སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཡིག་ཚང་རིག་པ་ཞེས་པའི་ངོས་འཛིན་ལས་ཡིག་ཚང་རིག་པ་ཆེན་མོ་གླེང་བ།
རྩོམ་པ་པོ། བཀྲ་ཤིས་ཚེ་འཕེལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-8-16 9:37:00 རྩོམ་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས།
     གཅིག རྒྱ་ནག་གི“ཡིག་ཚང་རིག་པ”ཡི་བྱུང་བ་མདོ་ཙམ།
     རྒྱ་ནག་རིག་གཞུང་གི་སྡེས་ཁོ་ཅག་གི“ཡིག་ཚང་རིག་པ”བྱུང་བའི་དུས་ལ་བཞེད་ཚུལ་མི་མཐུན་པ་མོད་པོ་འདུག་ཟེར་ཏེ། དེ་ལས་རེ་འགས་ཀུང་ཙེའི་གཞུང་དྲུག་གསུབ་ཕྱིས་(删六经)ཞེས་པ་ལས་འགོ་འབུས་པ་དང་སི་མ་ཆན司马迁(སྤྱི་ལོ་སྔོན145-?)གྱི《ལོ་རྒྱུས་རེག་ཟིག》ལས་བྱུང་བར་བཤད། ཡང་རེ་འགས་ཧན་ནུབ་མའི་ལིའུ་ཞང刘向(སྤྱི་ལོ་སྔོན77-སྤྱི་ལོ་སྔོན6)དང་ལིའུ་ཞིན刘歆(སྤྱི་ལོ་སྔོན50 — སྤྱི་ལོ23)ཕ་བུ་གཉིས་ཀྱིས་གཏོས་འབོར་ཆེ་བའི་དཔེ་རྙིང་མང་པོ་བསྡུ་སྒྲིག་ཉར་ཚགས་བྱས་པ་དེ་ཡིག་ཚང་རིག་པའི་འབྱུང་ཁུངས་སུ་བྱེད། རུས་ལིའུ་ཕ་བུ་གཉིས་ཀྱིས་དཔེ་ཆ་མོད་པོ་བསྡུ་སྒྲིག་བྱས་ཏེ། དེ་དག་ལ་ཞུ་དག་དང་གཤིབ་བསྡུར།རིགས་དབྱེ་སྒོས་དཀར་ཆག(ནང་དོན་གནད་བསྡུས )བཀོད་ནས་ལྟ་ཞིབ་བྱེད་པར་མཁོ་འདོན་བྱས། ཕྱིས་ཀྱི“པར་ཞུ་དཔྱད་བསྡུར་རིག་པ”(校雠学)དེ་རུས་ལིའུ་ཕ་བུ་གཉིས་ཀྱིས་སྲོལ་བཏོད་པར་བཤད། གང་ལྟར། ཤེས་ཡོན་པ་ཕལ་ཆེ་བས་ཡིག་ཆ་བསྡུ་སྒྲིག་གི་ལས་ཀ་ཡོད་པ་ལ་བརྟེན་ནས་ཡིག་ཚང་རིག་པ་བྱུང་བར་འདོད། ཡིན་ནའང་། ཧྭ་ཀྲུང་དགེ་འོས་སློབ་ཆེན་ལོ་རྒྱུས་སྡེ་ཁག་གི་དགེ་རྒན་ཆེན་མོ་ཀྲང་ཧྲུན་ཝེ张舜微(1911-1992)ཡི《ཀྲུང་གོའི་ཡིག་ཚང་རིག་པ》ཞེས་པའི་ནང་དུ་གནའ་རབས་སུ། “ཡིག་ཚང་རིག་པ་ཡོད་མེད་གང་ཡང་རུང་། ལོ་རྒྱུས་ཡིག་ཚང་བསྡུ་སྒྲིག་དང་ཞིབ་འཇུག་གི་བྱ་བར་ཞུགས་པའི་ཤེས་ལྡན་པ་ནི་ཡོད།”[1]ཅེས་བཤད་ལ། དེ་བཞིན་ལེ་ཝེ་ཁྲོ་ཡིས་སྔོན་དེ་ཚོའི(ཡིག་ཆ་བསྡུ་སྒྲིག་པ)མིང་དུ་ཞུ་དག་དཔྱད་བསྡུར་མཁན་བྱ་བས། ཞུ་དག་དཔྱད་བསྡུར་རིག་པ་དེ་ཡིག་ཚང་རིག་པའི་མིང་གཞན་དུ་གྱུར་བ་རེད་ཟེར། ཡང་ཝུའུ་ཧན་ཚན་རྩལ་སློབ་གླིང་གི་དབྱི་ཧུའེ易卉དང་ཝུའུ་ཧན་བཅིངས་འགྲོལ་དམག་དམག་དོན་དཔལ་འབྱོར་སློབ་གླིང་གི་ཧྥང་ཕེང方鹏གཉིས་ཀྱི་འདོད་ཚུལ་ལྟར་ན། འགལ་འདུ་གཙོ་བོ“རིག་པ”ཞེས་པའི་གོ་བ་ལེན་སྟངས་ལ་རག་ལས་པར་བཤད་ལ། རིག་པ་ཞེས་པ་ཤེས་བྱ་དང་རིག་ཚན་གང་ལ་གོ་ནའང་གོ་བ་རེ་འཇགས་བཏུབ་མོད། དོན་དངོས་ཐོག“ཡིག་ཚང་རིག་པ”ནི་ཅུང་བྱུང་འཕྱི་བའི་ཉེ་རབས་ཀྱི་གསར་དར་རིག་ཚན་ཞིག་ཡིན་ཟེར། འདོད་ཚུལ་འདིའི་ཁུངས་ཅུང་ཟད་དག་པར་སྙམ།
