གོ
     ⒃པོ་ཧོན་མཁར་ནི་ད་ལྟའི་ཤིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཨ་ཁེ་སུའུ་གྲོང་ཁྱེར་(阿克苏市)དུ་ཡོད།
     ⒄དམག་སྡེ་བཞི་ནི་ཐང་རྒྱལ་རབས་ཀྱི་ཨན་ཞིའི་ཏུའུ་ཧུའུ་ཧྥུ་(ཨན་ཞིའི་སྤྱི་ཁྱབ་ཁང་)མངའ་འོག་གི་དམག་སྡེ་གལ་ཆེན་བཞི་སྟེ་ཆིའུ་ཚི་དང་། ཧྲུའུ་ལེ། ཡུན་ཐེན། སུའེ་ཡེ་བཅས་ཡིན། སྐབས་འགར་སུའེ་ཡེའི་ཚབ་ཏུ་ཡན་ཆི་རྩི།
     ⒅འཇམ་དབྱངས་དར་རྒྱས་ཀྱིས་བསྒྱུར་པའི་《རྒྱའི་ཡིག་ཚང་དུ་འཁོད་པའི་བོད་དང་འབྲེལ་བའི་ལོ་རྒྱུས(དང་པོ)སྲིད་སྐྱོང་མེ་ལོང་ལས་བྱུང་བའི་བོད་བཙན་པོའི་དུས་ཀྱི་ལོ་རྒྱུས》 2013ལོ། p.20.
     ⒆གཉའ་ཀོང་དཀོན་མཆོག་ཚེ་བརྟན།《བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས》[M]ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་གིས་བསྐྲུན། 1995ལོའི་ཟླ་8པར་དཔར། p.63
     ⒇张星烺:《往五天竺国传》[G],中西交通史料汇编,第四册,中华书局。 1978年,第131页。
     ﹙21﹚མཁས་པ་ལྡེའུ། 《ལྡེའུ་ཆོས་འབྱུང་རྒྱས་པ》[M] བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་བསྐྲུན།1987ལོའི་ཟླ་6པར་དཔར། p.264.
     ﹙22﹚杨铭著:《唐代吐蕃与西北民族关系史研究》[M],兰州大学出版社,2012年第1期,第104页。
     ﹙23﹚པེ་ཐིང་ཞེས་པ་ནི་ཐང་རྒྱལ་རབས་ཀྱི་ས་སྲུང་དམག་སྡེའི་མིང་སྟེ། སྲིད་གཞུང་པེ་ཐིང་ཏུའུ་ཧུའུ་ཧྥུ་(སྤྱི་ཁྱབ་ཁང་)ཡིན། མངའ་ཁོངས་སུ་དབྱི་ཀྲོའུ་(伊州)དང་། ཞི་ཀྲོའུ། (西州)ཐིང་ཀྲོའུ་(庭州)གསུམ་དང་དམག་སྡེ་དང་དམག་མཁར་ཁག་ཡོད།
     ﹙24﹚འཇམ་དབྱངས་དར་རྒྱས་ཀྱིས་བསྒྱུར་པའི་《རྒྱའི་ཡིག་ཚང་དུ་འཁོད་པའི་བོད་དང་འབྲེལ་བའི་ལོ་རྒྱུས(དང་པོ)སྲིད་སྐྱོང་མེ་ལོང་ལས་བྱུང་བའི་བོད་བཙན་པོའི་དུས་ཀྱི་ལོ་རྒྱུས》 2013ལོ། p.86.
     ﹙25﹚དོན་གྲུབ་རྒྱལ་དང་ཁྲིན་ཆིན་དབྱིན་གཉིས་ཀྱིས་བསྒྱུར་བའི་《ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས》[M] 1984 ལོ། p. 329.
     ﹙26﹚གཉའ་ཀོང་དཀོན་མཆོག་ཚེ་བརྟན།《བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས》[M]ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་། 1995ལོའི་ཟླ་8པར་དཔར། .p.95.
