སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
༄༅།། བོད་ཡུལ་ཤར་མཐའི་ཕྲོམ་མིའི་རིགས་རུས་ལ་ཐོག་མར་དཔྱད་པ།
རྩོམ་པ་པོ། བན་དེ་སྐྱབས། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-7-2 10:20:00 རྩོམ་ཁུངས། ཀྲུང་གོའི་བོད་རིག་པ། ཀློག་གྲངས།
     [ནང་དོན་གནད་བསྡུས།] རྩོམ་འདིར་ལོ་ངོ་མང་པོའི་ཀྲུང་གོའི་རིག་གཞུང་ཞིབ་འཇུག་དང་མི་རིགས་ལས་དོན་ཁྲོད་དུ་གླེང་གཞིར་གྱུར་བའི་བོད་ཡུལ་ཤར་མཐའི་མུ་ལེ་དང་ཚྭ་ཐོག་སོགས་ཀྱི་རང་ལ་ཕྲོམ་མིའམ་ཕོར་མི་ཡི་སྒྲ་རུ་འབོད་པའི་བོད་ཀྱི་ཡུལ་སྡེ་སྐོར་ཞིག་གི་རིགས་རུས་ལ་དམིགས་ནས། རྒྱ་ཡིག་གི་འབྲེལ་ཡོད་དཔྱད་འབྲས་གལ་ཆེན་གྱི་དགོངས་དོན་མདོར་དྲིལ་ཐོག ཡུལ་དངོས་རྟོག་དཔྱོད་སྒོས་ས་གནས་དེ་གའི་བོད་མི་རང་ཉིད་ཀྱི་རིགས་རུས་ངོས་འཛིན་ཐད་ཀྱི་ངག་ཐོག་དང་ཡིག་ཐོག་གི་དམངས་ཁྲོད་རྒྱུ་ཆ། དེ་མིན་སྐད་དང་རིག་གནས་ཐད་ལ་རྒྱུས་ལོན་བྱས་ཏེ་ཁོ་ཚོའི་རིགས་རུས་སྐོར་གླེང་ཡོད།
     [བརྡ་ཆད་གཙོ་བོ།] བོད་ཡུལ་ཤར་མཐའ། ཕྲོམ་མི། རིགས་རུས།
     [ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K281
     [ཡིག་ཚང་མཚན་བྱང་།] A
     [རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2015-02-0048-16
     རང་རྒྱལ་ནི་མི་རིགས་ང་དྲུག་གིས་གྲུབ་པའི་ཁྱིམ་གཞིས་ཆེན་པོ་ཞིག་ཡིན་པས། མི་རིགས་སོ་སོའི་རིག་གནས་ནི་ཀྲུང་གོའི་རིག་གནས་སྐྱེད་ཚལ་ཆེན་མོའི་གྲུབ་ཆ་གལ་ཆེན་ཡིན། རྒྱལ་ཁབ་གསར་བ་དབུ་བརྙེས་ཚུན་ནས་སྲིད་གཞུང་གིས་ཀྱང་དེ་དག་ལ་རྒྱུས་ལོན་དང་ངོས་འཛིན་གསལ་བོ་ཞིག་ཡོང་རྒྱུ་དེ་རྒྱལ་ཁབ་མི་རིགས་ལས་དོན་ཁྲོད་ཀྱི་བྱ་བ་གལ་ཆེན་ཞིག་ཏུ་བརྩིས་ཏེ། དེའི་ཐད་ཀྱི་ལས་རིགས་དང་ཞིབ་འཇུག་སྡེ་ཁག་མང་པོ་བཙུགས་པས་གྲུབ་འབྲས་མི་དམན་པ་བླངས་ཡོད། མདོ་དབུས་མཐོ་སྒང་དུ་ལོ་རྒྱུས་ཀྱི་ཆུ་རྒྱུན་ཧ་ཅང་རིང་བའི་བོད་མི་རིགས་ཀྱི་རིག་གནས་ལོ་རྒྱུས་སོགས་ལ་ཞིབ་འཇུག་བྱེད་རྒྱུ་ཡང་ཀྲུང་གོའི་མི་རིགས་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། མདོ་དབུས་མཐོ་སྒང་གི་ཤར་མཐའི་བོད་མིའི་ཡུལ་སྡེ་ཁག་གི་རིགས་རུས་མཆེད་ཁུངས་དང་། སྐད་དང་རིག་གནས་ཀྱང་རྒྱལ་ཁབ་ཕྱི་ནང་གི་ལོ་རྒྱུས་རིག་པ་དང་། མིའི་རིགས་རིག་པ། སྐད་བརྡ་རིག་པ་སོགས་ཀྱི་ཆེད་མཁས་མང་པོས་དཔྱད་ཡུལ་དུ་གྱུར། ལྷག་པར་དུ་མདོ་དབུས་མཐོ་སྒང་དང་སི་ཁྲོན་དང་ཡུན་ནན་བདེ་ཐང་ཆེན་མོའི་འབྲེལ་མཚམས་ཀྱི་རི་ཀླུང་མང་པོ་དྲ་བར་བསྣོལ་བའི་ཡུལ་གྲུ་ལས་ད་ལྟའི་སི་ཁྲོན་ཞིང་ཆེན་གྱི་ཁོངས་སུ་གཏོགས་པའི་མུ་ལེ་བོད་རིགས་རང་སྐྱོང་རྫོང་དང་ཚྭ་ཐོག་(盐源)རྫོང་། བརྒྱད་ཟུར་རྫོང་སོགས་སུ་རང་ཉིད་ལ་འཕན་མིའམ་ཕོར་མི། ཡང་ན་ཕྲོམ་མི་ཞེས་པའི་སྒྲ་རུ་འབོད་པའི་བོད་སྡེ་མང་པོ་ཞིག་གི་རིགས་རུས་མཆེད་ཁུངས་དེ་རྒྱལ་ནང་གི་རིག་གཞུང་ཞིབ་འཇུག་སྨྲ་བ་མང་པོས་ལོ་ངོ་མང་པོར་ཞིབ་འཇུག་བྱས། དེ་མིན་བོད་ཀྱི་ཡུལ་སྡེ་འདི་དག་དང་ཀྲུང་གོའི་ཕུའུ་སྨི་རིགས་ཟེར་བའི་མི་རིགས་དེ་གཉིས་སྐད་དང་རིག་གནས་གང་ཅིའི་ཐད་ནས་ཧ་ཅང་འདྲ་བས་རྐྱེན་གྱིས་ཧྥེ་ཞའོ་ཐུང་ལགས་ཀྱིས་“ལོ་ངོ་ཉི་ཤུ་ལྷག་གི་མི་རིགས་རྟོག་དཔྱོད་ཁྲོད་དུ། དོ་སྣང་བྱེད་རིགས་པའི་མི་རིགས་ངོས་འཛིན་ཐད་ཀྱི་གནད་དོན་སྐོར་ཞིག་མཐོང་སོང་།སི་ཁྲོན་མུ་ལེ་ས་ཆའི་‘བོད་རིགས་’དེ་ཡུན་ནན་གྱི་ནུན་ལིང་ཕྱོགས་ཀྱི་ཕུའུ་སྨི་རིགས་(普米族)①དང་དོན་དུ་མི་རིགས་གཅིག་ཡིན་ལ། ཁོ་ཚོའི་སྐད་ཆ་ཡང་བོད་སྐད་དང་མི་འདྲ་བར་ཆཱང་རིགས་དང་རྒྱལ་རོང་གི་སྐད་དང་འདྲ།” ②ཞེས་པའི་ལྟ་ཚུལ་བཏོན་པ་དང་། དེ་བཞིན་ཕྱིས་ཀྱི་རྒྱ་ཡིག་གི་དཔྱད་རྩོམ་མང་པོར་རྒྱའི་ལོ་རྒྱུས་ཡིག་ཚང་ལ་གཞིར་བཅོལ་ནས་དེའི་ཐད་ལ་ལྟ་ཚུལ་མི་འདྲ་བ་སྣ་ཚོགས་བཏོན་ཡོད། ཡིན་ནའང་། ཁོང་རྣམས་ཀྱི་ཞིབ་འཇུག་དཔྱད་འབྲས་རྣམས་གཙོ་ཆེ་བར་རྒྱ་ཡིག་གི་ཡིག་ཚང་ཁོ་ནར་གཞིར་བྱས་པས། མི་རིགས་རིག་གནས་དང་ལོ་རྒྱུས་ཞིབ་འཇུག་ཁྲོད་ཀྱི་དཀའ་རྙོག་མང་པོ་ཞིག་ད་དུང་ཡང་སེལ་མ་ཐུབ་པར་ལུས་ཡོད་དེ། ས་འདི་གའི་འབངས་མིའི་ལག་ཁྱེར་དུ་ས་གནས་མི་དམངས་ཀྱི་ངོས་འཛིན་ལྟར་བོད་རིགས་སུ་གཏོགས་པའི་ཕྲོམ་མིའམ་ཕོར་མིའི་རིག་གནས་ལོ་རྒྱུས་ཀྱང་ཡུན་ནན་ཞིང་ཆེན་དུ་མི་རིགས་རང་རྐྱ་བར་བརྩི་བའི་ཕུའུ་སྨི་རིགས་དང་གཞི་གཅིག་ཏུ་བགྲོ་གླེང་བྱས་ཡོད་པ་མ་ཟད། འགའ་ཤས་ཀྱིས་ཁོ་ཚོ་ནི་མི་རིགས་ངོས་འཛིན་ཁྲོད་འོས་མིན་སྒོས་བོད་རིགས་ཀྱི་ཁོངས་སུ་བཅུག་པའི་བསམ་བློ་ཡང་བཏོན་དང་འདོན་བཞིན་ཡོད། དེའི་ཐད་ལ་བོད་ཡིག་གི་ངོས་ནས་ཞིབ་འཇུག་བྱས་པ་ད་སྔའི་ཡན་དུ་མ་མཐོང་བས། བོད་ཡིག་གི་ཀློག་པ་པོ་རྣམས་ལ་ཡང་དེའི་ཐད་ཀྱི་གོ་བ་ཡང་ཆེན་པོ་མེད་ཚོད་འདུག ཡིན་ནའང་ས་གནས་རང་གི་བོད་པ་ཚོས་ཁོ་ཚོའི་ཡུལ་སྐད་དེ་བོད་ཀྱི་ཡུལ་སྐད་གཞན་དག་དང་ཁྱད་པར་ཡོད་ཀྱང་། རང་ཉིད་ནི་བོད་རིགས་དངོས་ཡིན་པ་མ་ཟད་བོད་ཀྱི་གདོད་མའི་རིགས་རྒྱུད་ལ་ལྷད་མ་བསྲེས་པའི་རིགས་རུས་གཙང་མ་ཡིན་ཞེས་བརྗོད་བཞིན་ཡོད། འདིར་རྒྱ་བོད་ལོ་རྒྱུས་ཡིག་ཚང་དང་ཡུལ་དངོས་རྟོག་དཔྱོད་ཁྲོད་ལག་སོན་བྱུང་བའི་འབྲེལ་ཡོད་རྒྱུ་ཆར་གཞིགས་ནས་བོད་ཡུལ་ཤར་མཐའི་ཡུལ་སྡེ་འདི་དག་གི་རིགས་རུས་སྐོར་ཐོག་མར་དཔྱད་པ་ལ།
     དང་པོ། ལོ་རྒྱུས་ཡིག་ཚང་གི་ངོས་ནས་དཔྱད་པ།
     རང་ལ་ཕྲོམ་མིའམ་ཕོར་མིའི་སྒྲ་རུ་འབོད་པའི་བོད་པའི་ཡུལ་སྡེ་ཁག་གི་སྤྱིའི་མི་འབོར་ལ་ཕལ་ཆེར་ཁྲི་ལྔར་ཉེ་བ་ཡོད་ཅིང་། དེ་དག་ལས་མུ་ལེ་བོད་རིགས་རང་སྐྱོང་རྫོང་དུ་མི་གྲངས་སུམ་ཁྲི་ཡས་མས་ཡོད་ཅིང་། ཚྭ་ཐོག་རྫོང་དུ་ཆིག་ཁྲི་ཙམ་དང་བརྒྱད་ཟུར་རྫོང་དུ་ལྔ་སྟོང་ལྷག་ཡོད། ཁོ་ཚོའི་སྐད་དང་རིག་གནས་སོགས་ཡུན་ནན་ཞིང་ཆེན་ནུབ་བྱང་ས་ཁུལ་གྱི་ཕུའུ་མིའམ་ཕུའུ་སྨི་རིགས་ཞེས་པའི་ཀྲུང་གོའི་མི་རིགས་རང་རྐྱ་བ་དེ་དང་ཆེས་ཆེར་འདྲ་ལ། ཡུན་ནན་ས་ཁུལ་གྱི་ཕུའུ་སྨི་རིགས་དེ་སྤྱི་ལོ་1960ལོར་ས་གནས་རང་གི་འཐུས་མིའི་བསམ་ཚུལ་ལྟར་རང་སྐད་དུ་ཕོར་མིའམ་ཕྲོམ་མིའི་སྒྲ་རུ་འབོད་པར་གཞིགས་ནས་མི་རིགས་རང་རྐྱ་བར་བརྩིས་ནས་དེ་ལྟར་མིང་བཏགས་པ་དང་། མི་རིགས་དེའི་སྤྱིའི་མི་གྲངས་33600ཡོད་③ཅིང་། གཙོ་ཆེ་བར་ལན་ཕིན་རྫོང་དང་ནིན་ལཱང་རྫོང་སོགས་ཡུན་ནན་ཞིང་ཆེན་གྱི་ནུབ་བྱང་ཕྱོགས་ཀྱི་སི་ཁྲོན་ཞིང་ཆེན་ལྷོ་ནུབ་ས་ཁུལ་གྱི་ལཱང་ཧྲན་དབྱི་རིགས་རང་སྐྱོང་ཁུལ་དུ་གཏོགས་པའི་མུ་ལེ་བོད་རིགས་རང་སྐྱོང་རྫོང་དང་ཚྭ་ཐོག་རྫོང་སོགས་ཀྱི་བོད་མིའི་ཡུལ་སྡེ་ཁག་དང་ཉེ་སར་ཡོད་པ་མ་ཟད། ཕྱོགས་གཉིས་ཀའི་མི་དམངས་ཀྱིས་ཀྱང་ཁོ་ཚོ་དེང་སྐབས་མི་རིགས་མི་གཅིག་པ་སོ་སོར་གཏོགས་ཀྱང་གཉིས་ཀའི་གདུང་རུས་གཅིག་ཏུ་ཁས་ཆེ། དེར་བརྟེན་དེང་སྐབས་རིག་གཞུང་ཉམས་ཞིབ་པ་ཚོས་ཀྱང་ཡུལ་སྡེ་འདི་དག་རིགས་རུས་དང་རིག་གནས་ཁྱབ་ཁོངས་གཅིག་ཏུ་བསྒྲིལ་ཏེ་ཞིབ་འཇུག་བྱས་ཡོད་པས། འདིར་རྒྱ་ཡིག་གི་འབྲེལ་ཡོད་རིག་གཞུང་དཔྱད་འབྲས་རྣམས་ཀྱི་དགོངས་དོན་མདོར་བསྡུས་ཏེ་བཤད་པ་དང་། ཡུལ་མི་རང་གི་རིགས་རུས་སྐོར་གྱི་རྒྱུ་ཆ་དེ་བོད་ཀྱི་རིགས་རུས་ཡིག་ཚང་དང་འབྲེལ་ཏེ་དཔྱད་པ་གཉིས་ལས།
     གཅིག རྒྱ་ཡིག་དུ་ཡོད་པའི་རིག་གཞུང་དཔྱད་འབྲས་རྣམས་ཀྱི་དགོངས་དོན་མདོར་བསྟན་པ།
     བཅིངས་འགྲོལ་མ་བྱས་སྔོན་དུ་རྒྱའི་སྐད་དུ་ད་ལྟའི་ཕུའུ་སྨི་རིགས་དང་སི་ཁྲོན་ནུབ་རྒྱུད་ཀྱི་བོད་ཀྱི་ཡུལ་སྡེ་མང་པོར་སྔ་རྗེས་སུ་འཕན་མི་དང་། ཞི་ཕོན།(西蕃) ཞི་ཧྥན་(西番)སོགས་སུ་འབོད་ཅིང་། ཁོ་ཚོའི་རིགས་རུས་དེ་ད་ལྟའི་རྒྱལ་ནང་གི་ཞིབ་འཇུག་པ་ཕལ་མོ་ཆེས་རྒྱའི་གནའ་བོའི་ཡིག་ཚང་དུ་སྡེ་ཆཱང་(氐羌)དུ་འབོད་པའི་གནའ་བོའི་རིགས་རྒྱུད་ལས་མཆེད་པར་འདོད། དེའི་སྐོར་གྱི་རྒྱའི་རིག་གཞུང་སྨྲ་བ་རྣམས་ཀྱི་དཔྱད་འབྲས་དགོངས་དོན་མདོར་བསྡུས་ན་བཞེད་ཚུལ་མི་འདྲ་བཞི་རུ་དབྱེ་ཆོག་སྟེ། “མོའོ་ཉིག(གཡག)་རིགས་རྒྱུད་”དུ་འདོད་ཚུལ་དང་གཅིག “ཏང་ཞང་ཆཱང་གི་རིགས་རྒྱུད་”དུ་འདོད་ཚུལ་དང་གཉིས། “པའེ་ལང་ཆཱང་གི་རིགས་རྒྱུད་”དུ་འདོད་ཚུལ་དང་གསུམ། “བོད་ཀྱི་རིགས་རྒྱུད་”དུ་འདོད་ཚུལ་དང་བཞི་བཅས་ཡོད་དེ།