     རིག་ཚན་གང་ཞིག་ཡིན་ཡང་མུ་ནས་དབྱེ་གསབ་དང་ཕྱོགས་བསྡུའི་ཁྲོད་ག་ལེར་གྲུབ་སྟེ་འཕེལ་རྒྱས་སུ་ཕྱིན་པ་ཞིག་ཡིན་ལ། དུས་རབས20པའི་སྟོད་དུ་ནུབ་ཕྱོགས་ལ་སློབ་སྦྱོང་བྱེད་པའི་ཚ་རླབས་ཀྱི་ཁྲོད། “ཡིག་ཚང་རིག་པ”ཞེས་པའི་མིང་དེ་ཐོག་མར་1920ལོར་ལིའང་ཆི་ཁྲའོ梁启超(སྤྱི་ལོ1873-1929)ཡི《ཆིང་རྒྱལ་རབས་ཀྱི་རིག་གཞུང་རྣམ་བཤད》ལས་མངོན་པར་སྐད། དེའི་ཕྱིས《ཀྲུང་གོའི་ཉེ་བའི་ལོ་སུམ་བརྒྱའི་རིག་གཞུང་ལོ་རྒྱུས》ཞེས་པ་ལས་ཀྱང་དམིགས་སུ་བཏོན་ཏེ་བཤད། འོན་ཀྱང་། དེའི་ནང་བཏོན་པའི་ཡིག་ཚང་རིག་པ་དེ་གཙོ་བོ་སྒྲ་ཡངས་པའི་ངོས་ཀྱི“ལོ་རྒྱུས”ལ་ཟེར་གྱིན་འདུག 1930ལོར་ཚོང་ལས་དེབ་པར་ཁང་གིས་ཀྲེང་ཧོ་ཧྲིན郑鹤声(སྤྱི་ལོ1901~1989)དང་ཀྲེང་ཧོ་ཁྲུན郑鹤春(སྤྱི་ལོ1892—1957)གཅེན་གཅུང་གཉིས་ཀྱིས་བརྩམས་པའི《ཀྲུང་གོའི་ཡིག་ཚང་རིག་པའི་སྤྱི་རྣམ》ཞེས་པ་པར་སྐྲུན་བྱས། དེབ་དེ་ནི“ཡིག་ཚང་རིག་པ”ཞེས་པའི་མིང་དེ་དཔེ་མིང་དུ་བཀོད་པའི་དེབ་ཐོག་མ་ཡིན། ཁོང་གཉིས་ཀྱི་མ་ཏུན་ལིན་གྱིས“ཡིག་ཚང”འགྲེལ་སྟངས་གཞིར་བཟུང་ནས“ཡིག་ཚང་རིག་པ”འཐུས་ཚང་དུ་བཏང་ལ། ཡིག་ཚང་གི་གྲུབ་རྐྱེན་དང་བརྒྱུད་སྒྲོག བརྒྱུད་སྤྲོད་ཀྱི་གོ་རིམ་གླེང་བས་ཡིག་ཚང་རིག་པར་གྲུབ་འབྲས་མི་དམན་པ་བླངས་པར་བཤད། མ་ཟད་ཕྱིས་ཡིག་ཚང་གི་རིག་གཞུང་མ་ལག་གི་ལས་དོན་དང་དེའི་ཕྱོགས་ལ་ཞིབ་འཇུག་བྱེད་པའི་ཤེས་ལྡན་པ་ལྷག་ཏུ་འབེལ་བོར་གྱུར། དེ་འབྲེལ་གྱི་རིག་གཞུང་དཔེ་དེབ་ཀྱང་ཧ་ཅང་མང་དུ་སོང་ཡོད་དེ། དཔེར་ན། ཀྲང་ཧྲུན་ཝེ张舜微(སྤྱི་ལོ1911-1992)ཡི《ཀྲུང་གོའི་ཡིག་ཚང་རིག་པ》(1982ལོར་ཀྲེང་ཀྲོའུ་ཧྲུའུ་ཧྭ་པར་སྐྲུན་ཁང)དང་། ཝུའུ་ཧྥེང吴枫གི《ཀྲུང་གོའི་གནའ་སྲོལ་ཡིག་ཚང་རིག་པ》(1982ལོར་ཆི་ལུའུ་དཔེ་སྐྲུན་ཁང)། ཧྥུའུ་ཏན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཝང་ཞིན་ཧྥུའུ王欣夫ཡི《ཡིག་ཚང་རིག་པའི་སློབ་དེབ》(1986ལོར་ཧྲང་ཧའེ་གནའ་དཔེ་པར་སྐྲུན་ཁང)། ལའོ་མང་ཀྲེང་གི《གནའ་སྲོལ་ཡིག་ཚང་རིག་པ》(1986ལོར་ཁྲུང་ཆིང་དཔེ་སྐྲུན་ཁང