     ﹙27﹚ལེན་ཡུན་མཁར་ནི་ད་ལྟའི་ཀསྨིར་གྱི་ཅིར་ཅི་ཐེ་གྲོང་ཁྱེར་(吉尔吉特市)གྱི་ནུབ་བྱང་དུ་ཡོད།
     ﹙28﹚འཇམ་དབྱངས་དར་རྒྱས་ཀྱིས་བསྒྱུར་པའི་《རྒྱའི་ཡིག་ཚང་དུ་འཁོད་པའི་བོད་དང་འབྲེལ་བའི་ལོ་རྒྱུས(དང་པོ)སྲིད་སྐྱོང་མེ་ལོང་ལས་བྱུང་བའི་བོད་བཙན་པོའི་དུས་ཀྱི་ལོ་རྒྱུས》2013ལོ། p.120.
     ﹙29﹚གཉའ་ཀོང་དཀོན་མཆོག་ཚེ་བརྟན། 《བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས》[M]ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་གིས་བསྐྲུན། 1995ལོའི་ཟླ་8པར་དཔར། p.98.
     ﹙30﹚ཐུའུ་ཧུའོ་ལོ་(吐火罗)ནི་ཨེ་ཤ་ཡ་དབུས་མའི་གནའ་བོའི་རྒྱལ་ཁབ་ཅིག་སྟེ། ད་ལྟའི་ཨྱོན་གྱི་བྱང་རྒྱུད་དུ་ཡོད།
     ﹙31﹚ཡེ་ཧུའུ་ཞེས་པ་ནི་གྲུ་གུ་དང་ཡུ་གུར་གྱི་ཁ་གན་ལས་དམའ་བའི་དཔོན་ཐོབ་ཅིག་ཡིན་ཞིང་གོ་གནས་དེ་སྤྱིར་བཏང་དུ་ཁ་གན་གྱི་བུ་དང་ནུ་བོས་སྐྱོང་།
     ﹙32﹚ཆེ་ཧྲི་ལ་ཅེ་ཧྲི་(羯师)ཡང་ཟེར། ཧོར་གྱི་རིགས་རྒྱུད་དུ་གཏོགས་ཤིང་ཐུའུ་ཧུའོ་ལོ་དང་ས་འདབས་འབྲེལ།
     ﹙33﹚འཇམ་དབྱངས་དར་རྒྱས་ཀྱིས་བསྒྱུར་པའི《རྒྱའི་ཡིག་ཚང་དུ་འཁོད་པའི་བོད་དང་འབྲེལ་བའི་ལོ་རྒྱུས(དང་པོ)སྲིད་སྐྱོང་མེ་ལོང་ལས་བྱུང་བའི་བོད་བཙན་པོའི་དུས་ཀྱི་ལོ་རྒྱུས 》 2013ལོ། p.125.
     ﹙34﹚སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་བསྒྲིགས་མཛད་པའི་《བཀའ་ཐང་སྡེ་ལྔ》[M]ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན། 2010ལོའི་ཟླ་12པར་དཔར། p.140
     ﹙35﹚གཉའ་ཀོང་དཀོན་མཆོག་ཚེ་བརྟན། 《བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས་རྣམས་ཀྱི་ཚིག་དོན་ཀུན་ནས་འཁྲོལ་བར་བྱས་པ་རབ་གསལ་མེ་ལོང》[M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། 2001ལོའི་ཟླ་10པར་དཔར། p.129.
     ﹙36﹚མཁས་པ་ལྡེའུ། 《ལྡེའུ་ཆོས་འབྱུང་རྒྱས་པ》[M] བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་བསྐྲུན། 1987ལོའི་ཟླ་6པར་དཔར། p.380.
     ﹙37﹚འཇམ་དབྱངས་དར་རྒྱས་ཀྱིས་བསྒྱུར་པའི་《རྒྱའི་ཡིག་ཚང་དུ་འཁོད་པའི་བོད་དང་འབྲེལ་བའི་ལོ་རྒྱུས(གཉིས་པ)ཐང་གི་ལམ་སྲོལ་གནད་བསྡུས་སོགས་སུ་འཁོད་པའི་བོད་ཀྱི་སྐོར》 2013ལོ། p.337.
     ﹙38﹚罗旺扎布等合著:《古代蒙古战争史》[M],北京民族出版社。1992年10月,第188页。
     ﹙39﹚陆水林:《巴基斯坦》,第152-153页;同作者:《乾隆时期巴尔蒂斯坦(小西藏)与清朝关系初探》,《中国藏学》2004年第1期,第28—33页。

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...