     1. “མོའོ་ཉིག་(གཡག)གི་རིགས་རྒྱུད་”དུ་འདོད་ཚུལ། རྒྱའི་ལོ་རྒྱུས་སྨྲ་བ་ཧྥང་གོ་ཡུས་ལགས་ཀྱིས་རྒྱའི་ལོ་རྒྱུས་ཡིག་ཚང་《ཧན་རྒྱལ་རབས་ཕྱི་མའི་ལོ་རྒྱུས་ལས་ནུབ་ཆཱང་གི་སྐོར་》ཞེས་པ་དང་། 《ཧན་རྒྱལ་རབས་ཕྱི་མའི་ལོ་རྒྱུས་ལས་ལྷོ་མཱན་དང་ལྷོ་ནུབ་ཡུས་སོགས་ཀྱི་སྐོར་》ཞེས་པ་སོགས་ལ་གཞི་བཅོལ་ནས་རྒྱའི་སྐད་དུ་“ཞི་ཕོན་”ནམ་“ཞི་ཧྥན་”་དུ་འབོད་པའི་ཡུལ་མིའི་རིགས་རྒྱུད་མཆེད་ཁུངས་ལ་ཐོག་མར་གླེང་སྐབས། “སྐད་བརྡའི་རིགས་ཁུངས་ཀྱི་ངོས་ནས་བལྟས་ན། ནཱ་ཞི་རིགས་ཀྱི་ཡང་མེས་(ཛོ་ཡུལ་གྱི་མོའོ་ཉུག་རིགས་ཀྱི་པའེ་ལཱང་ཆཱང་)ནི་འབྲུ་ཆུའི་བྱང་རྒྱུད་ནས་ལྷོ་རུ་གནས་སྤར་བ་རེད།”④ ཅེས་པའི་བསམ་ཚུལ་ཐོག་མར་བཏོན་པ་དང་། མཱ་ཡོ་ལགས་ཀྱིས་《ཧན་རྒྱལ་རབས་ཕྱི་མའི་ལོ་རྒྱུས་ལས་ནུབ་ཆཱང་སྐོར་》ཞེས་པ་ལས་མོའོ་ཉུག་ཆཱང་སྐོར་གྱི་ཡིག་ཆ་ལ་བརྟེན་ནས་“ད་ལྟའི་ཞི་ཁྲང་རི་བོར་མོའོ་ཉུག་རི་བོ་ཡོད་ཅིང་། དེ་ནི་སྔོན་དུས་སུ་ཕུའུ་སྨི་རིགས་སྡོད་སའི་གནས་ཡིན་ལ། ཡུའེ་སོས་ཆཱང་ལ་མོའོ་ཉུག་ཆཱང་ཡང་ཟེར་བས། ཡུའེ་སོས་ཆཱང་གི་གྲས་སུ་བོད་རིགས་སྐོར་ཞིག་དང་ཕུའུ་སྨི་རིགས་འདུས།”⑤ཞེས་པའི་བསམ་ཚུལ་བཏོན། དེ་མིན་ཧི་ཡོ་ཧཱ་ལགས་ཀྱིས་ཀྱང་《སི་ཁྲོན་ལྷོ་ནུབ་ཀྱི་བོད་རིགས་ཀྱི་ལོ་རྒྱུས་ལ་ཐོག་མར་དཔྱད་པ་》ཞེས་པར་འབྲེལ་ཡོད་ཡིག་ཆར་གཞིགས་ནས་རྒྱའི་ཧན་རྒྱལ་རབས་སྔ་ཕྱི་གཉིས་ཀྱི་དུས་སུ་མོའོ་ཉུག་ཡུས་དེ་ད་ལྟའི་མཱན་ཉིན་(冕宁)ནས་ཚྭ་ཐོག་བར་གྱི་ཡུལ་གྲུ་ཆེན་པོ་འདིར་གནས་སྡོད་བྱས་ཚུལ་བཤད་ཡོད་པ་མ་ཟད། 《ཐང་ཡིག་གསར་མ་》དང་《ཧན་རྒྱལ་རབས་ཕྱི་མའི་ལོ་རྒྱུས་ལས་ནུབ་ཆཱང་གི་སྐོར་》ལས་མཱན་ཤར་མའི་སྐོར་གྱི་ཡིག་ཚང་ལ་གཞིགས་ནས་“ཕུའུ་སྨི་རིགས་ནི་ཆིན་(秦)དང་ཧན་རྒྱལ་རབས་དུས་སྐབས་ཀྱི་མོའོ་ཉུག་ཆཱང་དང་། ཐང་དང་སུང་རྒྱལ་རབས་དུས་སྐབས་ཀྱི་རང་ལ་བུའུ་ཏིན་དང་ལིན་གཉིས། ཧྥུན་པིས་ཚོ་ཁག་བཅས་སུ་འབོད་པ་དེའི་གྲུབ་ཆ་གཙོ་བོ། ཡོན་དང་མེན། ཆིང་རྒྱལ་རབས་བཅས་ཀྱི་དུས་སྐབས་ཀྱི་ཞི་ཧྥན་དུ་འབོད་པ་དེའི་རིགས་ཚན་གཙོ་རེད།”⑥ཅེས་བརྗོད། དེ་བཞིན་དུ་མེན་མའོ་ལགས་ཀྱིས་གོང་བསྟན་གྱི་ཧྥང་གོ་ཡུས་ལགས་ཀྱི་“ཛོ་མི་(笮人)ནི་ཞི་ཧྥན་གྱི་མེས་པོ་ཡིན་” ཟེར་བའི་བསམ་བློའི་རྨང་གཞིའི་ཐོག ཆིང་རྒྱལ་རབས་དུས་སྐབས་ཀྱི་ཡིག་ཚང་གཞི་བྱས་ཏེ། རྒྱའི་“ལོ་རྒྱུས་ཡིག་ཚང་དུ་འཁོད་པའི་སི་ཁྲོན་ནུབ་ཕྱོགས་ཀྱི་ཞི་ཧྥན་ནམ་ཞི་ཧྥན་རིགས་ཞེས་པ་དེ་ཧ་ཅང་རྙོག་དྲ་ཆེ་སྟེ། ད་ལྟའི་སི་ཁྲོན་ནུབ་ཁུལ་གྱི་རྔ་བ་བོད་རིགས་ཆཱང་རིགས་རང་སྐྱོང་ཁུལ་དང་། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། ལཱང་ཧྲན་དབྱི་རིགས་རང་སྐྱོང་ཁུལ་གྱི་བོད་རིགས་དང་། མུའོ་དང་བིན་ས་ཁུལ་གྱི་ཆཱང་རིགས། དེ་མིན་ཡུན་ནན་གྱི་འཇང་ཡུལ་དང་། ལན་ཕིན།ཡུང་ཧྲུན་ཕྱོགས་ཀྱི་ཕུའུ་སྨི་རིགས་སོགས་ཀྱི་མེས་པོ་ནི་ཞི་ཧྥན་རེད།”⑦ ཅེས་བཤད་ཡོད། དེ་བཞིན་དུ་བོད་ཀྱི་མིའི་རིགས་རིག་པ་སྨྲ་བ་དགེ་ལེགས་ལགས་ཀྱིས་ཀྱང་ཕུའུ་སྨི་རིགས་ཀྱི་གཏམ་རྒྱུད་དང་ཡིག་ཚང་ཁག་ལས་བྱང་ནས་ལྷོ་རུ་གནས་སྤོར་བྱས་པའི་ལམ་ཐིག་དང་། ཕུའུ་སྨིའི་སྐད་ཀྱི་ཁྱབ་ཁོངས་དང་གནའ་རྫས་འཚོལ་རྟོག་ལས་རྡོ་བརྩིགས་དུར་སའི་ཁྱབ་ཁོངས་སོགས་གོང་བསྒྲིགས་ནས་“ཕུའུ་སྨི་རིགས་ཀྱི་མེས་པོ་མོའོ་ཉུག་རིགས་ཀྱི་ཆཱང་དེ་ཀན་སུའུ་དང་མཚོ་སྔོན་ཕྱོགས་ནས་ལྷོ་རུ་གནས་སྤོར་བྱས་སྐབས། འཕྲེད་རྒྱུག་རི་རྒྱུད་ཀྱི་ལྷོ་བྱང་བར་བཞུར་བའི་འབྲི་ཆུ་དང་། ཉག་ཆུ། རྒྱལ་མོ་རྔུལ་ཆུ་བཅས་ཀྱི་བཞུར་རྒྱུན་དེད་ནས་ཡུའེ་སོས་སམ་ཡུན་ནན་ནུབ་ཁུལ་དུ་ཐོན་”⑧ཚུལ་བསྒྲུབས་ཡོད། གོང་གསལ་གྱི་དགོངས་དོན་དག་ལས་དེང་སྐབས་ཀྱི་ཕུའུ་སྨི་རིགས་དང་རང་ལ་ཕྲོམ་མིར་འབོད་པའི་བོད་པ་འདི་དག་རིགས་རྒྱུད་གཅིག་ཏུ་ཁས་བླངས་ཡོད་ཅིང་། ཁོ་ཚོའི་མེས་པོ་ནི་མཚོ་སྔོན་སོགས་ཀྲུང་གོའི་ནུབ་བྱང་གི་ས་ནས་ལྷོ་རུ་སྤར་བར་མོས་མཐུན་བྱས་ཡོད།
     2.པའེ་ལཱང་ཆཱང་གི་རིགས་རྒྱུད་དུ་འདོད་ཚུལ། རྒྱའི་ལོ་རྒྱུས་སྨྲ་བ་རུན་ནེ་ཆང་གིས་ཆཱང་རིགས་ཀྱི་ལོ་རྒྱུས་སྐོར་གླེང་སྐབས་རྒྱའི་ཡིག་ཚང་དུ་བཀོད་པའི་པའེ་ལང་ཚོ་བའི་སྐོར་གྱི་གནས་ཚུལ་ལ་གཞིགས་ནས། “ཁམས་ཕྱོགས་(སྔོན་གྱི་ནུབ་ཁམས་ཞིང་ཆེན་དང་བོད་ལྗོངས་ཆབ་མདོ་ཆེད་ཁུལ་) ཀྱི་གནའ་བོའི་མི་རིགས་དང་ཡུན་ནན་བྱང་ཕྱོགས་ཀྱི་མི་རིགས་ཁ་ཤས་ཀུའུ་ཙོང་།(古宗) མོ་སྲོལ།(么些) ཕུའུ་སྨི།(普米) ནི་གནའ་བོའི་ཆཱང་རིགས་ཀྱི་རྒྱུད་ཡིན་ངེས་ལ། དེ་ལས་པའེ་ལང་འཕན་མི་ནི་ད་ལྟའི་ཕུའུ་སྨི་རིགས་ཡིན།” ཞེས་བཤད་པ་དང་། གཞན་དུ་ལིག་ཡོ་ཧན་དང་ཁྲིན་ཇུག་ཇིན་གཉིས་ཀས་པའེ་ལང་ཡུས་ཀྱི་རིགས་རུས་སྐོར་ལ་དཔྱད་སྐབས། འབྲེལ་ཡོད་སྐད་བརྡའི་སྐོར་གྱི་ཟིན་ཐོ་ལ་གཞིགས་ནས་བོད་འབར་སྐད་རིགས་ཁྲོད་ཀྱི་སི་ཁྲོན་ཀན་ལོ་དང་ཡའེ་ཞི། མཱན་ནིན། ཚྭ་ཐོག མུ་ལེ།དེ་མིན་ཡུན་ནན་གྱི་ནིན་ལང་རྫོང་གི་ཞི་ཧྥན་ལ་པུ་ལང་མི་(布朗咪)རུ་འབོད་པར་འདོད་ཅིང་“ཆཱང་རིགས་དང་དབྱི་རིགས། བོད་རིགས། ནཱ་ཞི་རིགས། ཕུའུ་སྨི་རིགས་བཅས་ནི་ཧན་རྒྱལ་རབས་དུས་སྐབས་ཀྱི་པའེ་ལཱང་ཡུས་དང་ཉེ་འབྲེལ་ཆེ་ཆུང་མི་འདྲ་བ་ཡོད་ལ། དེ་ལས་ཀྱང་ཞི་ཧྥན་ནི་ཧན་རྒྱལ་རབས་དུས་སྐབས་ཀྱི་པའེ་ལཱང་ཡུས་དང་དངོས་རྒྱུད་ཀྱི་ཉེ་འབྲེལ་ཡོད།”⑨ཅེས་པའི་བསམ་ཚུལ་བཏོན། དེ་བཞིན་ཏིན་བིན་ཧྥིན་དང་ཁྲིན་ཐོང་ཞང་གཉིས་ཀྱིས་《པའེ་ལཱང་གླུ་》ཞེས་པའི་སྐད་ངོ་མ་ནི་ཕུའུ་སྨི་ཡི་ལུང་སྐད་ཅིག་ཡིན་པ་དང་། “ཕུའུ་སྨི་ནི་‘པའེ་ལཱང་། ཕོན་མི།ཐང་ཆོ’་སོགས་རྒྱལ་ཁབ་བརྒྱ་ལྷག་གི་‘འཕན་མི’་རང་རེད།”⑩ཅེས་བཤད་ཡོད། གཞན་དུ་ཕུའུ་སྨི་རིགས་ཀྱི་རིག་གཞུང་ཞིབ་འཇུག་པ་ཡཱང་ཀྲའོ་ཧའེ་ཡིས་《པའེ་ལཱང་གླུ་》ཞེས་པར་ཞིབ་འཇུག་བྱས་ཏེ། གླུ་དེའི་སྐད་དང་ཡུལ་སྲོལ་ལ་གཞིགས་ནས་“《པའེ་ལཱང་གླུ་》ཡིས་པའེ་ལཱང་ཡུས་དེ་ཕུའུ་སྨི་ཡི་འབྱུང་ཁུངས་ཡིན་པ་མཚོན།”⑾ ཞེས་བཤད་ཡོད། གཞན་དུ་ཡཱན་རུའུ་ཧྥང་དང་ཡུའུ་ཧྲུའུ་ཝུའུ་གཉིས་ཀྱིས་ཀྱང་ཧྥང་གོ་ཡུས་སོགས་ཀྱིས་“ཛོ་ནི་ཕུའུ་སྨི་ཡི་མེས་པོ་ཡིན་” ཞེས་པའི་བསམ་བློའི་སྟེང་“ཕུའུ་སྨིའི་མིང་རྙིང་བར་‘ཞི་ཧྥན་’ཟེར་བ་དང་། དེ་ནི་ཧན་རྒྱལ་རབས་ཤར་མའི་པའེ་ལཱང་ཡུས་ལ་གཏུག་ཆོག”⑿ ཅེས་སོགས་ཀྱི་བསམ་ཚུལ་བཏོན་ཡོད་ཅིང་། དེའི་ཕྱིས་ཀྱི་རིག་གཞུང་ཞིབ་འཇུག་པ་མང་པོས་ཀྱང་《པའེ་ལཱང་གླུ་》ཞེས་པ་དེ་ཕུའུ་སྨིའི་སྐད་ཡིན་པར་ཕལ་ཆེར་ཀུན་གྱིས་རྩོད་མེད་ཁས་བླངས་ཡོད།