)། ཧུང་ཀྲན་ཧོའུ洪湛侯ཡི《ཀྲུང་གོའི་ཡིག་ཚང་རིག་པ་གསར་སྒྲིག》(1994ལོར་ཧང་ཀྲིག་སློབ་ཆེན་དཔེ་སྐྲུན་ཁང)། ཏུའུ་ཙེ་ཞུན杜泽逊གྱི《ཡིག་ཚང་རིག་པའི་སྤྱི་རྣམ》སོགས་བརྩམས་ཆོས་གཅིག་རྗེས་གཉིས་མཐུད་དུ་ཐོན་ལ། ཡིག་ཚང་རིག་པའི་རིག་ཚན་གཞུང་ལུགས་འཛུགས་པ་དང་འཕེལ་རྒྱས་སུ་འགྲོ་བར་འབྲས་བུ་བླ་མེད་བསྐྲུན་ནོ། །
     གཉིས། གནའ་སྲོལ་ཡིག་ཚང་རིག་པ་དང་དེང་རབས་ཡིག་ཚང་རིག་པའི་ཁྱད་ཆོས།
     1.“གནའ་སྲོལ་ཡིག་ཚང་རིག་པ”དང“དེང་རབས་ཡིག་ཚང་རིག་པ”གཉིས་ཀྱི་གཞི་འཛིན་ས་གཙོ་བོ་དེ“དེང་རབས”དང“གནའ་སྲོལ”ཞེས་པའི་དུས་ཀྱི་སྟེང་དུ་ཡོད་ཅིང་། དུས་ཀྱི་དབང་གིས་ཡིག་ཚང་གི་ཁྱབ་ཁོངས་དང་ཕྱིའི་རྣམ་པ། བྱེད་ཐབས། ཁོར་ཡུག ནང་དོན་སོགས་ཀྱི་ཐད་སོ་སོའི་ཁྱད་ཆོས་རེ་མངའ་སྟེ།
     (1)གནའ་སྲོལ་ཡིག་ཚང་རིག་པ་ནི་ཐོག་མར་ཡིག་ཚང་གི་ཞིབ་འཇུག་བྱ་ཡུལ་ཐད་གཙོ་བོ་སྲོལ་རྒྱུན་གྱི་ཁྱབ་ཁོངས་ཏེ། རབས་བརྒྱུད་ཀྱི་དཔེ་རྙིང་ལྟ་བུ་ཡིན་ལ། གནའ་སྲོལ་ཡིག་ཚང་རིག་པ་ནི“རང་རྒྱལ་གནའ་རབས་ཡིག་ཚང་ཁོ་ནའམ་དེའི་འཕེལ་འགྱུར་ཆོས་ཉིད་ལ་ཞིབ་འཇུག་བྱ་བའི་རིག་ཚན་ལ་བྱ”[2]ཞེས་པ་འདི་ལས་ཀྱང་གསལ་པོར་རྟོགས་ཐུབ། ཡི་གེའི་ཁྱབ་ཁོངས་ཐད་ཡིག་རིགས་སྣ་གཅིག་གམ་གཉིས་ཅན་ཤས་ཆེ། དེང་རབས་ཡིག་ཚང་རིག་པའི་ཞིབ་འཇུག་བྱ་ཡུལ་ཐད་ཡིག་རིགས་སྣ་མང་ཅན་གྱི་དེང་རབས་ཡིག་ཚང་ངམ་འཕེལ་ཚད་མྱུར་བའི་ཚན་རྩལ་གྱི་ཡིག་ཚང་ལ་དམིགས་ཡུལ་གཙོ་བོ་བྱེད་ལ། ཚན་རྩལ་ཕྱོགས་ཀྱི་ཡིག་ཚང་ཕལ་ཆེ་བ་དེང་རབས་ཡིག་ཚང་རིག་པར་མ་བརྟེན་ན་ཚད་མཐོན་པོའི་བཀོལ་སྤྱོད་བྱ་ཁག་པོ་ཡོད། དེའི་ཁྱད་ཆོས་གཞན་ཞིག་ནི་ཡི་གེའི་ཁྱབ་ཁོངས་ནི་ཡིག་རིགས་ཅི་ཡང་ཡིན་ཆོག་ལ། ཡིག་རིགས་སྣ་མང་གི་ཡིག་ཚང་འཚོལ་སྡུད་དང་དབྱེ་ཞིབ། དག་སྒྲིག་བྱ་བ་གཙིགས་སུ་འཛིན།
     (2)གནའ་རབས་ཡིག་ཚང་རིག་པའི་ཕྱིའི་རྣམ་པ་ནི་གཙོ་བོ་རུས་བརྐོས་ཡི་གེ་དང་རྡོ་ཡིག(བྲག་བརྐོས་དང་རྡོ་རིང) ལྕགས་སམ་ཟངས་ཡིག(ཅོང་ཡིག་དང་དྲིལ་བའི་ཁ་བྱང་ལྟ་བུ) ཁྲམ་བྱང་། དར་ཡིག(དར་གོས་ཐོག་ཏུ་བྲིས་པའི་ཡི་གེ) (缣帛)ཤོག་ཡིག་སོགས་ཡིན་ལ། དེང་རབས་ཡིག་ཚང་རིག་པ་ནི་དེ་ལས་ཆ་ཇེ་ཚང་དང་སྟབས་ཇེ་བདེར་ཕྱིན་ཡོད་དེ། དཔེར་ན། སྒྲ་ཐག་དང་འོད་སྡེར། Uསྡེར་སོགས་ཡོད་ལ། ད་དུང་ཡང་ཆ་ཇེ་ལེགས་སུ་འགྲོ་མུས་སུ་ཡོད།