     3.ཏང་ཞང་ཆཱང་གི་རིགས་རྒྱུད་དུ་འདོད་ཚུལ། ལྟ་ཚུལ་འདི་འདོན་མཁན་གྲས་ཀྱི་སྐུ་ཞབས་ཡུའུ་ཀྲུང་ལགས་ཀྱིས་རྒྱའི་ཡིག་ཚང་ལ་གཞིགས་ནས་ཞི་ཧྥན་ཞེས་པ་བྱུང་བའི་དུས་རིམ་སྐོར་ལ་དཔྱད་བསྡུར་བྱས་ཏེ། “ལུའོ་དང་སུང་རྒྱལ་རབས་ཀྱི་སྐབས་སུ་རྨ་ཆུའི་སྟོད་རྒྱུད་ཀྱི་གཞོགས་གཉིས་ནས་ལྷོ་ཕྱོགས་སུ་སྤར་ཏེ། རྒྱལ་མོ་རྔུལ་ཆུའི་ལྷོ་རྒྱུན་གྱི་ནུབ་ཕྱོགས་ས་ཁུལ་གྱི་ཞི་ཧྥན་གྱི་ཡན་ལག་ཕུའུ་སྨི་རིགས་དེ་ཆཱང་དང་ཐུ་བྷོད་ཀྱི་མི་དང་མཉམ་དུ་གནས་སྡོད་བྱས། དེ་ནས་མེན་རྒྱལ་རབས་བར་དུ་ཞི་ཧྥན་གྱི་ཁྱབ་ཁོངས་གཙོ་བོ་སྔར་བཞིན་འདྲ་ལ། ཡུན་ནན་ནུབ་ཕྱོགས་ཀྱི་ཞི་ཧྥན་དེའི་རིགས་ཁོ་ན་དུས་རབས་བཅུ་གསུམ་པའི་དཀྱིལ་དུ་སོག་དམག་གིས་ལྷོ་འདུལ་བྱས་སྐབས་སུ་ལྷོ་རུ་སླེབས་པ་མ་གཏོགས། གཞན་དག་ནི་ལུའོ་དང་སུང་ནས་བཟུང་སྟེ་སྔར་གནས་སུ་གཞིས་སྡོད་བྱས་ཡོད།”⒀ ཅེས་བཤད་ཡོད་ཅིང་། “ཆིང་རྒྱལ་རབས་དུས་སྐབས་ཀྱི་ཞི་ཧྥན་ནི་གཉེན་མིའི་ཚོགས་པ་ཞིག་ཡིན་པ་དང་། ཐུན་མོང་གི་མིང་དང་དཔལ་འབྱོར། རིག་གནས་འཚོ་བ་སོགས་ཀྱི་ཐུན་མོང་གི་ཆ་ཡོད་ལ། གྲུབ་ཆ་བརྟན་བརླིང་བྱུང་མེད་པའི་མི་རིགས་ཀྱི་ཚོགས་སྤྱི་ཤིག་ཡིན་པས།ད་དུང་ཕྱོགས་སུ་གྱེས་པ་དང་གཅིག་ཏུ་འདུ་བཞིན་པའི་གོ་རིམ་ཤིག་གི་ཁྲོད་དུ་གནས་ཡོད། དུས་རབས་ཉི་ཤུའི་དུས་དཀྱིལ་དུ་སླེབས་དུས། ཡུན་ནན་ཞིང་ཆེན་གྱི་ནུབ་བྱང་ས་ཆ་དང་སི་ཁྲོན་གྱི་ཚྭ་ཐོག་དང་མུ་ལེ་ས་ཆའི་ཞི་ཧྥན་རྣམས་ཁོ་ཚོའི་འདོད་མོས་ལྟར་ཕུའུ་སྨི་རིགས་སུ་འབོད་ཅིང་། རང་ལ་ཕོར་མི་(拍米依)རུ་འབོད་པ་དེ། དོན་དུ་ཕུའུ་སྨི་ཡི་སྒྲ་འགྱུར་བའི་འབྲི་སྟངས་ཞིག་ཡིན་ལ། དེ་དག་བོད་ཀྱི་གྲས་སུ་ཞུགས། མཚོ་སྔོན་དང་སི་ཁྲོན་ནུབ་བྱང་གི་སྔར་གྱི་ཞི་ཧྥན་རྣམས་རང་རང་སོ་སོ་མི་རིགས་གཞན་གྱི་གྲས་སུ་ཞུགས།”⒁ཞེས་བཤད་ཡོད། ཁོའི་ལྟ་ཚུལ་ལྟར་ན་“ཟི་ལིང་དང་ཧོ་ཀྲོའུ། རྨིན་ཀྲོའུ་ཕྱོགས་ཀྱི་ཞི་ཧྥན་ནི་སུའེ་དང་ཐང་རྒྱལ་རབས་དུས་སྐབས་ཀྱི་ཏང་ཞང་ཆཱང་གི་ཚ་རྒྱུད་ཡིན་” ⒂པ་རེད།
     4.བོད་ཀྱི་རིགས་སུ་འདོད་ཚུལ། བོད་ཀྱི་ཁོངས་སུ་གཏོགས་པར་འདོད་མཁན་ལས་ལིས་ཀྲིན་ཡུས་ལགས་ཀྱིས་《ཀྲུང་གོའི་མི་རིགས་ལོ་རྒྱུས་བསྡུས་པ་》ཞེས་པར་རྒྱའི་ཡིག་ཚང་དུ་“ཞི་ཧྥན་”ཞེས་འབོད་པ་དེ་དོན་དུ་ཐང་ཀུ་ཐུ་(唐古特) ཞེས་པར་གཏོགས་(ཐང་ཀུ་ཐུ་ཞེས་པ་ནི་རྒྱའི་ཡིག་ཚང་དུ་ཆཱང་ཟེར་ན། ཡོན་རྒྱལ་རབས་ཀྱི་སྐབས་སུ་ཐང་ཀུ་ཐུ་དང་ཆིང་རྒྱལ་རབས་ཀྱི་སྐབས་སུ་ཞི་ཧྥན་ཟེར།)⒃པར་འདོད་ཅིང་། ལིན་ཧེས་ཞང་ལགས་ཀྱིས་“ཞི་ཧྥན་ནི་ནུབ་ཁམས་ཞིང་ཆེན་དང་སི་ཁྲོན་ལྷོ་ཕྱོགས། ཡུན་ནན་ནུབ་བྱང་སོགས་སུ་སྡོད་ཅིང་། དེ་ལ་ཆཱང་རིགས་སུ་གཏོགས་པའི་རིགས་རྒྱུད་དུ་འབོད་ཀྱང་སྤྱིར་བོད་རིགས་ཞེས་སུ་འབོད། འབོད་སྟངས་འདི་གཉིས་ཀྱང་མི་འགལ་ཏེ། ཆཱང་དང་བོད་གཉིས་དངོས་ནས་འབྲེལ་བ་དམ་པོ་ཡོད་ལ། དེ་གཉིས་མི་རིགས་མི་འདྲ་བ་གཉིས་གཏན་ནས་མིན། དེ་མིན་དེ་གཉིས་ཀྱི་བར་དུ་ཡོད་པའི་ཞི་ཧྥན་ནི་ཆཱང་དང་འདྲ་བ་མ་ཟད་བོད་ལ་ཡང་འདྲ་བས། དེ་གཉིས་འདྲེས་པ་ཡིན་པར་བཤད་ཆོག་”⒄ཅེས་བཤད་ཡོད།
     མདོར་ན། ཕོར་མི་དང་ཕྲོམ་མིར་འབོད་པའི་བོད་པ་འདི་རྣམས་དང་ཕུའུ་སྨི་རིགས་གཉིས་རིགས་རུས་གཅིག་ལས་ཆད་པ་མ་ཟད། རྒྱའི་སྐད་དུ་པའེ་ལཱང་ཞེས་པའི་སྒྲར་འབོད་པའི་བོད་ཡུལ་ཤར་མཐའི་ཡུལ་སྡེ་གཞན་དག་ཀྱང་དེ་སྔོན་རྒྱའི་ཡིག་ཚང་དུ་ཞི་ཕན་ནམ་ཞི་ཧྥན་དུ་འབོད་པའི་རིགས་རྒྱུད་དེར་འདུས་པ་གོ་ཐུབ། དེ་དག་ཏུ་སྔ་མོ་ནས་རྒྱའི་སྐད་དུ་ཛོ་(笮)ཞེས་དེང་སྐབས་ཀྱི་ཚྭ་ཐོག་དང་བཅས་པའི་ཡུལ་སྡེ་ཆེན་པོ་འདིའི་སྡོད་དམངས་ཆེས་སྔ་བ་ཡང་ཡོད་པ་རང་བཞིན་གྱིས་བསྒྲུབས་ཡོད་ལ། ཛོ་(笮)ཞེས་པ་དེ་རྒྱའི་ཡིག་ཚང་དུ་ཐོག་མར་《ལོ་རྒྱུས་ཟིན་བཀོད་ལས་ལྷོ་ནུབ་ཡུས་ཀྱི་སྐོར་》ཞེས་པར་ཐོན་ཡོད་ཅིང་། རྒྱའི་ཡིག་ཚང་རྣམས་སུ་དེ་ནི་གནའ་བོའི་ཡུལ་སྡེ་དེ་དག་སྐད་དུ་ཟམ་པ་ཞེས་པའི་དོན་ཡིན་པར་འགྲེལ་ཡོད། གཞན་དུ་གོང་དུ་ཀུའུ་ཙོང་(古宗)ཞེས་པ་དེ་དོན་དངོས་སུ་དེང་སྐབས་དབྱི་རིགས་སོགས་མི་རིགས་ཁ་ཤས་ཀྱིས་ཡུལ་འདི་གའི་བོད་མིས་མཚོན་པའི་བོད་རིགས་སྤྱིའི་མིང་དུ་འབོད་ལ། དེའི་དོན་ནི་ས་བདག་གམ་ཡུལ་གྱི་བདག་པོ་⒅ལ་གོ་བས། སྤུན་ཟླ་མི་རིགས་གཞན་གྱིས་ཡང་བོད་རིགས་མེས་པོ་རྣམས་སྔ་མོ་ནས་ཡུལ་འདི་གར་ཡོད་པར་ཤེས་ཡོད་པ་ཤིན་ཏུ་གསལ། གཞན་དུ་ཚྭ་ཐོག་དང་མུ་ལེ་ས་ཆའི་བོད་པ་རྣམས་ཀྱང་ཕུའུ་སྨི་རིགས་ཡིན་པར་སྒྲུབ་ཡོད་པ་དེས་དེང་སྐབས་འབངས་མིའི་ལག་ཁྱེར་དུ་ཡང་བོད་རིགས་ཞེས་ཡོད་པའི་དོན་དངོས་ལ་བསྙོན་བཙུགས་ཡོད་དེ། རང་ལ་ཕོན་མིའམ་ཕྲོམ་མི། ཡང་ན་ཕུའུ་མི་ལྟ་བུའི་སྒྲ་རུ་འབོད་པའི་སི་ཁྲོན་ས་ཆའི་མི་སྡེ་འདི་དག་དེང་སྐབས་ཀྲུང་གོའི་མི་རིགས་ཀྱི་ངོས་འཛིན་གྱི་ཐད་ནས་བོད་ཀྱི་ཁོངས་སུ་འདུ་བ་མ་ཟད། མི་ལེ་བོད་རིགས་རང་སྐྱོང་རྫོང་གི་བོད་མིའི་མི་གྲངས་ཀྱི་བརྒྱ་ཆའི་བརྒྱད་ཅུ་ལྷག་ཙམ་ཕྲོམ་མིའམ་ཕོར་མིར་འབོད་པའི་ཡུལ་མི་རྣམས་ཡིན། གལ་ཏེ་ཁོས་བཤད་པས་རྒྱ་ཡིག་ཏུ་ཏང་ཞང་ཆཱང་དུ་འབོད་པ་དེ་བདེན་ན། ཏང་ཞང་ཞེས་པ་བོད་སྐད་དུ་ཞང་ཞུང་ཞེས་པའི་སྒྲ་ནས་འགྱུར་བ་ད་ལྟ་བོད་རིག་པའི་གཞུང་ལུགས་སྨྲ་བ་དག་གིས་ཁས་ལེན་དུ་སོང་ཡོད་པ་དེ་ལགས།
     ཡུན་ནན་ཕྱོགས་ཀྱི་ད་ལྟའི་ཕུའུ་སྨི་རིགས་དང་སི་ཁྲོན་ནུབ་རྒྱུད་ཀྱི་བོད་རིགས་དང་ཆཱང་གི་རིགས་རྒྱུད་སོ་སོའི་བར་ལོ་རྒྱུས་དང་རིག་གནས་སོགས་གང་ཅིའི་ཐད་ལ་འབྲེལ་བ་ཟབ་མོ་ཡོད་པ་དང་། རང་ལ་ཕྲོམ་མིའམ་ཕོར་མིར་འབོད་པའི་བོད་རིགས་དང་ཕུའུ་སྨི་རིགས་ལ་ལོ་རྒྱུས་རིག་གནས་སོགས་ལ་འབྲེལ་བ་དམ་པོ་ཡོད་ལ། རྒྱའི་ཡིག་ཚང་ཁོ་ནར་གཞིར་བཟུང་ན་འདི་དག་ནི་གནའ་བོའི་ནུབ་ཆཱང་དུ་འབོད་པའི་ཡུལ་སྡེ་སྐོར་ཞིག་གི་རྒྱུད་ཡིན་པ་མ་ཟད། དེའི་ཕྱིས་ཀྱི་ཞི་ཧྥན་ཞེས་སུ་འབོད་པའི་ཁྲོད་དུ་ཡང་ཕྲོམ་མིར་འབོད་པའི་ཡུལ་སྡེ་འདི་ཙམ་མིན་པར་དེ་དང་ཉེ་བའི་ཡུལ་གྲུ་གཞན་གྱི་ད་ལྟའི་བོད་རིགས་དང་མི་རིགས་གཞན་དག་གི་མེས་པོ་ཡང་འདུས་ཡོད་པ་རེད།
     གཉིས། ཡུལ་མི་རང་གི་རིགས་རུས་ངོས་འཛིན་སྐོར་གྱི་རྒྱུ་ཆ་བཀྲོལ་བ། 
     མདོ་དབུས་མཐོ་སྒང་དང་སི་ཁྲོན་དང་ཡུན་ནན་བདེ་ཐང་ཆེན་མོའི་འབྲེལ་མཚམས་ཀྱི་ཡུལ་སྡེ་ཕལ་ཆེ་བ་ཆུ་ཆེན་མང་པོའི་བཞུར་རྒྱུན་གྱི་ནགས་རིའི་ཁྲོད་དུ་ཡོད་སྟབས། གནའ་དུས་སུ་ཡུལ་སྡེ་ཕན་ཚུན་བར་ལ་འགྲིམ་འགྲུལ་སྟབས་མི་བདེ་བ་མ་ཟད། ད་ལྟའི་དུས་སུ་ཡང་མུ་ལེ་དང་ཚྭ་ཐོག་སོགས་ཀྱི་ཞིང་གྲོང་སོ་སོའི་བགྲོད་ལམ་ཧ་ཅང་སྟབས་བདེ་མིན་ལ། ཀུ་སྒྲས་གོ་ཚོད་ཀྱི་རི་བོའི་བར་དུ་ཡང་ཉིན་ཞག་གི་གོམ་པས་འཇལ་དགོས་ཚུལ་ཁོ་བོས་ཟླ་ཤས་རིང་གི་ཡུལ་དངོས་རྟོག་དཔྱོད་ཁྲོད་དངོས་སུ་ཉམས་སུ་མྱངས་པ་ཡིན། དེ་མིན་ས་གནས་འདི་དག་ཏུ་ད་ལྟ་མི་རིགས་མང་པོ་ཞིག་ཡོད་པ་མ་ཟད། ཡུལ་འདིའི་བོད་རིགས་ནང་ཁུལ་དུ་ཡུལ་སྐད་ཀྱི་དབང་གིས་དབྱེ་བ་མང་པོ་ཡོད་ཅིང་། རིག་གཞུང་ཉམས་ཞིབ་པ་ཚོས་འདི་ལ་མི་རིགས་རིག་གནས་ཀྱི་རྒྱུད་ལམ་ཞིག་ཏུ་ངོས་འཛིན་བྱེད། འདི་འདྲའི་རི་ཟོམ་དུ་ལོ་ངོ་བརྒྱ་ཕྲག་མང་པོར་འཚོ་སྡོད་བྱས་པའི་ཕུའུ་སྨི་རིགས་དང་བོད་ཀྱི་ཕྲོམ་མིའི་ཡུལ་སྡེ་འདི་དག་ལ་ངག་ཐོག་ཏུ་རང་རང་གི་མེས་པོའི་གདུང་རྒྱུད་ལ་ངོས་འཛིན་གསལ་བོ་བྱེད་སྲོལ་ཞིག་ཡོད་དེ། ཉིན་རྒྱུན་འཚོ་བའི་ཁྲོད་ཀྱི་བསང་མཆོད་དང་། གཤིན་པོར་འདས་མཆོད་སོགས་ཆོ་ག་སྣ་ཚོགས་སྒྲུབ་སྐབས། མཐོ་བ་ནམ་མཁའི་ལྷ་ནས་བར་སྣང་གཉན་དང་བཙན། ས་སྟེང་ཡུལ་ལྷ་གཞི་བདག དེ་མིན་རང་གི་ཕ་མེས་ཡང་མེས་སོགས་ལ་མཆོད་ལུགས་རབ་དང་རིམ་པ་ཞིག་མཆིས་ཤིང་། དེའི་ཁྲོད་དུ་ཁྱིམ་ཚང་རང་གི་གནའ་ནས་ད་ལྟའི་བར་དུ་འདས་གྲོངས་སུ་སོང་བའི་མེས་པོ་རྣམས་ཀྱི་མཚན་མིང་རིམ་གྱིས་གྱེར་ནས་མཆོད་ལ། ཕུའུ་སྨི་རིགས་དང་ཕྲོམ་མིར་འབོད་པའི་བོད་པའི་ཁྱིམ་ཚང་ཡོངས་ཀྱི་སྐྱེས་པ་ཞིག་ཡིན་ཕྱིན།རང་གི་ཁྱིམ་རྒྱུད་ཀྱི་སྐྱེས་པའི་གདུང་རྒྱུད་ངེས་པར་དུ་བགྲང་ཤེས་དགོས་ལ། མེས་པོའི་གདུང་རབས་འདེད་པ་དེ་ཁོ་ཚོས་རྟག་ཏུ་ཆེས་གཟི་བརྗིད་ལྡན་པའི་བྱ་བ་ཞིག་ཏུ་བརྩི་བ་མ་ཟད་རང་ཉིད་ཀྱི་མི་རིགས་ངོས་འཛིན་གྱི་སྒྲུབ་བྱེད་གལ་ཆེན་དུ་ཡང་མཐོང་། ཁོ་བོས་བཅར་འདྲི་བྱས་པའི་དུད་ཁྱིམ་སུམ་ཅུ་ལྷག་གི་སྐྱེས་པ་དག་གིས་ཉུང་ཤོས་སུ་མི་རབས་ཉི་ཤུ་ལྷག་དང་མང་ཤོས་སུ་མི་རབས་དྲུག་ཅུར་ཉེ་བར་བརྩི་ཐུབ། སྲོལ་ལུགས་འདི་ལོ་རྒྱུས་ཀྱི་གོད་ཆགས་ཁྲོད་ཅུང་ཉམས་དམས་སུ་སོང་བའི་སྣང་ཚུལ་ཡོད་པ་མ་གཏོགས་ད་ལྟ་ཡང་ད་དུང་མི་རབས་ནས་མི་རབས་ལ་རིམ་གྱིས་བརྒྱུད་ཡོང་བའི་སྲོལ་རྒྱུན་དེའི་མུ་རྒྱུན་གསལ་བོ་ཡོད་ཅིང་། ཡུལ་སྡེ་མི་འདྲ་བའི་ཕྲོམ་མི་ཕན་ཚུན་འཕྲད་ཀྱང་བློ་ཐོག་ནས་གདུང་རུས་ཡར་དེད་ཚེ་ཁྱིམ་རྒྱུད་ཀྱི་འབྲེལ་བ་གསལ་བོ་ཤེས་ཐུབ། དེ་ལ་བརྟེན་ནས་ཁོ་ཚོས་ཁྱིམ་ཚང་ཕན་ཚུན་བར་དུ་གཉེན་སོགས་ཀྱི་འབྲེལ་བ་བཙུགས་ཆོག་མིན་ཡང་གཏན་འཁེལ་བྱེད་པ་རེད།
     རྒྱལ་ནང་གི་མི་རིགས་རིག་པ་དང་ལོ་རྒྱུས་སྨྲ་བ་སོགས་ཀྱིས་དེའི་ཐད་ལ་ཉམས་ཞིབ་བྱས་པའི་དཔྱད་འབྲས་རོབ་ཙམ་བཀོད་ན། ཕུའུ་སྨི་རིགས་ཀྱི་ལོ་རྒྱུས་རིག་གནས་དཔྱད་འབྲས་ཆེན་མོ་《རྒྱལ་ནང་གི་ཕུའུ་སྨི་རིགས་ཞིབ་འཇུག་གི་འདས་སོང་ལ་ཕྱིར་ལྟ་དང་མ་འོངས་པར་རེ་སྙེགས་བྱེད་པ།(སྔོན་འགྲོ་གཏམ་གྱི་དོད།)》ཞེས་པར། ས་འདི་གའི་བོད་ཀྱི་ཡུལ་སྡེ་ཁག་དང་ཕུའུ་སྨི་རིགས་ཡོངས་ལ་ཆེས་རྒྱུས་མངའ་ཡོད་པའི་མེས་པོའི་གདུང་མཆོད་ལས་ཚིག་དུམ་གལ་ཆེན་གཉིས་རྒྱ་ཡིག་ཏུ་“吉吾布直懂,普米冉贡祖”ཞེས་སྒྲ་བསྒྱུར་བྱས་ཏེ། དེའི་དོན་ནི་“གངས་ཆུ་གཅིག་ཏུ་འདུས་སའི། ཕུའུ་སྨིའི་སྒྱེས་པོ་བཞི་ཡི་ཚ་རྒྱུད།”⒆ཞེས་པའི་དོན་ཡིན་ཚུལ་བཀོད་ཡོད་པ་དང་། གཞན་ད་དུང་ 《ཕུའུ་སྨི་རིགས་ཀྱི་ལོ་རྒྱུས་མདོར་བསྡུས་》ཞེས་པར་ཡང་“ཕུའུ་སྨི་རིགས་ཀྱི་གཏམ་རྒྱུད་ཁྲོད་ཀྱི་མེས་པོ་འབྱུང་གནས་ནི་‘觉吾布志懂’གངས་དཀར་རི་བོའི་འདབས་རོལ་ཀྱི་གངས་ཆབ་གཅིག་ཏུ་འདུས་པའི་གནས་”ཞེས་དང་། ཡང་དེ་གའི་ཟུར་མཆན་དུ་“གཞན་ཏུ་‘觉吾布志懂’ཞེས་པའི་ས་ཆ་ནི་མཚོ་སྔོན་ཕྱོགས་ཀྱི་གངས་རིའི་འདབས་ཀྱི་གཙང་བོ་(ཉག་ཆུ་དང་རྒྱལ་མོ་རྔུལ་ཆུ་)ཡི་འབྱུང་ཁུངས་ཡིན་པ་དང་། གནས་དེ་ནས་དྭངས་གཙང་གི་ཆུ་བོ་ཞིག་བཞུར་ཡོང་ལ། ཕུའུ་སྨིའི་ཆེས་སྔ་བའི་སྤུན་བཞི་ནི་གངས་ཆབ་བཞུར་ཡོང་ས་ནས་ལམ་ཁ་སོ་སོར་བརྒྱུད་ནས་གྱེས།”⒇ ཞེས་བྲིས་ཡོད་ཅིང་། ཡཱན་རུའུ་ཞན་ལགས་ཀྱིས་དེའི་དོན་ནི་“གངས་ཆབ་བཞུས་ཏེ་གཙང་བོ་གྱུར་གནས་དེ། ཤམ་ལྭ་གྱོན་པའི་བུད་མེད་འབྱུང་གནས་ཡིན།”(21) ཞེས་སོགས་སུ་འགྲེལ་ཡོད། གོང་གི་འགྲེལ་ལུགས་དེ་དག་ནི་རྒྱལ་ནང་གི་ཞིབ་འཇུག་པ་ཚོས་ས་གནས་སོ་སོའི་ད་ལྟའི་ཡུལ་སྐད་ཀྱི་གདངས་ལ་གཞིགས་ནས་སྒྲ་མཚུངས་པའི་ཐ་སྙད་ལ་གསར་དུ་དོན་འགྲེལ་བྱས་པ་ཡིན་པས། དེ་དག་གི་འགྲེལ་ལུགས་ཀྱང་གཅིག་གྱུར་བྱུང་མེད། ཁྱད་པར་དུ་ཞིབ་འཇུག་པ་དེ་དག་གིས་ཕུའུ་སྨི་རིགས་ཀྱི་ངག་ཐོག་གི་འགྲེལ་བཤད་མི་འདྲ་བ་སོ་སོ་གཙོར་བཟུང་བ་ལས། བོད་པའི་ཡུལ་སྡེ་ཁག་གི་འགྲེལ་བཤད་ལ་རྟོག་དཔྱད་ཆེར་བྱས་མེད། ཡུན་ནན་ཕྱོགས་ཀྱི་ཕུའུ་སྨི་རིགས་ལ་ཡང་སྔོན་ཆད་བོད་ཡིག་ཤེས་མཁན་གྱི་ཆོས་ལུགས་མི་སྣ་ཡོད་པ་མ་ཟད།ཆོས་ལུགས་དང་ལོ་རྒྱུས་ཡིག་ཚང་སྐོར་གྱི་དཔེ་ཆ་ཡང་མང་པོ་ཡོད་མྱོང་མོད། དེ་དག་ཕལ་ཆེ་བ་རིག་གསར་སྐབས་སུ་མེད་བརླགས་སུ་སོང་མོད། བོད་ཀྱི་ཡུལ་སྡེ་འདི་དག་ཏུ་རང་གི་ལོ་རྒྱུས་དང་གཏམ་རྒྱུད་ཕལ་ཆེ་བ་ངག་ཐོག་ཙམ་དུ་ཡོད་པ་མ་ཟད། མུ་ལེ་ཕྱོགས་ཀྱི་རི་ལུང་ཁྲོད་ཀྱི་ཡུལ་སྡེ་ཁ་ཤས་སུ་དུས་འགྱུར་ཁྲོད་བྲག་ཕུག་དང་ས་དོང་དུ་སྦས་ནས་ད་དུང་མེད་བརླགས་སུ་མ་སོང་བས་དཔེ་རྙིང་སྐོར་ཞིག་ཉར་ཡོད་ཅིང་།(22) དེའི་ཁྲོད་དུ་ས་གནས་རང་གི་ཆོས་ལུགས་མི་སྣ་སོ་སོས་རང་གི་ཕ་མེས་ཀྱི་གདུང་རྒྱུད་ལ་མཆོད་སྲོལ་ཡི་གེར་བཀོད་ཡོད། ཡུལ་དངོས་རྟོག་དཔྱོད་ཁྲོད་དུ་དེ་གའི་དཔོན་རྒན་ཚོའི་ལག་ཏུ་རང་རང་གི་ཁྱིམ་རྒྱུད་ཀྱི་གདུང་རུས་སྐོར་གྱི་ཡིག་ཆ་《འདུར་གྱི་ལྡོང་གི་ཕ་རབ་དབུས་ཕྱོགས་བཞུགས་ས་》(23)ཞེས་པའི་དཔེ་རྒྱུན་མི་འདྲ་བ་སྐོར་ཞིག་ཡོད་པ་མཐོང་ཞིང་། དེ་དག་གི་ནང་དུ་དང་པོ་སྲིད་པའི་ཁམས་ཆགས་ཚུལ་དང་དེ་ནས་ལྷའི་གདུང་རྒྱུད་ནས་མིའི་རུས་རྒྱུད་མཆེད་ཚུལ། དེ་བཞིན་ཁྱིམ་ཚང་སོ་སོའི་ཕ་རྒྱུད་ཀྱི་མིང་དུས་རིམ་ལྟར་གསལ་བོར་བཀོད་ཡོད་ལ། དཔེ་རྙིང་ལག་བྲིས་མ་དེ་དག་ལས་མཇུག་གི་ཁྱིམ་ཚང་སོ་སོའི་ཕ་མེས་ཀྱི་མིང་ལ་མི་འདྲ་བ་མ་གཏོགས་སྔོན་མའི་ཆ་རྣམས་ཕལ་ཆེར་འདྲ། ཡུལ་སྡེ་འདི་དག་གི་ཆོས་ལུགས་པ་ཀུན་གྱིས་དེ་ནི་ངག་ཐོག་གི་བརྗོད་པ་ཡི་གེ་འཁོད་པའི་དཔེ་རྙིང་ཡིན་པར་བཤད་ལ། དཔེ་རྙིང་དེ་དག་ཏུ་“ཆེ་བ་སྤོས་ཆུ་ལྡོང་”ཞེས་གོང་གི་འགྲེལ་ཚུལ་མི་མཐུན་པའི་ཚིག་དེ་གཉིས་ལས་སྔོན་མ་དེ་ཡི་གེ་བྲིས་ཡོད་པས། ཡུལ་སྡེ་འདི་དག་གི་ངག་རྒྱུན་དུ་ཁྱབ་པའི་མེས་པོའི་གདུང་རུས་འདེད་ལུགས་དང་《འདུར་གྱི་ལྡོང་གི་ཕ་རབ་དབུས་ཕྱོགས་བཞུགས་ས་》ཞེས་པའི་དཔེ་རྒྱུན་ཁག་ནི་ཕྲོམ་མིའམ་ཕོར་མིར་འབོད་པའི་བོད་པ་འདི་ཚོས་རང་ཉིད་ནི་བོད་ཀྱི་གནའ་བོའི་གདུང་རྒྱུད་ལས་འཕྲོས་པའི་རིགས་རུས་ལྷད་མེད་ཡིན་པར་རློམ་པའི་བསམ་ཁྱེར་འདིའི་སྒྲུབ་བྱེད་གལ་ཆེན་ཞིག་ཏུ་མཐོང་ལ། མུ་ལེ་རྒྱལ་པོའི་ཆབ་སྲིད་དབུ་མ་བཙུགས་གོང་དུ་བླ་མ་འཇམ་དབྱངས་བཟང་པོས་“ངེད་རང་རྣམས་སྤྱོད་ལམ་ཡུལ་ཕྱོགས་སྐད་རིགས་སོགས་མཐུན་པ་ཙམ་དུ་མ་ཟད། ཚེ་འདིའི་དབང་དུ་བྱས་ན་ཡུལ་འདིར་ཕ་རུས་ཆེ་བའི་མི་ཡིན་ཞིང་ཆེ་རིས་བཙུན་པ་ཁྱོད་རང་ཚོས་ཤེས་པ་ལྟར་” (24)ཞེས་པ་ཡང་འདི་འདྲའི་རྒྱུ་མཚན་ལ་གཞི་བཅོལ་བ་ཡིན་ངེས། གོང་གི་ཚིག་དེ་ལས་ཁོ་ཚོའི་རིགས་རུས་ནི་བོད་ཀྱི་ལོ་རྒྱུས་ཡིག་ཚང་དུ་བོད་མིའུ་གདུང་དྲུག་ཏུ་འབོད་པའི་གདོད་མའི་རིགས་རུས་ལས་ལྡོང་གི་རྒྱུད་ཡིན་པ་ར་སྤྲོད་བྱེད་ཐུབ་ཅིང་། བོད་ཀྱི་རུས་མཛོད་དང་ལོ་རྒྱུས་ཡིག་ཚང་སོགས་སུ་ཡང་དཔེར་ན། “སྤྲེའུ་བྱང་ཆུབ་སེམས་དཔའི་མི་ཚན་བཞིར་བཅད་པའི་ལྡོང་ཞེས་པ་དེ་ལ་ཨ་སྤོ་ལྡོང་ཞེས་ཟེར་”ཞེས་དང་། “དབུས་གཙང་དང་བར་ཁམས་ཨ་མདོ་སོགས་སུ་སྔར་ནས་ལྡོང་རིགས་མང་པོ་ཡོད་” (25)ཅེས་སོགས་ཡོད་པ་མ་ཟད། 《རྒྱ་བོད་ཡིག་ཚང་ཆེན་མོ་》རུ་ཡང་།“ཕུ་བོ་ལྡོང་ལ་མཆེད་དྲུག་ཡོད། སྟོད་ན་སྤ་ཚབ་འབྲིང་ཡས་གཉིས།། བར་ན་རོ་འཛེར་རག་ཤི་གཉིས།། སྨད་ན་མི་ཉག་གྱི་ཐན་གཉིས།། ཆེ་དྲུག་མཚན་ན་བཙུན་དྲུག་སྟེ།། བི་རི་འ་མདོ་དང་གླིང་པ་གཉིས།། རོ་འཛེར་ལ་ཕུ་བ་དང་མདའ་པ་གཉིས།། གྱི་ཐན་ལ་རྒྱས་བསྡུས་ཆེ་ཆུང་གཉིས།།”ཞེས་གསལ་བ་བཞིན། ཆེ་བའམ་ཕོ་བོ་ལྡོང་གི་རིགས་དེ་མདོ་ཁམས་ཀྱི་ཕྱོགས་སུ་ཡོད་པ་མ་ཟད། གཞན་དུ་“ནང་གི་མིའུ་རིགས་བཞི་ནི་སྨྲ་ཞང་ཞུང་དང་། ཏོང་གསུམ་པ། ལྡོང་མི་ཉག སེ་འ་ཞ་དང་བཞིའོ།” (26)ཞེས་མི་ཉག་གི་ཕྱོགས་དེ་ཡང་ལྡོང་གི་རིགས་མང་པོ་ཡོད་པ་བསྟན་པས་རྒྱའི་གནའ་དེང་གི་ཡིག་ཚང་སོགས་སུ་མི་ཉག་རྒྱལ་རབས་དེ་ཡང་ཕྲོམ་མི་བ་དང་འབྲེལ་བ་ཡོད་ལུགས་བཤད་པ་ཡང་དེ་ལ་བརྟེན་ནས་རྟོགས་ནུས། དེ་བས་རྒྱ་ཡིག་ཏུ་“吉吾布直懂”ཞེས་སུ་བྲིས་པའི་སྒྲ་སྒྱུར་དེ་དག་ནི་ཕྲོམ་མི་རང་གི་ཡུལ་སྐད་ཀྱི་གདངས་ཐད་ཀར་ཕབ་གང་ཐུབ་བྱས་པ་ཙམ་ཡིན་པ་དང་། ཕྱིས་ཀྱི་སྒྲ་བཤད་དག་ཀྱང་ད་ལྟའི་ཡུལ་སྐད་སོ་སོའི་སྒྲ་ལ་བརྟེན་ཏེ་འགྲེལ་ཁུལ་བྱས་པ་ཙམ་ལས་དོན་གསལ་བོ་སྟོན་ཐུབ་མེད་པ་ཡང་ཤེས་ཐུབ། གོང་གི་ཚིག་གཉིས་ཀྱི་རྗེས་མ་“普米冉贡祖”ཞེས་པ་གོང་གི་དཔེ་རྙིང་དུ་མི་གསལ་མོད། ས་དེ་གའི་བོད་པ་ཚོས་འགྲེལ་ལུགས་ལྟར་ན་ཕྲོམ་མི་སྒང་བཞི་ཡི་ཚ་བོ་(27)ཞེས་པའི་དོན་དེ། ཕྲོམ་མིའམ་ཕོར་མི་ནི་ཡུལ་འདིའི་རང་ལ་འབོད་སྟངས་དང་། “冉贡”ཞེས་པ་བཞི་སྒང་ངམ་སྒང་བཞི་ཡི་དོན་ཡིན་ཏེ། ཁོ་ཚོས་སྐད་དུ་གྲངས་ཀ་བཞིའི་སྒྲ་དེ་ཨ་མདོའི་སྐད་དུ་བོད་ཡིག་གི་རབ་ཞེས་པ་དང་ཉེ་བར་འདོན་ལ། “祖”ཞེས་པ་ནི་བོད་ཀྱི་ཡུལ་སྐད་མང་པོར་རང་གི་ཚ་བོ་ལ་ཚོའུ་ཞེས་སུ་འབོད་པའི་སྒྲ་དེ་ལགས་པས། དེའི་དོན་ནི་ཕྲོམ་མིའི་མི་རྒྱུད་དེ་གནའ་དུས་སུ་རི་སྒང་ངམ་རི་རྒྱུད་ཆེན་པོ་བཞི་བརྒྱུད་ནས་རིམ་གྱིས་འཕེལ་བར་བཤད་དོ།།