     (3)གནའ་རབས་ཡིག་ཚང་རིག་པའི་ཞིབ་འཇུག་བྱེད་ཐབས་གཙོ་བོར་ལག་ཤེས་ཀྱི་བྱེད་ཐབས་ཤས་ཆེ་ལ། དེང་རབས་ཡིག་ཚང་རིག་པ་ནི་གཙོ་བོ་རྩིས་འཁོར་ལག་རྩལ་གྱི་བྱེད་ཐབས་དམིགས་སུ་འཛིན་ལ། གལ་ཏེ་རྩིས་འཁོར་གྱི་ཚན་རྩལ་དང་བྲལ་ན། དོན་གྱིས་དེང་རབས་ཡིག་ཚང་རིག་པ་གནས་ཐབས་བྲལ།
     (4)གནའ་སྲོལ་ཡིག་ཚང་རིག་པ་ནི་ཞིང་ལས་ཀྱི་སྤྱི་ཚོགས་སུ་བྱུང་བར་སྙམ་ལ། ཡིག་ཚང་གི་དཀར་ཆག་སྒྲིག་པ་དང་ལུང་འདྲེན་འགོད་པ། ཡིག་ཚང་གི་ལས་ཀ་སྟེ་རྩོམ་སྒྲིག་དང་པར་འདེབས། དག་སྒྲིག་སོགས་ལ་ཚད་ལྡན་གྱི་རང་བཞིན་དང་ལས་ཕྱོད་ཚད་ཅུང་ཟད་དམའ། དེང་རབས་ཡིག་ཚང་རིག་པ་ནི་བཟོ་ལས་ཐོན་སྐྱེད་ལག་རྩལ་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་ནས་བྱུང་ལ། ཡིག་ཚང་གི་ལས་ཀའི་ལས་ཕྱོད་མཐོ་ཞིང་ཚད་ལྡན་རང་བཞིན་ཤས་ཆེ་ལ། རྒྱལ་སྤྱིའི་ཡིག་ཚང་འབྲེལ་འདྲིས་དང་མཉམ་སྤྱོད་བྱ་བར་སྐུལ་འདེད་ཀྱི་ནུས་པ་ཐོན་ཞིང་། ཡིག་ཚང་གི་བྱ་བ་རང་འགུལ་ཅན་དང་དྲ་རྒྱ་ཅན་དུ་འགྲོ་བར་རམ་འདེགས་བྱེད།
     (5)གནའ་སྲོལ་ཡིག་ཚང་རིག་པ་ནི་ནང་དོན་ལ་བལྟས་ཏེ་བཤད་ན། དཔེ་རྙིང་གི་འབྱུང་གཞིར་རྟོག་ཞིབ་ར་སྤྲོད་བྱ་བ་ལྟེ་བ་བྱེད་ཅིང་། དེ་ལ་དཀར་ཆག་དང་པར་གཞི། པར་ཞུ་དཔྱད་བསྡུར་གསུམ་སྲོག་ཤིང་བྱེད་པའི་རྨང་གཞིའི་ཐོག་མཆན་དང་ལོ་ཙཱ། དག་སྒྲིག ཉར་ཚགས་སོགས་ཀྱི་གཞུང་ལུགས་དང་བྱེད་ཐབས་དེ་ཞིབ་འཇུག་གི་ནང་དོན་དུ་བྱེད། དེང་རབས་ཡིག་ཚང་རིག་པ་ནི་སྲོལ་རྒྱུན་གྱི་རྨང་གཞིའི་སྟེང་ཡིག་ཚང་གི་བརྡ་འཕྲིན་འཚོལ་སྡུད་དང་སྒྲིག་འཛུགས། དབྱེ་ཞིབ། ཁྱབ་སྒྲོག བཀོལ་སྤྱོད་བྱ་བའི་གཞུང་ལུགས་དང་བྱེད་ཐབས་ཞིབ་འཇུག་གི་ཡང་སྙིང་དུ་འཛིན།
     དེང་རབས་ཡིག་ཚང་རིག་པ་ཞེས་པ་ནི་ཐོག་མར་ནུབ་ཕྱོགས་སུ་དར་ཞིང་། དཀར་ཆག་རིག་པའི་རྨང་གཞིའི་ཐོག་འཕེལ་རྒྱས་ཕྱིན་ཏེ་བྱུང་ལ། 1895ལོར་པེར་ཀྲེམ་གྱི་ཨོ་ཐེ་རི奥特莱དང་ལ་ཧྥོན་ཐིན拉封丹གཉིས་ཀྱིས་པུ་རུ་སེརBrussels“རྒྱལ་སྤྱིའི་དཀར་ཆག་རིག་པ”ཞེས་པ་བཙུགས། དེ་ནི་དོན་དངོས་ཐོག་རྒྱལ་སྤྱི་རང་བཞིན་གྱི་ཡིག་ཚང་གི་ལས་ཁུངས་སམ་སྒྲིག་འཛུགས་ཤིག་ཡིན་ལ། དེར་མ་ཟད་དེང་རབས་ཡིག་ཚང་རིག་པ་དབུ་བརྙེས་པའི་མཚོན་རྟགས་སུའང་བགྲང་གིན་འདུག[3] 1931ལོར། རིག་གཞུང་ཚོགས་པ་དེའི་མིང་རྒྱལ་སྤྱིའི་ཡིག་ཚང་ཚོགས་པ་རུ་བསྒྱུར་ལ། 1938ལོར་སླར་རྒྱལ་སྤྱིའི་ཡིག་ཚང་བྱ་བའི་མནའ་འབྲེལ་ཚོགས་པར་བསྒྱུར།