     ཕྲོམ་མིར་འབོད་པའི་བོད་པ་དང་ཕུའུ་སྨི་རིགས་ཀྱི་མེས་པོ་རྣམས་བོད་ཡུལ་བྱང་ཕྱོགས་ཀྱི་མཚོ་སྔོན་སོགས་ནས་ཡོང་བར་གོང་གི་རྒྱའི་ཡིག་ཚང་དང་ས་གནས་རང་གི་དམངས་ཁྲོད་གཏམ་རྒྱུད་སོགས་ཁ་མཐུན་པ་དང་། བོད་ཡིག་གི་ཡིག་ཚང་ཁག་ཏུ་ཡང་གདོང་ངམ་ལྡོང་གི་རིགས་རུས་འདི་རུས་ཆེན་རུས་ཆུང་མང་པོ་བྱུང་ཡོད་པར་བཤད་པ་མ་ཟད། བོད་ཀྱི་ཡིག་ཚང་མང་པོར་ཡང་མདོ་ཁམས་ཕྱོགས་ཀྱི་མི་རྣམས་ཕལ་ཆེར་ལྡོང་ངམ་གདོང་གི་རུས་རྒྱུད་ཡིན་པར་འདོད་པས་དེ་དག་གི་ལྟ་ཚུལ་ཐུན་མོང་དུ་གྲུབ་ཡོད། ཁོ་ཚོས་རང་ལ་ཕྲོམ་མིའམ་ཕོར་མི་ཞེས་སུ་འབོད་ཚུལ་འདིའི་ངོས་ནས་ཅུང་བཤད་ན། ཡུལ་སྡེ་རང་གི་འབོད་སྟངས་འདི་དུས་ནམ་ཞིག་ནས་བྱུང་ཚུལ་དང་དེའི་དང་པོའི་གོ་དོན་ད་ལྟ་སུས་ཀྱང་ཁ་ཚོན་གཅོད་མི་ཐུབ་མོད། དེ་ལ་ཡིག་ཐོག་ཏུ་མ་འཁོད་པའི་འགྲེལ་ཚུལ་གཅིག་ནི་འབོད་སྟངས་འདི་བོད་མིའམ་བོན་མི་ཞེས་པའི་སྒྲ་འདིའི་ཡུལ་སྐད་ཀྱི་ཁྱད་པར་ཡིན་པ་དང་། འགྲེལ་ཚུལ་གཞན་ཞིག་ནི་རྒྱའི་ད་ལྟའི་ཞིབ་འཇུག་དཔྱད་འབྲས་སོགས་སུ་བཤད་པ་བཞིན་ཡུལ་སྡེ་འདི་དག་གི་ཡུལ་སྐད་ཁྲོད་དུ་དཀར་པོ་ལ་ཕོར་རམ་ཕྲོམ་ཞེས་པའི་སྒྲ་རུ་འབོད་པ་དང་། མི་ནི་བོད་སྐད་སྤྱིའི་གོ་དོན་ལྟར་འགྲོ་བ་མིའི་རིགས་ལ་གོ་བས། དཀར་མིའམ་མི་དཀར་པོ་ཞེས་པའི་དོན་དུ་ཡོངས་གྲགས་སུ་འགྲེལ་ཡོད་པ་དེ་གཉིས་རེད།འགྲེལ་འདི་གཉིས་ཀ་ལ་འདི་ནི་བདེན་གྱི་གཞན་ནི་རྫུན་ནོ་ཞེས་ཟེར་བའི་སྤོབས་པའི་གདེང་མ་རྙེད་པས། བོད་དང་བོན་གྱི་སྒྲ་ལས་བྱུང་བ་ཡིན་ན་འབོད་སྟངས་ཀྱི་ངོས་ནས་ཁོ་ཚོའི་རིགས་རུས་ངོས་འཛིན་ཐད་ལ་བོད་རིགས་ཡིན་པ་རྩོད་མེད་ཡིན་པས་གླེང་དགོས་དོན་མེད་ཅིང་། དཀར་པོའི་དོན་དུ་གོ་བའི་དབང་དུ་བྱས་ན། དེང་སྐབས་ཡུལ་སྡེ་འདི་དག་གིས་རང་ལ་ཕོར་མི་དང་ཕྲོམ་མི་ཞེས་པ་བོད་ཡིག་གི་འདོགས་ཅན་དང་མིང་གཞི་སོ་སོར་ཕྲལ་མ་ཕྲལ་གྱི་སྒྲའི་ཁྱད་པར་ཙམ་ཐོན་པའི་སྒོ་ནས་འབོད་པ་ལས་དོན་དུ་དེ་གཉིས་ཡི་གེ་གཅིག་ཏུ་ངེས་ལ། ཁོ་ཚོའི་སྐད་དུ་དེ་འདྲའི་ཐ་སྙད་ཀློག་སྟངས་ཡང་མང་པོ་ཡོད་དེ་དཔེར་ན། འབྲུག་ལ་འབའ་རུག་དང་། སྦྲུལ་ལ་སྦ་རུལ་ལྟ་བུའི་སྒྲ་དངོས་སུ་ཡོད་པས། ཕྲོམ་མི་དང་ཕོར་མི་ཞེས་པ་ཡང་དོན་དུ་ཕྲོམ་ཡིག་གི་ཀློག་སྟངས་ཀྱི་ཁྱད་པར་ཙམ་མོ།། ཕྲོམ་ཞེས་པ་འདི་ཡང་གནའ་དུས་ཀྱི་ཡིག་ཚང་དུ་ཁྲོམ་ཞེས་པར་ཡང་འབྲི་སྲོལ་ཡོད་པ་མ་ཟད་དེ་གཉིས་བརྗེ་སྲོལ་ཡོད་པ་བོད་ཀྱི་ལོ་རྒྱུས་ཡིག་སོགས་སུ་གསལ་བ་བཞིན་ཧྥ་རན་སིའི་བོད་རིག་པའི་མཁས་ཆེན་ཧྲི་ཐེ་ཡེན་ལགས་ཀྱིས་《མི་ཉག་དང་འ་ཞ་》ཞེས་པར་ཞིབ་དུ་དཔྱད་ཡོད་པ་དེ་བཞིན་ཡིན་ལ། གཞན་དུ་དཀར་པོ་ལ་ཕྲོམ་ཟེར་ཚུལ་ཐད་ལ་ཡང་ཧྲི་ཐེ་ཡེན་ལགས་ཀྱིས་བོད་མིའུ་གདུང་དྲུག་ལས་ལྡོང་གི་རིགས་རུས་སྐོར་གླེང་སྐབས་ཐང་དཀར་རྒོད་པོ་ཞེས་པའི་ཐ་སྙད་དང་འབྲེལ་ཏེ་“ཏུན་ཧོང་ནས་ཐོན་པའི་ཡི་གེའི་ཁྲོད་དུ་བྱ་རྒོད་ལ་ཐང་ཕྲོམ་ཞེས་བྲིས་ཡོད། དེ་བས་ཕྲོམ་དང་དཀར་གཉིས་དོན་གཅིག་སྟེ་ཁ་དོག་དཀར་པོའི་དོན་ཡིན།”ཞེས་བཤད་ཡོད་པ་དང་། གཞན་དུ་ཁོས་ད་དུང་“ཧྥ་རན་སིའི་རྒྱལ་གཉེར་དཔེ་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་གི་བྲིས་ཤོག་ཨང་1285ཡི་ཐིག་ཕྲེང་55པར་ཐང་བ་གྱུ་ཐང་སྙུན་ཀྱང་བཤོས། གནའ་བས་ད་བཟང། ཕྲོམ་བས་ལོད་དཀར།”ཞེས་དང་། ཡང་“དེབ་དེའི་ཤོག་ལྡེབ་76་ཏུ་ཡང་བརྗོད་ལུགས་དེ་ཡང་བསྐྱར་ཡོད་པ་མ་ཟད་དེ་བས་གསལ་ཏེ། གནའ་བས་ད་ཡང་བཟང་། ཕྲོམ་བས་ལོད་ཀྱང་དཀར། ཞེས་ཡོད་པ་མ་ཟད། དེབ་དེ་གའི་ཐིག་ཕྲེང་26ཏུ་ཡང་། གནའ་བས་གྱུ་ཐང་སྙུན་ཀྱང་བཤོས།གནའ་བས་ད་བཟང། ཕྲོམ་བས་ལོད་དཀར།”ཞེས་དང་།“ཡིག་ཆ་ཨང་གྲངས་1039ཡི་ཐིག་ཕྲེང་26སྟེང་དུ་བརྗོད་སྟངས་དེ་ཡང་བསྐྱར་དུ་གནའ་བས་འདའ་བཟང་། ཕྲོམ་བས་ལོ་ལོ་དཀར། གནའ་དེ་ལྟར་ཕན་ཏེ་བསོ་དེ།” (28)ཞེས་ཡོད་ཚུལ་ལ་གཞིགས་ནས། ཕྲོམ་ནི་དཀར་པོའམ་མདོག་དཀར་པོའི་དངོས་པོ་ལ་གོ་དགོས་ཚུལ་ཞིབ་ཏུ་འགྲེལ་བ་བཞིན། དེང་སྐབས་ཀྱང་བོད་སྐད་དུ་དཀར་ཕྲོམ་ཕྲོམ་ལྟ་བུའི་ཚིག་ཡོད་པར་གཞིགས་ན་ཡང་ཕྲོམ་ནི་ཁ་དོག་གསལ་ལྷང་ངེ་བ་དེའི་དོན་དུ་གོ་བས། ཕྲོམ་མི་ཟེར་བ་དཀར་མིའམ་མི་དཀར་བོར་འགྲེལ་བ་ཡང་དེ་ལས་མ་འདས་སྙམ།དེ་བས་ཡིག་ཚང་གི་ངོས་ནས་བལྟས་ན་རང་ལ་ཕྲོམ་མིའམ་ཕོར་མི་འབོད་པའི་བོད་ཀྱི་ཡུལ་སྡེ་འདི་དག་གིས་རང་ཉིད་བོད་ཀྱི་གདུང་རྒྱུད་འཁྲུལ་མེད་པར་འདོད་པ་ནི་དོན་དང་ལྡན་པ་མ་ཟད། ད་ལྟ་ཕུའུ་སྨི་རིགས་ཞེས་མི་རིགས་རང་རྐྱ་བ་ཞིག་ཡོད་པ་དེ་ཡང་གནའ་བོའི་བོད་ཀྱི་ལྡོང་རིགས་ལས་གྱེས་པ་ཤེས་ཐུབ། དེ་མིན་ཡུལ་སྡེ་འདི་དག་གི་དམངས་ཁྲོད་དུ་སྲིད་པའི་ཤྭ་བོ་བཤས་པའི་གཏམ་རྒྱུད་ཞིག་བཤད་རྒྱུ་ཡོད་པ་རིག་གཞུང་སྨྲ་བ་དག་གིས་ཁོ་ཚོའི་ཐུན་མོང་མ་ཡིན་པའི་མེས་པོའི་འཇིག་རྟེན་ལྟ་ཚུལ་ཞིག་ཏུ་ངོས་འཛིན་དང་འགྲེལ་བཤད་བྱས་ཡོད་མོད། དོན་དུ་གཏམ་རྒྱུད་དེའི་ནང་དོན་ནི་《སྲིད་པའི་བ་ཆུང་བཤས་པ་》ཞེས་པའི་བོད་ཀྱི་གནའ་བོའི་གཏམ་རྒྱུད་དེ་ལས་མ་འདས་ཤིང་། བརྗོད་བྱའི་ཐད་ཀྱི་བ་མོ་དང་ཤྭ་བ་ཞེས་པའི་ཁྱད་པར་དེ་ཡང་《འབྱུང་རྩིས་ཉེར་མཁོ་བུམ་བཟང་》དུ། ཡང་ན་མདོ་ཁམས་སྨད་འདི་ནི།། གདོང་གི་ས་ཁམས་ཤ་བ་བླ།། འབྲུ་ནི་ཆུ་ཁམས་གཡག་ལ་བླ།། སྦྲ་ནི་ལྕགས་ཁམས་རྐྱང་ལ་བླ།།སྒོ་ནི་མེ་ཁམས་ར་ལ་བླ།། སྒ་ནི་ཤིང་ཁམས་ལུག་ལ་བླ།།རུས་པ་གཙང་མར་མ་ཤེས་ན།། དེ་ཡང་གདོང་ལ་བསྡུ་ཤེས་ཟེར།། ཞེས་བཀོད་པ་བཞིན། བོད་མིའི་གནའ་བོའི་རིགས་རུས་སོ་སོའི་བླ་ཟོག་གི་བདག་རྐྱེན་ཡིན་པ་ཤེས་ཐུབ།
     དེང་སྐབས་ལུས་ཁམས་རིག་པའི་ཞིབ་འཇུག་གི་ཁྲོད་དུ་ཡང་དེའི་ཐད་ལ་སྒྲུབ་བྱེད་གསལ་བོ་ཐོན་གྱི་ཡོད་དེ། དཔེར་ན་《བོད་ལྗོངས་ཀྱི་བོད་རིགས་ཀྱི་བྱུང་ཁུངས་ལ་ཐོག་མར་བརྟག་པ་》(29)ཞེས་པར་བོད་ལྗོངས་ས་ཆའི་ཕ་མ་གཉིས་ཀའི་རིགས་རྒྱུད་བོད་རྐྱང་པ་ཡིན་པའི་ལོ་7ནས་20བར་གྱི་བོད་མིའི་ལག་རིས་མཛུབ་རིས་དང་མི་རིགས་གཞན་གྱི་མཛུབ་རིས་དཔྱད་བསྡུར་བྱས་མཐར། ལྷ་སའི་བོད་དང་དེང་སྐབས་ཆཱང་གི་སྐད་རྒྱུད་དུ་བརྩི་བའི་མི་རིགས་མང་པོའི་བར་ལ་འབྲེལ་བ་ཡོད་པ་མ་ཟད། བརྟག་དཔྱད་བྱས་པའི་ལྷ་སའི་བོད་རིགས་དང་ཡུན་ནན་གྱི་ཕུའུ་སྨི་རིགས་གཉིས་ཀྱི་གཟུགས་ཕུང་དཔྱད་འབྲས་ཆེས་ཆེར་ཉེ་བར་གསལ་བཤད་བྱས་ཡོད་པ་དང་། ཉེ་བའི་ལོ་འདི་དག་ཏུ་གཟུགས་པོའི་ཕྲ་ཕུང་ལ་བརྟག་དཔྱད་བྱས་པ་དག་ལས་ཀྱང་དེ་མཐུན་གྱི་སྒྲུབ་བྱེད་མང་པོ་ཡོད་དེ་“ཕྲ་ཕུང་Dཡི་གྲངས་ཐང་ལ་གཞིགས་ན། ཆཱང་སྐད་ཀྱི་ཁོངས་སུ་གཏོགས་པའི་ཕུའུ་སྨི་རིགས་ཀྱི་ཕྲ་ཕུང་Dཡི་ཚད་ཆེས་མཐོ་ཞིང་། བོད་སྐད་ཀྱི་ཁོངས་སུ་གཏོགས་པའི་མི་རྣམས་ཀྱི་ཕྲ་ཕུང་Dཡི་གྲངས་ཁྱོན་ཡོངས་སུ་མཐོ།” (30)ར་སྤྲོད་བྱས་ཡོད་པ་དང་། གཞན་ད་དུང་མིའི་ལུས་སྟེང་གི་Yཚོས་ལེན་རྫས་ཕྲ་ལ་དཔྱད་པའི་འབྲེལ་ཡོད་ཚན་རིག་གི་ཞིབ་འཇུག་ཏུ་ཡང་“གནའ་བོའི་སྡེ་ཆཱང་གི་ཚོ་ཁག་ཁྲོད་དུ་ཁ་ཤས་ལ་YAP+ཡོད་པ་དང་། ཁོ་ཚོ་ནི་ད་ལྟའི་བོད་རིགས་དང་ཕུའུ་སྨི་སོགས་YAP+འཕར་ཚད་མཐོ་བའི་མི་རིགས་ཀྱི་མེས་པོ་ཡིན།” (31)ཞེས་པའི་བསྡོམས་ཚིག་བཀོད་པ་འདི་དག་ལ་གཞིགས་ན། རྒྱའི་ཡིག་ཚང་དུ་གནའ་བོའི་ཆཱང་རིགས་སུ་འབོད་པའི་རིགས་རྒྱུད་ལས་ཆད་པའི་དེང་སྐབས་མདོ་དབུས་མཐོ་སྒང་གི་ཤར་མཐའི་མི་རིགས་རང་རྐྱ་བ་མང་པོ་དང་བོད་རིགས་ལ་གདོད་མའི་རིགས་རུས་ཀྱི་འབྲེལ་བ་ཟབ་མོ་ཡོད་ཅིང་། ལྷག་པར་དུ་ད་ལྟའི་ཕུའུ་སྨི་རིགས་ནི་བོད་ཀྱི་ཡུལ་སྡེ་ཕལ་མོ་དང་ཆེས་ཆེར་ཉེ་བ་ཤེས་ཐུབ་ལ།དེང་སྐབས་ཕོར་མིའམ་ཕྲོམ་མིར་འབོད་པའི་བོད་པ་འདི་དག་ཀྱང་བོད་ཀྱི་གནའ་བོའི་རིགས་རུས་ཀྱི་མི་རྒྱུད་དངོས་ཡིན་པས། ཁོ་ཚོས་རང་ཉིད་ནི་བོད་ཀྱི་གདོད་མའི་རིགས་རུས་ལ་ལྷད་མ་འདྲེས་པའི་མི་རྒྱུད་ཡིན་པར་འདོད་པ་ཡང་རྒྱུ་མཚན་ཅན་དུ་མཐོང་ངོ་།།
     གཉིས་པ། སྐད་དང་རིག་གནས་སོགས་ཀྱི་ངོས་ནས་དཔྱད་པ།