     རྒྱ་ནག་གི་དེང་རབས་ཡིག་ཚང་རིག་པ་དེ་ནུབ་གླིང་གི་རིག་གཞུང་བསམ་བློའི་ཤུགས་རྐྱེན་འོག་བྱུང་བ་ཞིག་ཡིན་ལ། རྒྱ་ནག་ཏུ་དེང་རབས་ཡིག་ཚང་རིག་པའི་གཞུང་ལུགས་ཀྱི་དཔྱད་གླེང་དེ་དུས་རབས20པའི་ལོ་རབས60པར་མགོ་བརྩམས་པ་དང་། 1964ལོར་རྫས་འགྱུར་རིག་པ་བ་དང་ཡིག་ཚང་རིག་པ་བ་ཡོན་ཧན་ཆིང袁翰青གིས་བརྩམས་པའི《དེང་རབས་ཡིག་ཚང་བྱ་བའི་རྩ་བའི་གོ་དོན》བྱ་བ་ནི་ཚབ་མཚོན་རང་བཞིན་གྱི་བརྩམས་ཆོས་ཤིག་ཏུ་བགྲང་བར་བྱེད། དེབ་དེ་རུ“ཡིག་ཚང་བྱ་བ”ཡི་ནང“དེང་རབས”ཞེས་པ་དམིགས་སུ་གླེང་མེད་དོན་ནི་རྒྱ་ནག་ཏུ་ད་དུང་ཚུགས་ཐུབ་ཀྱི་རིག་ཚན་ཞིག་ཏུ་གྲུབ་མེད་པའི་རྐྱེན་གྱིས་ཡིན་ཟེར་ལ། ཉི་པོ倪波ཡིས་རྩོམ་སྒྲིག་བགྱིས་པའི《ཡིག་ཚང་རིག་པའི་རྣམ་བཤད》(1990)ཅེས་པ་དེའང་དེང་རབས་ཡིག་ཚང་རིག་པའི་ཚབ་མཚོན་བརྩམས་ཆོས་སུ་བགྲང་གིན་འདུག
     གནའ་སྲོལ་ཡིག་ཚང་རིག་པ་དང་དེང་རབས་ཡིག་ཚང་རིག་པའི་ཐུན་མོང་གི་ཞིབ་འཇུག་བྱ་ཡུལ་ནི་ཡིག་ཚང་ཡིན་ལ། དེ་གཉིས་ཀྱི་ཕྱིའི་རྣམ་པ་དང་ནང་དོན་གྱི་ཆ་ནས་ཅུང་ཟད་མི་འདྲ་བའང་དེ་ཀུན་ཤེས་བྱའི་བསྡུས་གཟུགས་ཤིག་ཡིན། ཡིག་ཚང་གི་འཚོལ་སྡུད་དང་དག་སྒྲིག ཁྱབ་སྒྲོག བཀོལ་སྤྱོད་སོགས་ལ་ཞིབ་འཇུག་བྱ་བའི་ཐོག་ཐུན་མོང་གི་གཅིག་མཚུངས་ཆོས་ཉིད་རེ་བདོག དེར་མ་ཟད་པར་གཞི་དབྱེ་འབྱེད་བྱ་བ་ལ་ཐུན་མོང་གིས་དོ་ཁུར་བྱེད། དེ་གཉིས་ཀྱི་རྩ་བའི་ལས་འགན་ནི་ཤེས་བྱའི་ཚན་རིག་རང་བཞིན་གྱི་སྒྲིག་འཛུགས་མངོན་འགྱུར་དང་ནུས་ལྡན་སྒོས་བཀོལ་སྤྱོད་བྱ་བ་དེ་ཡིན། ད་དུང་ཞིབ་འཇུག་བྱ་བའི་ལས་རིམ་ཁྲོད། ལེགས་ཆ་མཉམ་སྤྱོད་དང་ཕན་ཚུན་རོགས་འདེགས་བྱེད་ཀྱིན་ཡོད། དེར་མ་ཟད་ཉམས་མྱོང་དང་བསྡུས་གཟུགས། ཞིབ་འཇུག་བྱ་ཡུལ། ཞིབ་འཇུག་བྱ་ཐབས་སོགས་ཀྱི་ཐད་དུའང་ཕན་ཚུན་ལ་རོགས་འདེགས་བྱ་བའི་རྣམ་པ་ཞིག་ཆགས་ཡོད། གནའ་སྲོལ་ཡིག་ཚང་རིག་པས་གནའ་སྲོལ་ཡིག་ཚང་ཞིབ་འཇུག་བྱ་ཡུལ་དུ་འཛིན་ཏེ། རིས་བརྐོས་ཡི་གེ་དང་རྡོ་བརྐོས་ཡི་གེ། ཅོང་ཡིག ཏ་ལའི་ལོ་མ་སོགས་ཀྱིས་གྲུབ་པ་ཞིབ་འཇུག་བྱ་ཡུལ་ཡིན་ལ། འོད་སྡེར་དང་རྩིས་འཁོར། དྲ་རྒྱ་སོགས་ལའང་གདོང་གཏད་དགོས། དེང་རབས་ཀྱི་ཞིབ་འཇུག་བྱེད་ཐབས་ཀྱིས་གནའ་སྲོལ་ཡིག་ཚང་རིག་པའི་སྲོལ་རྒྱུན་ལག་ཤེས་ཀྱི་ཞིབ་འཇུག་བྱ་ཐབས་ལ་སྟབས་ཇེ་བདེ་དང་འཐུས་ཇེ་ཚང་དུ་བཏང་ཡོད། དེང་རབས་ཡིག་ཚང་རིག་པར་འཕྲད་པའི་དཀའ་གནད་དེ་གནའ་རབས་སྲོལ་རྒྱུན་རིག་གནས་ཀྱི་ནང་དོན་སོགས་ལ་གནའ་སྲོལ་ཡིག་ཚང་རིག་པའི་རོགས་འདེགས་བྱེད་ཀྱིན་ཡོད་ཙང་། དེང་རབས་དང་གནའ་སྲོལ་གྱི་ཡིག་ཚང་རིག་པ་དེ་ཕན་ཚུན་གཉིས་ཕན་དང་གཅིག་ལ་གཅིག་བརྟེན། ཐུན་མོང་མཉམ་གནས་ཐོག་འཕེལ་རྒྱས་འགྲོ་མུས་སུ་ཡོད།
     གསུམ་པ། ཡིག་ཚང་རིག་པ་ཆེན་མོ།
     ལར་ཡིག་ཚང་རིག་པ་ལ་དུས་ཀྱི་སྒོ་ནས་དབྱེ་བ་དང་རིགས་ཀྱི་སྒོ་ནས་དབྱེ་བ། རིག་ཚན་གྱི་སྒོ་ནས་དབྱེ་བ་སོགས་ཡོད་ནའང་། མཐའ་མའི་གཞི་འབབ་ས་དེ་ཡིག་ཚང་རིག་པ་ཡིན་པ་ནི་བསྙོན་དུ་ག་ལ་ཡོད། དཔེར་ན། རྩོམ་རིག་ལ་ཆ་མཚོན་ན། ཤར་ཕྱོགས་རྩོམ་རིག་དང་ནུབ་གླིང་རྩོམ་རིག དེ་མ་ཡིན་པའི་བྱེ་བྲག་ཏུ་རྒྱལ་ཁབ་སོ་སོའི་རྩོམ་རིག་དེའང་རྩོམ་རིག་ཅེས་པའི་ཁོངས་གཏོགས་ཡིན་པ་ནང་བཞིན་ནོ། །དེ་ལྟར་ལགས་ནའང་རིག་ཚན་ཕྱོགས་གཏོགས་ཀྱི་ཐད་དེང་རབས་དང་གནའ་སྲོལ་ཡིག་ཚང་རིག་པ་གཉིས་ལ་གཏན་འཇགས་ཀྱི་ཁོངས་གཏོགས་རིག་ཚན་ཞིག་མེད་པར་སྙམ། རྒྱ་ནག་ལ་ཆ་མཚོན་ན། གནའ་སྲོལ་ཡིག་ཚང་རིག་པ་དེ་རིག་ཚན་གྱི་ཆ་ནས“རྩོམ་རིག”གི་ཁྱབ་ཁོངས་སུ་བསྡུ་བ་དང་། སྐྱེད་སྲིང་བྱས་པའི་སློབ་མ་ལའང“རབ་འབྱམས་རྩོམ་རིག”གམ“འབུམ་རམས་རྩོམ་རིག”གི་བསླབ་གནས་གནང་གིན་ཡོད། དེང་རབས་ཡིག་ཚང་རིག་པ་ནི་ཧ་ལམ“དཔེ་མཛོད་རིག་པ་དང་གསང་འཕྲིན་རིག་པ”ཞེས་པའི་ཁོངས་གཏོགས་ཡིན་ལ། དུས་རབས20པའི་ལོ་རབས་80པར“དཔེ་མཛོད་རིག་པ་དང་གསང་འཕྲིན་རིག་པ”ནི“རང་བྱུང་ཚན་རིག”གི་ཁོངས་སུ་བྱེད། ལོ་རབས90པར“དོ་དམ་རིག་པ”ཡི(དཔེ་མཛོད་རིག་པར་འགྱུར་བ་དེ་བས་ཆེ་སྟེ། ལོ་རབས60པ་ནས80པར་རྩོམ་རིག་གི་ཁོངས་སུ་གཏོགས་པ་དང་། ལོ་རབས80པའི་སྨད་ནས90པའི་སྟོད་དུ“རང་བྱུང་རིག་པ”ཡི་ཁོངས་སུ་བྱེད། ལོ་རབས90པའི་སྨད་ནས“དོ་དམ་རིག་པ”ཡི་ཁོངས་སུ་གཏོགས་པར་བྱེད།)ཁོངས་སུ་གཏོགས། དེ་ལས་ཡིག་ཚང་རིག་པའི་རིག་ཚན་ཁོངས་གཏོགས་ཀྱི་ངོས་འཛིན་དེ་རབ་རིབ་མག་མོག་དང་། གཏན་འཇགས་ཚུགས་ཐུབ་ཅིག་མིན་པ་གསལ་པོར་རྟོགས་འོང་། གནས་བབ་དེས་ཡིག་ཚང་རིག་པའི་རིག་ཚན་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་གནོད་རྐྱེན་གང་མང་ཐེབས་ཀྱིན་ཡོད་ལ། དེར་མ་ཟད་ཡིག་ཚང་རིག་པའི་མཐོ་རིམ་མི་སྣ་སྐྱེད་སྲིང་བྱེད་པའི་གེགས་སུའང་འགྲོ་བཞིན་ཡོད། དེ་བས། སུའུ་ཀྲོའུ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཧྥན་ཧྲུའུ་ཀོང藩树广གིས1982ལོར“སྲོལ་རྒྱུན་ཡིག་ཚང་གི་དཀར་ཆག་རིག་པ་དང་དེང་རབས་དཔེ་མཛོད་གསང་འཕྲིན་རིག་པ་ཟུང་འབྲེལ་བྱ་དགོས”ཞེས་པའི་འདོད་ཚུལ་བཏོན་པ་དང་། 