     དེང་སྐབས་རྒྱ་དང་མི་རིགས་གཞན་གྱི་ཞིབ་འཇུག་བྱེད་མཁན་ཚོས་ཕོར་མིའམ་ཕྲོམ་མིར་འབོད་པའི་བོད་པ་འདི་དག་གི་སྐད་དེ། ཕུའུ་སྨི་རིགས་ཀྱི་སྐད་ཀྱི་ཡུལ་སྐད་མི་འདྲ་བར་བརྩིས་ཡོད་པ་དང་། དེ་ལ་ཡུན་ནན་གྱི་ཕུའུ་སྨི་རིགས་ཕལ་ཆེ་བས་བཤད་པའི་སྐད་ལ་ལྷོ་རྒྱུད་ཀྱི་སྐད་དང་། མུ་ལེ་དང་ཚྭ་ཐོག རྒྱལ་ཟིལ་ཕྱོགས་ཀྱི་ཕྲོམ་མིའི་སྐད་དེ་ཕུའུ་སྨིའི་སྐད་ཀྱི་བྱང་ཕྱོགས་ཀྱི་ཡུལ་སྐད་དུ་ངོས་འཛིན་བྱས་ཡོད་དེ། ལུའུ་ཧྲའོ་ཙོང་ལགས་ཀྱིས་《ཕུའུ་སྨིའི་སྐད་བརྡ་སྤྱི་བཤད་》ཞེས་པར་སྤྱི་ལོ་1986ལོའི་མི་གྲངས་ལ་གཞིགས་ནས། “ཕུའུ་སྨིའི་སྐད་བཤད་མཁན་གྱི་བོད་རིགས་26600ཡོད་ཅིང་།དེའི་ཕུའུ་སྨིའི་སྐད་བཤད་མཁན་གྱི་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་64ཟིན།” (32)ཞེས་དང་། 《ཕུའུ་སྨི་རིགས་ཀྱི་ལོ་རྒྱུས་བསྡུས་པ་》ཞེས་པར། “ཕུའུ་སྨིའི་སྐད་དེ་བོད་དང་དབྱི་རིགས་སོགས་ཀྱི་སྐད་དང་ཁྱད་པར་ཅུང་ཆེན་པོ་ཡོད། རྟོག་ཞིབ་བྱས་པར་གཞིགས་ན། ལན་ཕིན་དང་ནིན་ལཱང་རྫོང་གཉིས་ཀྱི་ཕུའུ་སྨི་སྐད་དེ་རྒྱལ་ཐང་གི་བོད་སྐད་དང་བསྡུར་སྐབས། ཐ་སྙད་801གི་ཁྲོད་དུ་ཡོངས་སུ་མཚུངས་པའི་ཐ་སྙད་6ཁོ་ན་ཡོད་པ་དེས་བརྒྱ་ཆའི་ཀླད་གོར་ཚེག་བདུན་ཙམ་ཟིན་པ་དང་། ཉེ་བའི་ཐ་སྙད་99ཡོད་པ་དེས་བརྒྱ་ཆའི་བཅུ་གཉིས་དང་ཚེག་བཞི་ཟིན། དེ་མིན་གཏན་ནས་མི་གཅིག་པའི་ཐ་སྙད་696ཡོད་པ་དེས་བརྒྱ་ཆའི་གྱ་དྲུག་དང་ཚེག་དགུ་ཟིན་པ་མ་ཟད། ཐ་སྙད་ཉེ་བ་དེ་དག་གི་ཁྲོད་དུ་འབྲེལ་ཡོད་ཀྱི་གོ་བསྡུར་ཆོག་པའི་སྤྱི་འགྲོས་ཅི་ཡང་མ་མཐོང་།” (33)ཞེས་བཤད་ཡོད་པ་དང་། ཡང་ཐ་སྙད་ཉིས་སྟོང་ཞིབ་བསྡུར་བྱས་པའི་ནང་དུ་ཕུའུ་སྨི་སྐད་ཀྱི་ལྷོ་ཕྱོགས་ཀྱི་སྐད་ལ་རྒྱ་སྐད་ཀྱི་ཤན་ཞུགས་ཅུང་མང་བ་དང་། བྱང་སྐད་ལ་བོད་སྐད་ཀྱི་ཤན་ཞུགས་པ་ཅུང་མང་ཞེས་བཤད་པ་མ་ཟད། བོད་སྐད་ཀྱི་ཐ་སྙད་ཀྱིས་བརྒྱ་ཆའི་15ལྷག་(34)ཙམ་ལས་ཟིན་མེད་ཚུལ་བཤད་པར་གཞིགས་ན། ཐ་སྙད་ཉིས་སྟོང་ལས་བོད་སྐད་དང་ཐ་སྙད་ཀྱི་ཁུངས་མཐུན་པ་མང་མཐར་ཡང་སུམ་བརྒྱ་ལྷག་ལས་མེད་པ་ཐག་བཅད་འདུག་མོད། ཡུལ་དངོས་བརྟག་དཔྱད་བྱས་པའི་ཁྲོད་དུ་མུ་ལེ་སོགས་ཀྱི་ཡུལ་སྡེ་འདི་དག་གི་སྐད་དུ་ཆོས་ལུགས་དད་མོས་དང་འབྲེལ་བའི་ཐ་སྙད་རྣམས་བན་བོན་ཆོས་ལུགས་ཀྱི་ཐ་སྙད་འབའ་ཞིག་ཡིན་པ་དང་། དེང་རབས་ཚན་རྩལ་དང་། བྱ་དངོས་གསར་བ། སྤྱི་ཚོགས་སྒྲིག་གཞིའི་སྐོར་གྱི་ཐ་སྙད་མང་པོ་ཞིག་རྒྱའི་སྐད་ལས་གཡར་བ་མང་པོ་ཡོད་ཅིང་། ཡུལ་སྐད་ཀྱི་དབང་དུ་གྱུར་ནས་གོ་དཀའ་བའི་བརྡ་ཆད་ཀྱང་མང་པོ་ཡོད་མོད། ཞིབ་ཏུ་མཉན་ན་ཡུལ་སྐད་ཀྱི་སྒྲའི་ཁྱད་ཆོས་ཙམ་མ་གཏོགས་ཁོ་ཚོའི་སྐད་དུ་བོད་ཀྱི་ཡུལ་སྡེ་གཞན་གྱི་སྐད་དང་དོན་མཐུན་གྱི་ཐ་སྙད་མང་པོ་ཡོད་པ་མ་ཟད། རྨང་གཞིའི་ཐ་སྙད་ཁྲོད་དུ་ད་ལྟའི་བོད་སྐད་ཀྱི་རྒྱུན་སྤྱོད་ཐ་སྙད་དང་མི་མཐུན་པའི་ཞང་ཞུང་གི་ཐ་སྙད་ཡང་མི་ཉུང་བ་ཞིག་རྙེད་ཐུབ། ལུའུ་ཧྲའོ་ཙོང་ལགས་ཀྱིས་《ཕུའུ་སྨི་རིགས་ཀྱི་ཡུལ་སྐད་ཞིབ་འཇུག་》ཅེས་པའི་མཇུག་ཏུ་ཐ་སྙད་ཉིས་སྟོང་ལྷག་རྒྱལ་སྤྱིའི་སྐད་གདངས་ལ་ཕབ་ཡོད་པ་དག་གི་སྒྲ་དོན་གོང་བསྡུར་ན། ཁོ་ཚོའི་སྐད་ཀྱི་ཁྲོད་དུ་དེང་སྐབས་ཚན་རིག་ལག་རྩལ་དང་སྤྱི་ཚོགས་རྩ་འཛུགས་སྐོར་གྱི་རྒྱ་སྐད་ཀྱི་གཡར་ཚིག་མང་པོ་ཕུད་རྗེས། ཆོས་ལུགས་ཀྱི་ཐ་སྙད་སྐོར་བོན་དང་ནང་པའི་ཆོས་དཔེ་རྣམས་སུ་ཡོད་པའི་བོད་སྐད་ཀྱི་ཐ་སྙད་ཀྱི་སྒྲ་ཡུལ་སྐད་ཀྱི་དབང་དུ་སོང་བ་རྐྱང་རྐྱང་ཡིན་ལ། ཐ་སྙད་ཁ་ཤས་ཤིག་བོད་ཡིག་གི་དབང་དུ་བྱས་ན་མིང་གཞི་དང་འདོགས་ཅན་སོ་སོར་ཕྲལ་ཏེ་ཀློག་ཚུལ་ཡང་མི་ཉུང་བ་ཡོད་པ་དང་། མིང་ཚིག་ལ་ལར་སྔོན་འཇུག་དང་མགོ་ཅན་གྱི་སྒྲའི་དབང་གིས་སྔོན་ལ་སྒྲ་ལྷག་མ་འབྱུང་བ་ཙམ་ལས་ད་ལྟའི་བོད་ཡིག་དང་ཐ་སྙད་ཀྱི་ཁུངས་མཐུན་པའི་རྨང་གཞིའི་ཐ་སྙད་ཀྱང་མང་པོ་ཡོད། དེ་མིན་རྨང་གཞིའི་ཐ་སྙད་མང་པོ་ཞིག་ཡུལ་སྐད་ཀྱི་དབང་གིས་སྒྲ་ཅུང་ཙམ་འགྱུར་ཡོད་པ་ལས་ཐད་ཀར་ངོས་འཛིན་ཐུབ་སྟེ། དཔེར་ན། (ཅུ)ཆུ། ཇ།རྩམ་པ། ཤ ཆས།(གཟན་ཆས་སམ་ཟ་མ།) ཅི་དོང་།(ཆུ་དོང་།) རྒྱ་མཚོ། རི།(སྒང་ཡང་ཟེར།) མེ། ཤར་ལྷོ་ནུབ་བྱང་། གཟའ།( སྐར་མ།) འབུ། ཤིག བུ་རམ། མི། མི་ཧྲེང་།(མི་རྐྱང་།) མིང་། ཚེ། བུ་ཚ། མཁྲིས།(མཁྲིས་པ།)མགོ་རིལ་རིལ། སྒལ་སྣག(ལུད་པ།) མྱིག རྣ་བ། སྣ་ཁུང་།མགོ ལུས་པོ། སྐེ། སོ། ཕྱག མིག་ཤེལ། མ་ཁ། ཨ་ལོང་།འཚོ་བ། ཉེན་ཁ། དཔའ་བོ། ན་ཚ། ཡོན་ཏན། གཞིས།ཟུར་ཁ། མེ་མདའ། མདེའུ། གཞུ། ཐོ་བ། དོར། མྱིག་ཁ།རིམས་ནད། སྨན། ཐད་ཕྱོགས། ནང་ཕྱོགས། རྩིས་པ། འགན་ཁུར། བསམ་བློ། ཁོང་ཁྲོ། གྲ་སྒྲིག དར་།(དར་ཆ།)འབུ་རས། རྒྱལ་ཁབ། ཏག་ཏག རྐོ་ལི། འབུར་འབུར། ཡར་རིམ།(སྟེང་རིམ།) བར་རིམ། མར་རིམ། གཙང་མ། ཞེ་དྲགས། གནོད་སྐྱོན། བཀའ་གསུང་། དཀའ་ལས། ལས་ཀ སྒྲ། གཞས། གླུ། སྣག་ཚ། ཞབས་དྲོ། འདྲ་ས། དགའ་སྤྲོ། ཨང་རྩིས། འདི་བ།(འདི་ག) དེ་བ།(དེ་ག) སྙེ།(སྙེ་མ།) རྩྭ། ཚེར།(ཚེར་མ) རྩ་བ། ཁང་བྱེའུ། ངང་བ། གཟུགས། ཕགམུ་ཙི།(བྱི་ལ།) གླང་པོ་ཆེ། སྡིག་པ་ར་ཙ། རྔ་མོང་། མཛོ།བ་མོ། ཟེར།(འོད་ཟེར།) ཚོང་ཁང་། དངུལ། ཟམ། ཤེལ་སྒོ། ཁབ། གཟའ་འཁོར་ལ་སོགས་ཀྱིས་མཚོན་པའི་མིང་ཚིག་མང་པོ་ཡུལ་སྐད་ཀྱི་དབང་གིས་སྒྲ་ཅུང་ཙམ་འགྱུར་བ་ལས་བོད་སྐད་ཀྱི་ཐ་སྙད་དངོས་ཡིན་ཞིང་། དཔེ་ལྟ། འཐེན། བརྒལ། སྐྲང་། ལབ། གཅིས། བསྐོལ། དགའ། བཞད། ཧ་གོ འཐུ། ཕྱིན། ཡོང་། འཐུང་། ཟོ། སྣོམས། ལྟོས། ཀུ་བསྒྲག ཁ་གདངས། མོས་མཐུན། སྒོ་གཏད། ལྟ་རྟོག བརྟག་དཔྱད་སོགས་ཀྱིས་མཚོན་པའི་བྱ་ཚིག་མང་པོ་ཡང་དེ་བཞིན་ཡོད་པ་དང་། ནམ་མཁའ་ལ་མུ། ནམ་མཁའི་དབྱིངས་ལ་མུ་ནེའི་ཁམས། ཟླ་བ་ལ་སླི། མོ་མཚན་ལ་སྟུ། གཅིག་ལ་ཏིག ལྔ་ལ་ང་ལྟ་བུ་སོགས་གྱིས་མཚོན་པའི་ཞང་ཞུང་གི་ཐ་སྙད་ཀྱང་མི་ཉུང་བ་ཡོད་པར་གཞིགས་ན། ཁོ་ཚོའི་སྐད་དུ་ད་དུང་ཡང་བོད་ཀྱི་གནའ་བོའི་བརྡ་ཆད་མང་པོ་ཡོད་ངེས་ཤིང་། དེ་ལྟ་ན་སྐད་འདི་བོད་སྐད་ཀྱིས་ཤན་ཞུགས་པ་ཙམ་གྱི་བོད་ལས་ལོགས་སུ་གྱུར་བའི་མི་རིགས་ཡན་གར་བ་ཞིག་གི་སྐད་མ་ཡིན་པར། བོད་མིའུ་གདུང་དྲུག་གི་རྒྱུད་ལས་ཆད་པའི་ཡུལ་སྡེ་སོ་སོའི་སྐད་དེ་ཡུལ་དུས་དང་བསྟུན་ནས་འགྱུར་ལྡོག་མི་འདྲ་བ་བྱུང་བ་རང་འདུག དེ་བས་ཧྥེ་ཞའོ་ཐུང་ལགས་ཀྱིས་སྐད་དེ་ནི་བོད་སྐད་དང་མི་མཐུན་པར་ཕུའུ་སྨི་རིགས་ཀྱི་སྐད་དང་རྒྱལ་རོང་གི་སྐད་དང་མཐུན་ཞེས་དང་། དེང་སྐབས་མི་རིགས་གཞན་གྱི་སྐད་བརྡ་རིག་པའི་ཞིབ་འཇུག་པ་མང་པོས་བོད་ཀྱི་ཡུལ་སྡེ་འདི་དག་གི་སྐད་ནི་བོད་སྐད་མིན་ཚུལ་བསྒྲུབས་ཁུལ་བྱས་ཡོད་མོད། དོན་དུ་མུ་ལེ་སོགས་ཀྱི་བོད་པ་འདི་དག་གི་སྐད་འདི་ནི་ཕུའུ་སྨི་རིགས་ཀྱི་སྐད་ཅེས་མི་རིགས་གཞན་ཞིག་གི་སྐད་བཤད་པ་མ་ཡིན་པར་རང་རེ་བོད་ཀྱི་ཡུལ་སྐད་བྱེ་བྲག་པ་ཞིག་ཡིན་པར་མཐོང་སྟེ། ཚིག་གི་གྲུབ་སྟངས་ཀྱང་བོད་སྐད་ཀྱི་སྤྱི་འགྲོས་སུ་ཚུད་ལ། བརྡ་སྤྲོད་ཀྱི་ཐད་ནས་ཀྱང་བྱེད་པ་པོ་དང་། བྱ་བའམ་བྱ་བའི་ཡུལ། བྱ་ཚིག་གསུམ་གྱི་གོ་རིམ་ཡང་བོད་སྐད་སྤྱིའི་འགྲོ་ལུགས་དང་མཚུངས་(35)པ་སོགས་ལས་རྟོགས་ནུས།
     གཞན་དུ་ཞིབ་འཇུག་སྨྲ་བ་མང་པོ་ཞིག་གིས་ཕུའུ་སྨི་རིགས་དང་དེ་དང་ཉེ་སའི་བོད་ཀྱི་ཡུལ་སྡེ་ཁག་གི་དམངས་ཁྲོད་དུ་དར་བའི་ཆོས་ལུགས་ལ་“ཧཱན་གེར་ཆོས་ལུགས་”ཞེས་སུ་འབོད་མོད། དེ་ནི་ཡུལ་འདི་གའི་ཆོས་ལུགས་རིག་གནས་ལ་ཆ་རྒྱུས་མེད་པ་ཚོས་བོད་བརྒྱུད་ནང་བསྟན་ལ་ཡང་“བླ་མའི་ཆོས་ལུགས་”ཞེས་འབོད་པ་དང་འདྲ་བར། ཡུལ་སྡེ་འདི་དག་གི་སྐད་དུ་བོན་དང་རྙིང་མ་བའི་ཁྱིམ་སྔགས་པ་རྣམས་སྔགས་གྱེར་རམ་དཔོན་གྱེར་ཞེས་སུ་འབོད་པ་དེ་ཆོས་ལུགས་གྲུབ་མཐའ་དེ་གཉིས་ཀྱི་སྤྱི་མིང་ཙམ་གང་འདོད་དུ་བཀོད་པ་རང་རེད། ཡང་ཁ་ཤས་ཀྱིས། ཕུའུ་སྨི་རིགས་ཀྱི་ཆོས་ལུགས་ནི་ཧྲི་པཱས་(诗毕)ཞེས་པ་ཡིན་པ་དང་། ཕྱིས་སུ་དེ་ལ་བོད་པའི་བོན་གྱི་ཆོས་ལུགས་དང་བོད་བརྒྱུད་ནང་བསྟན་གྱི་ཤུགས་རྐྱེན་ཐེབས་པ་རེད་ཅེས་པའི་བསམ་བློ་ཡང་བཏོན་ཡོད་མོད། འབྲེལ་ཡོད་ཀྱི་ཆོ་ག་དང་ཆོས་དཔེ་རྣམས་ལ་བལྟས་ན། དེ་ནི་སྲིད་བོན་ནམ་སྲིད་གཤེན་ཏེ་བོན་གྱི་ཐེག་པ་རིམ་དགུ་ལས་ཤི་ཐབས་བརྒྱད་ཅུ་རྩ་གཅིག་དང་འདུར་ཐབས་སུམ་བརྒྱ་དྲུག་བཅུའི་སྒོ་ནས་འཇུག་ཅིང་ཚེ་འདས་ཀྱི་བླ་ཡིད་སེམས་གསུམ་ལ་བརྟེན་ནས་གནས་ནས་འདྲེན་པར་བྱེད་པའི་རྒྱུའི་ཐེག་པ་བཞི་པ་དེ་ཡིན་ལ། དེ་ཡང་མི་རིགས་གཞན་གྱི་ཞིབ་འཇུག་པ་རྣམས་ཀྱིས་ཆོ་ག་དང་ཆོས་སྤྱོད་བྱེ་བྲག་པ་དེ་ཆོས་ལུགས་ཡན་ག་བར་ངོས་འཛིན་བྱས་པ་ཙམ་རེད། མདོ་ཁམས་ཀྱི་ཡུལ་སྡེ་ཕལ་མོ་ཆེ་དང་འདྲ་བར་མུ་ལེ་སོགས་ཀྱི་ས་ཆར་ཡང་སྤྱི་ལོ་དུས་རབས་བཅུ་དྲུག་པའི་ནང་དུ་དགེ་ལུགས་པའི་གྲུབ་མཐའ་ཆེས་ཆེར་དར་ནས་ཆོས་སྲིད་ཟུང་འབྲེལ་གྱི་ཆབ་སྲིད་ལམ་ལུགས་མ་བྱུང་སྔོན་དུ། བོན་དང་རྙིང་མ། ས་སྐྱ་བ་དང་བཀའ་བརྒྱུད་སོགས་ཀྱི་གྲུབ་མཐའ་ཡང་དར་མྱོང་ལ། དགེ་ལུགས་པའི་ཆོས་སྲིད་ལུགས་གཉིས་ཀྱི་སྐྱོང་སྲོལ་བཙུགས་པ་ནས་སྔར་གྱི་གྲུབ་མཐའ་གཞན་གྱི་དགོན་སྡེ་ཁག་རང་གི་ལུགས་སུ་བསྒྱུར་ནས། མུ་ལེ་དགོན་ཆེན་གསུམ་གསར་དུ་བཙུགས་ཤིང་དགོན་མ་ལག་བཅོ་བརྒྱད་སོགས་བྱུང་བས་དགོན་པའི་རིག་གནས་སུ་རི་བོ་དགེ་ལྡན་པའི་གྲུབ་མཐའི་སྟོབས་ཤུགས་རྒྱ་ཆེར་བྱུང་མོད། ཡུལ་སྡེ་སོ་སོའི་བོན་དང་རྙིང་མ་བའི་ཁྱིམ་སྔགས་ཀྱིས་མཚོན་པའི་གྲུབ་མཐའ་སྔ་ཤོས་ཀྱི་རྒྱུན་དེ་སྔར་བཞིན་མ་ཉམས་པར་གནས་ཐུབ་ཡོད་པ་དེ་རེད། རིག་གཞུང་སྨྲ་བ་དེ་ཚོས་“ཧཱན་གེར་ཆོས་ལུགས་”ཞེས་ང་ཚོར་རྒྱུས་མེད་པའི་ཆོས་ལུགས་ལྟ་བུ་ཞིག་བཤད་པ་ཡང་དོན་དུ་བོན་དང་རྙིང་མ་བའི་གྲུབ་མཐའ་འཛིན་པའི་སྐྱེ་བོ་དེ་དག་ལ་གོ་ཞིང་། ཧཱན་གེར་”ཞེས་པ་ཕྲོམ་མི་བའི་ཡུལ་སྐད་དང་བསྟུན་ན་སྔགས་གྱེར་ཞེས་པའི་ཡི་གེ་འདིའི་འདོན་སྟངས་ཡིན་པར་བཤད་ལ། སྔགས་གྱེར་དེ་ལ་ཡང་བོན་སྔགས་གྱེར་དང་ཆོས་སྔགས་གྱེར་ཞེས་སོ་སོར་དབྱེ་བ་འབྱེད་སྲོལ་ཡོད་པས། དེ་ཡང་དེང་སྐབས་ཁོ་བོའི་ཕ་ཡུལ་སོགས་ཨ་མདོའི་ཡུལ་སྡེ་མང་པོར་ཡང་ཁྱིམ་སྔགས་རྣམས་ལ་དཔོན་རྒན་ནམ་དབོན་རྒན་ཞེས་པའི་འབོད་སྟངས་དང་ཕྱོགས་མང་པོར་མཚུངས།
     སྤྱིར་བོད་མིའི་རོང་ཁུལ་གྱི་ཁྱིམ་ཚང་གི་ཁང་པ་ལས་སྟངས་ཀྱང་ས་གནས་མི་འདྲ་བའི་རང་བྱུང་ཁོར་ཡུག་དང་ཐོན་ཁུངས། འཚོ་ཐབས་སོགས་ཀྱི་དབང་གིས་ཁྱད་པར་ཡོད་མོད། ཁང་པའི་ནང་གི་གྲུབ་ཆ་གལ་ཆེན་དག་ཕལ་ཆེར་གཅིག་མཚུངས་ཡིན་པ་བཞིན། ཡུལ་གྲུ་འདི་དག་གི་ཁྱིམ་ཚང་སོ་སོར་ཡང་རང་གི་ཆ་རྐྱེན་དང་མཐུན་པའི་མཆོད་ཁང་ཡོད་པ་མ་ཟད། ཁང་པའི་གྲུབ་ཆའི་གཙོ་བོ་ནི་ནང་ཁྱིམ་མམ་ཟས་སྦྱོར་གཡོ་བསྐོལ་དང་བཟའ་མི་མཉམ་འཛོམས་བྱེད་ས་དེ་ཡིན་ལ། དེའི་ནང་དུ་ཐབ་ཀ་ནི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་མ་ཟད། དེའི་ཐད་ཀྱི་འཛེམས་བྱ་དག་ཀྱང་བོད་ཀྱི་སྲོལ་རྒྱུན་ལས་ལོགས་སུ་གྱུར་བ་ཞིག་གཏན་ནས་མེད་ཅིང་། ཐབ་ཀའི་དབྱིབས་དང་རྒྱུ་ཆའི་ཐད་ལ་ལོ་འདི་གའི་ནང་དུ་དཀར་མཛེས་སོགས་ནས་བཟོས་པའི་ལྕགས་ཐབ་བཀོལ་སྲོལ་རིམ་གྱིས་དར་བཞིན་ཡོད་མོད། སྲོལ་རྒྱུན་ལྟར་ན་ཁོ་ཚོའི་ཐབ་ཀ་ལ་ལྕགས་གོར་རྐང་གསུམ་ཅན་aགྱིས་བྱེད།དེའི་གོང་ཐད་དུ་རྡོ་ཞིག་བསླངས་ཡོད་ལ་དེ་ནི་མེས་པོའི་མཆོད་སྟེགས་ཡིན་པ་དང་། ཟས་ཐུན་རེ་རེར་མིས་མ་ཟས་སྔོན་དུ་ཐོག་མར་དེའི་སྟེང་དུ་ཉུང་ཙམ་མཆོད། མཆོད་སྟེགས་དེའི་གོང་རོལ་གྱི་ལྡེབས་ངོས་སམ་སྒྲོམ་སྒམ་དུ་ཐབ་ལྷ་ཡོད་ཅིང་། ཐབ་ལྷ་ལ་ཛམ་བྷ་ལ་ཞེས་ཀྱང་འབོད་ཅིང་། ཁྱིམ་ཚང་ཕལ་ཆེ་བར་ཛམ་ལྷའི་སྐུའི་ཚབ་ཏུ་ནོར་བུའི་ཤིང་བརྐོས་སམ་ཤོག་བྲིས་རི་མོ་གང་རུང་སྟེང་ཕྱོགས་སུ་བེ་ཡིག་ཡོད་པ་ཞིག་བཀལ་ཡོད་ལ། སྲོལ་ལུགས་འདི་ཨ་མདོའི་རེབ་གོང་གི་ཡུལ་སྡེ་མང་པོར་ཡང་ཐབ་ལྷའི་དོད་དུ་གྲོ་ཕྱེས་བྲིས་པའི་ནོར་བུའི་རི་མོ་འབྲི་སྲོལ་ཡོད་པ་དང་མཚུངས། གཞན་དུ་ཁང་པའི་དཀྱིལ་ཀ་ཡང་བོད་ཀྱི་ཁང་པའི་ཆེས་གལ་ཆེ་བའི་གྲུབ་ཆ་ཞིག་ཡིན་པ་མ་ཟད། ཡུལ་འདིའི་ཁྱིམ་ཚང་སོ་སོའི་དཀྱིལ་ཀའི་སྟེང་ཕྱོགས་ཀྱི་ཁང་ཀླད་དུ་དར་ལྕོགས་འཛུགས་ཤིང་དེའི་ཕྱོགས་བཞིར་རྒྱལ་མཚན་རྩེ་མོ་དང་བཀྲ་ཤིས་བརྩེགས་པ་སོགས་འཐེན་སྲོལ་ཡོད་ལ། དེ་ནི་མཐོ་བ་གནམ་དང་འབྲེལ་བའི་དམུ་ཐག་གི་དོད་ཡིན་ལུགས་བཤད།དེ་མིན་ཡུལ་འདིའི་བོད་མིའི་གྲོང་སྡེའི་འཚོ་བའི་ཁྲོད་དུ་ཡང་ཡུལ་ལྷ་གཞི་བདག་དང་རི་བཙན་ལ་བསང་མཆོད་འབུལ་སྲོལ་དར་ཆེ་བ་མ་ཟད། དགྲ་བགེགས་སོགས་ལྡོག་པ་ལ་གཏོ་དང་དམར་མཆོད་བྱེད་སྲོལ་ཧ་ཅང་དར་ལ། ལྷ་ཀླུར་མཆོད་སྲོལ་དང་འདྲེ་གདོན་འདུལ་སྲོལ་གྱི་ཆོ་ག་ཡང་རབ་དང་རིམ་ཞིག་དར་ཡོད་(36)པས། བོད་ཡུལ་ཀུན་ལས་གནའ་བོའི་བོད་ཀྱི་སྲོལ་ལུགས་ཀྱི་ཁྱད་ཆོས་གསལ་བོར་ལྷག་པའི་ཡུལ་སྡེ་རུ་མཐོང་ཆོག་སྙམ།
     གསུམ་པ། བརྗོད་དོན་གཞི་གཅིག་ཏུ་བསྒྲིལ་བ།
     བོད་ཡུལ་ཤར་མཐའི་སི་ཁྲོན་ས་ཆའི་རང་ལ་ཕྲོམ་མིའམ་ཕོར་མི་སོགས་སུ་འབོད་པའི་བོད་པ་འདི་དག་དང་ཡུན་ནན་ཕྱོགས་ཀྱི་ཕུའུ་སྨི་རིགས་ཞེས་པའི་མི་རིགས་རང་རྐྱ་བར་བརྩི་བའི་ཡུལ་སྡེ་སོ་སོ་ནི་རིགས་རུས་དང་སྐད་ཆ།ཆོས་ལུགས། རིག་གནས་སོགས་གང་ཅིའི་ཐད་ནས་ཧ་ཅང་མཚུངས་ཀྱང་། ཁོ་ཚོ་ནི་བོད་མིའུ་གདུང་དྲུག་ལས་ལྡོང་གི་རིགས་རྒྱུད་ལས་ལོ་རྒྱུས་ཁྲོད་མུ་གེ་དང་དམག་འཁྲུག་སོགས་ཀྱི་རྐྱེན་གྱིས་སྔ་རྗེས་སུ་མདོ་དབུས་མཐོ་སྒང་གི་བྱང་ཕྱོགས་ནས་རིམ་གྱིས་ཤར་མཐའི་ཡུལ་གྲུ་དག་ལ་གནས་སྤར་བའི་བོད་མི་དངོས་ཡིན་པ་མ་ཟད། རྒྱ་བོད་ལོ་རྒྱུས་ཡིག་ཚང་དང་གཟུགས་ཕུང་བརྟག་དཔྱད་སོགས་གང་གི་ཆ་ནས་བལྟས་ཀྱང་དེང་སྐབས་ཕུའུ་སྨི་རིགས་ཟེར་བའི་མི་རིགས་རང་རྐྱ་བ་དེ་བོད་རིགས་དང་རྒྱུད་གཅིག་པ་དང་། ཕྲོམ་མི་བ་འདི་དག་ལ་རྒྱའི་ཡིག་ཚང་དུ་སྔ་རྗེས་སུ་ནུབ་ཆཱང་དང་ ཞི་ཕོན།(西蕃) ཞི་ཧྥན་(西番)སོགས་སུ་འབོད་པ་དང་། ཕོན་(蕃)དང་ཧྥན་(番)གཉིས་དོན་དུ་དུས་རིམ་མི་འདྲ་བའི་ནང་གི་ཡི་གེའི་འབྲི་སྟངས་མི་འདྲ་བ་ཙམ་ལས་དོན་དུ་བོད་བཙན་པོ་ལ་ཡང་ཐུ་བྷོད་(吐蕃)ཞེས་སུ་འབོད་པ་དེ་དང་མཚུངས་ཤིང་། ཁོ་ཚོའི་ཡང་མེས་ལ་རྒྱའི་ཡིག་ཚང་དུ་ཞི་ཆཱང་ཞེས་ཀྱང་འབོད་མོད། ཞི་ཆཱང་གི་ཁྲོད་དུ་བོད་ཡུལ་ཤར་མཐའི་བོད་ཀྱི་ཡུལ་སྡེ་འདི་དག་ཡོད་པ་མ་ཟད་ད་ལྟའི་བོད་དང་མི་རིགས་གཞན་གྱི་ཡུལ་སྡེ་ཁག་གི་མེས་པོ་ཡང་འདུས།《ཐང་ཡིག་》ཏུ་“ཐུ་བྷོད་ནི་དོན་དུ་ཞི་ཆཱང་ཏུ་གཏོགས་”ཞེས་པས་དོན་དུ་ཞི་ཆཱང་ཞེས་པ་ད་ལྟའི་བོད་དང་ཉེ་འཁོར་གྱི་མི་རིགས་མང་པོའི་སྤྱི་མིང་ཞིག་ཏུ་གོ་དགོས་ལ། བཙན་པོའི་དུས་སྐབས་སུ་ཆབ་སྲིད་ཀྱི་ཐད་ནས་བོད་ཡུལ་ཕལ་མོ་ཆེ་གཅིག་གྱུར་བྱས་པས། 《ཐང་ཡིག་གསར་མ་》རུ་ཡང་“ཏོ་མིས་(མདོ་སྨད་)ཡང་ཞི་ཆཱང་གི་རིགས་ཡིན་ལ། ཐུ་བྷོད་ཀྱི་མངའ་ཁོངས་སུ་གཏོགས་”ཞེས་གསལ་བོ་བསྟན་ཡོད། གནའ་བོའི་རྒྱའི་ཡིག་ཚང་དུ་ཞི་ཆཱང་དུ་འབོད་པའི་མཚོ་སྔོན་ཕྱོགས་ཀྱི་ཡུལ་སྡེ་ལས་ད་ལྟའི་ཕྲོམ་མིའམ་ཕོར་མིར་འབོད་པ་འདི་དག་གི་ཕ་མེས་རྣམས་རང་བྱུང་གནོད་འཚེ་དང་དམག་འཁྲུག་སོགས་ཀྱི་དབང་གིས་རིམ་གྱིས་ཡུལ་ཕྱོགས་སོ་སོར་གྱེས་ཤིང་། ཚོ་ཁག་སྐོར་ཞིག་གཙང་པོའི་བཞུར་རྒྱུན་དེད་ནས་ཚྭ་ཐོག་སོགས་ཀྱི་ས་ཆར་སླེབས་པས་ས་འདི་གའི་ཆེས་སྔ་བའི་སྡོད་དམངས་ཀྱི་གྲས་ཡིན་པ་དང་། ཡང་རིམ་གྱིས་ཡུལ་སྡེ་ཕན་ཚུན་བར་དམག་འཁྲུག་བྱུང་བ་སོགས་ཀྱི་དབང་གིས་ཡུལ་མི་མང་པོ་རི་ལུང་ནགས་ཚལ་གྱིས་ཡོངས་སུ་ཁེངས་པའི་ད་ལྟའི་མུ་ལེ་སོགས་སུ་སྤོས་ཤིང་། ལྷག་པར་དུ་སོག་དམག་གི་སྟོབས་ཤུགས་ཆེར་རྒྱས་ནས་ལྷོ་འདུལ་བྱས་པའི་དུས་སུ། མི་འབོར་མི་ཉུང་བ་ཞིག་སོག་དམག་དང་བསྡོངས་ནས་ལྷོ་ཕྱོགས་སུ་བསྐྱོད་པ་དེ་ད་ལྟའི་ཕུའུ་སྨི་རིགས་ཀྱི་མེས་པོ་ཡིན། ཚྭ་ཐོག་དང་མུ་ལེ་ས་ཆར་གནས་སྡོད་བྱས་པའི་ཕྲོམ་མི་བ་རྣམས་བཅིངས་འགྲོལ་སྔོན་དུ་ཕལ་ཆེར་མུ་ལེ་རྒྱལ་བོའི་མངའ་འབངས་སུ་གཏོགས་ཤིང་། དེར་མི་གཏོགས་པ་རྣམས་ཀྱིས་ཀྱང་རིག་གནས་གོམས་སྲོལ་དང་སྐད་རིགས་སོགས་སྔར་བཞིན་རྒྱུན་འཛིན་བྱས་པས་ད་ལྟའི་ཕྲོམ་མིའམ་ཕོར་མི་འབོད་པའི་བོད་པ་འདི་དག་གི་མེས་པོ་ཡིན།