1987ལོར་ཡང“སྲོལ་རྒྱུན་ཡིག་ཚང་གི་དཀར་ཆག་རིག་པ་དང་དེང་རབས་དཔེ་མཛོད་གསང་འཕྲིན་རིག་པ་ཟུང་འབྲེལ་བྱས་ཚེ། ད་གཟོད་གསོན་ཤུགས་རྒྱས་ཐུབ[4] ཅེས་པའི་འདོད་ཚུལ་བཏོན། ཡིན་ནའང་སྤྱི་ཚོགས་ཁྲོད་དོ་སྣང་དེ་ཙམ་བྱས་མེད་ཚོད་དུ་སྣང་། 1992ལོར་ཁོང་ནན་ཅིང་སློབ་ཆེན་དུ་གདན་ཞུས་ཏེ《ཀྲུང་གོའི་ཡིག་ཚང་རིག་པའི་ད་ལྟའི་གནས་བབ་དང་མདུན་ལམ》ཞེས་པའི་སྙན་ཞུ་འབུལ་སྐབས་གསུང་དོན། ”དོན་ལྡན་ཚད་མཐུན་གྱི་ཡིག་ཚང་རིག་པར“གནའ་སྲོལ་ཡིག་ཚང་རིག་པ”དང“དེང་རབས་ཡིག་ཚང་རིག་པ”གཉིས་ཁོངས་སུ་འདུ་འོས་མོད། འོན་ཀྱང་། དེ་གཉིས་ཡུན་རིང་ཁ་གཏད་ཀྱི་རྣམ་པར་ཆགས་པས་ཡིག་ཚང་རིག་པའི་གཞུང་ལུགས་མ་ལག་འཐུས་ཚང་ཞིག་འཛུགས་ཐུབ་མེད། ཡིག་ཚང་རིག་པའི་རིག་ཚན་མ་ལག་འཐུས་ཚང་དང་འཕེལ་རྒྱས་གཏོང་དགོས་ཚེ། ངེས་པར་དུ་ལྟ་བ་གསར་བསྒྱུར་སྒོས་གནའ་དེང་མཉམ་གནས་ཀྱི་གུ་ཡངས་པོ་དང་རིག་གཞུང་མཐོང་རྒྱ་ཆེར་བསྐྱེད་དེ། སྤྱི་ཡོངས་ཀྱི་སྟེང་ནས་ཡིག་ཚང་རིག་པའི་ཞིབ་འཇུག་ནང་དོན་ལ་ངེས་འདྲོངས་བྱ་དགོས།”ཞེས་པའི་འདོད་ཚུལ་བཏོན། 1989ལོར་ཧྭ་ཏུང་དགེ་ཐོན་སློབ་ཆེན་གྱི་ལུའུ་ཡིའུ་ཧྲོན་གྱི་སློབ་མ་ལིན་ཧྲེན་ཆིང林申清གི་རབ་འབྱམས་བསླབ་གནས་དཔྱད་རྩོམ《ཡིག་ཆ་དང་ཡིག་ཚང་རིག་པའི་དཔྱད་བསྡུས》ལས། ”གནའ་དེང་མཉམ་གནས་ཀྱི་མ་ལག་ཅན་གྱི་ཡིག་ཚང་རིག་པ་ཞིག་འཛུགས་དགོས་པ་ནི་སྔར་བཞིན་ཁ་ཚ་དགོས་གཏུག་ཏུ་འདུག་ལ། དེའི(གནའ་དེང་ཡིག་ཚང་རིག་པ)ཁྲོད་ཀྱི་ཆ་ཤས་མང་པོ་ནི་གསང་འཕྲིན་རིག་པས་ཚབ་བྱེད་མི་བཏུབ“[5] ཅེས་བརྗོད་ཡོད། 1990ལོར་ཉི་པོས་གཙོ་སྒྲིག་གནང་བའི《ཡིག་ཚང་རིག་པའི་རྣམ་བཤད》ནི་དེང་རབས་ཡིག་ཚང་རིག་པ་གཙོ་སྙིང་དུ་བཟུང་ཡོད་པ་ཞིག་ཡིན་ནའང་། བརྗོད་བྱའི་ཆ་ནས་གནའ་སྲོལ་ཡིག་ཆ་རིག་པར་ཕྱོགས་པ་ཤིན་ཏུ་འབེལ་བར་གཞིགས་འོང་ན། རྩོམ་པ་པོས་གནའ་དེང་ཟུང་འབྲེལ་གྱི“ཡིག་ཚང་རིག་པ་ཆེན་མོ”ཡི་ལྟ་བ་དང་དཀྱུས་གཅིག་ཏུ་བསྒྲིལ་པར་དམིགས་པ་རྟོགས་ཐུབ། 1997ལོར་སྐུ་ཞབས་ཧྥན་ཧྲུའུ་ཀོང་ལ་བཅར་འདྲི་ཞུ་སྐབས་གསུང་དོན།“ད་སྐབས་ཀྱི་རིག་གཞུང་འཕེལ་ཕྱོགས་ནི་རྒྱུན་མཐུད་དང་མཉམ་འདྲེས་ཀྱི་རྣམ་པ་ཞིག་ཡིན།••••••ཡིག་ཚང་རིག་པ་ཆེན་མོའི་ལྟ་བ་འཛུགས་འོས།”[6]ཞེས་བརྗོད་ཅིང་། 1999ལོར་མུ་ནས“‘གནའ་སྲོལ་ཡིག་ཚང་རིག་པ’དང་དེང་རབས་ཡིག་ཚང་རིག་པས་མཉམ་མཐུན་སྒོས་གནའ་དེང་ཟུང་འཇུག་གི‘ཡིག་ཚང་རིག་པ་ཆེན་མོ’མཉམ་འཛུགས་བྱ་བཞིན་གདའ”ཞེས་པ་སོགས“ཡིག་ཚང་རིག་པ་ཆེན་མོ”ཞེས་པའི་ལྟ་བ་དྲིལ་སྒྲོག་དང་རྒྱུན་འཁྱོངས་གནང་བས། ཕྱིས་ཀྱི་ཤེས་ལྡན་པ་ཧོང་ཀྲེང་ཝེ་དང་ཐུའུ་ཞའོ་མ། ཁྲེང་ཅེ་སོགས་གཙོ་བྱས་པས་འདིའི་ཐད་ཀྱི་གླེང་ཕྱོགས་མང་པོ་བཏོན་ལ། ཆེད་དམིགས་དེ་འབྲེལ་གྱི་དཔྱད་བརྗོད་དང་དཔྱད་རྩོམ་ཡང་མང་དུ་སྤེལ།
     མདོར་ན། ཡིག་ཚང་རིག་པ་དེའང་རིག་ཚན་གཞན་དག་ནང་བཞིན་གྱི་གཏན་འཇགས་དང་ཚད་ལྡན། མ་ལག་འཐུས་ཚང་གི་རིག་ཚན་ཡན་གར་བ་ཞིག་ཏུ་ཆགས་རྒྱུ་ནི་ཤིན་ཏུ་ནས་འགངས་ཆེ་ལ། ཡིག་ཚང་རིག་པ་ཆེན་མོ་ནི་གནའ་དེང་ཡིག་ཚང་རིག་པ་གཅིག་ཏུ་འདྲེས་པའི་སྒྲ་ཡངས་པའི་ངོས་ཀྱི་ཡིག་ཚང་རིག་པར་ཟེར་ཞིང་། “ཡིག་ཚང་རིག་པ་ཆེན་མོ”ཞེས་པ་ནི་དེང་རབས་ཡིག་ཚང་རིག་པ་ཁོ་ནར་ངོས་འཛིན་མི་འོས་ལ། གནའ་སྲོལ་ཡིག་ཚང་རིག་པ་རྐྱང་པར་ཡང་ངོས་འཛིན་མི་རུང་བར་གནའ་དེང་གི་ས་མཚམས་ལས་བརྒལ་ཏེ། དེ་གཉིས་རྐྱ་གཅིག་ཏུ་སྦྲེལ་བའི་སྣོད་ཆེན་མོ་ཞིག་ཏུ་མཐོང་ལ། དེ་བས་ན། “ཡིག་ཚང་རིག་པ་ཆེན་མོ”ཡི་ལྟ་བས་གནའ་དེང་མཉམ་གནས་ཀྱི་ཡིག་ཚང་རིག་པའི་མ་ལག་འཐུས་ཚང་ཞིག་འཛུགས་ཐུབ་པ་དང་། རིག་ཚན་ཚུགས་ཐུབ་ཅན་དང་ཆེད་ལས་ཅན། དུས་རབས་ཅན། ཚན་རིག་ཅན་དུ་འཕེལ་རྒྱས་འགྲོ་བ་དང་མི་སྣ་སྐྱེད་སྲིང་བྱ་བར་རྟིང་སྐུལ་གྱི་ནུས་པ་མི་དམན་པ་ཐོན་ངེས་ལགས་སོ། །
     ལུང་ཁུངས་ཡིག་ཆ།
     [1] 张舜微,《中国文献学》,[M],p.113,上海世纪出版集团 2009年版。
     [2]张子开 项楚,《古典文献学》,[M] , P.12,重庆大学出版社 2015.6
     [3]藩树广.论古典文献学与现代文学学的交触,[J], P.29~34 , 苏州大学学报(哲学社会科学版),2000(4)
     [4]藩树广.论古典文献学与现代文献学的交触,[J],. P.29~34, 苏州大学学报(哲学社会科学版)2000,(4)
     [5]藩树广.论古典文献学与现代文献学的交触,[J],. P.29~34, 苏州大学学报(哲学社会科学版)2000,(4).
     [6]藩树广,大文献学散论[J]. P.12~14.图书馆工作与研究,2000,(3)

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...