     མིའི་རིགས་ཀྱི་རིག་གནས་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད། མི་རིགས་དང་ཡུལ་སྡེ་ཕན་ཚུན་བར་རིག་གནས་ཀྱི་འབྲེལ་འདྲིས་བྱུང་པ་ཆོས་ཉིད་ཡིན་པས། ཁོ་ཚོའི་མེས་པོ་རྣམས་ཀྱིས་ཀྱང་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་མི་རིགས་གཞན་དང་བོད་ཀྱི་ཡུལ་སྡེ་གཞན་ལས་རིག་གནས་བསྡུ་ལེན་བྱས་ཡོད་ངེས་ཀྱང་། སྐད་དང་རིག་གནས་རང་ལྡོག་ནས་བོད་སྤྱིའི་སྐད་རིགས་རིག་གནས་འཕེལ་བའི་ལོ་རྒྱུས་ཀྱི་འབྲས་བུ་ཞིག་ཡིན་པ་ལས། མི་རིགས་གཞན་ཞིག་འོས་མིན་སྒོས་བོད་དུ་བརྩིས་པའམ་ཡང་ན་བོད་ཀྱི་མིས་མི་རིགས་གཞན་གྱི་སྐད་དང་རིག་གནས་ཡན་གར་བ་ཞིག་བསླབ་པ་ཡང་མ་ཡིན།དེང་སྐབས་མུ་ལེ་དང་ཚྭ་ཐོག བརྒྱུད་ཟུར་སོགས་ཀྱི་ཕྲོམ་མིའམ་ཕོར་མིར་འབོད་པའི་བོད་པའི་ཡུལ་སྡེ་ཁག་དང་ཡུན་ནན་ཕྱོགས་ཀྱི་ཕྲོམ་མིར་འབོད་པའི་ཕུའུ་སྨི་རིགས་གཉིས་ཀྲུང་གོའི་མི་རིགས་ངོས་འཛིན་ཁྲོད་མི་རིགས་སོ་སོར་དགར་ཡོད་པས། ཕུའུ་སྨི་རིགས་ཀྱི་མི་རིགས་རང་རྐྱ་བའི་བདག་དབང་ལ་ངེས་པར་དུ་བརྩི་སྲུང་བྱེད་དགོས་མོད། མི་རིགས་ངོས་འཛིན་ཁྲོད་བོད་རིགས་སུ་དགར་ཡོད་པ་མ་ཟད་ལོ་རྒྱུས་དང་རིག་གནས་ཀྱི་ཐད་ནས་ཀྱང་བོད་པ་འཁྲུལ་མེད་ཡིན་པའི་བོད་རིགས་ཡུལ་སྡེ་སོ་སོའི་མི་རིགས་དང་རིག་གནས་ཀྱི་བདག་དབང་ལ་བརྩི་སྲུང་བྱེད་རྒྱུ་ཡང་གལ་ཆེན་དུ་མཐོང་།
     མདོར་ན། ཉེ་བའི་ལོ་འགའི་རིང་བོད་ཡུལ་ཤར་མཐའི་ཡུལ་སྡེ་དག་གི་རིགས་རུས་དང་སྐད་བརྡ། ཆོས་ལུགས་སོགས་ལ་ཞིབ་འཇུག་བྱེད་རྒྱུ་དེ་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་དཔྱད་འབྲས་ཀྱི་ནང་དོན་གལ་ཆེན་དུ་གྱུར་ཡོད་མོད། རྒྱ་ཡིག་གི་དཔྱད་འབྲས་རྣམས་ཕལ་ཆེ་རྒྱའི་ཡིག་ཚང་ཁོ་ནར་གཞི་བཅོལ་བ་དང་། བོད་ཡིག་ཏུ་དེ་ལ་ཆེད་དུ་དམིགས་པའི་འབྲེལ་ཡོད་དཔྱད་རྩོམ་ཡང་མང་པོ་མེད་པའི་གནས་ཚུལ་འོག ས་འདིའི་རང་བྱུང་ཁོར་ཡུག་དང་ཡུལ་སྐད་སོགས་ཀྱི་རྐྱེན་གྱིས་མི་རིགས་གཞན་གྱི་ཞིབ་འཇུག་པས་མཐོང་བ་མངོན་གྱུར་བ་ཕྲན་ཙམ་རང་རང་སོ་སོའི་མི་རིགས་རིག་གནས་དང་ལོ་རྒྱུས་ལ་འབྲེལ་ཏེ་འགྲེལ་ཁུལ་དང་། དེ་ལྟར་མི་ནུས་པ་དག་རང་སྣང་གིས་རིགས་བསྡུ་སྣ་ཚོགས་བྱས་ཡོད་པས། ས་གནས་བོད་མི་རྣམས་ལ་མཚོན་ན་མི་རིགས་རིག་གནས་ཀྱི་ཁེ་དབང་རྩིས་མེད་བྱས་པའི་ཚོར་སྣང་ཡང་བྱུང་ཡོད་ལ། ལྷག་པར་དུ་བོད་མི་རང་གིས་བྲིས་པའི་མུ་ལེ་བོད་རིགས་རང་སྐྱོང་རྫོང་སོགས་སི་ཁྲོན་ས་ཆའི་མི་རིགས་སྣ་མང་འདུས་སྡོད་བྱེད་པའི་བོད་པའི་ཡུལ་སྡེ་ཁག་གི་ལོ་རྒྱུས་རིག་གནས་སོགས་ཀྱི་འབྲེལ་ཡོད་དཔྱད་འབྲས་ནི་དེ་བས་ཀྱང་དཀོན་པས། བོད་ཡུལ་ཕལ་མོ་ཆེའི་མི་རྣམས་ལ་མཚོན་ན་ཡུལ་སྡེ་འདི་དག་གི་སྐད་དང་ཆོས་ལུགས། རིག་གནས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་རྒྱུ་ཧ་ཅང་དཀའ་བའི་ཚོད་དུ་འདུག་ཅིང་། རིག་གཞུང་སྡེ་ཚན་དག་གིས་དེ་ལ་དོ་སྣང་མ་བྱས་པའི་དབང་གིས་ཁོ་ཚོའི་སྐད་དང་ཡི་གེ་སོགས་ཀྱི་སློབ་གསོའི་ལས་སྒོ་ལ་ཡང་དཀའ་ངལ་མི་ཉུང་བ་འཕྲད་ཡོད། དེ་བས་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ཁྱབ་ཁོངས་སུ་ཡང་བོད་ཡུལ་ཤར་མཐའི་འདི་འདྲའི་ཡུལ་སྡེ་ཁག་གི་རིག་གནས་ལ་ཞིབ་འཇུག་ནན་ཏན་བྱེད་རྒྱུ་དེ་ཡང་དོན་འགངས་ཤིག་ཡིན་ཏེ། ཡུལ་གྲུ་འདི་དག་གི་སྐད་དང་ཡུལ་སྲོལ་ནི་བོད་ཀྱི་གནའ་བོའི་སྐད་དང་ཡུལ་སྲོལ་ལ་ངེས་ཤེས་གསལ་བོ་བྱེད་སའི་དངོས་ཡོད་ཤུལ་བཞག་རིག་གནས་ཀྱི་དཔྱད་གཞི་གལ་ཆེན་ཞིག་ཡིན་ལ། དཔྱད་གཞིའི་ཐད་ནས་ཀྱང་སྔར་ཡོད་རྒྱ་བོད་ཡིག་ཚང་གི་རྨང་གཞིའི་ཐོག ཡུལ་སྡེ་རང་གི་སྔར་སྲོལ་མ་ཉམས་པར་ཡོད་པ་འདི་དག་ལ་དངོས་སུ་ཤེས་རྟོགས་བྱེད་རྒྱུ་ཡང་གནད་འགག་ཅིག་ཏུ་མཐོང་ཞིང་། དེང་སྐབས་རྒྱལ་ཁབ་ཀྱི་སྲིད་ཇུས་ལེགས་པོའི་ཆ་རྐྱེན་འོག རང་རེའི་བོད་ཀྱི་རིག་གནས་ལོ་རྒྱུས་སྤྱི་ལ་དོ་སྣང་དང་ཞིབ་འཇུག་བྱེད་པའི་དུས་སྐབས་གསར་བ་ཞིག་ཏུ་སླེབས་ཡོད་པས། བོད་དང་ཉེ་འཁོར་གྱི་སྤུན་ཟླ་མི་རིགས་བར་གྱི་ལོ་རྒྱུས་དང་། སྐད་དང་རིག་གནས་བར་གྱི་འབྲེལ་བ་ཡང་བོད་ཀྱི་རིག་གནས་ཞིབ་འཇུག་ཁྲོད་དཔྱད་གཞིར་ལུས་པའི་ལས་དོན་གལ་ཆེན་ཞིག་ཡིན་པ་མ་ཟད། དེ་ནི་ཀྲུང་གོའི་མི་རིགས་མང་པོ་འཆམ་མཐུན་མཉམ་གནས་ཡོང་བའི་ལོ་རྒྱུས་ཀྱི་འོས་འགན་ཞིག་ཀྱང་རེད་བསམ།
     མཆན་འགྲེལ།
①《རྒྱ་བོད་ཤན་སྦྱར་ཚིག་མཛོད།》 མི་རིགས་དཔེ་སྐྲུན་ཁང་གིས་དཔར། 2011ལོར་པེ་ཅིན་དུ་པར་ཐེངས་བརྒྱད་པ། ཤོག་གྲངས་1724ལ་གསལ།
② 费孝通:《关于我国民族的识别问题》,摘于《中国社会科学》,1980年第1期。
③ སྤྱི་ལོ་2000ལོའི་སྐབས་ལྔ་བའི་རྒྱལ་ཡོངས་མི་གྲངས་བསྡོམས་རྩིས་བྱས་པའི་གྲངས་འབོར་ལྟར་ཡིན།
④ 林超民: 《方国瑜文集 (第四辑)》 [M],云南教育出版社, 2001年,第4页。
⑤ 马曜:《云南各族古代史略.初稿》[ M],云南人民出版社, 1977年, 第270页。
⑥ 何耀华:《川西南藏族史初探》[J] ,思想战线, 1985年第4期。
⑦⑧ 胡文明:《普米研究文集》[C],云南民族出版社, 2002年, 第39页;第27页。
⑨ 刘尧汉、陈久金:《汉代“白狼夷”的族属新探》[J] ,西南师范大学学报 (人文社会科学版), 1985年第4期。
⑩ 陈宗祥、邓文峰:《“白狼歌”研究评述》[J],西南师范学院学报, 1979年第4期。
⑾ 杨照辉:《普米族文化探幽》[M],云南民族出版社, 2008年, 第68页。
⑿ 严汝娴、王树五:《普米族简史》[M],云南人民出版社, 1988年, 第55、14页。
⒀ 尤中:《中华民族发展史(第二卷)》[M] ,云南出版集团公司晨光出版社, 2007年, 第1178、1181页。
⒁⒂ 尤中:《中华民族发展史(第三卷)》[M],云南出版集团公司晨光出版社, 2007年, 第1334页;第515页。
⒃吕振羽:《中国民族简史》[ M],三联书店, 1951年。
⒄ 林惠祥:《中国民族史(下册)》[M],北京: 商务出版社, 1993年,第172页。
⒅ དེང་སྐབས་བོད་པ་གཅིག་ཀྱང་མེད་པའི་ལཱང་ཧྲན་གྱི་ས་ཆ་རུ་བོན་གྱི་བྲག་བརྐོས་རི་མོ་དང་། སྟོན་སྐུ་དང་རིགས་གསུམ་མགོན་པོ་སོགས་ནང་བསྟན་གྱི་རི་མོ་གསོན་ཉམས་དོད་པོ་ཡོད་པ་ལས། སྔོན་ཆད་འདི་གར་བོད་མིའམ་བོད་ཀྱི་ཆོས་ལུགས་ལ་དད་གུས་བྱེད་མཁན་གནས་སྡོད་བྱས་མྱོང་པ་ར་སྤྲོད་བྱེད་ཐུབ།
⒆ 胡文明主编:《普米族研究文集》,云南民族出版社,2002年,第2页。
⒇《普米族简史》编写组:《普米族简史》,民族出版社,2009年,第14页。
(21)胡文明主编:《普米族研究文集》,云南民族出版社,2002年,第388页。
(22)དེང་སྐབས་ཕུའུ་སྨི་རིགས་ཀྱི་དཔོན་གྱེར་ཆོས་ལུགས་(韩贵教)ཟེར་བ་བསྐྱར་གསོ་བྱེད་སྐབས་བོད་ཀྱི་ཡུལ་སྡེ་འདི་དག་གི་དཔེ་རྙིང་རྣམས་བཤུ་འབྲི་བྱས་ཏེ་ཁྱེར་ཡོད་ཅིང་། དེའི་ཁྲོད་དུ་བསམ་བཞིན་ཡིན་མིན་གཉིས་ཀ་ནས་བཟོ་བཅོས་རྒྱབ་ཡོད་ལུགས་མི་རིགས་དེའི་ཤེས་ལྡན་པ་རྣམས་ལ་བཅར་འདྲི་བྱས་སྐབས་ཐོས་སོང་།
(23)དེབ་འདིའི་རྒྱབ་ཤོག་ནང་མའི་པར་དང་པོར་གཟིགས་རོགས།
(24)ངག་དབང་མཁྱེན་རབ་ཀྱིས་བརྩམས་པའི་《མུ་ལེ་ཆོས་འབྱུང་།》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་1992ལོར་ཁྲིན་ཏུའུ་རུ་དཔར། ཤོག་ངོས་27
(25)གྱི་ལུང་བཀྲ་ཤིས་རྒྱ་མཚོ་དང་གྱི་ལུང་ཐུགས་མཆོག་རྡོ་རྗེས་མཛད་པའི་《བོད་མི་བུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ་ཞེས་བྱ་བ་བཞུགས་སོ།།》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་1991ལོར་དཔར། ཤོག་ངོས་86ནས་87བར་དུ་གསལ།
(26)《ལ་དྭགས་རྒྱལ་རབས།》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་སྤྱི་ལོ་1987ལོར་དཔར། ཤོག་ངོས་7པར་གསལ།
(27) ཚ་བོ་ལ་ཚོའུ་ལྟ་བུར་འབོད་སྟངས་འདི་ད་ལྟ་ཡང་བོད་ཀྱི་ཡུལ་སྡེ་མང་པོར་མཐོང་རྒྱུ་ཡོད།
(28)石泰安著,耿昇译:《汉藏走廊古部落》,中国藏学出版社, 2013年,第58-59页。
(29)《西藏藏族起源初探-来自掌指纹的线索》,载于《人类学学报》,2011年,第1期。
(30)兰海:《Y染色体单倍群D在东亚的分布及其意义》, 载于《现代人类学通讯》(第二卷),2008年。
(31)石宏等:《中国云南25个少数民族Y染色体DYS287位点的地理多态性》,载于《中国科学》,2002年8月,第4期。
(32)胡文明主编:《普米族研究文集》,云南民族出版社,2002年,第69页。
(33)简史编写组:《普米族简史》,民族出版社,2009年,第4-5页。
(34)简史编写组:《普米族简史》,民族出版社,2009年,第73页。
(35)陆绍尊:《普米语方言研究》,民族出版社,2001年,第9页。
(36)དེབ་འདིའི་རྒྱབ་ཤོག་ནང་མའི་པར་གཉིས་པར་གཟིགས་རོགས།
 
0

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...